དབུས་སྨན་རྩིས་ཁང་བཙུགས་ནས་ལོ་ངོ་ལྔ་བཅུ་འཁོར་བ། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 07.03.2013 |
མདུན་ངོས། >> གསར་འགྱུར། |
བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དབུས་སྨན་རྩིས་ཁང་ནི་ཕྱི་ལོ་༡༩༦༡ལོའི་ཟླ་༣ཚེས་༢༣་ཉིན་ྋསྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་ཁུར་དབུ་སྐྱོང་འོག་གསར་དུ་དབུ་བརྙེས་པ་ཞིག་ཡིན་ལ། ད་ལོ་སྟེ་ཕྱི་ལོ་༢༠༡༡ལོའི་ཟླ་༣ཚེས་༢༣་ནི་བཙན་བྱོལ་ནང་མི་ལོ་ཧྲིལ་པོ་ལྔ་བཅུ་འཁོར་བའི་དུས་ཚིགས་ཁྱད་པར་བ་ཞིག་དང་། ལྷག་པར་དུ་དུས་རབས་ཕྱེད་གཅིག་གི་བཙན་བྱོལ་གྱི་འཚོ་བ་དང་བརྒྱུད་རིམ། གནས་བབ། འགན་འཁྲི་བཅས་ལ་ཕྱིར་དྲན་དང་ཕྱིར་མིག་བལྟ་རྒྱུའི་དུས་ཀྱི་དཀྱོག་མཚམས་གལ་ཆེན་ཞིག་ཀྱང་ཆགས་ཡོད་པ་རེད། དེར་བརྟེན་འདི་ལོ་ནི་སྨན་རྩིས་ཁང་ལ་མཚོན་ན་དམིགས་བསལ་གྱི་ལོ་དུས་གལ་ཆེན་ཞིག་ཡིན་པ་དང་། དེ་མཐུན་གྱིས་དུས་དྲན་ཁྱད་པར་ཅན་འདི་ཉིད་གཞི་རྒྱ་ཆེ་བའི་སྒོ་ནས་སྲུང་བརྩི་བྱེད་བཞིན་པ་དང་བྱེད་འོས་པའི་དུས་རིམ་ཞིག་ཀྱང་ཆགས་ཡོད།
སྨན་རྩིས་ཁང་གི་ཚོགས་སྡེ་འདི་ལ་གྲུབ་ཚུལ་གྱི་ཆ་ནས་འཛིན་སྐྱོང་སྡེ་ཚན་དང༌། རིག་གཞུང་སྡེ་ཚན་ཞེས་རིགས་གཉིས་སུ་ཕྱེ་ཡོད། དང་པོ། འཛིན་སྐྱོང་ཁོངས་སུ་ཡོད་པའི་སྡེ་ཚན་ནི། དབུས་འཛིན་སྐྱོང་སྡེ་ཚན། ཡན་ལག་སྤྱི་ཁྱབ་སྡེ་ཚན། དངུལ་རྩིས་སྡེ་ཚན། ནང་ཞིབ་སྡེ་ཚན། ལྡི་ལིའི་ཕྱིར་ཚོང་དང་འབྲེལ་མཐུད་སྡེ་ཚན། སྨན་མཛོད་དང་སྨན་ཚོང་སྡེ་ཚན། ས་ཁང་སྡེ་ཚན་བཅས་ཡིན། གཉིས་པ། རིག་གཞུང་ཁོངས་སུ་ཡོད་པའི་སྡེ་ཚན་ནི། སྨན་རྩིས་མཐོ་སློབ་ཁང་། སྨན་སྦྱོར་ཁང་། སྐར་དཔྱད་རྩིས་རིག་སྡེ་ཚན། ནད་བཅོས་ཉམས་ཞིབ་སྡེ་ཚན། སྨན་རྫས་ཉམས་ཞིབ་སྡེ་ཚན། སྨན་རྩིས་དཔེ་དེབ་ཞིབ་འཇུག་དང་པར་སྐྲུན་སྡེ་ཚན། སྔོ་སྦྱོར་ཉམས་ཞིབ་སྡེ་ཚན། ལོ་ཙཱ་བའི་སྡེ་ཚན་བཅས་སོ། །
༡། དབུས་འཛིན་སྐྱོང་ལས་ཁུངས།
འདི་ནི་སྨན་རྩིས་ཁང་གི་ངེས་སྟོན་པ་དང༌། དྲུང་ཆེ་གཉིས་ཀྱི་ཐད་ཀའི་བཀོད་ཇུས་འོག་ཡོད་པའི་འཛིན་སྐྱོང་ཡིག་ཚང་མཐོ་ཤོས་དེ་ཡིན། སྡེ་ཚན་འདིས་སྡེ་ཚན་གཞན་དག་དང་ཁོངས་གཏོགས་ཡན་ལག་སྨན་ཁང་ཁག་གི་ལས་དོན་ལ་བལྟ་རྟོགས་དང༌། སྨན་རྩིས་ལས་བྱེད་གོ་སྒྲིག་ཚོགས་ཆུང་གི་ཞུ་སྒོའི་ལམ་སྟོན། སྡེ་ཚན་ཡོངས་ཀྱི་གློག་རྡུལ་འཕྲུལ་ཆས་ཀྱི་རྒྱུ་ལམ་སྟངས་འཛིན། སྨན་རྩིས་ཁང་སྤྱི་ཡོངས་ཀྱི་ལས་འཆར་ཁག་ཇུས་འགོད་དང༌། ཕྱི་འབྲེལ། དཔལ་འབྱོར་འདུ་འགོད་བཅས་བྱེད་ཀྱི་ཡོད།
༢། ཡན་ལག་སྤྱི་ཁྱབ་སྡེ་ཚན།
སྡེ་ཚན་འདིས་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་དུ་ཡོད་པའི་ཡན་ལག་སྨན་ཁང་ཁག་ལྔ་བཅུ་ང་བཞིའི་ལས་དོན་ལ་བལྟ་རྟོགས་དང༌། ཞུ་སྒོ་ཁག་གི་ལམ་སྟོན། སྨན་ལས་པ་བཀོད་སྒྲིག རྒྱུན་གྲོན་སྟངས་འཛིན་དང༌རྩིས་ཁྲར་ཞིབ་འཇུག ནང་ཞིབ་སྡེ་ཚན་ནས་བཏོན་པའི་ཡན་ལག་སྨན་ཁང་དག་གི་རྩིས་ཞིབ་སྙན་ཐོར་མཇུག་གནོན་བྱེད་བཞིན་པ་བཅས་ཡིན།
ད་ལྟ་ཡོད་བཞིན་པའི་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་དག་ནི། གངས་སྐྱིད། རྡ་སྟེང་། སིམ་ལ། ཌལ་ཧོར། སྦིར། མ་ན་ལི། ཇི་སུ་པ། རྟ་བོ། ཅོང་ཏ་ར། སྤོན་ཌ། བདེ་སྐྱིད་གླིང་། དྭང་སློབ། ར་ཇི་སྤུར། ཅོག་ལམ་སར། ལ་དྭགས་རིག་ལྟེ། ནི་ཛམ་མུ་ཏུན། ལྡི་ལི་བུདྷ་ཝི་ཧར། ལྡི་ལི་བོད་སྒར། མེ་ར་ཀྲི། མོན་གྷོ་གཞིས་གྲོང་གསུམ་པ། མོན་གྷོ་གཞིས་གྲོང་དྲུག་པ། སྦེལ་ཀོབ། སེ་ར། ཀོ་ལི་སྒར། ཧུན་སུར། སྦེང་ལོར། བྷན་དྷ་ར། ། ཨོ་རི་ས། སྦུབ་ནི་ཤི་ཝར། མན་སྤར། མོམ་བྷེ། མོམ་བྷེ་མ་ལར་ཀྲེ། ཨེམ་དྷ་བ་ཏི། ཧེ་དྷར་བ་ཏི། ཅེན་ནེ། ཀོ་ལི་ཀ་ཏ། ས་ལུ་སྒར། ཤིས་ལོང་། བསྟན་འཛིན་སྒང་། ཀ་སྦུག རྡོར་གླིང་། སྒང་ཏོག ཇའི་སྒང་། ར་ཝང་ལ། ཏི་ཛུ། མེའོ། ཨི་ཀྲ་ན་སྒར། ཀྲུ་ཀྲིང་། རྟ་དབང་། ཆ་ཏ་པ་ཀྲི། ཅ་སྤེལ། སྤོག་ར་བྱམས་པ་གླིང་། བཀྲ་དཔལ། ཤར་ཁུམ་བུའི་ཡན་ལག་སྨན་ཁང་བཅས་ཁྱོན་བསྡོམས་ད་ལྟའི་ཆར་ཡན་ལག་སྨན་ཁང་༥༤ ཡོད།
༣། དངུལ་རྩིས་སྡེ་ཚན།
སྡེ་ཚན་འདིས་ལོ་རེར་དབུས་སྡེ་ཚན་རྣམས་དང་ཡན་ལག་སྨན་ཁང་ཁག་གི་སྔོན་རྩིས་བཟོ་འགོད་དང༌། རྩིས་འགོ་སོ་སོའི་ཐོག་བྱུང་སོང་བསྡད་གསུམ་གྱི་རྩིས་ཁྲ་རྣམས་ཧེ་བག་མེད་པར་ཁམས་དྭངས་བདག་ཉར་དང་། སྨན་རྩིས་ཁང་སྤྱི་ཡོངས་ཀྱི་རྩིས་ཁྲའི་ཞུ་སྒོ་མཐའ་དག་ལ་སྟངས་འཛིན་བྱེད་ཀྱི་ཡོད།
༤། ལྡི་ལིའི་ཕྱིར་ཚོང་དང་འབྲེལ་མཐུད་ཁང་།
སྡེ་ཚན་འདི་ནི། སྨན་རྩིས་ཁང་གི་གསོ་རིག་ཐོན་དངོས་དང༌། ལུས་ཕན་གསོ་རིག་ཉེར་མཁོའི་རིགས། ལོ་ཐོ་རྒྱས་འབྲིང་བསྡུས་གསུམ་དང༌། དཔེ་དེབ་སོགས་ཐོན་དངོས་རིགས་ཕྱི་ཕྱོགས་སུ་འབྲེལ་མཐུད་དང་ཚོང་འགྲེམས་བྱེད་བཞིན་པ་དང་སྨན་རྩིས་ཁང་གི་གཞུང་འབྲེལ་ལས་དོན་རིགས་རྒྱ་གར་ལས་ཁུངས་ཁག་དང༌། ཕྱི་རྒྱལ་གཞུང་ཚབ་ཁག་ལ་འབྲེལ་གཏུགས་བྱེད་དགོས་རིགས་དང་། དེ་བཞིན་རྒྱ་གར་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཕྱོགས་ཕེབས་གནང་དགོས་རིགས་ཀྱི་ཕྱི་བསྐྱོད་ལག་འཁྱེར་དང༌། ཐོངས་མཆན། གནམ་གྲུའི་འཛིན་ཤོག་མངགས་ཉོ་སོགས་འབྲེལ་མཐུད་ཀྱི་ལས་དོན་འགན་འཁུར་ཞུ་བཞིན་ཡོད།
༥། ནང་ཞིབ་སྡེ་ཚན།
སྡེ་ཚན་འདིས་སྨན་རྩིས་ཁང་སྤྱི་ཡོངས་ཀྱི་རྩིས་འགོ་སོ་སོའི་ཐོག་བྱུང་སོང་བསྡད་གསུམ་གྱི་རྩིས་ཁྲ་ཁག་དང༌། རྒྱུན་གྲོན། འཛིན་ཆས། དངུལ་གྱི་གཏོང་དམིགས་སོགས་སྔོན་རྩིས་ལྟར་ཁྲིམས་མཐུན་དང༌། ཧེ་བག ཆོག་མཆན་བཅས་ཡོད་མེད་ལ་བསྐྱར་ཞིབ་དང༌། གཟབ་ནན་ཁྲིམས་མཐུན་གྱི་སྒོ་ནས་གཙང་བཤེར་བྱས་པའི་སྙན་ཐོར་མཇུག་སྣོན་བྱེད་ཀྱི་ཡོད།
༦། སྨན་མཛོད་དང་སྨན་ཚོང་སྡེ་ཚན།
སྡེ་ཚན་འདིས་ལེགས་གྲུབ་ཟིན་པའི་སྨན་རིགས་རྣམས་སྨན་སྦྱོར་ཁང་ནས་རྩིས་བཞེས་ཀྱིས་ཕྱི་ནང་གི་གནོད་སྐྱོན་ཐེབས་མ་བཅུག་པར་བདག་གཅེས་དམ་གཟབ་བྱེད་རྒྱུ་དང༌། ཕྱོགས་མཐའི་ཡན་ལག་ཁག་ལ་སྨན་ཞུ་དུས་ཐོག་མཁོ་གཏོང༌བྱེད་རྒྱུ་དང་། སྨན་གྱི་རྩིས་ཁྲ་ཁག་ཁམས་དྭངས་ཉར་ཚགས། གཞན་ྋབླ་སྨན་རྣམ་པས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཡིག་ཟམ་སྨན་བཅོས་གནང་བ་རྣམས་ལ་སྨན་ཕྱིར་གཏོང་བཅས་བྱེད་བཞིན་པའོ། །
༧། ས་ཁང་སྡེ་ཚན་འདིས་ཅ་དངོས་ཉོ་སྒྲུབ་དང་ཞིག་གསོ་བཅས་ཀྱིས་མཚོན་པའི་ཨར་ལས་འཛུགས་སྐྲུན་གྱི་རིགས་ལ་ལྟ་རྟོགས་སོགས་བྱེད་ཀྱི་ཡོད།
གཉིས་པ། རིག་གཞུང་ཁོངས་སུ་ཡོད་པའི་སྡེ་ཚན་ནི། སྨན་རྩིས་མཐོ་སློབ་ཁང་དང༌། སྨན་སྦྱོར་ཁང་། སྐར་དཔྱད་རྩིས་རིག་སྡེ་ཚན། ནད་བཅོས་ཉམས་ཞིབ་སྡེ་ཚན། སྨན་རྫས་ཉམས་ཞིབ་སྡེ་ཚན། སྨན་རྩིས་དཔེ་དེབ་ཞིབ་འཇུག་དང་པར་སྐྲུན་སྡེ་ཚན། སྔོ་སྦྱོར་ཉམས་ཞིབ་སྡེ་ཚན། ལོ་ཙཱ་བའི་སྡེ་ཚན། ཆེས་མཐོའི་སྨན་རྩིས་ཚོགས་ཆུང་།
༡། སྨན་རྩིས་མཐོ་སློབ་ཁང་།
སྨན་རྩིས་མཐོ་སློབ་ཁང་ནི་བོད་ཀྱི་བཅུ་ཕྲག་རིག་པ་ལས་གཞན་རྗེས་སུ་འཛིན་པའི་རིག་པ་སྟེ་སྨན་དང་རྩིས་ཀྱི་རིག་པ་གཉིས་ཉམས་པ་སོར་ཆུད་དང༌མི་ཉམས་གོང་འཕེལ་གྱི་སྒོ་ནས་རིས་སུ་མ་ཆད་པའི་འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱི་བདེ་ཐབས་ལ་དམིགས་ཏེ་རང་རིགས་གཙོས་ཧི་མ་ལ་ཡའི་མི་རིགས་དང༌། རུ་སོག་གིས་མཚོན་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་སློབ་ཕྲུག་བསྡུ་བཞེས་གནང་སྟེ། འགྲོ་ལ་ཕན་པའི་བྱ་བཞག་སྨན་རྩིས་གཉིས་ཀྱི་རིགས་གཅིག་རྐང་འཛིན་ཚད་ལྡན་མི་སྣ་གང་མང་གསོ་སྐྱོང་བྱས་དང་བྱེད་བཞིན་ཡོད། དེས་ན་སྨན་རྩིས་མཐོ་རིམ་སློབ་གཉེར་ཁང་འདི་དངོས་སུ་དབུ་བརྙེས་ནས་ད་བར་མི་ལོ་ལྔ་བཅུ་སོང་བ་དང་། ལོ་ངོ་འདི་དག་གི་རིང་ལ་ཆེས་ཆེ་བའི་གྲུབ་འབྲས་སུ་རྩིས་ཆོག་པ་ནི་ཁྱོན་བསྡོམས་སྨན་སློབ་སྐབས་བཅུ་དྲུག་དང་རྩིས་སློབ་སྐབས་བརྒྱད་བྱུང་ཡོད་ལ། ཁྱོན་སྨན་པ་ཚད་ལྡན་གྲངས་༢༤༣དང་རྩིས་པ་གྲངས་༥༥བསྐྱེད་བསྲིངས་བྱས་ཡོད།
༢། སྨན་སྦྱོར་ཁང་།
སྡེ་ཚན་འདི་ནི་རིག་གཞུང་དང་འབྲེལ་བའི་སྡེ་ཚན་ནང་ནས་གཞི་རྒྱ་ཆེ་ཤོས་གཅིག་ཡིན་ལ། སྡེ་ཚན་འདི་ལ་སྨན་པའི་ཡིག་ཚང་དང་བཟོ་སྐྲུན་ཚན་པ་གཉིས་སུ་དབྱེ་ཡོད་པ་དང་། བཟོ་སྐྲུན་ཚན་པ་ལའང་ནང་གསེས་སྨན་རྒྱུ་མཁོ་སྒྲུབ་དང༌། གཙང་བཟོ། ལས་སྣོན། འཕྲུལ་འཐག རིལ་སྒྲིལ། གྲངས་བཤེར་བཅས་སྡེ་ཚན་ཁག་དྲུག་ཡོད། སྨན་སྦྱོར་སྡེ་ཚན་ནས་བོད་དང་། རྒྱ་བལ་འབྲུག་གསུམ་སོགས་ནས་ཐོན་པའི་སྔོ་སྨན་དང་། གཏེར་སྨན། རིན་པོ་ཆེའི་སྨན་སོགས་སྨན་སྣ་གྲངས་ཆིག་སྟོང་ལ་ཉེ་བ་མཁོ་སྒྲུབ་དང༌། ལས་སྣོན་འདུལ་སྦྱངས་གང་དགོས་བོད་ཀྱི་ཐུན་མོང་མ་ཡིན་པའི་མཐོང་བརྒྱུད་མན་ངག་ལྟར་ལག་ལེན་དང་། བདུད་རྩིའི་བཅུད་རྒྱལ་དངུལ་ཆུ་བཙོ་ཐལ་ཆེན་མོ་དང༌། ཟ་འཆིང་ཁམས་སོ་སོའི་ཐལ་བཟོ་སོགས་ཕྱག་ལེན་གྱི་རིམ་པ་ཆ་ཚང་བྱེད་བཞིན་པ་དང་། དེང་དུས་རིག་གསར་འཕྲུལ་ཆས་ལ་བརྟེན་ནས་གཙང་འཕྲོད་དང་ལས་ཆོད་ཇེ་ཆེར་གཏོང་བ་དང་། གསོལ་སྨན་རྣམས་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་སྔར་སྲོལ་སྨན་བླའི་ཆོ་གའི་སྒོ་ནས་སྨན་སྒྲུབ་རྒྱུན་སྲོལ་ཡང་མ་ཉམས་རྒྱུད་འཛིན་བྱེད་བཞིན་ཡོད།
ད་ལྟའི་ཆར་སྡེ་ཚན་འདི་ནས་བཟོ་བསྐྲུན་བྱས་པའི་སྨན་རིགས་ནི། རིན་ཆེན་གྲང་སྦྱོར་རིལ་ནག་ཆེན་མོ་དང་། རཏྣ་བསམ་འཕེལ། མང་སྦྱོར་ཆེན་མོ། བཙོ་བཀྲུ་ཟླ་ཤེལ། གཡུ་རྙིང་ཉེར་ལྔ། ལྕགས་རིལ་ཆེན་མོ། བྱུར་དམར་ཉེར་ལྔ། ཚ་སྦྱོར་ཆེན་མོ། བཅས་རིན་ཆེན་རིགས་བརྒྱད་དང་། སྨན་དཀྱུས་མ་རིགས་བརྒྱ་དང་བདུན་ཅུ་བཟོ་བསྐྲུན་གནང་སྟེ་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་གྲངས་ལྔ་བཅུ་ང་བཞི་ལ་སྨན་མཛོད་བརྒྱུད་མཁོ་གཏོང་བྱེད་བཞིན་པ་དང་།དབུས་འཛིན་སྐྱོང་དང་སྡེ་ཚན་གཞན་གྱི་དགོས་མཁོར་དམིགས་ཏེ་སྦྱོར་སྡེ་གསར་པའི་རིགས་ཀྱང་སྐབས་མཚམས་བཟོ་བསྐྲུན་བྱེད་བཞིན་པ་མ་ཟད། ད་དུང་འཛམ་གླིང་ཁྱོན་ལ་གསར་དུ་དར་བཞིན་པའི་གཉན་རིམས་རིགས་ལའང་ཉམས་ཞིབ་ཀྱིས་སྨན་སྦྱོར་གསར་བཟོ་དང་སྔོན་འགོག་རིམས་སྲུང་ལ་སོགས་པ་དུས་ཐོག་མཁོ་སྤྲོད་བྱེད་བཞིན་པ་དང་། ཁྱད་པར་དུ་བོད་ཀྱི་གསོ་བ་རིག་པའི་སྨན་སྦྱོར་གྱི་ཡང་བཅུད་དང་ལག་རྩལ་ཆེས་ཁྱད་དུ་འཕགས་ཤིང་ངོ་མཚར་བའི་སྨན་སྦྱོར་རིན་ཆེན་བཙོ་བཀྲུ་ཆེན་མོ་ཞེས་བསྟོད་ཅིང་བསྔགས་པར་བརྗོད་པ་དེའང་སྡེ་ཚན་འདིས་རྐང་འགན་བླངས་ཏེ་བླ་སྨན་ཞིང་གཤེགས་བསྟན་འཛིན་ཆོས་གྲགས་མཆོག་གིས་སྤྱི་ལོ་༡༩༨༢ལོར་བཙན་བྱོལ་དུ་མཐོང་བརྒྱུད་ཕྱག་ལེན་དམར་ཁྲིད་ཐོག་དང་པོར་ཕྱག་རྗེས་མཛད་གནང་བ་ནས་བརྒྱུད་པ་རིམ་སྤེལ་གྱིས་ད་ལྟའི་བར་དུ་ཁྱོན་བསྡོམས་རིན་ཆེན་བཙོ་བཀྲུ་ཆེན་མོའི་ལག་ལེན་ཐེངས་ལྔར་བྱས་སོ། །
༣། སྐར་དཔྱད་རྩིས་རིག་སྡེ་ཚན།
སྡེ་ཚན་འདི་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐར་ནག་དབྱངས་གསུམ་གྱི་རྩིས་རིག་ལས་དུས་བཞིའི་འགྱུར་ལྡོག ཟླ་བའི་འཕེལ་འགྲིབ། ཉི་ཟླ་གཟའ་འཛིན། ཉི་ལྡོག་སྔ་ཕྱི། ཟླ་བཤོལ་སོགས་དུས་བརྟག་བྱེད་པའི་ཐབས་ལམ་བརྒྱུད་དེ་རང་བྱུང་ཁམས་ཀྱི་ཕྱིའི་འབྱུང་བས་མི་སྒེར་དང་འཛམ་གླིང་ལ་ཤུགས་རྐྱེན་ཇི་འདྲ་ཐེབས་མིན་ལ་ཞིབ་འཇུག་གིས་འཆར་ཅན་ལོ་རེའི་ལི་ཐོ་རྒྱས་བསྡུས་འདོན་སྤེལ་ཞུ་བཞིན་པ་མ་ཟད། འབྱུང་ཁམས་ལྔ་དང་སྤར་ཁ་བརྒྱད། སྨེ་བ་དགུ་སོགས་ལ་རྨང་གཞི་བྱས་ཏེ་མིའི་ཚེ་ཚད་རིང་ཐུང་དང་། ལུས་པོའི་གནས་སྟངས། རྒྱུ་འབྱོར་དབང་ཐང་། ཀླུང་རྟ་གཙོ་བྱས་པའི་ཚེ་རྩིས་དང༌། ཀེག་རྩིས། བག་རྩིས། ནད་རྩིས། གཤིན་རྩིས། སྲུང་འཁོར་བསྐྱེད་པ་བཞི་ལྡན་དང་དོ་བདག་སོ་སོའི་འདོད་བསྟུན་དམིགས་བསལ་སྲུང་འཁོར་སོགས་དགོས་མཁོ་ལྟར་དུས་ཐོག་བཟོ་འདོན་ཞུ་བཞིན་པ་དང་། གཞན་ཡང་ཟོར་འཕེན་དང་གཡང་སྡེམ་སོགས་ཉིན་རེའི་ཚེས་ཆའང་དུས་ལྟར་འདོན་སྤེལ་བྱེད་བཞིན་ཡོད།
༤། ནད་བཅོས་ཉམས་ཞིབ་སྡེ་ཚན།
སྡེ་ཚན་འདི་ནས་བོད་ཀྱི་གསོ་བ་རིག་པའི་ཐུན་མིན་ཁྱད་ཆོས་གཞི་རྩར་བཟུང་སྟེ། དེང་དུས་དར་ཁྱབ་ཆེ་བའི་ནད་རིགས་སྤྱི་དང༌། ཁྱད་པར་དུ་ཕྱི་ལུགས་གསོ་རིག་ནས་བཅོས་དཀའ་བར་ངོས་འཛིན་བྱེད་བཞིན་པའི་ནད་རིགས་ཁག་ཅིག་ལ་དམིགས་སུ་བཀར་ནས་བརྟག་ཞིབ་ཀྱིས་ནད་མིང་གཏན་འབེབས་དང༌། སྨན་སྦྱོར་གསར་བསྐྲུན། ཡིག་ཆ་བསྡུ་རུབ། དེང་དུས་ཚན་རིག་གི་ཁྲིམས་མཐུན་ཉམས་ཞིབ་བྱེད་སྟངས་དང་ཟུང་འབྲེལ་གྱིས་ཕྱི་ལུགས་སྨན་ཁང་ཚད་ལྡན་ཁག་ཅིག་དང་མཉམ་དུ་ཉམས་ཞིབ་བྱས་དང་བྱེད་མུས་ཡིན་པ་མ་ཟད་གྲུབ་འབྲས་ཀྱང་མངོན་གསལ་ཐོན་ཡོད་པ་དང་། གཞན་ཡང་ཟས་སྤྱོད་སློབ་སྟོན་གྱི་དཔེ་དེབ་སོགས་ཀྱང་འདོན་སྤེལ་བྱེད་བཞིན་ཡོད།
༥། སྨན་རྫས་ཉམས་ཞིབ་སྡེ་ཚན།
སྡེ་ཚན་འདི་ནས་སྨན་རྫས་ཀྱི་ངོས་འཛིན་ཁ་གསལ་མེད་པ་རྣམས་འོལ་ཚོད་མ་ཡིན་པར་ཁུངས་ཐུབ་འཁྲུངས་དཔེ་འདྲ་མིན་ལ་དཔྱད་བསྡུར་དང༌། བོད་ཕྱི་ནང་སོགས་ཀྱི་མཁས་པར་གོ་བསྡུར་དཔྱད་ཞིབ་བརྒྱུད་ངོས་འཛིན་ཉམས་པ་རྣམས་སླར་གསོ་དང་། ངོས་འཛིན་ཡོད་པ་རྣམས་མི་ཉམས་རྒྱུད་འཛིན་ཡོང་ཆེད་སྔོ་སྨན་དང་ཁྲོག་སྨན་གཙོ་བོར་གྱུར་བའི་སྨན་རྫས་རྣམས་ཀྱི་འཁྲུངས་ཡུལ་དང༌། སྐྱེས་གནས། རོ་ནུས། ཞུ་རྗེས། ངོ་བོ། དབྱིབས་དང་ཁ་དོག་སོགས་ལ་ཞིབ་འཇུག་བྱེད་བཞིན་ཡོད་ལ། དེ་མིན་ཨ་ཡུ་རྦེ་ད་དང་ཡུ་ན་ནི་སོགས་ལུགས་གཞན་གྱི་སྨན་རིགས་དང་དཔྱད་བསྡུར་ཞུ་འོས་རིགས་ལ་དམིགས་བཀར་གྱིས་དབྱེ་ཞིབ་ཀྱིས་དཔེ་རིས་དང་འགྲེལ་པ་གཉིས་ལྡན་གྱི་ཐོག་ནས་ཞིབ་འཇུག་གིས་དེབ་རིགས་དཔེ་སྐྲུན་ཞུས་ཏེ་བོད་སྨན་སློབ་གཉེར་བ་དང༌། ལག་ལེན་པ། ཉམས་ཞིབ་གནང་མཁན་བཅས་ལ་ཕན་ཐོགས་ཡོང་ཐབས་བྱེད་པ་དང་། དེ་བཞིན་སྔོ་སྨན་གྱི་སྤྱིན་ཤོག་གསོག་ཉར། སྨན་ཐང་རིགས་གསར་བཞེངས་བཅས་བྱེད་བཞིན་ཡོད་པ་མ་ཟད། ད་དུང་སྔོ་སྨན་ཁག་ཅིག་སྐྱེ་གནས་དང་མཐུན་པར་འདེབས་ལས་ཀྱང་བྱེད་བཞིན་ཡོད་ལ།ལྷག་པར་དུ་དེང་སྐབས་འཛམ་གླིང་གི་ཡུལ་གྲུ་གང་སར་རང་བྱུང་གི་སྨན་རྫས་ལ་དགའ་ཞེན་དང༌། དོ་སྣང༌། སློབ་སྦྱོང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་པ་མ་ཟད། དེང་དུས་ཚན་རིག་པས་བོད་ཀྱི་སྨན་རྫས་ལ་ཉམས་ཞིབ་གནང་བཞིན་པར་གཞོགས་འདེགས་དང་ཚན་རིག་ཐོག་ནས་ཁུངས་བསྐྱེལ་ར་སྤྲོད་ཐུབ་ན་སྔར་བས་བོད་སྨན་དར་ཁྱབ་ཡོང་རྒྱུར་གོམ་སྟབས་མྱུར་བ་དང༌། ཀུན་གྱིས་ཁས་ལེན་ཐུབ་པའི་གསོ་རིག་གི་གཞུང་ལུགས་ཤིག་ཡོང་ཐབས་ཀྱི་ལས་དོན་ལ་སོགས་པར་འབད་བརྩོན་བྱེད་བཞིན་ཡོད།
༦། སྨན་རྩིས་དཔེ་དེབ་ཞིབ་འཇུག་དང་པར་སྐྲུན་སྡེ་ཚན།
སྡེ་ཚན་འདི་ནི་བོད་ཀྱི་གསོ་བ་རིག་པ་དང་རྩིས་རིག་པའི་གཞུང་ལུགས་ཏེ་སྔོན་བྱོན་མཁས་དབང་རྣམས་ཀྱི་དྲི་མ་མེད་པའི་བརྩམས་ཆོས་རིགས་ཕྱོགས་བསྒྲིགས་དང་ཞིབ་འཇུག འཚོལ་བསྡུ་བདག་ཉར་བྱེད་མཁན་གྱི་སྡེ་ཚན་ཞིག་ཡིན་ལ། སྡེ་ཚན་འདི་ནས་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་རིག་གཞུང་འདི་ཉིད་ཉམས་པ་སླར་གསོ་དང་། ཡོད་པ་རྒྱུད་འཛིན། མེད་པ་གསར་འདྲེན་བཅས་རྩ་དོན་དུ་བཟུང་སྟེ་རྒྱུན་ཆད་ལ་ཉེ་བའི་སྨན་རྩིས་གཞུང་ལུགས་དང་ཉམས་ཡིག་རིགས་འཚོལ་སྒྲུབ་དང་མྱུར་སྐྱོབ། ཞིབ་འཇུག་བྱེད་རྒྱུ་དང་། དེང་དུས་འཚོ་བཞུགས་ཡོད་པའི་བོད་ཕྱི་ནང་གི་མཁས་དབང་རྣམས་ཀྱི་བརྩམས་ཆོས་དང་ལོ་རྒྱུས་ཕྱོགས་བསྒྲིགས་དང་ཞུ་དག་དཔར་སྐྲུན་སོགས་བྱེད་བཞིན་པ་དང་། གཞན་སྨན་རྩིས་དང་འབྲེལ་བའི་བགྲོ་གླེང་དང༌། ཚོགས་འདུའི་ངོ་བོ། སྨན་རྩིས་པ་མཁས་དབང་རྒན་གྲས་རྣམས་ཀྱི་འདྲ་པར་དང་ལོ་རྒྱུས་བརྙན་ཕབ། སྨན་རྩིས་ཁང་གི་འདས་དང་ད་ལྟའི་ལོ་རྒྱུས་དང་འབྲེལ་ཡོད་ཀྱི་བརྙན་ཕབ་སྤྱིན་ཤོག་གསོག་ཉར་བཅས་བྱེད་བཞིན་པའི་ཐོག་དེང་རབས་ཀྱི་གློག་རྡུལ་དྲ་ལམ་བརྒྱུད་སྨན་རྩིས་ཀྱི་གཞུང་ལུགས་དང་། ལག་ལེན་ཀྱི་ཁྱད་ཆོས་རྣམས་འཛམ་གླིང་ཡོངས་ལ་ཁྱབ་སྤེལ་བྱེད་བཞིན་པ་དང་། ལྷག་པར་དུ་སྨན་རྩིས་དྲ་བ་བཟོ་སྐྲུན་གྱིས་སྨན་རྩིས་རིག་གཞུང་གི་ལས་རིགས་རྣམས་དྲ་ལམ་ནས་ཐད་ཀར་རྩོམ་སྒྲིག་དང་རྒྱུད་འཛིན་དར་སྤེལ་བྱེད་བཞིན་ཡོད།
༧། སྔོ་སྦྱོར་ཉམས་ཞིབ་སྡེ་ཚན།
སྡེ་ཚན་འདི་ནས་བོད་ཀྱི་གསོ་རིག་མཁས་དབང་རྣམས་ཀྱིས་མཛད་པའི་སྨན་སྦྱོར་ཉམས་ཡིག་ཚད་ལྡན་ཕྱོགས་སྡེབ་ཁག་གཞིར་བཞག་སྟེང་དེང་རབས་ཚན་རིག་གི་སྨན་དཔྱད་རིག་པའི་སྦྱོར་བཟོའི་ལག་རྩལ་གྱི་ཐབས་ལམ་གཉིས་ཟུང་འབྲེལ་གྱིས་དེང་དུས་སྤྱི་ཚོགས་ཀྱི་འགྱུར་འགྲོས་དང་བསྟུན་ནས་དགོས་མཁོའི་རིགས་ལུས་ཀྱི་དཔལ་རྒྱས་པར་བྱེད་པའི་བྱུག་རྫས་སྣ་ཚོགས་དང་། འདུ་བ་སྙོམས་བྱེད་ཀྱི་སྨན་ཇ། གཞན་ཡང་ཁོང་དུ་བསྟེན་པའི་སྨན་མར་སོགས་བཟོ་བསྐྲུན་བྱེད་བཞིན་པ་དང་། དེ་བཞིན་སྨན་རྫས་ཀྱི་སྤུས་ཚད་བརྟག་ཞིབ་དང་ལེགས་སྒྲུག་བྱེད་པ། སྦྱོར་བཟོའི་གོ་རིམ་རྣམས་ཚུལ་མཐུན་ངང་དེང་དུས་རྒྱལ་སྤྱིའི་ཚོང་རའི་གནས་བབ་དང་བསྟུན་ཏེ་གསར་བཟོ་བཅས་བྱེད་བཞིན་པ་མ་ཟད། འགྲེམས་སྤེལ་མ་ཞུས་པའི་སྔོན་དུ་ཕན་ཡོན་བརྟག་དཔྱད་ལ་གནའ་དེང་གི་བརྟག་དཔྱད་རིག་པས་ཞིབ་མནན་བྱེད་སྲོལ་ཡོད་པ་བཞིན་ལག་ཏུ་བསྟར་བ་དང་། མཐར་བོད་སྨན་གྱི་ཐུན་མོང་མ་ཡིན་པའི་སྔར་སྲོལ་འགྲོ་ལུགས་བཞིན་སྨན་སྒྲུབ་ཀྱི་བྱིན་རླབས་འཇུག་ཐབས་ཀྱི་ཆོ་ག་ཡང་བྱེད་བཞིན་ཡོད་དོ། །
༨། ལོ་ཙཱ་བའི་སྡེ་ཚན།
བོད་ཀྱི་ཐུན་མིན་གསོ་བ་རིག་པའི་ཁྱད་ཆོས་རྣམས་འཛམ་གླིང་ཁྱོན་ཡོངས་ལ་ངོ་སྤྲོད་དང་། འཕྲོད་བསྟེན་བདེ་རྩར་ཞབས་ཞུ་བསྒྲུབ་ཐུབ་པའི་དགོས་དམིགས་འོག་རྒྱུད་བཞི་དབྱིན་བསྒྱུར་རམ་ལོ་ཙཱ་བའི་སྡེ་ཚན་འདི་གསར་འཛུགས་གནང་ཞིང་། ལས་རིམ་དང་པོ་དཔལ་ལྡན་རྒྱུད་བཞི་དབྱིན་ཡིག་ཏུ་བསྒྱུར་རྒྱུ་དེ་ཡིན་པ་ལྟར། ད་ལྟའི་ཆར་རྩ་བའི་རྒྱུད་དང་བཤད་པའི་རྒྱུད་ཕྱི་མ་རྒྱུད་གསུམ་དབྱིན་བསྒྱུར་ལེགས་པར་གྲུབ་སྟེ་དེབ་གཟུགས་སུ་པར་བསྐྲུན་ཟིན་ལ། ད་ཆ་མན་ངག་རྒྱུད་ཀྱི་དབྱིན་བསྒྱུར་ལས་གཞི་འགྲོ་བཞིན་པ་ཡིན། ད་ཆ་སྡེ་ཚན་འདི་བཞིན་དཔེ་དེབ་ཞིབ་འཇུག་དང་པར་སྐྲུན་སྡེ་ཚན་དུ་ཟླ་སྒྲིལ་ཞུས་ཡོད།
༩། མཁས་པའི་ཚོགས་ཆུང་།
སྨན་རྩིས་ཁྱད་ལས་མཁས་པའི་ཚོགས་ཆུང་འདིར་སྨན་རྩིས་པ་སྐུ་བགྲེས་མཁས་མྱོང་ཅན་ལྷན་འཛོམས་ཐོག་རིག་གཞུང་སྡེ་ཚན་ཁག་གི་བྱེད་སྒོ་ལ་ལམ་སྟོན་དང་། དབུས་དང་ཕྱོགས་མཐའི་སྨན་པ་དང་འབྲེལ་ཡོད་རྣམས་ལ་གཞུང་དང་ལག་ལེན་ཁྲོད་དངོས་སུ་འཕྲད་པའི་དཀའ་གནད་དང་དོགས་གནས་ཁག་སྐབས་འཕྲལ་གསེད་བཀྲོལ་དང་སློབ་སྟོན་གནང་རྒྱུ་བཅས་གཙོར་བཟུང་གིས་ཕྱི་ནང་མི་རིགས་ཁག་ལ་སྨད་དུ་བྱུང་བའི་བོད་ཀྱི་སྨན་རྩིས་རིག་པའི་གཞུང་ལུགས་ངོ་སྤྲོད་དང་སྨན་བཅོས་སོགས་ཀྱི་མཐུན་རྐྱེན་སྒྲུབ་བཞིན་པ་ཡིན། །
གསུམ་པ། ནང་གསེས་ཀྱི་ཚོགས་ཆུང་ཁག
འགན་འཛིན་ལྷན་ཚོགས། སྨན་རྩིས་རིག་གཞུང་ལྷན་ཚོགས། འཛིན་སྐྱོང་ཚོགས་ཆུང་། སྨན་རྩིས་མཁས་པའི་སློབ་སྟོན་ཚོགས་ཆུང་། ལས་བྱེད་འདེམས་བསྐོ་དང་བཀོད་སྒྲིག་ཚོགས་ཆུང༌། གནས་རིམ་དང་ཕོགས་རིམ་བསྐྱར་ཞིབ་ཚོགས་ཆུང་། སྨན་རྩིས་བོད་ཡིག་དུས་དེབ་ཚོགས་ཆུང༌། སྨན་རྩིས་དབྱིན་ཡིག་དུས་དེབ་ཚོགས་ཆུང༌། ཡིག་ཚད་ཚོགས་ཆུང་། ལས་ཤག་གོ་སྒྲིག་ཚོགས་ཆུང༌། ལས་བྱེད་བདེ་དོན་ཚོགས་ཆུང༌། སྤྱི་ཐབ་ཚོགས་ཆུང་། ལས་བྱེད་སྤྲོ་སྐྱིད་ཚོགས་ཆུང་། ཁོར་ཡུག་གཙང་བཟོ་ཚོགས་ཆུང་། བུ་བཅོལ་ཁང་ཕ་མའི་ཚོགས་ཆུང་བཅས་ཡིན།
དགེ་རྩའི་ལས་དོན།
༡། གཞན་ཕན་སློབ་གསོ། དབུས་སྨན་རྩིས་ཁང་ནི་གཞུང་འབྲེལ་དེབ་སྐྱེལ་བྱས་པའི་དགེ་རྩའི་ལས་ཁུངས་ཤིག་ཡིན་ཞིང༌། དེའི་སྲིད་ཇུས་ནི་སློབ་ཡོན་མེད་པའམ་ཆུང་ངུས་སྨན་རྩིས་རིག་པའི་རྒྱུད་འཛིན་པ་གསོ་སྐྱོང་བྱེད་རྒྱུད་དང་། འདས་པའི་ལོ་ངོ་ལྔ་བཅུའི་རིང་ཁྱོན་བསྡོམས་སྨན་རྩིས་པ་གྲངས་༢༩༨གསོ་སྐྱོང་བྱས་ཡོད།
༢། གཞན་ཕན་སྨན་བཅོས། བོད་གཞུང་སྨན་རྩིས་ཁང་འདིའི་དགེ་རྩའི་ལས་དོན་གཞན་ཞིག་ནི་དབུལ་ཕོངས་ཉམ་ཐག་དང། དགུང་གྲངས་༧༠ཡན་ཟིན་པའི་རང་རིགས་རྒན་གྲས་དང་། བཙན་བྱོལ་བོད་གཞུང་གི་གཞུང་ཞབས་རྣམ་པ། བོད་ནས་གསར་དུ་འབྱོར་བ་བཅས་ལ་རིན་མེད་སྨན་སྦྱིན་དང༌། ཆོས་ལུགས་རིས་མེད་ཀྱི་གྲྭ་བཙུན་དང་སློབ་ཕྲུག ནད་གཅོང་ཚབས་ཆེན་བཅས་ལ་སྨན་རིན་ཕྱེད་བཅག་འབུལ་སྤྲོད་ཀྱིས་སྨན་བཅོས་ཞབས་ཞུ་སྒྲུབ་བཞིན་པ་ཡིན།
ཕྱི་ལོ་༢༠༠༢ནས་༢༠༡༠ཟླ་བ་༡༠་བའི་བར་གྱི་སྨན་སྦྱིན་ཆ་ཚང་བཏང་བའི་ནད་པའི་གྲངས་འབོར་ནི་འབུམ་བཅུ་དགུ་དང་ཆིག་ཁྲི་ཉིས་སྟོང་བརྒྱད་བརྒྱ་དོན་དྲུག་(༡༩༡༢༨༧༦.༠༠)དང་།
སྨན་རིན་ཕྱེད་བཅག་ཅན་གྱི་ནད་གྲངས་ལྔ་འབུམ་དགུ་ཁྲི་ཉིས་སྟོང་བརྒྱ་དང་དོན་གསུམ(༥༩༢༡༧༣.༠༠)དང་།
དེ་མིན་པའི་ནད་གྲངས་འབུམ་ཉེར་བཞི་དང་བཞི་ཁྲི་ཉིས་སྟོང་བརྒྱ་དང་གོ་གསུམ་(༢༤༤༢༡༩༣.༠༠)དང་།
ཁྱོན་བསྡོམས་ནད་པ་འབུམ་ཞེ་དགུ་དང་བཞི་ཁྲི་བདུན་སྟོང་ཉིས་བརྒྱ་ཞེ་གཉིས་(༤༩༤༧༢༤༢.༠༠)ལ་སྨན་བཅོས་བྱས་ཡོད་པ་རེད།
གཞན་ཡང་སྤྱི་ལོ་༡༩༦༡ལོ་ནས་འགོ་བཙུགས་ཏེ་སྨན་བཅོས་བྱས་ཡོད་ཀྱང་། དེའི་རིང་གི་ནད་པའི་ཐོ་གྲངས་དང་དེ་འབྲེལ་གྱི་ཡིག་ཆ་དཔང་ཕེར་འོས་པ་ཞིག་ཁ་གསལ་མེད་སྟབས་ཇི་བཞིན་འགོད་ཐབས་མ་བྱུང་ངོ་། །
ཕྱི་ལོ་༡༩༨༥ནས་༢༠༡༠ཟླ་༡༠བར་དུ་ཁྱོན་བསྡོམས་ཧིན་སྒོར་འབུམ་ཆིག་སྟོང་སུམ་བརྒྱ་སོ་གསུམ་དང་དགུ་ཁྲི་དགུ་སྟོང་ལྔ་བརྒྱ་གྱ་གཅིག་དང་ཚེག་གཅིག་(༡༣༣༣༩༩༥༨༡.༠༡)གི་རིན་འབབ་སྨན་སྦྱིན་ རང་རེའི་སྤྱི་ཚོགས་སུ་ཞབས་འདེགས་ཆེད་ཕུལ་ཡོད།
དེ་བཞིན་བཙན་བྱོལ་བོད་གཞུང་ལའང་རྒྱུན་གྲོན་མ་དངུལ་དུ་སྨན་རྩིས་ཁང་གི་ལོ་རེའི་ཡོངས་འབབ་ནས་བརྒྱ་ཆ་༡༥་འབུལ་ལམ་ཞུ་མུས་ཡོད་ཅིང་། ཕྱི་ལོ་༡༩༩༣་ནས་༢༠༠༩བར་ཙམ་ལ་སྡོམ་རྩིས་བྱས་ན་ཧིན་སྒོར་འབུམ་ལྔ་བརྒྱ་དོན་ལྔ་དགུ་ཁྲི་ཉིས་བརྒྱ་དང་ཚེག་ཉི་ཤུ་ཐམ་པ་(༥༧༥.༩༠༢༠༠.༢༠)ཞལ་འདེབས་སུ་ཕུལ་ཡོད།
བཞི་བ། ཁྲིམས་ཐོག་གི་གནས་བབ།
དབུས་སྨན་རྩིས་ཁང་ནི་རྒྱ་གར་སྲིད་གཞུང་གི་ཚོགས་སྡེ་དེབ་སྐྱེལ་ཁྲིམས་ཡིག་ཨང་ (1860(No.1290/79) འོག་ཁྲིམས་མཐུན་དེབ་སྐྱེལ་བྱས་པའི་ྋགོང་སྋསྐྱབས་མགོན་ཆེན་པོ་མཆོག་གི་དགེ་རྩའི་རིག་གཞུང་སློབ་གཉེར་ཁང་ཞིག་ཡིན་ཞིང༌། དེར་ཡོང་འབབ་དཔྱ་ཁྲལ་ཁྲིམས་ཡིག་1961(No.CIT/PTA/I&93-94/80-G/18313) ཡི་U.S.80G དགོངས་དོན་ལྟར་དཔྱ་ཁྲལ་ཆག་ཡང་ཡོད་པ་དང༌། རྒྱ་གར་ཡོང་འབབ་དཔྱ་ཁྲལ་ཁྲིམས་ཡིག་ 1961 (NO.jud1/reg.Cr/81-82/IST/35087/213) ཡི U.S12-A(a)༡༩༦༡ འོག་ཁྲིམས་མཐུན་དེབ་སྐྱེལ་བྱས་ཡོད་པའི་རྩིས་ཞུའི་ཨང་རྟགས་ནི་(28-510-A2-0011/ward-10Palampur)དང༌། ཡོང་འབབ་དཔྱ་ཁྲལ་གྱི་ཐོ་དེབ་ཨང་གྲངས་ནི་ 010213Palampur(30/03/91) ཡིན། སྨན་རྩིས་ཁང་འདིའི་ཆེས་མཐོའི་འགན་དབང་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དབུ་འཁྲིད་འོག་སྨན་རྩིས་ཁང་གི་འགན་འཛིན་ལྷན་ཚོགས་ལ་ཡོད། སྨན་རྩིས་ལས་བྱེད་ཀྱི་གྲངས་འབོར། སྤྱི་ལོ ༢༠༡༡ཟླ་ ༣ ཚེས་ ༡ བར་གྱི་ཐོ་གྲངས། བོད་གཞུང་སྨན་རྩིས་ཁང་ལ་སྨན་པ་༡༣༡ དང་། སྐར་རྩིས་པ་ ༡༨ འཛིན་སྐྱོང་ལས་བྱེད་༢༦༠ ཁྱོན་བསྡོམས་པས་སྨན་རྩིས་ཁང་ལ་ལས་བྱེད་ ༤༠༩ ཡོད་དོ། །
མཐའ་མའི་འདོན་ཐེངས་།: 22.03.2014 ཉིན། 2:33 PM
<< སྔ་མ།