སྨན་རྩིས་དྲ་བ། - བཀའ་སློབ་དང་གསུང་བཤད་གཞན།

དཔལ་ྋརྒྱལ་བ་ཀརྨ་པ་མཆོག་གི་བཀའ་སློབ་ལམ་སྟོན།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 02.11.2018
བཀའ་སློབ་དང་གསུང་བཤད་གཞན། >>


 དཔལ་
རྒྱལ་བ་ཀརྨ་པ་མཆོག་གི་བཀའ་སློབ་ལམ་སྟོན།


དེ་རིང་བོད་ཀྱི་སྨན་རྩིས་ཁང་གི་ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་བཞི་པའི་ཐོག་ཕེབས་པའི་དམིགས་བསལ་སྐུ་མགྲོན་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་རེད། དེ་ག་ནང་བཞིན་འདིར་ཕེབས་པའི་སྐུ་མགྲོན་རྣམ་པ་ཚོ་དང་། དེ་ག་ནང་བཞིན་གསུང་བཤད་གནང་མཁན་མཁས་དབང་རྣམ་པ་ཚོ་དང་། དེ་བཞིན་དུ་ཚོགས་བཅར་བ་ཚང་མ་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐོག་མ་ཚོགས་པའི་སྐབས་ནས་ང་ཅིག་ཡོང་རོགས་ཞེས་གསུངས་སོང་སྟེ། ད་ལྟ་བར་དུ་བཅར་ཐུབ་མ་སོང་། དེ་རིང་བོད་ཁྱིམ་ལ་འགྲོ་དགོས་བྱུང་བའི་ཞོར་ལ་ཡོང་ཐུབ་པ་བྱུང་བ་རེད། དེ་འདྲ་ཡིན་སྟབས་ཚོགས་ཆེན་གལ་ཆེན་པོ་འདི་ལ་སྐད་ཆ་བཤད་རྒྱུའི་གྲ་སྒྲིག་ཡག་པོ་བྱེད་ཐུབ་མ་སོང་། མ་གཞི་བཀའ་སློབ་གནང་མཁན་མཁས་དབང་རྣམ་པ་ཚོ་བཞུགས་ཡོད་པས་ང་ལ་ཧ་ལོ་ཟེར་བ་ཙམ་ཞུ་རྒྱུ་མ་གཏོགས་གཏིང་ཟབ་པོ་དང་རྒྱ་ཆེན་པོ་ཞུ་ཐུབ་པ་མི་འདུག ཡིན་ན་ཡང་བོད་ཀྱི་སྨན་རྩིས་ཁང་ནས་བགྲོ་གླེང་རྩ་ཆེན་པོ་འདི་འདྲ་ཞིག་ཚོགས་པ་ལ་རྒྱབ་སྐྱོར་གྱི་ཚུལ་དུ་ཡོང་བ་ཞིག་ཡིན་ལ། ལྷག་པར་དུ་ནང་སེམས་ཀྱི་འཕྲོད་བསྟེན་ཐོག་ལ་ཤར་ནུབ་མང་པོ་ནས་མཁས་དབང་མང་པོ་ཕེབས་ནས་བགྲོ་གླེང་གནང་གི་ཡོད་སྟབས་རྩ་ཆེན་པོ་དང་རྗེས་སུ་ཡི་རང་ཞུ་དགོས་པ་ཞིག་རེད། དེ་འདྲའི་རྒྱབ་སྐྱོར་དང་གུས་འདུད་མཚོན་བྱེད་དུ་ཡོང་བ་མ་གཏོགས་ཚོགས་ཆེན་འདིའི་ཐོག་ལ་དམིགས་བསལ་རྒྱ་ཆེན་པོ་ཞུ་ཐུབ་པ་མི་འདུག་བསམ་གྱི་འདུག སྤྱིར་བཏང་སེམས་དང་སྲོག་གི་བགྲོ་གླེང་ཐེངས་ཁ་ཤས་ཕོ་བྲང་ནང་ལ་ཚོགས་པ་རེད། སྐབས་དེ་དག་ཏུ་ང་རང་བཅར་བའི་གོ་སྐབས་བྱུང་སོང་། ང་ཐོག་མ་བཅར་དུས་ཨིན་སྐད་དེ་ཚོ་ཡག་པོ་ཡོད་པ་མ་རེད། སྐད་སྒྱུར་བ་ལ་ཉན་ཡོང་དུས་མཚམས་ཤིག་ལ་ཨམ་མཆོག་ན་ཡོང་གི་འདུག་པས་སྟབས་བདེ་བོ་ཞིག་མ་བྱུང་ཡང་སྔར་མ་གོ་བ་དང་མ་ཤེས་པ་མང་པོ་ཞིག་ཤེས་རྟོགས་བྱུང་སོང་། དེ་འདྲའི་ཐོག་ལ་གོ་རྒྱ་ཐོས་རྒྱ་རིམ་པས་གང་འཚམ་བྱུང་། དེ་འདྲ་ཡིན་སྟབས་ད་ལམ་ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་བཞི་བར་ཚོགས་ཡོང་ཡོད་དུས་ཚོགས་བཅར་བ་སྤྱི་དང་ལྷག་པར་སྨན་རྩིས་སློབ་ཕྲུག་ཚོ་ལ་གོ་རྒྱ་ཐོས་རྒྱ་ཏན་ཏན་ཡོང་གི་རེད་བསམ་གྱི་འདུག

ལྷག་པར་དུ་ང་རང་ཚོ་བོད་གངས་ཅན་ལྗོངས་ཀྱི་གནའ་རབས་ནས་བྱུང་བའི་ཤུལ་བཞག་གི་རིག་གནས་དེ་ཚོ་རྩ་ཆེན་པོ་རེད་ཟེར་བ་ཙམ་ལས་གཏིང་ཟབ་པོའི་གོ་རྟོགས་ནི་བྱུང་ཡོད་པ་མ་རེད། འདི་འདྲའི་མཁས་པའི་བགྲོ་གླེང་བྱས་པའི་སྐབས་ལ་སོ་སོའི་ཆོས་དང་རིག་གཞུང་དེ་ཚོ་གཏིང་ཟབ་པོ་ཡིན་པ་དང་། གཏིང་ཟབ་པོ་ཙམ་དུ་མ་ཟད་དངོས་པོའི་གནས་ཚོད་ལ་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་ཡོད་པ་ཞིག་ཡིན་པའི་ཡིད་ཆེས་དང་ངེས་ཤེས་རྙེད་པའི་ཤེས་རྟོགས་ཡོང་གི་རེད་བསམ་གྱི་འདུག ང་རང་ཡིན་ན་ཡང་ནུབ་ཕྱོགས་པའི་སེམས་ཁམས་རིག་པའི་སྐོར་ལ་ཕྲན་བུ་ཕྲན་བུ་སློབ་སྦྱོང་བྱས་མྱོང་ཡོད། སྐབས་རེ་སེམས་ཁམས་རིག་པའི་མཁས་དབང་དེ་འདྲ་དྷརྨ་ཤཱ་ལར་ཡོང་གི་རེད། ཡིན་ན་ཡང་ཁོང་ཚོ་དུས་ཚོད་ཞེ་དྲགས་མི་འདུག་བདུན་ཕྲག་གཅིག་རེ་ཙམ་ལ་སེམས་ཁམས་རིག་པའི་ངོ་སྤྲོད་འདྲ་བོ་བྱེད་པ་ལས་གཏིང་ཟབ་པོ་དང་ཡུན་རིང་པོ་སློབ་སྦྱོང་བྱས་མེད་ན་ཡང་བག་ཆགས་འདྲ་བོ་ཞིག་བཞག་ཡོད་རེད། དེ་འདྲ་ཡིན་དུས་ནུབ་ཕྱོགས་པའི་སེམས་ཁམས་ཚན་རིག་དང་། ང་རང་ཚོ་ནང་པའི་སེམས་ཁམས་ཀྱི་ལྟ་གྲུབ་དེ་ཚོར་ཕན་ཚུན་གཅིག་གཅིག་ལ་ལེགས་ཆ་ལེན་རྒྱུ་ཟེར་ན་འདྲ་འདུག གཅིག་གིས་གཅིག་སློབ་སྦྱོང་བྱ་རྒྱུ་ཡོད་པ་དེ་གལ་ཆེན་པོ་ཡིན་པ་དང་། སློབ་སྦྱོང་བྱས་པ་ཡིན་ན་སོ་སོར་བློ་སྐྱེད་རེག་རྒྱུ་ཡོད་པ་ཏན་ཏན་མཐོང་སོང་། དེ་འདྲ་ཡིན་དུས་ཚང་མས་མདོར་ན་གོང་དུ་ཕེབས་བསུའི་གསུང་བཤད་དམ་ངོ་སྤྲོད་གསུང་བཤད་སྐབས་གསུངས་པ་ནང་བཞིན་དེང་སྐབས་ང་ཚོའི་འཛམ་གླིང་འདི་ཕྱི་དངོས་པོའི་ཡར་རྒྱས་ཤུགས་ཆེན་པོ་ཕྱིན་ནས་འདུ་འཛི་དང་ཟང་ཟིང་གི་གཡེང་བ་ཟེར་ན་འདྲ་འདུག སེམས་ཁམས་ཞི་བདེ་ལྷིང་འཇགས་ལ་གནོད་སྐྱོན་ཤུགས་ཆེན་པོ་ཞིག་ཡོང་སྡོད་པ་རེད། དེའི་སྟབས་ཀྱིས་མི་མང་པོ་ལ་སེམས་ཀྱི་དཀའ་ངལ་མང་པོ་ཞིག་ཡོང་གི་ཡོད་པ་དངོས་པོའི་གནས་ཚུལ་ཆགས་ཡོད་རེད།

དཔེར་ན་ང་ལ་༸རྒྱལ་དབང་ཀརྨ་པའི་མཚན་ཞིག་ཁུར་ཡོད་སྟབས་མི་མང་པོ་ཞེ་དྲགས་ང་ཡོད་སར་ཡོང་གི་ཡོད་རེད། ང་ཡོད་སར་ཡོང་དགོས་པའི་རྒྱུ་མཚན་དེ་དཀའ་ངལ་ཞིག་འཕྲད་ནས་ཡོང་གི་ཡོད་རེད་མ་གཏོགས་དཀའ་ངལ་མེད་ན་ཡོང་གི་མ་རེད། ཕྱོགས་གཅིག་ནས་སེམས་སྐྱོ་བོ་ཞིག་འདུག སྐྱིད་པོ་བྱུང་དུས་མ་ཡོང་བྱས་ནས་སྡུག་པོ་བྱུང་དུས་ཡོང་སྡོད་པ་རེད། ཅེས་སྐུ་རྩེད་གནང་། དེ་ཚོའི་ནང་ཁ་ཤས་ཤིག་ལུས་ཀྱི་ན་ཚའི་དཀའ་ངལ་འཕྲད་ནས་ཡོང་གི་ཡོད་པ་རེད། མང་པོ་ཞིག་སེམས་ཀྱི་དཀའ་ངལ་འཕྲད་ནས་ཡོང་གི་འདུག སེམས་ཀྱི་དཀའ་ངལ་དེ་ལ་རིགས་མང་པོ་ཞེ་དྲགས་འདུག གང་ལྟར་སེམས་ཀྱི་དཀའ་ངལ་ཡོད་མཁན་མང་པོ་ང་ཡོད་སར་ཡོང་གི་འདུག དེ་འདྲ་ཡིན་སྟབས་ངས་སེམས་ཁམས་ནད་བཅོས་ཐབས་དེ་ཚོའི་སྐོར་ལ་སློབ་སྦྱོང་བྱས་ཡོད་མ་རེད། ཡིན་ན་ཡང་ཡིན་མདོག་མདོག་འདྲ་བོ་བྱས་ནས་ཁོང་ཚོར་སེམས་ཤུགས་འདྲ་སྤར་བསླབ་བྱ་འདྲ་རྒྱབ་ཁུལ་བྱེད་ཀྱིན་ཡོད་པ་རེད། དེ་འདྲ་མཐོང་ཡོང་དུས་སེམས་ཀྱི་དཀའ་ངལ་དེ་མང་པོ་ཡོད་པ་དང་མ་འོངས་པར་མང་དུ་འགྲོ་བའི་ཉེན་ཁ་ཡོད་སྟབས་དེ་ལ་ནུབ་ཕྱོགས་པའི་ནང་དེ་ལ་བཅོས་ཐབས་རབ་དང་རིམ་པ་མང་པོ་ཞིག་བྱེད་སྡོད་པ་རེད།

ཡིན་ན་ཡང་མཐར་ཕྱིན་པ་ཞིག་དང་། འགན་ལེན་ཐུབ་པ་ཞིག་ཧ་ཅང་ཁག་པོ་ཆགས་ཡོད་རེད། དེར་བརྟེན་ང་ཚོ་ནང་པ་སངས་རྒྱས་པ་ཟེར་ན་འདྲ། གང་ལྟར་ཤར་ཕྱོགས་ཀྱི་ཡུལ་གྲུ་ལ་དར་བའི་སྤྱི་ཚོགས་དང་མཚན་ཉིད་རིག་པ་དང་ལྟ་གྲུབ་ཀྱི་ཐོག་ནས་བྱེད་ཐབས་གང་འདྲ་ཡོད་མེད་ང་ཚོས་གོ་བསྡུར་བྱེད་དགོས་པ་དང་། གཅིག་གིས་གཅིག་ལ་ཕན་ཚུན་བསམ་ཚུལ་དང་རིག་གཞུང་བརྗེ་ལེན་བྱེད་དགོས་པ་གལ་ཆེན་པོ་རེད། ང་ཚོའི་དམིགས་ཡུལ་དེ་འགྲོ་བ་མིའི་ཕན་བདེ་ཟེར་ན་འདྲ། འགྲོ་བ་མིའི་ལུས་སེམས་བདེ་གནས་ཡོང་ཐབས་དམིགས་ཡུལ་དུ་བཟུང་ནས་བགྲོ་གླེང་གནང་གི་ཡོད་རེད། དེ་འདྲ་ཡིན་སྟབས་གལ་ཆེན་པོ་རེད། སྤྱིར་བཏང་ང་བོད་པའི་ཚོགས་འདུ་དང་བགྲོ་གླེང་དེ་འདྲའི་ནང་མང་པོ་འགྲོ་མྱོང་ཡོད་དེ། བོད་པའི་གསུང་བཤད་གནང་མཁན་ཚོས་བརྗོད་གཞིའི་ཐོག་ལ་ཏན་ཏན་ཞིག་འགྲོ་མ་ཐུབ་པར་གང་སར་མཆོངས་རྒྱུགས་བྱས་ནས་བཤད་སྡོད་པ་ཞིག་མཐོང་སོང་། དེ་འདྲ་མ་ཡིན་པར་བརྗོད་གཞིའི་ཐོག་ལ་ཇི་བཞིན་ཕེབས་དགོས་པ་གལ་ཆེན་པོ་ཡིན་པ་དང་། དྲི་བ་གཏོང་མཁན་ཚོ་ཡིན་ན་ཡང་བརྗོད་གཞི་དེ་དང་དེའི་ཐོག་ལ་དྲི་བ་གཏོང་དགོས་པ་དང་། གང་ལྟར་ཚ་ཚ་འུར་འུར་གྱི་སྒོ་ནས་བགྲོ་གླེང་ཡོང་དགོས་པ་དེ་གལ་ཆེན་པོ་ཞེ་དྲགས་རེད། ད་དམིགས་བསལ་གཞན་ཞུ་རྒྱུ་མི་འདུག ཡང་བསྐྱར་བོད་ཀྱི་སྨན་རྩིས་ཁང་གི་ལུས་སེམས་སྲོག་གི་བགྲོ་གླེང་ཐོག་ལ་མགྲོན་འབོད་གནང་བ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཚང་མར་བགྲོ་གླེང་སྐོང་ཚོགས་གནང་བ་ནང་བཞིན་གྲུབ་འབྲས་གཡུར་དུ་ཟ་བ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།

ཐུགས་རྗེ་ཆེ།


-- ཕྱི་ལོ་ ༢༠༡༦ ལོར་བཞུགས་སྒར་སྨན་རྩིས་ཁང་དུ་ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་བཞི་པའི་དབུ་འབྱེད་མཛད་འགོར་དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་བསྩལ་བའི་བཀའ་སློབ་ལམ་སྟོན་འདི་ “ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་བཞི་པའི་གསུང་བཤད་ཕྱོགས་སྒྲིག” ཞེས་པའི་དེབ་ནས་ཟུར་འདོན་ཞུས།






མཐའ་མའི་འདོན་ཐེངས་།: 02.11.2018 ཉིན། 3:23 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།