སྨན་རྩིས་དྲ་བ། - ཆེད་རྩོམ།

དབུ་རྐྱང་རོ་གསུམ་དང་སྲོག་རྩ་དཀར་ནག་དམར་གསུམ་གྱི་ཁྱད་པར།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 01.06.2021
ཆེད་རྩོམ། >>


༄༅། །དབུ་རྐྱང་རོ་གསུམ་དང་སྲོག་རྩ་དཀར་ནག་དམར་གསུམ་གྱི་ཁྱད་པར་སྐོར་གླེང་བ།

-    རིན་ཆེན་རྒྱལ།

 

གླེང་གཞི།

    ཤེས་རིག་འཕེལ་འགྱུར་གྱི་བརྒྱུད་རིམ་ཁྲོད་གཞུང་ལུགས་གང་དང་ཅི་ཞིག་ཡིན་རུང་སོ་སོར་ཐུན་མོང་མ་ཡིན་པའི་རིག་པའི་གཞུང་ལུགས་ཀྱི་མ་ལག་དང་། ཕུན་སུམ་ཚོགས་པའི་ལག་ལེན་གྱི་ར་སྤྲོད་དངོས་བརྒྱུད་དགོས་པ་ནི་ཤིན་ཏུ་གལ་ཆེན་ཞིག་རེད། ཡིན་ནའང་། དངོས་ཡོད་འཚོ་བའི་ཁྲོད་གཞུང་ལུགས་དང་ལག་ལེན་གཉིས་ཟུང་སྦྲེལ་བྱེད་མ་ཐུབ་པ་དང་། གོ་དོན་གྱི་རང་བཞིན་ཐད་ལ་ཤན་དབྱེ་མ་ཐུབ་པའི་རྐྱེན་གྱིས་གཞུང་ལུགས་མི་ཉུང་བ་ཞིག་ཉ་དང་ཉུང་མ་བསྲེས་པའི་ངང་ཚུལ་མང་པོ་ཡོད་པ་དང་། ལྷག་པར་དུ་ཐ་མལ་པའི་ལུས་ཀྱི་རྩའི་གནད་ལུགས་ཐད་གསང་སྔགས་རྡོ་རྗེ་ཐེག་པའི་ལུགས་ཀྱི་རྩ་དབུ་རྐྱང་རོ་གསུམ་དང་། མིའི་ལུས་ལ་མངོན་སུམ་དུ་སྣང་བའི་སྲོག་རྩ་དཀར་ནག་དམར་གྱི་ཁྱད་པར་ལས་བྱུང་བའི་བཞེད་པ་ཆེན་པོ་གཉིས་ཡོད་པ་རེད། མ་གཞིར་རྩ་ནི་ཤིན་ཏུ་ལྐོག་གྱུར་དང་རྙོག་འཛིང་ཆེ་བའི་དངོས་པོ་ཞིག་དང་། དཔལ་ལྡན་གསོ་བ་རིག་པའི་གཞུང་རྒྱུད་བཞིའི་བརྗོད་དོན་ལའང་སྤྱི་དང་བྱེ་བྲག་དགོངས་གཞི་དང་དམིགས་པ། དྲང་དོན་དང་ངེས་དོན། དངོས་བསྟན་དང་ཤུགས་བསྟན། གབ་དོན་ནམ་སྦས་དོན་བཅས་གོ་བ་དུ་མ་ཡོད་པའི་རྐྱེན་གྱིས་རྩའི་འགྲེལ་ཚུལ་དང་གོ་དོན་ལ་འགྲེལ་བ་ཁག་བཞེད་པ་མི་མཐུན་པ་བྱུང་ཡོད། དེའི་ཕྱིར་ཁོ་བོས་སྐབས་འདིར་ནང་རིག་པའི་དབུ་རྐྱང་རོ་གསུམ་དང་གསོ་བ་རིག་པའི་སྲོག་རྩ་དཀར་དམར་ནག་གསུམ་བཅས་ཀྱི་ཁྱད་པར་སྐོར་ཅུང་ཟད་ཞུ་བ་ལ།

 

ནང་རིག་པ་དང་གསོ་བ་རིག་པའི་རྩའི་གནས་ལུགས་མཉམ་བསྲེས་བྱ་མི་རུང་བའི་རྒྱུ་མཚན།

    ཐོག་མར་བོད་ཀྱི་གསོ་བ་རིག་པ་ནི་རང་བྱུང་ཤེར་རྟོགས་རིག་པའི་རིགས་སྒོ་ཞིག་ཡིན་ཕྱིར་དུས་རབས་ཀྱི་འཕོ་འགྱུར་དང་སྒུལ་ཤུགས་ལ་བརྟེན་ནས་ད་ཡོད་སྤྱི་ཚོགས་ཀྱི་བདེ་ཐང་གནད་དོན་ལ་ཞབས་འདེགས་ཞུ་ཐུབ་པ་ཞིག་ངེས་པར་དུ་དགོས་པའི་ཕྱིར་ན་མངོན་སུམ་གྱི་གནས་ལུགས་ཁོ་ནར་གཞིགས་ཏེ་མཐར་ཐུག་གི་དམིགས་ཡུལ་ཡང་ཐ་མལ་པའི་ལུས་སེམས་ཀྱི་བསྙུན་གཞི་གསོ་བ་འོས་འགན་གཙོ་བོ་ཡིན་ཏེ། བཤད་རྒྱུད་ལས། མི་ན་གནས་དང་ན་བ་གསོ་བ་དང་། །ཚེ་རིང་ཆོས་ནོར་བདེ་བ་སྒྲུབ་པའི་ཕྱིར།(1) །ཞེས་ན་བ་ལ་དགག་སྒྲའི་ཕྲད་ “མི”སྦྱར་བ་ཡང་བོད་ཀྱི་གསོ་བ་རིག་པས་ཐོག་མར་ནད་རིགས་སྔོན་འགོག་དང་བདེ་སྲུང་འཕྲོད་བསྟེན་བྱ་དགོས་པ་དང་། གལ་སྲིད་རྐྱེན་གཞན་གྱིས་ཉེས་པ་འཕེལ་ཟད་འཁྲུགས་གསུམ་དུ་གྱུར་ནས་ལུས་འཕྲལ་མར་ན་བའི་ཚེ་གཞི་ནས་ན་བ་གསོ་དགོས་པའི་གནས་ལུགས་ཆེན་པོ་གཉིས་ཀྱིས་གསོ་བ་རིག་པའི་དམིགས་ཡུལ་འགྲུབ་རྒྱུར་བརྩོན་ལེན་བྱ་བཞིན་པ་དང་། ནང་རིག་པའམ་གསང་སྔགས་རྒྱུད་སྡེ་ལུགས་ཀྱིས་རྩ་དབུ་རྐྱང་རོ་གསུམ་ལ་བརྟེན་ནས་ལུས་འདི་ཉིད་བསྒོམ་དོན་གྱི་དབང་དུ་བྱས་ཏེ་འབྲས་བུ་རྡོ་རྗེའི་ཐེག་པའི་དོན་དུ་གསུངས་པ་ཡིན་ཕྱིར་རྒྱུད་སྡེའི་ལུགས་ཀྱི་རྩ་དབུ་རྐྱང་རོ་གསུམ་དང་གསོ་བ་རིག་པའི་གཞུང་ལས་བསྟན་པའི་སྲོག་རྩ་དཀར་དམར་ནག་ལ་ཧེ་བག་ཆེན་པོ་ཡོད་པ་གཞུང་ལུགས་དང་ལག་ལེན་གཉིས་ཀས་ར་སྤྲོད་བྱེད་ཐུབ་པ་འོག་ཏུ་རེ་རེ་ནས་འཆད་ལ། ཁྱད་པར་དུ་ར་མགོ་ལུག་སྦྱར་གྱིས་གཞུང་ལུགས་གཉིས་ཀའི་ཡང་སྙིང་རྟོགས་མི་ཐུབ་པ་བཅས་ཀྱི་ཕྱིར་ན། ངེས་དོན་གྱི་པཎྜིཏ་ཁྲོ་རུ་ཚེ་རྣམ་མཆོག་གིས། དོན་གྱི་གནད་ལ་ཇི་བཞིན་མི་འཁེལ་བའི། །སྦོམ་བཤད་སྟོང་བས་བར་སྣང་མཐོ་བསྙབ་བཞིན། །དངོས་པོའི་གནད་ལ་རག་པ་ཆེས་ཡོད་ཕྱིར། །ཐ་མལ་ལུས་ཀྱི་གནས་ལུགས་འཆད་པར་འདོད། །ཅེས་གསོ་བ་རིག་པའི་རྩའི་གནས་སྐབས་མངོན་སུམ་ཚད་གྲུབ་ལ་རྟོགས་འཇུག་གནང་དགོས་པའི་སྡོམ་ཚིག་བཞག་ཡོད་པ་མ་ཟད། བཀའ་ཁྲིད་དང་སློབ་སྟོན་སོགས་སློབ་གསོ་འཚོ་བའི་ཁྲོད་དུའང་དུས་རྟག་ཏུ་གསོ་བ་རིག་པའི་རང་ལུགས་སུ་སྲོག་རྩ་དཀར་དཀར་དམར་ནག་གསུམ་ཡིན་ཚུལ་སྐུའི་གསུང་རྒྱུན་ལས་གལ་པོ་ཆེ་ལ་ནན་ཏན་དུ་ཐེངས་མང་བསྩལ་མྱོང་བ་དང་། དེ་བཞིན་དུ་མཁས་པའི་དབང་པོ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཀྱང་མེས་ཞལ་གྱི་རྗེས་སུ་འབྲངས་ནས་དབུ་རྐྱང་རོ་གསུམ་དང་སྲོག་རྩ་དཀར་ནག་ཕན་ཚུན་སྦྱར་ཡོད་དུ་ཆུག་ཀྱང་། མཐར་ཐུག་གི་དགོངས་པ་ནི་ཁོང་གིས་བརྩམས་པའི་བཻ་སྔོན་ལས། “རྒྱུད་སྡེ་ལ་སོགས་དང་སྦྱར་ན་དོན་དུ་གནས་གསོ་དཔྱད་རང་ལུགས་སུ་རྩ་ཞེས་དགོས་པའི་ཕྱིར་དང་བཅས་བླ་དང་འདྲ་སྟེ་འཁྱམ་པ་བཤད་མ་ཁད་ལྟར་དང་མགོ་ལུས་ཀུན་ཏུ་ཁྱབ་པ་ནི་ནང་རྩ་སྲོག་རྩ་དཀར་ནག་སྡོང་པོ་དང་དབུགས་དང་འགྲོགས་ཏེ་རྒྱུ་བ་ཕྱི་ནང་དབུགས་ཀྱིས་ལན་ལྔ་བརྟག་དགོས་པའི་ཕྱིར་དང་བཅས་གོང་རྩར་བཟུང་ན་འཐད་པར་སེམས་སོ།།”(2) ཞེས་དོན་དུ་གསོ་དཔྱད་རང་ལུགས་སུ་སྲོག་རྩ་དཀར་(རླུང་རྩ)ནག་(ཁྲག་རྩ)གཉིས་དང་། ཕྱི་ནང་དབུགས་ལ་ལན་ལྔ་འཕར་བ་སྟེ་འཕར་རྩ་(རླུང་ཁྲག་གཉིས་འདོམས་ཀྱི་རྩ་)བཅས་སུ་འཛིན་དགོས་པའི་དགོངས་པ་རྨ་མེད་པ་ཉིད་དམར་རྗེན་དུ་སྤེལ་མ་འདིས་ཀྱང་ཤུགས་སུ་དབུ་རྐྱང་རོ་གསུམ་གསོ་དཔྱད་ལུགས་སུ་ཁས་མ་བླངས་པ་དོན་གྱིས་གྲུབ་བོ། །དེ་ལྟར་ན་གཅིག་ནས་ནང་རིག་པའི་རྩ་དབུ་རྐྱང་རོ་མ་དང་གསོ་བ་རིག་པའི་སྲོག་རྩ་དཀར་དམར་ནག་གསུམ་བཅས་ནི་གཞུང་ལུགས་ཡན་གར་བ་གཉིས་ཡིན་པས་དགོངས་གཞི་དང་དམིགས་པ་མི་འདྲ་བ་དང་། གཉིས་སུ་མངོན་སུམ་དང་ལྐོག་གྱུར་གྱི་གནས་ལུགས་ཀྱི་རྐྱེན་པས་རྩའི་ཚད་མའི་གྲུབ་ཚུལ་མི་འདྲ་བ་སྟེ་དབུ་རྐྱང་རོ་གསུམ་ཤིན་ཏུ་ཕྲ་བས་ཚུར་རོལ་མཐོང་བ་པོ་རྣམས་ལ་སྣང་མི་ཐུབ་པ་(མེད་པ་མ་ཡིན་)བཅས་ཀྱི་ཕྱིར་ན་དབུ་རྐྱང་རོ་གསུམ་དང་སྲོག་རྩ་དཀར་ནག་སྦྱར་ནས་གསུངས་པའམ་གཅིག་ཏུ་ངོས་འཛིན་བྱས་པ་ཡིན་ན་རང་རྐྱ་འཕེར་བའི་གཞུང་ལུགས་སོ་སོ་བའི་ཉིང་བཅུད་དེ་ཡང་ཆུ་རྙོགས་ཀྱི་རྒྱ་མཚོ་ལྟ་བུར་འགྱུར་རྒྱུ་གདོན་མི་ཟའོ།།

 

མིང་གི་ཐ་སྙད་མི་འདྲ་བ།

    གསང་སྔགས་རྒྱུད་སྡེ་ལུགས་སུ་རྩ་དབུ་རྐྱང་རོ་གསུམ་ཞེས་རྩ་རིགས་ཆེན་པོ་གསུམ་དུ་དབྱེ་ནའང་། བོད་ཀྱི་གསོ་རིག་གི་རྩ་བ་དཔལ་ལྡན་རྒྱུད་བཞིའི་ནང་དུ་དབུ་རྐྱང་རོ་གསུམ་གྱི་རྩའི་ཐ་སྙད་ཙམ་ཡང་མེད་པ་དང་། དེ་བཞིན་དུ་གསང་སྔགས་རྒྱུད་སྡེ་ཁག་ཏུ་ཡང་སྲོག་རྩ་དཀར་ནག་དམར་གསུམ་གྱི་མིང་ཙམ་ཡང་མ་གསུངས་པ་ཁོ་ནས་ཀྱས་གཞུང་ལུགས་ཡན་གར་བ་གཉིས་ཡིན་པར་གོར་མ་ཆག་ཅིང་། ལྷག་པར་དུ་བརྟག་པ་དང་པོའི་རྡོ་རྗེ་རིགས་ཀྱི་ལེའུ་ལས། “དེ་རྣམས་ཀྱི་ནང་ནས་རྩ་རྣམ་པ་གསུམ་ནི་གཙོ་མོ་སྟེ། རྐྱང་མ་རོ་མ་ཀུན་འདར་མའོ།”(3) ཞེས་རྩ་རིགས་གཙོ་ཆེ་བ་རྐྱང་མ་དང་། རོ་མ། ཀུན་འདར་མའམ་དབུ་མ་གསུམ་དུ་དབྱེ་ཞིང་། མིང་གི་རྣམ་གྲངས་ཡང་མི་འདྲ་བ་སྟེ་དབུ་མ་ལ། ཨ་ཝ་དྷུ་ཏི་དང་། སུ་སུ་མ། ཀུན་འདར་མ། ཕྲ་མོའི་གཟུགས། སྲོག་པ་རྩ། ནང་གི་ཤིང་གཅིག་མ། སྲོག་གི་སྐུད་པ། ལམ་པོ་ཆེ། བྱ་རོག་གདོང་། ཁ་ཁ་མུ་ཁ། མུན་པ་འབབ་པ། མར་སྣ་ལ་དུང་ཅན་མ་དང་ཡར་སྣར་སྒྲ་གཅན་གྱི་རྩ་བཅས་དང་། རོ་མ་ལ་ར་ས་ནཱ་དང་། ཉི་མ་འབབ་པ། རྐྱང་མ་ལ་ཟླ་བ་འབབ་པ་དང་ལ་ལ་ནཱ་ཞེས་མིང་གི་ཐ་སྙད་དུ་མ་ཡོད་པ་དང་། བོད་ཀྱི་གསོ་རིག་གི་གཞུང་དུ། “རྩ་གནད་རླུང་རྩ་ཁྲག་རྩ་ཉིས་འདོམས་རྩ།”(4) ཞེས་གཞུང་ལུགས་གཉིས་ཀྱི་རྩའི་གྲངས་ཀྱི་དབྱེ་བ་གཅིག་ན་ཡང་། བོད་ཀྱི་གསོ་རིག་གིས་རླུང་རྩ། ཁྲག་རྩ། རླུང་ཁྲག་གཉིས་འདོམས་ཀྱི་འཕར་རྩ་བཅས་སུ་གསུངས་ཤིང་། མིང་ཡང་རླུང་རྩ་ལ་སྲོག་རྩ་དཀར་པོ། ཆུ་རྩ། རྒྱུས་རྩ། རྒྱུངས་རྩ། རྩ་དཀར་བཅས་དང་། ཁྲག་རྩ་ལ་སྲོག་རྩ་ནག་པོ། རྩ་ནག སྡོད་རྩ་དང་། རླུང་ཁྲག་གཉིས་འདོམས་ཀྱི་འཕར་རྩ་ལ་སྲོག་རྩ་དམར་པོ་དང་འཕར་རྩ་བཅས་གསུངས་པ་ལས་ཀྱང་དབུ་རྐྱང་རོ་གསུམ་དང་སྲོག་རྩ་དཀར་ནག་དམར་གསུམ་གྱི་ཁྱད་པར་རྟོགས་སླ་ཞིང་། ཁྱད་པར་ཏུ་ངོ་བོ་རླུང་རྒྱུ་བའི་དབང་གིས་རླུང་རྩ་དང་། ཁ་དོག་དཀར་བས་རྩ་དཀར། རྩ་དེ་ཉིད་ཆུ་བ་དང་རྒྱུས་པ། རྒྱུངས་པ་དང་འདྲ་བས་འདྲ་བ་རྒྱུ་མཚན་ཏུ་བྱས་ཏེ་ཆུ་རྩ། རྒྱུས་རྩ། རྒྱུངས་རྩ་ཞེས་བཏགས་པ་དང་། ཡང་ངོ་བོ་ཁྲག་འབའ་ཞིག་རྒྱུ་བས་ཁྲག་རྩ་དང་། རྣམ་པའི་སྒོ་ནས་སྡོད་པའི་རྩ་ཡིན་ཕྱིར་སྡོད་རྩ། ཁ་དོག་ནག་པོ་ཤས་ཆེ་ཕྱིར་རྩ་ནག་གམ་སྲོག་རྩ་ནག་པོ་རུ་བཏགས་པ་དང་། (དེང་རབས་གསོ་རིག་གིས་སྔོན་པོ་ཡིན་པར་བརྗོད།) དེ་བཞིན་ངོ་བོ་རླུང་དང་ཁྲག་གཉིས་འདྲེས་པར་རྒྱུ་བའི་དབང་གིས་རླུང་ཁྲག་གཉིས་འདོམས་ཀྱི་རྩ་དང་། ཁ་དོག་དམར་པོས་སྲོག་རྩ་དམར་པོ་དང་། རྣམ་པའི་སྒོ་ནས་འཕར་བའི་རྩ་ཡིན་ཕྱིར་འཕར་རྩ་བཅས་རྩའི་ཁ་དོག་དང་། རྣམ་པ། ངོ་བོ་བཅས་ལ་བརྟེན་ནས་མིང་གི་གདགས་གཞི་མཛད་ཡོད་པ་ལས་ཀྱང་དབུ་རྐྱང་རོ་གསུམ་དང་སྲོག་རྩ་དཀར་ནག་དམར་གསུམ་གཅིག་མཚུངས་མིན་པ་བལྟས་པ་ཙམ་གྱི་ངེས་ཤེས་འདྲོང་སླའོ།།

 

རྩའི་གནས་དང་ངོ་བོའི་ཁྱད་པར།

    དེ་ལ་རྩ་དབུ་མའི་གནས་སའི་ཐད། དཔལ་ཀུན་ཏུ་ཁ་སྦྱོར་ལས། དེ་ཡི་དབུས་ན་གནས་པའི་རྩ། །མི་གསལ་གསལ་བའི་རང་བཞིན་ཅན། །ཆ་མེད་མཆོག་ཏུ་ཕྲ་བ་སྟེ། །གཟི་བརྗིད་ཆེན་པོའི་འོད་དང་ལྡན། །རྟག་ཏུ་སྙིང་གི་དབུས་ན་གནས།(5) །ཞེས་དང་། ཕྲ་བས་ཕྲ་བ་ཡང་དག་མཆོག(6) །ཅེས་དབུ་མ་ནི་དབྱིབས་མི་གསལ་ཞིང་ཤིན་ཏུ་ཕྲ་ཞིང་ཕྲ་བ་ཀུན་གཞི་རྣམ་ཤེས་ཀྱི་རྟེན་ལུས་ཀྱི་དབུས་སམ་སྙིང་གར་སྟོང་སེང་ངེ་གནས་པ་སྟེ་ལྟེ་བ་ནས་སྙིང་གའི་བར་རྟ་རྔ་བརྒྱ་གཤགས་ཙམ་དུ་གནས་པར་འདོད་པ་དང་། རོ་མ་ལུས་ཀྱི་གཡས་ཕྱོགས་སུ་གནས་པ། རྐྱང་མ་ནི་གཡོན་ཕྱོགས་སུ་གཙོ་ཆེར་གནས་པར་གསུངས་པ་དང་། བོད་ཀྱི་གསོ་རིག་གི་རླུང་རྩ། ཁྲག་རྩ། གཉིས་འདོམས་ཀྱི་འཕར་རྩ་གསུམ་ནི་དེ་ལས་ལྡོག་སྟེ། སྲོག་རྩ་དཀར་པོའམ་རླུང་རྩ་ནི་རྩ་བ་ཀླད་པར་གནས་ཤིང་ཐུར་དུ་ཟུག་པ་སྟེ་ཀླད་སྙིང་ནས་གཞུང་ཚིགས་ཐམས་ཅད་ཀྱི་ཁུང་བུ་བརྒྱུད་མཐར་རྟ་རྔ་ལྟར་ཡལ་ཕྲན་མང་པོ་གྱེས་ཏེ་ཇེ་ཕྲར་སོང་བས་གཞུག་ཆུང་དུ་ཐིམ་ཞིང་ཡལ་ཕྲན་མང་དུ་གྱེས་ཏེ་འགུལ་ཚོར་གྱི་བྱ་བ་གཙོ་བོར་བྱེད་པ་དེང་རབས་གསོ་རིག་གིས་གསུངས་པའི་དབང་རྩ་དང་མཐུན་པར་སྣང་ཞིང་། དེ་བཞིན་དུ་སྲོག་རྩ་ནག་པོའམ་ཁྲག་རྩ་ནི་ཁ་དོག་ནག་ཅིང་ཁྲག་རྩའི་སྡོང་བོར་གྱུར་བ་དེ་ཉིད་གཞུང་ཚིགས་བཅུ་གསུམ་པའི་མཚམས་ནས་སྒལ་བའི་ནང་གཞུང་དུ་ཐང་ཤིང་བསླང་བ་དང་འདྲ་བར་འཕར་རྩའི་སྡོང་པོ་དང་མཉམ་གཤིབས་སུ་གནས་པ་དང་། དེས་རབས་གསོ་རིག་གིས་སྡོད་རྩ་ཟེར་བ་དེ་ཡིན། སྲོག་རྩ་དམར་པོའམ་ཉིས་འདོམས་ཀྱི་འཕར་རྩ་ནི་འཕར་རྩའི་སྡོང་པོར་གྱུར་བ་གཞུང་ཚིགས་བཅུ་གསུམ་པའམ་ལྟེ་བའི་མཚམས་ནས་སྒལ་ཚིགས་དང་པོའི་བར་གྱི་སྒལ་བའི་ནང་གཞུང་གི་ཚིགས་རྣམས་དང་འགྲོགས་པའི་ཚུལ་གྱིས་གནས་ནས་སྡོང་པོ་ཨ་མ་ཉིད་སྙིང་དང་ཐད་ཀར་འབྲེལ་བ་དེ་ཡིན་ཏེ། དེང་རབས་གསོ་རིག་གིས་འཕར་རྩ་ཨ་མ་ཞེས་པ་དང་གཅིག་མཐུན་དུ་སྣང་ཕྱིར་དབུ་རྐྱང་རོ་གསུམ་དང་སྲོག་རྩ་དཀར་དམར་ནག་གསུམ་གྱི་གནས་ས་རགས་པ་ཙམ་མ་ཟད། རྩའི་སྦོམ་ཕྲ་དང་། བྱེད་ནུས་བཅས་ཀྱང་གཅིག་མཐུན་དུ་མི་སྣང་ངོ་། །

            རྩའི་ངོ་བོ་ཐད་ནས་བཤད་ན། དང་པོའི་སངས་རྒྱས་ལས། ཆུ་དང་མེ་དང་ནམ་མཁའ་རླུང་། །གཡས་གཡོན་དབུ་མའི་མར་སྣ་ནས།(6) །ཞེས་རོ་མ་ནི་ཉི་མ་འབབ་པའམ་མེ་ཁམས་ཀྱི་རང་བཞིན་དང་། རྐྱང་མ་ནི་ཟླ་བ་འབབ་པའམ་ས་ཆུའི་ཁམས་དང་ལྡན་པ། དབུ་མ་ནི་ངོ་བོ་རླུང་ངམ་ནམ་མཁའི་རང་བཞིན་ལྡན་པར་གསུངས་པ་དང་། གསོ་བ་རིག་པས་རྩའི་ངོ་བོ་མི་རླུང་དང་ཁྲག་སོགས་དྭངས་སྙིགས་རྒྱུ་བའི་བུ་ག་དང་བཅས་པ་ནི་རྩ་སྤྱིའི་ངོ་བོར་འདོད་ཕྱིར། མན་རྒྱུད་ལས། དེ་ལ་རླུང་རྒྱུ་བ་ཡི་རྩ་དཀར་ནི།།(7 )ཞེས་ངོ་བོ་རླུང་རྒྱུ་བས་སྲོག་རྩ་དཀར་པོའམ་རླུང་རྩ། ཁྲག་རྒྱུ་བར་བྱེད་པ་སྲོག་རྩ་ནག་པོ་དང་། རླུང་ཁྲག་འདྲེས་པར་རྒྱུ་བ་སྲོག་རྩ་དམར་པོ་བཅས་ངོ་བོ་ཁོ་ནའི་ཁྱད་པར་དེ་ཙམ་གྱིས་འཐུས་པར་བྱས་པ་ཡང་མཐའ་དཔྱད་པའི་སྐབས་སུ་རྒྱས་སྤྲོས་སྤེལ་བར་འདོད་ནས་འདིར་བསྐྱར་ཟློས་ཀྱི་ངལ་བ་མི་བསྟེན་པར་རེ་ཞིག་བརྒལ་བརྟག་གི་རྩོད་པ་ལྷུར་མ་བླངས་སོ།།

 

མཐའ་ཅུང་ཟད་དཔྱད་པ།

            ཁ་ཅིག་གིས། རྩའི་རིགས་མཐའ་དག་བསྡུ་ན་རླུང་རྩ་ཁྲག་རྩ་ཆུ་རྩ་གསུམ་དུ་འདུས་ཤིང་། དེ་ཡང་རླུ་རྩ་ཐམས་ཅད་དབུ་མ་དང་། ཁྲག་རྩ་ཐམས་ཅད་རོ་མ། ཆུ་རྩ་ཐམས་ཅད་རྐྱང་མ་ལས་གྱེས་པ་འབའ་ཞིག་ཡིན་པས་འཐད་པ་དང་བཅས་པའོ། །ཞེས་པ་མཁས་པ་ཆེན་པོའི་གསུང་ཡིན་ན་ཡང་རིམ་པ་བཞིན་དཔྱད་པ་ལ།

            ༡༽ གལ་ཏེ་རླུང་རྩ་ཐམས་ཅད་དབུ་མ་ཡིན་ན་སྲོག་རྩ་དཀར་པོ་ཡང་དབུ་མར་ཐལ་ལ། སྲོག་རྩ་དཀར་པོ་དང་རླུང་རྩ་གཉིས་ངོ་བོ་གཅིག་ཡིིན་པ་རྒྱུད་བཞི་ལས་གསུངས་པའི་ཕྱིར། རླུང་རྩའམ་སྲོག་རྩ་དཀར་པོ་དབུ་མ་ཡིན་པའི་སྒྲུབ་བྱེད་ཀྱི་གཞུང་ཚིག་གཅིག་ཀྱང་རྙེད་རྒྱུ་མེད་པ་དང་། དབུ་མ་ནི་ལྟེ་བ་ནས་སྙིང་གའི་བར་དུ་ཀུན་གཞི་རྣམ་པར་ཤེས་པའི་རྟེན་དང་ཤིན་ཏུ་ཕྲ་བ་སྐྲའི་ཚད་ཙམ་དུ་རྒྱུད་སྡེ་གོང་འོག་རྣམས་སུ་མགྲིན་གཅིག་ཏུ་གསུངས་པ་དང་། བོད་ཀྱི་གསོ་རིག་གི་རླུང་རྩ་ནི་སྲོག་རྩ་དཀར་པོའི་མིང་སྟེ། དེ་ལ་རླུང་རྒྱུ་བ་ཡི་རྩ་དཀར་ནི། ཞེས་མན་ངག་རྒྱུད་དུ་དངོས་སུ་གསུངས་ཡོད་པ་མ་ཟད། སྦོམ་ཕྲ་མདའ་སྨྱུག་འབྲིང་བོ་ཙམ་ལ་ཀླད་སྙིང་ནས་ཐུར་ཏུ་དཔྱང་བ་སྒལ་གཞུང་གི་ཁུང་བུ་བརྒྱུད་མཐར་ཇེ་ཕྲར་སོང་བ་གཞུག་ཆུང་དུ་ཐིམ་པའི་སྲོག་རྩ་གཙོ་བོ་དེ་ཉིད་ཡིན་ཕྱིར་དབུ་མ་མ་ཡིན་ཏེ། དབུ་མའི་ཆོས་བཞི་མི་ལྡན་པའི་ཕྱིར། (1. ཆུ་ཤིང་བཞིན་དུ་དྲང་པ། 2. ཆུ་སྐྱེས་བཞིན་དུ་སྲབ་པ། 3. ཏིལ་མར་བཞིན་དུ་ཚ་བ། 4.ནམ་མཁའ་བཞིན་དུ་དྭངས་པ།) དེ་ཙམ་མ་ཟད་སྲོག་རྩ་དཀར་པོའམ་རླུང་རྩ་ནི་ངོ་བོ་རླུང་རྒྱུ་བས་བཅོས་ཐབས་ཀྱི་རྩ་དོན་ཁྲོད་དུའང་རླུང་གི་གཉེན་པོ་བསྟེན་གྱི་ཡོད་པ་དང་། ནད་རྟགས་ཡང་ཞུ་ལྟར་གུག་པ། ཤིང་ལྟར་རེངས་པ། རྭ་ལྟར་དགྱེ་བ། གྱོང་ལྟར་བསྡུས་པ། བཤལ་སྦྲིད་འབྱུང་བ། ཚོར་ཤེས་བྲལ་བ་བཅས་རླུང་གི་ནད་རྟགས་སྟོན་པ་དང་། ལུས་ཀྱི་ཚོར་ཤེས་དང་འགུལ་བསྐྱོད་ཀྱི་བྱ་བ་ཡོངས་རྫོགས་སྒྲུབ་བཞིན་པ་བཅས་རླུང་རྩ་དབུ་མ་མིན་པ་ལུང་རིགས་མན་ངག་གསུམ་གྱི་ར་སྤྲོད་ཏན་ཏན་བྱུང་ཡོད།

            ༢༽ཁྲག་རྩ་ཐམས་ཅད་རོ་མ་ཡིན་ན། རོ་མ་ནི་ལུས་ཀྱི་གཡས་ཕྱོགས་སུ་གནས་ཤིང་མེ་ཁམས་དང་ལྡན་པའི་རྩ་ཞིག་དང་། ཁྲག་རྩའམ་སྲོག་རྩ་ནག་པོ་ནི་ཁ་དོག་ནག་ཅིང་ཁྲག་རྩའི་སྡོང་པོར་གྱུར་པ་དེ་ཉིད་གཞུང་ཚིགས་བཅུ་གསུམ་པའི་མཚམས་ནས་སྐེ་སྟོང་མན་གྱི་སྒལ་བའི་རང་གཞུང་དུ་ཐང་ཤིང་བསླངས་པ་དང་འདྲ་བར་འཕར་རྩའི་སྡོང་བོ་དང་མཉམ་གཤིབས་སུ་གནས་པའི་སྲོག་རྩ་ནག་པོ་དེ་ལ་ཟེར་ཏེ། མན་ངག་རྒྱུད་ལས། ནང་རྩ་སྲོག་རྩ་དཀར་ནག་སྡོང་པོ་ལ། །སྒལ་བའི་ནང་གཞུང་ཐང་ཤིང་བསླངས་པ་འདྲ། །ཞེས་པའི་གཞུང་ཚིག་དང་འགལ་བ་ཡིན་ལ། ཡང་ཁྲག་རྩ་ནི་མེ་ཁམས་དང་ལྡན་པའི་རོ་མ་དང་གཅིག་མཐུན་ཡིན་ཞེ་ན། མ་ཡིན་ཏེ། ཁྲག་ནི་ངོ་བོ་ཆུ་ཁམས་ཡིན་པ་གང་ཞིག་ལ་མེའི་ཁམས་དང་ལྡན་པའི་དངོས་པོ་ཡིན་གྱི་མེ་དང་མི་ལྡན་ཏེ། ཁྲག་ཆོས་ཅན། མེ་ཁམས་དང་ལྡན་གྱི་མེ་མ་ཡིན་ཏེ་ཚ་ཞིང་བསྲེག་པ་མ་ཡིན་པའི་ཕྱིར། གཞི་དངོས་པོ་ཁྲག་གཅིག་པུའི་སྟེང་དུའང་མེ་ཆུ་ལྟ་བུ་འགལ་བ་དང་ཐ་དད་དུ་བྱུང་ཡོད་པའང་དབྱེ་བ་འབྱེད་དགོས་པ་བཅས་ཕྲ་ཞིབ་རིགས་པའི་བརྟག་ཚེ་ཁྲག་རྩ་ཐམས་ཅད་རོ་མ་མིན་པ་ཤ་སྟག་གོ།

            ༣༽ཆུ་རྩ་ཐམས་ཅད་རྐྱང་མ་ཡིན་ན། རྐྱང་མ་ནི་ངོ་བོ་ས་ཆུའི་ཁམས་འབའ་ཞིག་དང་ལྡན་ལ་ལུས་གྱི་གཡོན་ཕྱོགས་སུ་གནས་པ་དང་། བོད་ཀྱི་གསོ་རིག་གི་ཆུ་རྩ་ཞེས་འདྲ་བ་རྒྱུ་མཚན་དུ་བྱས་ནས་བཏགས་པའི་རླུང་རྩའམ་སྲོག་རྩ་དཀར་པོའི་མིང་རྣམ་གྲངས་དང་། ངོ་བོ་རླུང་རྒྱུ་བའི་རྩ་ཡིན་ཕྱིར་ཐོག་མར་རྩའི་ངོ་བོ་གཅིག་མིན་པ་དང་། གཉིས་ནས་རྐྱང་མ་ལུས་གཡོན་ཤས་ཆེར་གནས་པ་དང་ཆུ་རྩ་ནི་རྩ་བ་ཀླད་པ་ནས་ཐུར་དུ་གཞུག་ཆུང་དུ་ཐིམ་པ་གོང་དུ་བཤད་མ་ཐག་པའི་རླུང་རྩ་དང་གཅིག་མཚུངས་ཡིན་ནོ།། གལ་སྲིད་ཆུ་རྩ་ཡང་རྐྱང་མ་སྟེ་ངོ་བོ་ས་ཆུའི་རང་བཞིན་རྒྱུ་བའི་རྩ་ཡིན་ན་ནད་གཞིའི་རྩ་དོན་གང་འཛིན་ནམ། རླུང་རྩ། ཁྲག་རྩ། རླུང་ཁྲག་གཉིས་འདོམས་ཀྱི་འཕར་རྩ་གསུམ་ལས་གང་གི་ཁོངས་སུ་བསྡུའམ། ལྷག་པར་ངོ་བོ་ས་ཆུའི་རང་བཞིན་རྒྱུ་བའི་ཆུ་རྩ་ཡིན་ཞེས་གསོ་དཔྱད་གཞུང་དུ་མ་གསུངས་པའི་ཕྱིར་ནི་མི་སྨྲ་རྡོ་རྗེ་གོ་འཕང་དུ་སྦྱོར་རྒྱུ་མ་ཡིན་ནམ། འོ་ན། ཁྱོད་ལ་ཆུ་རྩ་དང་རླུང་རྩ་གཅིག་ཡིན་པའི་སྒྲུབ་བྱེད་གང་ཡོད་འདྲི་ན། མན་ངག་རྒྱུད་ལས། དེ་ལ་རླུང་རྒྱུ་བ་ཡི་རྩ་དཀར་ནི། །དཔུང་པའི་ལུག་གཞུག་ཕྱི་མཆན་ཆུ་རྩའི་གནད། །གྲུ་མོའི་བར་ན་རླུང་རྩ་རཏྣའི་གནད། །པུས་མོའི་གཉན་གོང་རུས་རྩ་སྒྱེད་བུའི་གནད། །མཐེ་བོང་སྤུ་སྐྱེས་རྒྱུས་པ་པིར་མགོའི་གནད། །དེ་བཅུ་རླུང་འཕྱོ་བྱ་བ་ཉམས་པའི་གནད།།(8) ཅེས་རྩ་དཀར་གྱི་གནས་བཅུའི་གྲས་སུ་བསྟན་པ་མ་ཟད། གནད་དེ་དག་ལ་བསྣད་འགྲམས་བྱུང་ཚེ་རླུང་འཕྱོ་ཞིང་ཡན་ལག་བརྐྱང་བསྐུམ་གྱི་བྱ་བ་ཉམས་པར་གསུངས་བས་ཀྱང་ཆུ་རྩ་དང་རླུང་རྩ་ངོ་བོ་གཅིག་ཡིན་པ་ཤེས་རྟོགས་འབྱུང་སླ་ཞིང་། དེ་བཞིན་དུ་ཚིགས་དང་ཆུ་རྒྱུས་ཆུ་རྩ་རླུང་གི་གནས། ཞེས་དང་། “སྙིང་སྲོག་(སྲོག་རྩ་དཀར་པོ་)ལོང་ལ་རླུང་ཉིད་གཙོ་བོར་བཟུང་།” ཅེས་གསུངས་པ་དང་། རྩ་རྒྱུད་སྐབས་ཡང་སྲོག་རྩ་དཀར་པོ་ནི་རླུང་གི་རྒྱུ་ལམ་དུ་བཤད་པ་བཅས་ཆུ་རྩ་རླུང་གི་གནས་ཡིན་པ་ཤིན་ཏུ་གསལ་ལ། དེང་རབས་གསོ་རིག་གིས་དབང་རྩ་ཞེས་ཚོར་ཤེས་དང་འགུལ་བསྐྱོད་གཙོ་བར་བྱེད་པའི་སྲོག་རྩ་ཆེན་པོ་ཞིག་ཏུ་འདོད་པ་དང་ཡང་མཐུན་པར་མ་ཟད། བོད་ཀྱི་གསོ་རིག་གིས་དབང་རྩ་ཞེས་ངོ་བོའི་དབང་གིས་གསུངས་པ་དང་། དེང་རབས་གསོ་རིག་གིས་དབང་རྩ་ཞེས་ནུས་པའི་དབང་གིས་གསུངས་པ་ཙམ་མ་གཏོགས་དོན་དུ་ཚོར་ཤེས་དང་འགུལ་བསྐྱོད། བཤལ་སྦྲིད་འབྱུང་བ་བཅས་དོན་གྱི་གནས་ལུགས་དངོས་པོ་གཅིག་གི་ཐོག་ཏུ་འཁེལ་འདུག་པའི་ཕྱིར་ན་ཁོ་བོས་དེ་ལྟར་འདོད་ལ། “ཀླད་པ་དང་ཀླད་པ་དེ་དག་ལས་གྱེས་པའི་རྩ་རིགས་དེ་དག་ལ་རང་རེའི་སྨན་གཞུང་ལས་ཆུ་རྩ་ཞེས་མིང་འདོགས་མཛད་ཅིང་། ཆུ་རྩ་རྩོམ་བྱེད་ནབ་སེལ་ཞེས་པའི་རྩ་རྡུལ་དེ་དག་ནི་ཕྲ་ལ་རིང་ནར་ཅན་གྱི་བཟོ་དབྱིབས་ཅན་ཞིག་ཡིན་པ་དང་། དེ་དག་ལས་འགའ་ཤས་ནི་ཀླད་པ་ནས་མར་སྒལ་ཚིགས་བརྒྱུད་རྐང་ལག་སོགས་ལུས་ཀྱི་ཆ་ཤས་གཞན་བར་སྙོམས་པའི་རིང་ཚད་དུའང་ཡོད་པ་རེད།”(10) ཅེས་དེང་དུས་ཀྱི་ཚན་རིག་མཁས་ཆེན་ཚོས་ཀྱང་ངོས་འཛིན་གཅིག་མཐུན་མཛད་ཡོད་པ་དང་། ཁྱད་པར་རྩ་དཀར་གྱི་གནས་ལུགས་སྐབས་ཆུ་རྩ་ཞེས་ཐ་སྙད་གཏན་འཁེལ་དུ་གསུངས་པ་ཡང་རྩ་དཀར་དང་ཆུ་རྩ་གཉིས་གཅིག་ཡིན་པ་ཧ་ཅང་གསལ་བས་དེ་འདྲའི་དབྱེ་བ་ཙམ་ཡང་ཕྱེ་མ་ཐུན་པ་ནི་ཤིན་ཏུ་ངོ་གནོང་པའི་གནས་སོ།།

            ཡང་ཁྱོད་ཀྱིས། “འོ་ན་རླུང་ཁྲག་འདྲེས་པའི་རྩ་རྣམས་གང་ལས་གྱེས་སྙམ་ན། དེ་ནི་འཕར་རྩ་དེ་རོ་རྐྱང་དབུ་གསུམ་ག་སྙིང་གི་རྩ་བར་འདུས་པ་ལས་ཉོན་མོངས་པའི་ཡིད་རྒྱུ་བའི་དབང་གིས་སྙིང་འཕར་བར་བྱེད་ལ། དེའི་དོན་གྱིས་སྙིང་དང་གཙོ་བོར་འབྲེལ་བའི་རྩ་ཐམས་ཅད་རླུང་ཁྲག་འདྲེས་པར་རྒྱུ་ཞིང་། རྩ་ཡང་ན་འཕར་བ་སྟེ།” ཞེས་གསུངས་པར་གཞིགས་ཚེ་ཁྱོད་ཀྱིས་རྩ་རིགས་ཐམས་ཅད་དབུ་རྐྱང་རོ་གསུམ་མམ་ཡང་ན་ཁྲག་རྩ་རླུང་རྩ་ཆུ་རྩ་གསུམ་དུ་འདུ་བའི་སྡོམ་ཚིག་དེར་སྐྱོན་ཆ་རི་བོའི་གཏོས་དང་མཉམ་པ་ཞིག་འཇུག་སྟེ། རྩ་ཐམས་ཅད་རིགས་ཆེན་པོ་གསུམ་དུ་ཁྱོད་ཀྱིས་ཀྱང་གསུངས་མོད། “རླུང་ཁྲག་འདྲེས་པར་རྒྱུ་ཞིང་རྩ་ཡང་འཕར་བ་སྟེ།” ཞེས་དོན་དུ་རླུང་ཁྲག་གཉིས་འདོམས་ཀྱི་འཕར་རྩ་ཁས་བླངས་པ་མ་ཟད། རྩ་དེའི་རྩ་བ་སྙིང་ཡིན་པ་ཡང་ཐག་བཅད་པ་དང་། དེ་ལྟར་ན་རྩ་རིགས་ཆེན་པོ་ཡང་བཞི་རུ་ཁས་ལེན་དགོས་པས། མན་ངག་རྒྱུད་ལས། སྐེ་ཡི་རྩ་ལ་ཕྱི་རྩ་ནང་རྩ་གཉིས། །ནང་གི་རྩ་ལ་ཁྲག་རྩ་རླུང་རྩ་གཉིས། །རླུང་ཁྲག་གཉིས་འདོམས་འཕར་རྩ་དག་དང་གསུམ།།”(11) ཞེས་རྒྱུད་ཚིག་དང་འགལ་བ་མ་ཟད། ནང་རིག་པའི་རྐྱང་མ། རོ་མ། ཀུན་འདར་མ་གསུམ་དུ་ངེས་སོ་ཞེས་པ་དང་ཡང་ཡོངས་སུ་འགལ་བ་ཡིན་ནོ།།

            འོ་ན། བཤད་རྒྱུད་ལས། འབྲེལ་བ་རྩ་ལ་དཀར་ནག་གཉིས་ཡིན་ཏེ།།(17) ཞེས་སྲོག་རྩ་དཀར་ནག་གཉིས་ལས་སྲོག་རྩ་དམར་པོའམ་རླུང་ཁྲག་གཉིས་འདོམས་ཀྱི་འཕར་རྩའི་གནས་ལུགས་མ་གསུངས་སོ་ཞེ་ན། བདེན་ཏེ། སྐབས་དེར་སྲོག་རྩའི་འབྲེལ་ཚུལ་གཙོ་བོར་སྟོན་པ་ལས་དབྱེ་བ་མ་གསུངས་ཀྱང་ཤུགས་ལས་རྟོགས་དགོས་པ་སྟེ། ཤ་ཁྲག་འཕེལ་བྱེད་ཀྱི་རྩ་ཆེན་ཉེར་བཞི་ལས་ཡན་ལག་ཕྱིར་འབྲེལ་མངོན་པའི་རྩ་བཅུ་དྲུག་གི་གྲས་སུ་རྐང་ལག་གི་འཕར་རྩ་བཞི་དང་། གཉིད་ལོག་གཉིས། མཚན་འགྲམས་འཕར་རྩ་གཉིས་བཅས་འཕར་རྩ་བརྒྱད་དང་། དེ་བཞིན་དུ་སྦས་པའི་ཁྲག་རྩ་བརྒྱད་དང་། ཤུགས་བསྟན་སྦས་པའི་འཕར་རྩ་བརྒྱད་བཅས་སུམ་ཅུ་སོ་གཉིས་བསྟན་པའི་ཕྱིར་དང་། སྨན་དཔྱད་ཟླ་བའི་རྒྱལ་པོ་ལས་ཀྱང་སྲོག་རྩ་དམར་པོའི་གནས་ལུགས་རྒྱས་འགྲེལ་དུ་གསུངས་ཡོད་པ་གཤམ་དུ་གཟིགས། ཡང་ཁ་ཅིག་གིས། རླུང་ཁྲག་གཉིས་འདོམས་ཀྱི་འཕར་རྩ་ནི་སྲོག་རྩ་ནག་པོའམ་ཁྲག་རྩའི་ཡལ་ག་ཡིན་པར་བཤད་པས་དེ་ལས་དགོད་བྲོ་བའི་གཏམ་ཞིག་གང་དུ་བཙལ། གལ་སྲིད་རླུང་ཁྲག་གཉིས་འདོམས་ཀྱི་འཕར་རྩ་ཁྲག་རྩའི་ཡལ་ག་ཡིན་ན། རྒྱུད་ལས། དབུས་ཀྱི་རྩ་ལས་སྙིང་ནི་འབྲས་བུའི་ཚུལ།།(12) ཞེས་དང་། ཡན་ལག་བརྒྱད་པ་ལས། རྩ་ཆེན་རྩ་བ་སྙིང་ལ་གནས།། དེ་དག་ཀུན་གྱི་ལུས་ལ་ཁྱབ།། ཞེས་(13)དང་། ཡང་སྨན་དཔྱད་ཟླ་རྒྱལ་ལས། འཕར་བ་རྩ་ཡི་སྡོང་པོ་ནི།། དང་པོ་ཚིགས་པ་བཅུ་གསུམ་པ། ལྟེ་བ་དག་ནས་ཆགས་པ་སྟེ། །སྒལ་བའི་ཚིགས་དང་འགྲོགས་ནས་གྱེས། །བདུན་པ་དྲུག་པ་ནས་གྱེས་པའི། །གློ་དང་སྙིང་དུ་འབྲེལ་བའོ།།(14) ཞེས་སྙིང་ནི་སྲོག་རྩ་དམར་པོའི་སྡོང་པོའི་འབྲས་བུའི་ཚུལ་དུ་གནས་པར་གསུངས་པ་དང་། དོན་དུའང་ཕུང་བོ་དངོས་སམ་དཔེ་རིས་ལས་ཀྱང་སྙིང་ནི་འཕར་རྩའི་སྡོང་པོའི་འབྲས་བུའི་ཚུལ་དུ་གནས་པ་མངོན་སུམ་དུ་མཐོང་བའི་ཕྱིར་དང་། ཁྱད་པར་ཏུ་སྲོག་རྩ་དམར་པོའམ་རླུང་ཁྲག་གཉིས་འདོམས་ཀྱི་འཕར་རྩའི་རྩ་བ་སྙིང་ཡིན་པ་སྟེ་དེང་རབས་གསོ་རིག་གིས་འཕར་རྩ་ཨ་མ་དེ་ཉིད་དུ་སྙིང་འབྲས་བུའི་ཚུལ་དུ་གནས་པར་གསུངས་པའི་དགོངས་པ་དང་ཡང་ཡོངས་སུ་མཐུན་པའི་ཕྱིར་རོ།། དེ་བཞིན་དུ་བཤད་རྒྱུད་ལས། རྩ་གཅིག་བར་དུ་ཟུག་པའི་སྲོག་རྩ་ཆགས།། ཞེ་སྡང་སྲོག་རྩ་ཁྲག་ལ་བརྟེན་ནས་གནས།།(15) ཞེས་པའི་རྒྱུད་ཚིག་ལའང་གོ་བ་རྣལ་མ་ཞིག་མ་ལོན་པར་སྙམ་སྟེ། འདིས་ནི་བར་དུ་ཟུག་པའི་རྩ་ཞིག་ལུས་ཀྱི་བར་མཆིན་པའི་ལུང་ཆེན་དུ་དྭངས་མ་ལེན་པའི་རྩ་ལ་ཟུག་སྟེ། དེའི་ཡལ་ག་ཚིགས་པ་བཅུ་པར་སོང་བ་དེ་ལ་བརྟེན་ནས་སྲོག་རྩ་ནག་པོ་ཡན་ལག་དང་བཅས་པ་ཆགས་པར་སྟོན་པ་ཡིན་པས་ཁྲག་རྩའི་རྩ་བ་མཆིན་པ་དང་། མཆིན་པ་ཁྲག་གི་རྟེན་ཡིན་པ། རླུང་ཁྲག་གཉིས་འདོམས་ཀྱི་འཕར་རྩའི་རྩ་བ་སྙིང་ཡིན་པ་བཅས་ཀྱི་སྒྲུབ་བྱེད་དུ་མས་འཐུས་ལ། ཁྱད་པར་དུ་ “སྨན་གཞུང་ནས་གསུངས་པའི་འཕར་རྩ་དམར་པོ་དང་། སྡོད་རྩ་ནག་པོ་གཉིས་ནི་རིམ་བཞིན་ཚན་རིག་པས་བཤད་པའི་ལུས་ལ་ཁྲག་ཕར་འགྲེམས་བྱེད་པའི་རྩ་ཨ་ཊི་རི་དང་། ལུས་བྱིངས་ནས་ཁྲག་ཚུར་འཐེན་བྱེད་སྦན་ཟེར་བ་དེ་གཉིས་ཡིན་པ་རེད།” (16) ཅེས་རྩ་རིགས་གཉིས་སུ་དེང་དུས་ཚན་རིག་པས་སྡོམ་ཚིག་བཞག་པ་འདིས་ཀྱང་རླུང་ཁྲག་གཉིས་འདོམས་ཀྱི་འཕར་རྩ་ནི་ཁྲག་རྩའི་ཡལ་ག་ཡིན་པར་གསུངས་པའི་གཏན་ཚིགས་ལྕགས་ཀྱི་རི་བོ་དེ་སྐད་ཅིག་ཏུ་འཇིག་པར་སོམ་ཉི་ཅི་ཡང་མི་དགོས་སོ།།

            ཡང་སྲོག་རྩ་དམར་པོའམ་རླུང་ཁྲག་གཉིས་འདོམས་ཀྱི་འཕར་རྩའི་རྩ་བ་སྙིང་ཡིན་ན། སྨན་དཔྱད་ཟླ་བའི་རྒྱལ་པོ་དང་བཤད་རྒྱུད་ལུས་ཆགས་ཚུལ་སྐབས་འཕར་རྩའི་རྩ་བ་ལྟེ་བ་ནས་ཆགས་པར་གསུངས་པ་དང་འགལ་བ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། ལུས་ཆགས་ཚུལ་སྐབས་བྱིས་པ་དེ་མངལ་དུ་ཆགས་ཚེ་ལུས་ཀྱི་ཐོག་མ་བྱིས་པ་རང་ཉིད་ཀྱི་ལྟེ་བ་ཆགས་ཤིང་། ལྟེ་བར་བརྟེན་ནས་སྲོག་པ་རྩ་སྟེ་སྲོག་རྩ་དམར་པོའམ་འཕར་རྩ་ཐམས་ཅད་ཀྱི་སྡོང་པོ་རླུང་ཁྲག་གཉིས་ཀའི་རྟེན་དུ་གྱུར་བ་དེ་ཉིད་ཆགས་པ་སྟེ། གང་ཞེ་ན། མའི་རོ་དྲུག་གི་ཟས་སྐོམ་ཟོས་ཤིང་འཐུང་བ་རྣམས་བྱིས་པའི་ལུས་ལ་མཁོ་སྤྲོད་ཀྱི་རྒྱུ་ལམ་སྟེ་རྩ་ཞིག་ངེས་པར་དགོས་པ་དང་། ཟས་སྐོམ་དང་དྭངས་མའི་རྒྱུན་ཁྲག་དེ་ཉིད་འཕུལ་འདྲེན་རླུང་གི་བྱེད་པར་བརྟེན་དགོས་ཕྱིར་རྩའི་ངོ་བོ་རླུང་ཁྲག་འདྲེས་པར་རྒྱུ་བས་རླུང་ཁྲག་གཉིས་འདོམས་ཀྱི་འཕར་རྩ་ཡིན་པ་དང་། ཡང་ཆགས་པའི་རྩ་ནི་ལྟེ་བ་ནས་རྩ་གསུམ་གྱེས་པར་གསུངས་པ་འདིར་གཅིག་ཁོ་ནར་ངེས་པ་བཅས་འགལ་ཟླ་གོང་དང་མཐུན་ནོ་ཞེ་ན། ཆགས་ཚུལ་སྐབས་ལུས་ཐོག་མར་ཆགས་པའི་དུས་ཀྱི་གནས་སྐབས་ལ་དགོངས་པ་སྟེ་མ་བུ་གཉིས་གཞི་གཅིག་ཏུ་འབྲེལ་བས་ཟས་སྐོམ་གྱི་དྭངས་མ་ཁྲག་འཕུལ་འདྲེན་བྱེད་པའི་འཕར་རྩ་ཁོ་ནར་དགོངས་ནས་ལྟེ་བ་ནས་ཆགས་པར་གསུངས་པ་དང་། ལུས་ཀྱི་གནས་ལུགས་སྐབས་བྱིས་པ་ཉིད་མའི་མངལ་ནས་ཡོངས་སུ་འཕོས་ཏེ་ལུས་ཀྱི་ཆ་ཤས་ཕྲ་རགས་ནས་གྲུབ་ཚར་ཕྱིར་རླུང་ཁྲག་གཉིས་འདོམས་ཀྱི་འཕར་རྩའམ་སྲོག་རྩ་དམར་པོའི་རྩ་བ་སྙིང་དང་། ཁྲག་རྩའམ་སྲོག་རྩ་ནག་པོའི་རྩ་བ་མཆིན་པ། རླུང་རྩའམ་སྲོག་རྩ་དཀར་པོའི་རྩ་བ་ཀླད་པ་བཅས་གསུངས་པ་ནི་བྱིས་པ་ཉིད་མའི་མངལ་དང་བྲལ་ཏེ་མ་བུ་གཉིས་རྟེན་ནམ་གཞི་སོ་སོ་བ་རུ་གྱེས་པའི་རྗེས་ཀྱི་རྩའི་གནས་ལུགས་ལ་བཤད་པ་ཡིན་ཕྱིར་དེ་གཉིས་འགལ་བ་མ་ཡིན་ནོ།།

            ཡང་ཆུ་རྩ་ནི་ངོ་བོ་ཆུ་ཁམས་ཀྱི་བྱ་བ་གཙོར་བསྐྱེད་ཀྱི་རྩ་ཞིག་ཡིན་པར་མེས་པོའི་ཞལ་ལུང་ལས་གསུངས་སོ་ཞེ་ན། བོད་ཀྱི་གསོ་རིག་གི་རྩའི་ངོ་བོ་དང་མཚན་ཉིད་སྐབས་ཆུ་རྒྱུ་བར་མ་གསུངས་པས་མི་འཐད་ལ། ནང་རིག་པའི་རྐྱང་མ་དང་མཐུན་པ་ཡིན་དུ་ཆུག་ཀྱང་གང་ལྟར་ངོ་བོ་མི་འདྲ་བའི་རྩ་གཉིས་སུ་དབྱེ་བ་གསལ་བོར་བསྟན་ཡོད་པའི་ཕྱིར་དང་། རྒྱུ་མཚན་དེ་ལྟར་ན་མེས་ཞལ་ལས་ཆུ་རྩ་རླུང་རྩ་ཡིན་པའི་སྒྲུབ་བྱེད་ཀྱི་གཞུང་ཚིག་གཅིག་ཀྱང་རྙེད་པར་མི་འགྱུར་རོ་ཞེས་པའི་སྡོམ་ཚིག་འདི་ལ་ངེས་པར་བརྟག་དགོས་པ་སྟེ། ཆུ་རྩ་རླུང་རྩ་ཡིན་པའི་སྒྲུབ་བྱེད་ནི་དེ་ལ་རླུང་རྒྱུ་བ་ཡི་རྩ་དཀར་ནི། ཞེས་མན་ངག་རྒྱུད་ལས་སུངས་པའི་ཕྱིར། འོ་ན་མཁས་པའི་དབང་པོ་ཟུར་མཁར་བློ་གྲོས་རྒྱལ་པོ་ནོར་འཁྲུལ་དུ་ཐལ་ཞེ་ན། བདག་གི་བཤེས་གཉེས་མཁས་དབང་རྒན་བསམ་གཏན་མཆོག་གིས། འདི་ལ་རྒྱུ་མཚན་གཉིས་ཡོད་པ་སྟེ། 1.ཆུ་རྩ་ཞེས་རྩའི་ངོ་བོ་ལ་འཁྲུལ་བ་མིན་ནམ་སྙམ་པ་དང་། 2.གངས་ཅན་སྨན་པའི་གཙུག་རྒྱན་རྗེ་ཟུར་མཁར་བློ་གྲོས་རྒྱལ་པོ་ལ་མཚོན་ན་མན་ངག་རྒྱུད་ལ་ཞིབ་འཇུག་གི་གོ་སྐབས་མ་བྱུང་བར་རྩ་རྒྱུད་དང་བཤད་རྒྱད། ཕྱི་རྒྱུད་རྩ་ཆུའི་ལེའུ་ཡན་གྱི་འགྲེལ་བ་ལས་རྩོམ་འཕྲོར་ལུས་ཏེ་དགོངས་པ་གཞན་དོན་དུ་གཤེགས་པ་བཅས་རྒྱུ་རྐྱེན་དུ་མར་རག་ལས་པ་ཡིན། ཞེས་གསུངས་པ་ནི་བཤེས་གཉེན་དམ་པའི་རྣམ་དཔྱོད་ཀྱི་མཁྱེན་རབ་ལས་ཐོན་པའི་ལེགས་བཤད་ཤ་སྟག་ཏུ་སེམས་སོ།།

            དེ་ལྟར་ཁོ་བོས་དབུ་རྐྱང་རོ་གསུམ་དང་སྲོག་རྩ་དཀར་དམར་ནག་ཀྱི་ཁྱད་པར་སྐོར་ལ་རང་བློས་གང་ནུས་ཀྱི་དཔྱད་པ་བགྱི་ཁུལ་བྱས་པ་ཡང་། ནང་རིག་པ་དང་གསོ་བ་རིག་པའི་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་མི་གཅིག་པ་གསལ་འདོན་དང་། བོད་ཀྱི་གསོ་རིག་གི་རྩའི་གནས་ལུགས་ཐད་གཅིག་གྱུར་གྱི་ལྟ་བ་ཞིག་འོངས་པའི་རེ་འདུན་དང་། དེང་གི་ཆར་གསར་བྱུང་གི་རིགས་པ་དུ་མས་བོད་ཀྱི་གསོ་རིག་ལ་མ་ལག་གསར་བའི་རྒྱན་ཆ་བཀླུབས་རྒྱུའི་སྟ་གོན་བྱ་བཞིན་ཡོད་ཕྱིར་རང་རྐྱ་འཕེར་བའི་ཐུན་མིན་གྱི་ལྟ་བ་གསལ་འདོན་བཅས་ཀྱི་ཆེད་དུ་སློབ་དཔོན་བཀའ་དྲིན་ཅན་དག་ལ་བཀའ་འདྲི་དང་། དེང་རབས་གསོ་རིག་གི་དགོངས་པ་དང་བསྡུར་དཔྱོད། ཁྱད་པར་ལུས་ཀྱི་ཕུང་བོའི་མངོན་སུམ་གནས་ལུགས་ལ་གཞིགས་ཏེ་དཔྱད་བརྗོད་ཕྲན་བུ་ཙམ་བྱས་པ་ཡིན་པས་འདི་ལ་ནོར་འཁྲུལ་དང་སྐྱོན་ཆ་མེད་མི་སྲིད་པས་མཁྱེན་ལྡན་མཁས་དབང་དང་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས་ཀུན་སློང་བཟང་པོས་ཡོ་བསྲང་གནང་རྒྱུ་མཁྱེན་ཞུ།


 

དཔྱད་གཞིའི་ཡིག་ཆ།

(1)(4)(7)(8)(9)(11)(17)(12)(15) གཡུ་ཐོག་ཡོན་ཏན་མགོན་པོས་མཛད་པའི་<རྒྱུད་བཞི་>བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་ལྕགས་དཔར་ཤོག་ངོས་ 15 22 471 652 430 22 434 22 སུ་གསལ། (བོད་ཡིག) (ཀྲུང་གོའི་གསོ་རིག་ཀུན་འདུས་ལས་གཤགས་ལས་རིག་པ་) ཧྲང་ཧེ་ཚན་རྩལ་དཔེ་སྐྲུན་ཁང་།

(རྒྱ་ཡིག) (14)<སྨན་དཔྱད་ཟླ་བའི་རྒྱལ་པོ་>མི་རིགས་དཔེ་སྐྲུན་ཁང་གི་ལྕགས་དཔར་ཤོག་ངོས་9ན་གསལ།

(13)<གསོ་རིག་རྩ་འགྲེལ་བདམས་བསྒྲིགས་> དེབ་གསུམ་པ། མི་རིགས་དཔེ་སྐྲུན་ཁང་གི་ལྕགས་དཔར་ཤོག་ངོས་757ན་གསལ། (བོད་ཡིག)

(3)(18)(5)དོར་ཞིས་བསྒྲིགས་པའི་<གསང་ཆེན་ཐབས་ལམ་ཉེར་མཁོ་རྣལ་འབྱོར་སྙིང་ནོར་>མི་རིགས་དཔེ་སྐྲུན་ཁང་གི་ལྕགས་དཔར་ཤོག་ངོས་ 15 19 21 ན་གསལ། (བོད་ཡིག)

(2)སྡེ་སྲིད་སངས་རྒྱས་རྒྱ་མཚོས་བརྩམས་པའི་<བཻ་སྔོན་སྟོད་ཆ> བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་ལྕགས་དཔར་ཤོག་ངོས་ 109 ན་གསལ།

(6)ཀརྨ་རང་བྱུང་རྡོ་རྗེས་བརྩམས་པའི་<ཟབ་མོ་ནང་དོན>(བོད་ཡིག་སྣུམ་དཔར་མ)ཤོག་ངོས་6ན་གསལ།

(10)(16)དགེ་སློང་རྣམ་རྒྱལ་དབང་ཆེན་གྱིས་མཛད་པའི་<ཚན་རིག་དང་ནང་པ་སངས་རྒྱས་པའི་ཆོས་ཀྱི་ལྟ་བ་ལས་བརྩམས་པའི་བྲིས་རྩོམ་གསལ་རིག་སེམས་ཀྱི་གླེང་མོ> ཤོག་ངོས་ 31 42 ན་གསལ།

<ལུས་ཁམས་གཤགས་ལས་རིག་པའི་ཚོན་ཁྲའི་དཔེ་རིས>(རྒྱ་ཡིག)མི་དམངས་འཕྲོད་བསྟེན་དཔེ་སྐྲུན་ཁང་གིས་དཔར།

 


-          རྩོམ་ཡིག་འདི་ནི་ཀྲུང་གོའི་བོད་ཀྱི་ཤེས་རིག་དུས་དེབ། ༡༩༩༦ ལོའི་དེབ་བཞི་པ་ནས་ཟུར་འདོན་ཞུས།




 

 

 

མཐའ་མའི་འདོན་ཐེངས་།: 01.06.2021 ཉིན། 4:07 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།