སྨན་རྩིས་དྲ་བ། - ཆེད་རྩོམ།

དཔལ་ལྡན་རྒྱུད་བཞིའི་ངོ་སྤྲོད།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2011
ཆེད་རྩོམ། >> སྨན་རྩིས་རིག་པའི་ཆེད་རྩོམ།

 

དཔལ་ལྡན་རྒྱུད་བཞིའི་ངོ་སྤྲོད།


དཔེ་དེབ་ཞིབ་འཇུག་དང་པར་སྐྲུན་སྡེ་ཚན་ནས།


བོད་ཀྱི་གསོ་རིག་ཀུན་འདུས་ཕྱི་མོའམ་རྩ་བར་གྱུར་པ་དཔལ་ལྡན་རྒྱུད་བཞིའི་ནང་དོན་ངོ་སྤྲོད་ཀྱི་ཚུལ་དུ་ཞུ་བ་ལ། སྤྱིར་ཤེས་བྱ་རིག་པའི་གནས་ཆེ་བ་ལྔའི་ཡ་གྱལ་གསོ་བ་རིག་པ་འདི་ནི་ལུས་ཅན་བདེ་བར་འཚོ་ཞིང་རིང་དུ་གནས་པར་བྱེད་པའི་ཚེའི་རིག་བྱེད། ཆོས་ནོར་འདོད་ཐར་སྡེ་བཞི་སྒྲུབ་པའི་ཐབས་མཆོག་བླ་ན་མེད་པ། འཇིག་རྟེན་ཁམས་ཀྱི་བདེ་ལེགས་ཐམས་ཅད་ཀྱི་རྩ་བ་བཅས་ཡིན་པ་དང༌། བྱེ་བྲག་དཔལ་ལྡན་རྒྱུད་ཆེན་རྣམ་བཞི་ཞེས་མཚན་སྙན་ཉི་ཟླ་ལྟར་གྲགས་པ་འདི་ལ་༼བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་༽ཅེས་གཙོ་བོ་བརྗོད་བྱ་དོན་གྱི་སྒོ་ནས་མཚན་བཏགས་པ་ཡིན།
དེ་ཡང་བདུད་རྩི་སྙིང་པོ་ཞེས་པ་གསོ་བ་རིག་པའི་གཞུང་ལུགས་སྤྱི་ནི་བདུད་རྩི་དང་ཆོས་མཚུངས་ཤིང༌། རྒྱུད་ཆེན་བཞི་པོ་འདི་ནི་འོ་མ་དཀྲོགས་པ་ལས་སྙིང་པོ་མར་བཏོན་པ་དང་འདྲ་བའི་གསོ་དཔྱད་ཀུན་གྱི་བཅུད་བསྡུས་པའི་དོན་གྱིས་ན་བདུད་རྩི་སྙིང་པོ་ཞེས་བྱ་སྟེ་གསོ་བ་རིག་པ་ཀུན་ལས་རབ་དང་མཆོག་དང་ཕུལ་དུ་ཕྱིན་པ་བཅས་ཡིན་པས་དཔེ་ཡི་སྒོ་ནས་མིང་བཏགས་པའམ། ཡང་ན་བདུད་རྩི་ཞེས་པ་ལུས་སེམས་གདུང་ཞིང་ཚེ་ལ་བར་དུ་གཅོད་པའི་ནད་དེ་བདུད་ཡིན་པ་དང༌། དེ་ལ་སྨན་དཔྱད་ཟས་སྤྱོད་བཞི་ཡི་གཉེན་པོའི་རྩི་བཏང་བས་འདུ་བ་སྙོམས་ཤིང་ལུས་སེམས་བདེ་ལ་ཚེ་རིང་བར་བྱེད་པས་ན་བདུད་རྩི་ཞེས་པའི་དོན་དང༌། སྙིང་པོ་ནི་གསོ་དཔྱད་ཀུན་གྱི་སྙིང་པོའི་བཅུད་བསྡུས་པས་ན་དེ་སྐད་ཅེས་བྱའོ། །ཡན་ལག་ཅེས་པ་རྩ་བ་སྨན་པས་གསོ་བར་བྱ་བའི་ཡུལ་གྱི་ནད་ལ་ཡན་ལག་བརྒྱད་དུ་བསྟན་པ་ཡིན་ཏེ། དེ་ཡང་ལུས་དང༌། བྱིས་པ། མོ་ནད། གདོན། མཚོན། དུག རྒས་པ། རོ་ཙ་བའི་ཡན་ལག་དང་བཅས་བརྒྱད་ལ་གསོ་དཔྱད་ཡན་ལག་བརྒྱད་ཀྱི་ཚུལ་དུ་བསྡུས་པས་ན་གསོ་བྱ་ཡུལ་གྱི་ནད་བརྒྱད་ལ་གསོ་བྱེད་གཉེན་པོའི་ཐབས་བརྒྱད་སྟོན་པའོ། །གསང་བ་ཞེས་པ་བསྟན་ཡུལ་སྣོད་ལ་ལྟོས་ནས་བཏགས་པ་སྟེ། དེ་ཡང་ཡོངས་གཏད་ལས། སློབ་དཔོན་གསང་ཞིང་རང་ཆེ་འབྱིན་པ་དང༌། །སོགས་ནས། སྣོད་ངན་རྣམས་ཀྱིས་གདམས་པའི་བཅུད་མི་ཐུབ།། ཅེས་གསུངས་པ་ལྟར་མ་གུས་པ་ལ་སོགས་པའི་སྐྱོན་དང་བཅས་པའི་གང་ཟག་རྣམས་ལ་བསྟན་པར་མི་བྱ་བས་གསང་བ་ཞེས་སྣོད་ཀྱི་སྒོ་ནས་བཏགས་པ། མན་ངག་ཅེས་པ་ཟབ་མོའི་དོན་གྱི་གནད་རྣམས་ཚེགས་ཆུང་ངུས་བདེ་བླག་ཏུ་རྟོགས་ནུས་པའི་ཉེ་བར་གདམས་པ་ཞིག་ལ་བྱ་སྟེ། ཚེགས་ཆུང་དོན་ཆེ་བྱ་སླ་དཔག་པར་དཀའ། །ངེས་པར་མྱུར་དུ་འགྲུབ་ཕྱིར་མན་ངག་ཡིན། །ཞེས་པ་ལྟར་ངོ་བོའི་སྒོ་ནས་བཏགས་པ། རྒྱུད་ཅེས་པ། རྒྱུད་ནི་རྒྱུན་ཆགས་ཞེས་བྱ་སྟེ། །དབྱེ་བ་རྣམ་པ་གསུམ་དུ་འགྱུར། །ཞེས་ལུས་ནད་གཉེན་པོ་གསུམ་བདག་ཉིད་གཅིག་པ་འབྲེལ་བས་རྒྱུའི་རྒྱུད། ལུས་ལ་བརྟེན་ནས་ནད། ནད་ལ་བརྟེན་ནས་རྟགས། རྟགས་ལ་བརྟེན་ནས་གསོ་ཐབས་འབྱུང་བའི་ཕྱིར་ན་ཐབས་ཀྱི་རྒྱུད། ཟུག་རྔུ་ཞི་ནས་ནད་མེད་པ་བདེ་བ་དང་ལྡན་ནས་འབྲས་བུ་ཕུན་སུམ་ཚོགས་ཤིང་བླ་ན་མེད་པའི་ཡོན་ཏན་ཐོབ་པ་ནི་འབྲས་བུའི་རྒྱུད་ཅེས་པ་བྱེད་ལས་ཀྱི་སྒོ་ནས་བཏགས་པ་བཅས་སོ། །གཞན་ཡང་མཚན་དེ་ལྡན་གྱི་དོན་ཟབ་མོ་རྣམས་རྩ་བ་དང་གནས་དང་སྐབས་དང་མདོ་བཅས་རྒྱུན་མི་ཆད་པར་གོ་རིམ་བཞིན་དུ་བསྟན་ཅིང་གནས་པའི་དོན་གྱིས་ན་རྒྱུད་ཅེས་ཀྱང་བྱའོ། །དེས་ན་བརྗོད་བྱ་དོན་གྱི་རྒྱུད་ཇི་ལྟ་བ་བཞིན་རྟོགས་པ་ནི་རྗོད་བྱེད་ཚིག་གི་རྒྱུད་ལ་འབད་བརྩོན་དྲག་པོས་ཐོས་བསམ་བྱེད་པ་ལ་རག་ལས་པ་དང༌། ཐོས་བསམ་བྱེད་པའི་གཞི་རྗོད་བྱེད་ཚིག་གི་རྒྱུད་ནི་མིང་ཚིག་ཡི་གེའི་རྣམ་པར་གནས་པའི་གསུང་རབ་དེ་ཉིད་ཡིན་པ་བཅས་མདོར་ན། རྒྱུད་ནི་རྒྱུན་ཆགས་ཞེས་སུ་བྱ་བ་དེ། ཞེས་པ་བཤད་ན་གསོ་རིག་རྒྱུད་རྒྱལ་འདིར། །ཚང་ཞིང་འབྲེལ་ལ་རྒྱུན་ཆགས་སྔ་ཕྱི་འབྲེལ། །མ་ཚང་ཟློས་དང་འགལ་བའི་སྐྱོན་ཀྱང་མེད། །རྒྱུད་ཅེས་བཤད་ལ་འགལ་བ་སུ་ཡིས་སྒྲུབ། །ཅེས་གསུངས་པ་དང༌། མཚན་དེ་དང་ལྡན་པའི་རྒྱུད་འདི་ཉིད་ལ་ཡོན་ཏན་གྱི་ཁྱད་པར། ཕྱི་རྒྱུད་ལས། འདི་ནི་སྔགས་མེད་པ་ཡི་སྲུང་སྐུད་ཡིན། །འཆི་བདག་བདུད་སྡེ་འཇོམས་པའི་འཕྲུལ་འཁོར་ཡིན། །ནད་ཀྱི་དགྲ་དཔུང་འཇོམས་པའི་དཔའ་བོ་ཡིན། །ནད་ཀྱི་ཟུག་གཟེར་གཅོག་པའི་ཐོ་བ་ཡིན། །སྡུག་བསྔལ་འདམ་ནས་འདྲེན་པའི་ལྕགས་ཀྱུ་ཡིན། །འཆི་བའི་སྲོག་སྐྱོབ་མི་འཇིགས་སྦྱིན་པ་ཡིན། །འཆི་བ་སློང་བྱེད་བདུད་རྩི་བུམ་པ་ཡིན། །ཞེས་དང༌། ྋརྒྱལ་མཆོག་ལྔ་པ་ཆེན་པོས། འཛད་མེད་བསྐལ་པར་གནས་པའི་རིང་པོའི་ཚེ། །སྒྲུབ་པའི་སྲོག་འཚོའི་བཅུད་ལེན་བདུད་རྩིའི་གཏེར། །ཞེས་སོགས་སྔོན་བྱོན་གྱི་གཞུང་ལས་ཁྱད་ཆོས་མང་དུ་གསུངས་པའི་དཔལ་ལྡན་རྒྱུད་བཞི་འདི་ཉིད་ལ་ཆེ་བ་བཅུ་གཅིག་དང་ལྡན་པ་སྟེ། ཡང་རྩེ་རྒྱལ་པོ་སྤྱི་འགྲེལ་རྩ་བ་དང༌། །འབྱུང་གནས་མེ་ལོང་མཇུག་སྡུད་ཆར་རྒྱུན་དང༌། །སྐྱབས་སྦྱིན་སྤྱི་ནོར་ཡིད་བཞིན་ནོར་བུ་སྟེ། །དཔལ་ལྡན་རྒྱུད་ཀྱི་ཆེ་བ་བཅུ་གཅིག་ཡིན། །ཞེས་བཀའ་བསྟན་གྱི་གསོ་བ་རིག་པའི་གཞུང་ལུགས་ཐམས་ཅད་ཀྱི་དོན་གྱི་སྙིང་པོ་འདི་ནས་གསལ་བར་སྟོན་པས་ན་གསོ་རིག་ཐམས་ཅད་ཀྱི་ཡང་རྩེར་གྱུར་པའི་ཆེ་བ་དང༌། སྨན་དཔྱད་ཀྱི་རྒྱུད་གཞན་ཐམས་ཅད་ཟིལ་གྱིས་གནོན་པས་ན་རྒྱུད་ཐམས་ཅད་ཀྱི་རྒྱལ་པོར་གྱུར་པའི་ཆེ་བ། གསོ་དཔྱད་ཐམས་ཅད་ཀྱི་དོན་རྣམས་མ་རྨོངས་པར་འགྲེལ་བས་ན་གསོ་བ་རིག་པའི་དཔྱད་ཐམས་ཅད་ཀྱི་སྤྱི་འགྲེལ་ཡིན་པའི་ཆེ་བ། ནད་རྟགས་གསོ་ཐབས་ཐམས་ཅད་མ་ཚང་བ་མེད་པས་ན་གསོ་རིག་ཐམས་ཅད་ཀྱི་རྩ་བ་ཡིན་པའི་ཆེ་བ། སྨན་དཔྱད་མཐའ་དག་གི་ལུགས་སྡེ་ཚན་ཐམས་ཅད་འདི་ལས་གྱེས་པས་ན་གསོ་རིག་ཐམས་ཅད་ཀྱི་འབྱུང་གནས་ཡིན་པའི་ཆེ་བ། ནད་ཐམས་ཅད་མ་བསྒྲིབས་པ་གསལ་བར་མཐོང་བས་ན་གསོ་རིག་གི་མེ་ལོང་ཡིན་པའི་ཆེ་བ། གསོ་དཔྱད་ཐམས་ཅད་ཀྱི་བཅུད་བསྡུས་པས་ན་གསོ་བ་རིག་པའི་དོན་ཐམས་ཅད་ཀྱི་མཇུག་སྡུད་ཡིན་པའི་ཆེ་བ། ནད་ཀྱི་གདུང་བ་སེལ་བ་བདུད་རྩིའི་ཆར་རྒྱུན་ཡིན་པའི་ཆེ་བ། འཆི་བདག་གི་བདུད་ལས་སྐྱོབ་པ་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་ཡིན་པའི་ཆེ་བ། ནད་པ་ཀུན་གྱི་རེ་བ་ཕྱོགས་མེད་དུ་སྐོང་བས་འགྲོ་བའི་སྤྱི་ནོར་ཡིན་པའི་ཆེ་བ། ནད་མེད་པ་ལ་ནད་མི་འབྱུང་བ་བྱེད་ཅིང༌། ན་བ་འདུ་བ་སྙོམས་ཤིང་ཚེ་བསྲིངས་པ་དང་འདི་ཕྱིའི་དགོས་འདོད་ཐམས་ཅད་འབྱུང་བ་ཡིད་བཞིན་གྱི་ནོར་བུ་ལྟ་བུའི་ཆེ་བ་སྟེ་ཆེ་བ་བཅུ་གཅིག་དང་ལྡན་པའི་ཡོན་ཏན་གྱི་ཁྱད་པར་ཅན་དུ་རིག་པར་བྱའོ། །

རྒྱུད་བཞི།

རྒྱུད་བཞི་ཞེས་པ་ནི་རྩ་བའི་རྒྱུད་དང༌། བཤད་པའི་རྒྱུད། མན་ངག་རྒྱུད། ཕྱི་མ་རྒྱུད་བཅས་ལ་བྱ་ཞིང༌། དེ་ཡང༌།

རྩ་བའི་རྒྱུད། ཅེས་པ་གང་ཟག་བློ་རབ་ཀྱི་དོན་དུ་གསོ་བ་རིག་པ་ཐམས་ཅད་ཀྱི་དོན་ས་བོན་གྱི་ཚུལ་དུ་སྨོས་པ་ཚིག་ཉུང་ངུའི་སྒོ་ནས་གསོ་རིག་གི་དོན་རྒྱ་ཆེན་པོ་མདོར་བསྡུས་ཏེ་སྟོན་པས་ན་རྩ་བའི་རྒྱུད་ཅེས་སོ། །

བཤད་པའི་རྒྱུད། ཅེས་པ་བློ་འབྲིང་གི་དོན་དུ་གསོ་བ་རིག་པའི་དོན་ཐམས་ཅད་གནས་བཅུ་གཅིག་ཏུ་བསྡུས་ནས་རྩ་བའི་རྒྱུད་དུ་རྒྱས་པར་མི་གསལ་བ་རྣམས་གསལ་བར་བཤད་པ་དང༌། གསལ་བ་རྣམས་སུ་མ་ཚང་བ་ཁ་བསྐངས་ཏེ་བཤད་པ། ཆ་མཐུན་རྣམས་ཀྱང་དོན་ངེས་ཤེས་བསྐྱེད་དེ་བཤད་པ། ཚིག་དོན་འགའ་ཞིག་འཐོར་བ་རྣམས་བསྡུས་ཏེ་བཤད་པ། བསྡུས་པ་རྣམས་རྣམ་པར་ཕྱེ་ནས་བཤད་པ་སྟེ། འཐོར་བ་སྡུད། འཁྲུགས་པ་བསྡེབས། གབ་པ་མངོན་དུ་ཕྱུངས་ནས་གསོ་དཔྱད་ཀྱི་དོན་ཐམས་ཅད་བཤད་ཐབས་ཀྱི་སྒོ་ནས་གཏན་ལ་འབེབས་པ་བཤད་པའི་རྒྱུད་ཅེས་སོ།།

 མན་ངག་རྒྱུད། ཅེས་པ་བློ་ཐ་མའི་དོན་དུ་བརྗོད་བྱ་གསོ་ཡུལ་ཡན་ལག་བརྒྱད་ལ། རྗོད་བྱེད་གསོ་ཐབས་སྐབས་བཅོ་ལྔའི་ལག་ལེན་མཛུབ་ཚུགས་སུ་ནད་རེ་ལ་རྒྱུ་རྐྱེན་དབྱེ་བ་རྟགས་དང་བཅོས་ཐབས་སྤྱི་དང་བྱེ་བྲག་རྣམས་ཕྲ་ཞིབ་རྒྱུ་མཚན་དང་བཅས་ཏེ་མན་ངག་ལག་ལེན་དམར་ཁྲིད་ཀྱི་སྒོ་ནས་གསལ་རྒྱས་རྫོགས་པར་གཏན་ལ་འབེབས་པ་མན་ངག་རྒྱུད་ཅེས་སོ། །

ཕྱི་མ་རྒྱུད། ཅེས་པ་བློ་ཤིན་ཏུ་དམན་པ་རྣམས་ཀྱི་དོན་དུ་མདོ་བཞི་རུ་གྱེས་ནས་ཚིག་དོན་གཉིས་ཀ་རྒྱས་བསྡུས་འཚམས་ཤིང་རྟོགས་སླ་བ་དང༌། ལག་ལེན་རྣམས་ཀྱང་ཤིན་ཏུ་འཁྱེར་བདེ་ཞིང་དོན་གསལ་ལ་གནད་དུ་དྲིལ་བའི་ཚུལ་དུ་གཏན་ལ་འབེབས་པ་ཕྱི་མའི་རྒྱུད་ཅེས་བྱ་བ་བཅས་དེ་ལྟར་རྒྱུད་བཞི་པོའང་གང་ཟག་དབང་པོ་རབ་འབྲིང་ཐ་མའི་སྤྱོད་ཡུལ་དུ་དགོངས་ནས་རྒྱུད་བཞིར་བསྟན་པའོ། །
དེ་ལྟ་བུའི་རྒྱུད་བཞི་འདིར་གསོ་དཔྱད་ཀྱི་དོན་ཐམས་ཅད་བསྡུས་ཏེ་ཚང་བར་བསྟན་པ་ནི། གསོ་དཔྱད་རྒྱུད་འདིར་ཐམས་ཅད་འདུས་པར་བསྟན། །འདིར་མ་འདུས་པའི་གསོ་དཔྱད་གཞན་མེད་དེ། །ཅེས་དང༌། རྩ་བ་ཐུགས་ཀྱི་རྒྱུད་འདི་ས་བོན་འདྲ། །འདི་ལས་མ་སྐྱེས་གསོ་དཔྱད་ཡོད་མ་ཡིན། །སྐུ་ཡི་བཤད་རྒྱུད་བར་སྣང་ཉི་ཟླ་འདྲ། །ཚིག་དོན་མ་ལུས་སྒྲིབ་མེད་གསལ་བར་བསྟན། །མན་ངག་ཡོན་ཏན་རྒྱུད་འདི་ནོར་བུ་འདྲ། །དགོས་པ་མ་ཚང་བ་ནི་གཅིག་ཀྱང་མེད། །ཕྱི་མ་འཕྲིན་ལས་རྒྱུད་འདི་ཕ་ལམ་འདྲ། །ནད་ཀྱི་སྟེང་དུ་ཐོགས་པ་ཡོད་མ་ཡིན། །ཐམས་ཅད་འདུས་པའི་རྒྱུད་འདི་ཁྱུང་ལྡིང་འདྲ། །ནད་ཀྱི་གཡང་སར་ཉམ་ང་བག་ཚ་མེད། །ཉི་མའི་འོད་ཀྱིས་རྒྱུ་སྐར་ཟིལ་གནོན་བཞིན། །རྒྱུད་རྒྱལ་འདི་ཡིས་གསོ་རིག་ཀུན་ཟིལ་གནོན། །ཞེས་གསུངས་པ་ལྟར་རོ། །

ཡན་ལག་བརྒྱད།

 སྨན་པས་གསོ་བར་བྱ་བའི་ཡུལ་གྱི་ནད་ལ་ཡན་ལག་བརྒྱད་དུ་གསུངས་པ་ཡིན་ཏེ། དེ་ཡང་ནས་དང་ལུས་ཟུངས་དྲི་མ་རྣམས་འཁྲུགས་པས་རླུང་མཁྲིས་བད་ཀན་ལྡན་འདུས་སོགས་ལུས་སྤྱིའི་ཡན་ལག་ཅེས་པ་ཐ་སྙད་དུ་བཏགས་པ་ཙམ་ལས་ལུས་དངོས་ནི་མིན་ལ། རྟེན་ལུས་ཀྱི་མིང་བརྟེན་པ་ནད་ལ་བཏགས་པ་ལུས་ཀྱི་ཡན་ལག་དང༌། བྱིས་པའི་ནད་ཅེས་པའང་མ་ཡི་ནུ་ཞོས་བྱུང་བའམ། ལྷན་སྐྱེས་དང་གློ་བུར་གྱི་ནད་སོགས་བྱིས་པ་ཁོ་ན་ལ་འབྱུང་བ་བྱིས་པའི་ཡན་ལག མངལ་ནད་སྐྱེས་པ་ལ་མི་འབྱུང་ཞིང་བུད་མེད་ཁོ་ནར་འབྱུང་བས་སྤྱི་བྱེ་བྲག་ཕལ་པའི་མོ་ནད་ཅེས་བྱེ་བྲག་གི་མིང་སྤྱི་ལ་བཏགས་པ་མོ་ནད་ཀྱི་ཡན་ལག་འབྱུང་པོ་སྨྱོ་བྱེད་ལ་སོགས་པ་རྣམས་ཀྱིས་ལུས་སེམས་གཞན་དུ་འགྱུར་ཞིང་ཕྱི་རྐྱེན་གློ་བུར་ལས་འབྱུང་བ་རྒྱུ་མིང་འབྲས་བུར་བཏགས་པ་གདོན་གྱི་ཡན་ལག་གདོན་ནད་ནི་དབང་རྩ་དང༌། སྲོག་རྩ། མཛེ་ནད་བཅས་ལ་གོ་དགོས། མདའ་རྡོ་གྲི་ལ་སོགས་པ་མཚོན་གྱིས་རྨས་པ་ནི་མཚོན་རྨའི་ཡན་ལག རྒྱུ་བ་དང་མི་རྒྱུ་བ་སོགས་དུག་གིས་གཙེས་པ་དུག་ནད་ཀྱི་ཡན་ལག ཚེ་བསྲིང་བ་དང་འབྱུང་བའི་སྟོབས་ཟད་པ་གསོ་བར་རྒས་པའི་ཡན་ལག བུ་འདོད་པར་དབང་པོ་མི་ལྡང་བ་རོ་ཙ་ཉམས་པ་དང༌། དེའི་ཡན་ལག་བུད་མེད་བཙལ་བ་རོ་ཙའི་ཡན་ལག་བཅས་བཤད་ཅིང༌། རྒས་པ་དང་རོ་ཙ་བ་གཉིས་ནི་ནད་མེད་ཀྱི་དབང་དུ་བྱས་ལ། གཞན་དྲུག་པོ་རྣམས་ནད་ཅན་གྱི་དབང་དུ་བྱས་པ་དེ་ལྟར་ནང་དོན་མདོར་བསྡུས་ན་མི་ན་བ་གནས་ཤིང་ན་བ་གསོ་བའི་ཐབས་མ་ལུས་པ་ཐམས་ཅད་ཡན་ལག་བརྒྱད་དུ་བསྡུས་ཏེ་བསྟན་པ་ཡིན།
མདོའམ་གནས།
༼རྩ་རྒྱུད་༽དུ། མདོ་གནས་རྩ་བའི་རྒྱུད་དུ་ཤེས་པར་བྱ། །ཞེས་པ་དང༌། ༼མན་ངག་རྒྱུད་༽དུ། དང་པོར་མདོ་གནས་རྩ་བའི་རྒྱུད་དུ་གསུངས། །ཞེས་པ་རྩ་རྒྱུད་མདོ་གནས་སུ་གསུངས་པ་ནི་གསོ་བ་རིག་པའི་གཞུང་ལུགས་ཐམས་ཅད་དང༌། ཁྱད་པར་དུ་རྒྱུད་གཞན་གསུམ་གའི་དོན་མ་ལུས་པ་མདོར་བསྡུས་ཏེ་བཤད་པ་ལ་དགོངས་པ་ཡིན་པ་དང༌། བཤད་རྒྱུད་སྐབས་ཀྱི་རྩ་བ་མདོ་ཡི་གནས་ཞེས་པ་བཤད་རྒྱུད་རང་གི་སྡོམ་ཚིག་རྩ་བ་བཞི་དང༌། ཡན་ལག་བཅུ་གཅིག་པོ་ཀུན་འདུས་པའི་རྩ་བར་རྩ་བ་མདོ་ཡི་གནས་ཞེས་པ་ཡིན་པས་དེ་གཉིས་མ་ནོར་བ་ཤེས་དགོས། གསོ་བ་རིག་པའི་གཞུང་ལུགས་ཀུན་གྱི་དོན་སྙིང་པོ་ལྟར་གནས་ལུགས་ངོས་འཛིན་གསོ་ཐབས་མདོ་ཙམ་བསྡུས་ནས་བསྟན་པ་ལ་རྩ་བའི་རྒྱུད་ཀྱི་མདོའམ་གནས་ཞེས་བྱའོ། །

གནས་བཅུ་གཅིག

གནས་བཅུ་གཅིག་ཅེས་པའི་གནས་ནི་༼བཤད་རྒྱུད་འགྲེལ་པ་བདུད་རྩིའི་ཆུ་རྒྱུན་༽ལས། གསོ་བ་རིག་པའི་དོན་རྣམས་འཛིན་ཅིང་བརྟེན་པའི་གནས་བཅུ་གཅིག་ཡོད་པ་ལས། ཞེས་གསལ་བ་ལྟར། གསོ་བ་རིག་པའི་གཞུང་ལུགས་ཐམས་ཅད་ཀྱི་དོན་རྩ་བའི་རྒྱུད་དུ་མདོར་བསྡུས་པའི་གནས་དེའི་ཚིག་དོན་མ་ལུས་པ་གསལ་བར་སྟོན་པའི་བཤད་པའི་རྒྱུད་ལ་གནས་བཅུ་གཅིག་གི་འབྲེལ་བ་བཤད་པས་གོ་རིམ་ངེས་པ་ལེའུའི་འབྲེལ་བ་ཤུགས་སུ་རྟོགས་ལ། དེའང་རྩ་བ་མདོའི་གནས་ཐོག་མར་འབྱུང་བའི་རྒྱུ་མཚན་ནི། གནས་གཞན་རྣམས་འདི་ལ་བརྟེན་ནས་བསྐྱེད་པ་ཡིན་པའི་ཕྱིར་བཤད་རྒྱུད་ཀྱི་གཞུང་རང་གི་བརྗོད་བྱའི་དོན་ཐམས་ཅད་རྩ་བ་ལྟ་བུར་བསྡུས་ཏེ་བསྟན་པ་རྩ་བ་མདོ་ཡི་གནས་དང་གཅིག ཁུ་ཁྲག་སེམས་གསུམ་ལས་གྲུབ་པའི་ལུས་ཆགས་ཚུལ་དང༌། ལུས་ཀྱི་འདྲ་དཔེ། ལུས་ཀྱི་གནས་ལུགས། ལུས་ཀྱི་མཚན་ཉིད། ལུས་ཀྱི་ལས་དང་དབྱེ་བ། ལུས་འཇིག་ལྟས་བསྟན་པ་བཅས་གྲུབ་པ་ལུས་ཀྱི་གནས་དང་གཉིས། འཕེལ་འགྲིབ་འཁྲུགས་པ་ལས་བྱུང་བའི་ནད་ཀྱི་རྒྱུ་དང༌། ནད་ཀྱི་རྐྱེན། ནད་ཞུགས་ཚུལ་དང་ནད་ཀྱི་གནས། ནད་ཀྱི་མཚན་ཉིད། ནད་ཀྱི་དབྱེ་བ་དང་སོ་སོའི་དོན་བསྟན་པ་བཅས་འཕེལ་འགྲིབ་ནད་ཀྱི་གནས་དང་གསུམ། ནད་མེད་ཀྱི་དོན་དུ་རྒྱུན་གྱི་སྤྱོད་པ་དང༌། དུས་ཀྱི་སྤྱོད་པ། ནད་ཅན་གྱི་དོན་དུ་གནས་སྐབས་ཀྱི་སྤྱོད་ལམ་བསྟན་པ་བཅས་བྱ་བ་སྤྱོད་ལམ་གྱི་གནས་དང་བཞི། ལུས་སྲོག་འཚོ་བ་ཟས་ཀྱི་ཚུལ་ཤེས་པ་དང༌། ཁ་ཟས་བསྡམ་པ། ཟས་ཚོད་རན་པར་བཟའ་བ་བཅས་འཚོ་བ་ཟས་ཀྱི་གནས་དང་ལྔ། འཕྲོད་པར་སྦྱོར་བ་སྨན་གྱི་རོ་དང༌། སྨན་གྱི་ནུས་པ། སྨན་གྱི་སྦྱར་ཐབས་བསྟན་པ་བཅས་སྦྱོར་བ་སྨན་གྱི་གནས་དང་དྲུག ཆ་བྱད་ཀྱི་དབྱིབས་ཚད་སྟོན་ཞིང་ལས་ལ་གཏར་བ་དང༌། བསྲེག་པ། ཐུར་མ་སོགས་ཆ་བྱད་དཔྱད་ཀྱི་གནས་དང་བདུན། ནད་མེད་གནས་ཤིང་རིང་དུ་འཚོ་བ་ཐ་མལ་ནད་མེད་ཀྱི་གནས་དང་བརྒྱད། རླུང་ལ་སོགས་པ་ཉེས་པ་དངོས་སུ་སྟོན་པར་བརྟག་པ་དང༌། ངན་གཡོ་སྐྱོན་གྱིས་བརྟག་པ། སྤང་བླང་མུ་བཞིར་བརྟག་པ་བཅས་ངོས་བཟུང་རྟགས་ཀྱི་གནས་དང་དགུ། གསོ་བྱེད་ཐབས་ལ་གསོ་ཚུལ་སྤྱི་དང༌། ཁྱད་པར་གྱི་གསོ་ཚུལ། གསོ་ཐབས་གཉིས། གསོ་ཐབས་དངོས་བསྟན་པ་བཅས་གསོ་བྱེད་ཐབས་ཀྱི་གནས་དང་བཅུ། བྱ་བ་བྱེད་པ་པོ་བསྟན་པ་སྨན་པའི་གནས་དང་བཅུ་གཅིག་གོ།

སྐབས་བཅོ་ལྔ།

སྐབས་ཞེས་པའི་དོན་ནི་བརྗོད་བྱ་དང་འབྲེལ་བའི་རྗོད་བྱེད་བཅོ་ལྔའི་སྐབས་ཀྱིས་སྡེ་ཚན་སོ་སོར་མ་འདྲེས་པར་དབྱེ་བ་དང༌། ནད་དང་གཉེན་པོ་སྤྲོད་པའི་སྐབས་ཡིན་པས་ན་སྐབས་ཞེས་བྱའོ། །དང་པོ་རླུང་དང༌། མཁྲིས་པ། བད་ཀན། འདུས་པ་སྨུག་པོ་བཅས་ཉེས་གསུམ་གསོ་བའི་སྐབས། གཉིས་པ་མ་ཞུ་བ་དང༌། སྐྲན། སྐྱ་རྦབ། འོར། དམུ་ཆུ། གཅོང་ཆེན་ཟད་བྱེད་བཅས་ཁོང་ནད་གསོ་བའི་སྐབས། གསུམ་པ་ཚ་བ་སྤྱི་དང༌། གལ་མདོ། རི་ཐང་མཚམས། མ་སྨིན་པ། རྒྱས་པ། སྟོངས་པ། གབ་པ། རྙིངས་པ། རྙོགས་པ། འགྲམས་པ། འཁྲུགས་པ། རིམས་དང༌། འབྲུམ་པ། རྒྱུ་གཟེར། གག་ལྷོག ཆམ་པའི་རིམས་བཅས་ཚད་པ་གསོ་བའི་སྐབས། བཞི་པ་མགོ་དང༌། མིག རྣ་བ། སྣ། ཁ་དང༌། ལྦ་བ་བཅས་ལུས་སྟོད་གསོ་བའི་སྐབས། ལྔ་པ་སྙིང་དང༌། གློ་བ། མཆིནཔ། མཆེར་པ། མཁལ་མ། ཕོ་བ། རྒྱུ་མ། ལོང་བཅས་དོན་སྣོད་གསོ་བའི་སྐབས། དྲུག་པ་ཕོ་མོ་གཉིས་ཀྱི་ནད་བཅོས་ཐབས་ཐ་དད་དུ་བྱས་པའི་གསང་ནད་གསོ་བའི་སྐབས། བདུན་པ་སྐད་འགགས་པ་དང༌། ཡི་ག་འཆུས་པ། སྐོམ་དད། སྐྱིགས་བུ། དབུགས་མི་བདེ་བ། གླང་ཐབས། སྲིན་ནད། སྐྱུགས་པ། འཁྲུ་བ། དྲི་མ་འགགས་པ། གཅིན་འགགས་པ། གཅིན་སྙི་བ། ཚད་འཁྲུ། དྲེག་ནད། གྲུམ་བུ། ཆུ་སེར། རྩ་དཀར། པགས་པའི་ནད། ཕྲན་བུའི་ནད་བཅས་ཐོར་ནད་གསོ་བའི་སྐབས། བརྒྱད་པ་འབྲས་དང༌། གཞང་འབྲུམ། མེ་དབལ། སུར་ཡ། རྨེན་བུ། རླིག་རླུགས། རྐང་འབམ། མཚན་བར་རྡོལ་བ་བཅས་ལྷན་སྐྱེས་རྨ་གསོའི་སྐབས། དགུ་པ་བྱིས་པ་ལ་ཉེར་སྤྱོད་དང༌། དེའི་ནད། དེའི་གདོན་བཅས་བྱིས་པ་གསོ་བའི་སྐབས། བཅུ་པ་མོ་ནད་སྤྱི་དང༌། བྱེ་བྲག ཕལ་པ་བཅས་མོ་ནད་གསོ་བའི་སྐབས། བཅུ་གཅིག་པ་འབྱུང་པོ་དང༌། སྨྱོ་བྱེད། རྗེད་བྱེད། གཟའ། ཀླུའི་གདོན་བཅས་གདོན་ནད་གསོ་བའི་སྐབས། བཅུ་གཉིས་པ་རྨ་ལ་རྨ་སྤྱི་དང༌། མགོ་བོའི་རྨ། སྐེའི་རྨ། བྱང་ཁོག་གི་རྨ། ཡན་ལག་གི་རྨ་བཅས་མཚོན་རྨ་གསོ་བའི་སྐབས། བཅུ་གསུམ་པ་དུག་ལ་སྦྱར་དུག་དང༌། གྱུར་དུག དུག་དངོས་བཅས་དུག་ནད་གསོ་བའི་སྐབས། བཅུ་བཞི་པ་བཅུད་ལེན་ཏེ་རྒས་པ་གསོ་བའི་སྐབས། བཅོ་ལྔ་པ་ཁུ་བ་གསོ་བ་དང༌། བུད་མེད་བཙལ་བ་སྟེ་རོ་ཙ་གསོ་བའི་སྐབས་བཅས་ཀྱིས་ནད་རིགས་གང་དང་གང་ལ་གསོ་ཐབས་གང་དང་གང་དགོས་པ་ཐམས་ཅད་བསྟན་པ་ཡིན་ནོ། །

མདོ་བཞི།

 མདོ་ཞེས་པ་ལག་ལེན་རྣམས་མདོར་བསྡུས་ཏེ་བསྟན་པས་ན་མདོ་ཞེས་བྱའོ། །དེ་ཡང་ནད་བརྟག་པའི་ཐབས་རྩ་ཆུའི་མདོ་དང་གཅིག རྟོགས་ནས་ཞི་བར་བྱེད་པའི་སྨན་ལ་ཐང་དང༌། ཕྱེ་མ། རིལ་བུ། ལྡེ་གུ། སྨན་མར། ཐལ་སྨན། ཁཎྜ། སྨན་ཆང༌། རིན་པོ་ཆེའི་སྦྱོར་བ། སྔོ་སྦྱོར་བཅས་ཞི་བྱེད་སྨན་གྱི་མདོ་དང་གཉིས། དེ་དག་གིས་མ་ཞི་ན་སྦྱོང་བར་བྱེད་པ་ལ་སྣུམ་འཆོས་དང༌། བཤལ། སྐྱུགས། སྣ་སྨན། འཇམ་རྩི། ནི་རུ་ཧ། རྩ་སྦྱོངས་བཅས་སྦྱོང་བྱེད་ལས་ཀྱི་མདོ་དང་གསུམ། དེ་རྣམས་ཀྱིས་ཀྱང་ནད་རོ་མ་ཐོན་ན་གཏར་བ་དང༌། བསྲེག་པ། དུགས། ལུམས། བྱུག་པ། ཐུར་མ་བཅས་འཇམ་རྩུབ་དཔྱད་ཀྱི་མདོ་དང་བཞིའོ། །

ལེའུ་བརྒྱ་དང་ལྔ་བཅུ་ང་དྲུག

 ལེའུ་ཞེས་པ་ཡི་གེ་འདུས་པ་ལས་མིང༌། མིང་འདུས་པ་ལས་ཚིག ཚིག་འདུས་པ་ལས་ངག ངག་འདུས་པ་ལས་རབ་ཏུ་འབྱེད་པའམ་ལེའུ་ཞེས་བྱ་ལ། ཡང་བྱེ་བྲག་གི་རྣམ་གྲངས་སོ་སོར་ཕྱེ་སྟེ་གཞུང་ཚོམ་བུ་ཚོམ་བུར་གཅོད་པ་ལའང་ལེའུ་ཞེས་བྱའོ། །ལེའུ་བརྒྱ་དང་ལྔ་བཅུ་དྲུག་གི་གྲངས་བསྟན་པ་ནི་རྩ་བའི་རྒྱུད་ལ་གླེང་གཞི་སོགས་ལེའུ་དྲུག བཤད་པའི་རྒྱུད་ལ་བསྡོམས་ཚིག་གི་ལེའུ་གཅིག གྲུབ་པ་ལུས་ལ་ལེའུ་དྲུག འཕེལ་འགྲིབ་ནད་ལ་ལེའུ་ལྔ། བྱ་བ་སྤྱོད་ལམ་ལ་ལེའུ་གསུམ། འཚོ་བ་ཟས་ལ་ལེའུ་གསུམ། སྦྱོར་བ་སྨན་ལ་ལེའུ་གསུམ། ཆ་བྱད་དཔྱད་ལ་ལེའུ་གཅིག ཐ་མལ་ནད་མེད་ལ་ལེའུ་གཅིག ངོས་བཟུང་རྟགས་ལ་ལེའུ་གསུམ། གསོ་བྱེད་ཐབས་ལ་ལེའུ་བཞི། བྱ་བྱེད་སྨན་པ་ལ་ལེའུ་གཅིག་བཅས་བཤད་རྒྱུད་ལ་གཅིག་གསུམ། གསུམ་བཞི། བཞི་ལྔ། དྲུག་པ་གཅིག །བསྡོམས་གཅིག་བཅས་ལེའུ་སུམ་ཅུ་རྩ་གཅིག་གོ། མན་ངག་རྒྱུད་ལ་ཉེས་གསུམ་གསོ་བའི་ལེའུ་བཞི། ཁོང་ནད་གསོ་བའི་ལེའུ་དྲུག ཚད་པ་གསོ་བའི་ལེའུ་བཅུ་དྲུག ལུས་སྟོད་གསོ་བའི་ལེའུ་དྲུག དོན་སྣོད་གསོ་བའི་ལེའུ་བརྒྱད། གསང་ནད་གསོ་བའི་ལེའུ་གཉིས། ཐོར་ནད་གསོ་བའི་ལེའུ་བཅུ་དགུ། ལྷན་སྐྱེས་རྨ་གསོ་བའི་ལེའུ་བརྒྱད། བྱིས་པ་གསོ་བའི་ལེའུ་གསུམ། མོ་ནད་གསོ་བའི་ལེའུ་གསུམ། གདོན་ནད་གསོ་བའི་ལེའུ་ལྔ། མཚོན་རྨ་གསོ་བའི་ལེའུ་ལྔ། དུག་ནད་གསོ་བའི་ལེའུ་གསུམ། རྒས་པ་གསོ་བའི་ལེའུ་གཅིག རོ་ཙ་གསོ་བའི་ལེའུ་གཉིས་བཅས་མན་རྒྱུད་ལ་གཅིག་གཅིག་གཉིས་གཉིས། གསུམ་གསུམ། བཞི་གཅིག ལྔ་གཉིས། དྲུག་གཉིས། བརྒྱད་གཉིས། བཅུ་དྲུག་གཅིག བཅུ་དགུ་གཅིག ཞུས་པ་གཅིག་བཅས་ལེའུ་དགུ་བཅུ་རྩ་གཉིས་སོ། །ཕྱི་མའི་རྒྱུད་ལ་བརྟག་པ་རྩ་ཆུར་ལེའུ་གཉིས། ཞི་བྱེད་སྨན་ལ་ལེའུ་བཅུ། སྦྱོང་བྱེད་ལས་ལ་ལེའུ་བདུན། གཏར་བསྲེག་དཔྱད་ལ་ལེའུ་དྲུག་བཅས་ཕྱི་མ་རྒྱུད་ལ་གཉིས། བཅུ། བདུན། དྲུག་བཅས་ལེའུ་ཉེར་ལྔ། དེ་ལྟར་རྩ་བའི་རྒྱུད་ལ་ལེའུ་དྲུག བཤད་པའི་རྒྱུད་ལ་ལེའུ་སུམ་ཅུ་རྩ་གཅིག མན་ངག་རྒྱུད་ལ་ལེའུ་དགུ་བཅུ་རྩ་གཉིས། ཕྱི་མའི་རྒྱུད་ལ་ལེའུ་ཉི་ཤུ་རྩ་ལྔ་སྟེ་རྒྱུད་བཞི་བསྡོམས་པས་ལེའུ་བརྒྱ་དང་ལྔ་བཅུ་རྩ་བཞི། དེའི་སྟེང་དུ་མཇུག་གི་དོན་དང༌། ཡོངས་སུ་གཏད་པའི་ལེའུ་གཉིས་བཅས་བསྣན་པས་ལེའུ་བརྒྱ་དང་ལྔ་བཅུ་རྩ་དྲུག་ཏུ་གཞུང་ལུགས་ཆེན་པོ་འདིའི་ལེ་གྲངས་མ་ལུས་པ་ཡོངས་སུ་འདུས་པ་ཡིན། ལེ་གྲངས་དེ་དག་ཐམས་ཅད་ཀྱི་བརྗོད་བྱ་ཀུན་མདོར་བསྡུས་ན་ཡན་ལག་བརྒྱད་དུ་འདུས་པ་སྟེ། དངོས་བསྟན་མན་ངག་རྒྱུད་དུ་ལུས་བརྗོད་བྱ་ཀུན་མདོར་བསྡུས་ན་ཡན་ལག་བརྒྱད་དུ་འདུས་པ་སྟེ། དངོས་བསྟན་མན་ངག་རྒྱུད་དུ་ལུས་བརྗོད་བྱར་བྱས་པ་ལ་ལེའུ་བདུན་ཅུ་དང་བྱིས་པ་དང༌། མོ་ནད། དུག་རྣམས་ལ་ལེའུ་གསུམ་གསུམ། གདོན་དང་རྨ་གཉིས་ལ་ལེའུ་ལྔ་ལྔ། བཅུད་ལེན་ལ་ལེའུ་གཅིག རོ་ཙ་ལ་ལེའུ་གཉིས་ཡོད་ཅིང༌། ཤུགས་བསྟན་དུ་རྩ་རྒྱུད། བཤད་རྒྱུད། ཕྱི་མ་རྒྱུད་གསུམ་གའི་བརྗོད་བྱ་ལའང་སྤྱིར་ཁྱབ་པའི་ཚུལ་དུ་གནས་པ་ཡིན་ནོ། །


གསོ་རིག་གི་མདོ་དོན།

 དཔལ་ལྡན་གསོ་བ་རིག་པའི་རྒྱུད་བཞིའི་རྩ་བའི་དགོངས་དོན་རྣམས་མདོར་བསྡུས་ན། གནས་ལུགས་ནད་གཞིའི་རྣམ་བཞག་དང༌། ངོས་འཛིན་རྟགས་ཀྱི་རྣམ་བཞག གསོ་བྱེད་ཐབས་ཀྱི་རྣམ་བཞག་སྟེ་རྣམ་པ་གསུམ་དུ་བསྡུས་ནས་བསྟན་ཡོད།

 གནས་ལུགས་ནད་གཞི།

གནས་ལུགས་ནད་གཞི་ཞེས་པ་ནི་ནད་དང༌། ལུས་ཟུངས། དྲི་མ་གསུམ་འཕེལ་ཟད་འཁྲུགས་པས་རྣམ་པར་མ་གྱུར་པར་ནད་མེད་ཐ་མལ་དུ་གནས་པ་རྣམས་ཀྱི་བྱ་བའི་རིགས་དང༌། དེ་དག་འཕེལ་ཟད་འཁྲུགས་པས་རྣམ་པར་གྱུར་བ་ནད་ཅན་གྱི་རྣམ་པར་བཞག་པ་དེ་ཉིད་ལ་བྱའོ།།

རྣམ་པར་མ་གྱུར་པ།
ལུས་ལ་ཟུག་རྔུ་མེད་ཅིང་ལུས་སྤྱི་དང་བྱེ་བྲག་གི་ལས་བྱེད་པ་ནི་རྣམ་པར་མ་གྱུར་པའི་ལུས་ཞེས་བྱ་ལ། རྣམ་པར་མ་གྱུར་པའི་རླུང་མཁྲིས་བད་ཀན་གསུམ་ལ་དབྱེ་ན་བཅོ་ལྔ་ཡོད་ཅིང༌། དེ་ཡང་རླུང་སྲོག་འཛིན་སྤྱི་བོ་བདེ་ཆེན་འཁོར་ལོར་གནས་པ་དང༌། གྱེན་རྒྱུ་བྲང་ལ་གནས་པ། ཁྱབ་བྱེད་སྙིང་ལ་གནས་པ། མེ་མཉམ་ཕོ་བའི་ཟས་ཞུ་བའི་ཆར་གནས་པ། ཐུར་སེལ་གཞང་ལ་གནས་པ་སྟེ་རླུང་ལ་ལྔ། མཁྲིས་པ་འཇུ་བྱེད་ཕོ་བའི་ཟས་ཞུ་མ་ཞུའི་བར་ན་གནས་པ་དང༌། མདངས་སྒྱུར་མཆིན་པར་གནས་པ། སྒྲུབ་བྱེད་སྙིང་ལ་གནས་པ། མཐོང་བྱེད་མིག་ལ་གནས་པ། མདོག་གསལ་པགས་པར་གནས་པ་སྟེ་མཁྲིས་པར་ལྔ། བད་ཀན་རྟེན་བྱེད་བྲང་ལ་གནས་པ་དང༌། མྱག་བྱེད་ཕོ་བའི་ཟས་མ་ཞུ་བར་གནས་པ། མྱོང་བྱེད་ལྕེར་གནས་པ། ཚིམ་བྱེད་མགོ་བོར་གནས་པ། འབྱོར་བྱེད་ཚིགས་མིག་ཀུན་ལ་གནས་པ་སྟེ་བད་ཀན་ལ་ལྔ་བཅས་བཅོ་ལྔའོ། །

ལུས་ཟུངས་ནི་ལུས་འཛིན་པའི་དོན་གྱིས་ལུས་ཟུངས་ཞེས་བྱ་བ་དང༌། ཟས་སྐོམ་གང་ཡང་ཐོག་མར་ཕོ་བའི་མེ་དྲོད་ཀྱིས་ཕྱེ་བས་དྭངས་མ་དང༌། དེའི་དྭངས་མ་ཁྲག དེའི་དྭངས་མ་ཤ། དེའི་དྭངས་མ་ཚིལ། དེའི་དྭངས་མ་རུས་པ། དེའི་དྭངས་མ་རྐང༌། དེའི་དྭངས་མ་ཁམས་དཀར་དམར་བཅས་ལུས་ཟུངས་བདུན་ཡིན་ནོ།།

དྲི་མ་ཞེས་པ་ལུས་ཟུངས་བདུན་པོ་དེའི་སྙིགས་མར་གྱུར་པ་ལ་བྱ་སྟེ། དྲི་མ་བཤང་བ་དང༌། གཅིན། རྔུལ་བཅས་དྲི་མ་གསུམ་མོ། །ནད་རླུང་མཁྲིས་བད་ཀན་གསུམ་སོ་སོར་ལྔ་རེ་སྟེ་གནོད་བྱེད་ཉེས་པ་བཅོ་ལྔ་དང༌། ལུས་ཟུངས་བདུན་དང་དྲི་མ་གསུམ་བཅས་ལ་གནོད་བྱ་བཅུ་ཞེས་བྱ་ཞིང༌། དེ་ལྟར་བཤད་མ་ཐག་པའི་རྣམ་གྲངས་ཉི་ཤུ་རྩ་ལྔ་པོ་དེ་ཀུན་ཀྱང་ཁ་ཟས་ཀྱི་རོ་དང༌། ནུས་པ། སྤྱོད་ལམ་རྣམ་གསུམ་པོས་ཆ་མཉམ་པའི་དུས་ན་ནད་མེད་ཅིང་ཚེ་སྟོབས་སོགས་འཕེལ་བར་འགྱུར་ཞིང༌། གལ་ཏེ་དེ་དག་རང་རང་གི་ཚད་ལས་ལྡོག་པ་སྟེ། ཟས་སྤྱོད་དམན་ལྷག་ལོག་པས་ཉེར་ལྔ་པོ་དེ་འགའ་ཞིག་འཕེལ་བ་དང༌། འགའ་ཞིག་ཟད་པ་དང་ཕན་ཚུན་འཁྲུགས་པར་གྱུར་ན་ནད་ཅན་དུ་འགྱུར་ཏེ་ལུས་དང་ཚེ་ལ་གནོད་པར་འགྱུར་བ་ཡིན་ནོ། །

རྣམ་པར་གྱུར་པ།
ལུས་ལ་ཟུག་རྔུ་བསྐྱེད་ཅིང་སྤྱི་དང་བྱེ་བྲག་གི་ལས་མི་བྱེད་པའམ་ལོག་པ་ནི་རྣམ་པར་གྱུར་པའི་ལུས་ཏེ་དེ་ལས་རྒྱུ་གསུམ་དང༌། རྐྱེན་བཞི། འཇུག་སྒོ་དྲུག གནས་གསུམ། རྒྱུ་ལམ་བཅོ་ལྔ། ལྡང་དུས་དགུ། སྲོག་གཅོད་ཀྱི་ནད་དགུ། ལྡོག་རྒྱུ་བཅུ་གཉིས། མདོ་དོན་གཉིས་བཅས་དྲིལ་བས་དེ་ལྟར་དྲུག་ཅུ་རྩ་གསུམ་ནི་སྨན་པས་གང་གསོ་བར་བྱ་བའི་ནད་ཀྱི་གནས་ལུགས་བསྡུས་པའོ།།

རྒྱུ་གསུམ་ནི། རྒྱུ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་དང༌། འབྲས་བུ་རླུང་མཁྲིས་བད་ཀན་རིམ་པས་བསྐྱེད་པའི་རྒྱུ་ཡིན་ཏེ། འདོད་ཆགས་ལ་བརྟེན་ནས་རླུང་སྐྱེད་པར་བྱེད་པ་དང༌། ཞེ་སྡང་ལ་བརྟེན་ནས་མཁྲིས་པ་སྐྱེད་པར་བྱེད་པ། གཏི་མུག་ལ་བརྟེན་ནས་བད་ཀན་སྐྱེད་པར་བྱེད་པ་ཡིན་ནོ། །

རྐྱེན་བཞི་ནི། དེ་ལ་ཞེས་པ་རྒྱུ་དུག་གསུམ་སྟེ། རྐྱེན་མེད་ན་འབྲས་བུ་མི་འབྱིན་ནོ། །དེའང་དུས་དམན་ལྷག་ལོག་པ་དགུན་གཅེར་བུར་བསྡད་པ་དང༌། འཕྲལ་རྐྱེན་གློ་བུར་བས་འཚེ་བ། ཟས་མི་མཁས་པ་ཉི་མར་ཤ་ཆང་ཟ་བ། སྤྱོད་ལམ་མི་མཁས་པ་སོས་ཀ་ལྤགས་གོས་གྱོན་ནས་ཉི་མར་སྡོད་པ་བཅས་ཀྱིས་བསྐྱེད་པའི་རྐྱེན་བྱས་པའི་རྒྱུ་གསུམ་པོ་དེ་དག་རང་རང་གི་རང་བཞིན་ལས་འཕེལ་བ་དང༌། ཟད་པ། འཁྲུགས་པ་རྣམས་སུ་གྱུར་པའོ། །

འཇུག་སྒོ་དྲུག་ནི། དམན་ལྷག་ལོག་པའི་རྐྱེན་བཞི་པོ་གང་རུང་གིས་བསླངས་པའི་ནད་དེ་རིམ་བཞིན་ཐོག་མར་པགས་ལ་གྲམས་ཤིང་ཤ་ལ་རྒྱས་པ་དང༌། བར་དུ་རྩ་རྣམས་སུ་རྒྱུ་ཞིང་རུས་ལ་ཞེན་པ། ཐ་མར་དོན་ལྔ་ལ་འབབ་ཅིང་སྣོད་དྲུག་ཏུ་ལྷུང་བར་འགྱུར་རོ། །

གནས་གསུམ་ནི། གནས་ས་ལུས་ཀུན་ཏུ་ཁྱབ་པར་གྱུར་ཀྱང་གཙོ་ཆེ་བའི་དབང་གིས་བད་ཀན་ནི་རྒྱུ་གཏི་མུག་དང་རྗེས་སུ་མཐུན་པར་ཀླད་པ་ལ་བརྟེན་ནས་སྟོད་ན་གནས་པ་དང༌། མཁྲིས་པ་ནི་རྒྱུ་ཞེ་སྡང་དང་རྗེས་སུ་མཐུན་པར་སྲོག་པ་རྩ་དང་མཆིན་དྲི་ལ་བརྟེན་ནས་བར་ན་གནས་པ། རླུང་ནི་འདོད་ཆགས་དང་རྗེས་སུ་མཐུན་པར་གསང་བའམ་དཔྱི་དང་རྐེད་པར་བརྟེན་ནས་སྨད་ན་གནས་པའོ། །

རྒྱུ་ལམ་བཅོ་ལྔ་ནི། རླུང་ལ་ལུས་ཟུངས་བདུན་གྱི་ནང་ནས་རུས་པར་རྒྱུ་བ་དང༌། དབང་པོ་ལྔའི་ནང་ནས་རྣ་བར་རྒྱུ་བ། དྲི་མའམ་སྙིགས་མ་རྣམས་ཀྱི་ནང་ནས་བ་སྤུའམ་རེག་བྱར་རྒྱུ་བ། དོན་ལྔའི་ནང་ནས་སྙིང་དང་སྲོག་རྩར་རྒྱུ་བ། སྣོད་དྲུག་གི་ནང་ནས་ལོང་ལ་རྒྱུ་བ་སྟེ་རྣམ་པ་ལྔ། མཁྲིས་པར་ལུས་ཟུངས་བདུན་གྱི་ནང་ནས་ཁྲག་ཏུ་རྒྱུ་བ་དང༌། དྲི་མ་གསུམ་གྱི་ནང་ནས་རྔུལ་དུ་རྒྱུ་བ། དབང་པོ་ལྔའི་ནང་ནས་མིག་ཏུ་རྒྱུ་བ། དོན་ལྔའི་ནང་ནས་མཆིན་པར་རྒྱུ་བ། སྣོད་དྲུག་གི་ནང་ནས་མཁྲིས་པ་རྒྱུ་མར་རྒྱུ་བ་སྟེ་རྣམ་པ་ལྔ། བད་ཀན་ལ་ལུས་ཟུངས་བདུན་གྱི་ནང་ནས་དྭངས་མ་ཤ་ཚིལ་རྐང་ཁུ་བར་རྒྱུ་བ་དང༌། དྲི་མ་གསུམ་གྱི་ནང་ནས་བཤང་གཅིན་ཏུ་རྒྱུ་བ། དབང་པོ་ལྔའི་ནང་ནས་སྣ་ལྕེར་རྒྱུ་བ། དོན་ལྔའི་ནང་ནས་གློ་མཆེར་མཁལ་མར་རྒྱུ་བ། སྣོད་དྲུག་གི་ནང་ནས་ཕོ་བ་ལྒང་པར་རྒྱུ་བ་སྟེ་རྣམ་པ་ལྔ་བཅས་དེ་ལྟར་ལུས་ཟུངས་བདུན་དང༌། དྲི་མ་གསུམ། དབང་པོ་ལྔ། དོན་ལྔ། སྣོད་དྲུག་རྣམས་སོ་སོར་ཕྱེ་བའི་ལྔ་ཚན་གསུམ་པོ་རླུང་དང་མཁྲིས་པ་བད་ཀན་རྒྱུ་བའི་ལམ་སྟེ་ལྔ་གསུམ་བཅོ་ལྔའོ། །

ལྡང་དུས་དགུ་ནི། ལུས་སྟོབས་ཉམས་པས་རྒས་པར་གྱུར་པ་ན་རླུང་གི་ངོ་བོ་ཉིད་འཕེལ་བས་རླུང་གི་མི་ཡིན་པ་དང༌། དར་མ་ནི་འབྱུང་བའི་སྟོབས་ཐམས་ཅད་འཕེལ་བས་དེ་གཞན་ལ་ཁེངས་ཤིང་ཁྲོ་བ་ཤས་ཆེར་འབྱུང་བས་མཁྲིས་པ་འཕེལ་བའི་དུས་སུ་མཁྲིས་པའི་མི་ཡིན་པ། བྱིས་པ་ནི་མའི་ནུ་ཞོ་སོགས་ཀྱི་ཁ་ཟས་དང་ཀུན་ཏུ་ཉལ་བ་སོགས་ཀྱིས་བད་ཀན་འཕེལ་བས་བྱིས་པ་བད་ཀན་གྱི་མི་ཡིན་པ་བཅས་ལ་ན་སོ་དེ་དག་དང་མཐུན་པའི་ནད་བྱུང་ན་ན་སོས་གཉན་ཞེས་གསོ་དཀའ་བའི་དོན་ཏེ་ན་སོའི་གསུམ་དང༌། ངད་ཅན་ཏེ་བསེར་བུའི་ངད་ལྡང་བ་ལ་རེག་བྱ་གྲང་བ་བསྐྱེད་པའི་གནས་ནི་རླུང་འཕེལ་ཡུལ་ཡིན་པ་དང༌། སྐམ་ས་སྟེ་རླན་གཤེར་མེད་ཅིང་རེག་བྱ་ཚ་གདུང་ཆེ་བའི་གནས་ནི་མཁྲིས་པ་འཕེལ་ཡུལ་ཡིན་པ། རླན་ཅན་དང་སྣུམ་བག་ལྡན་པའི་གནས་ནི་བད་ཀན་འཕེལ་ཡུལ་དུ་བཤད་པ་ཡིན་ཏེ་ཡུལ་གྱི་གསུམ། རླུང་ནད་ཕལ་ཆེར་དབྱར་གྱི་དུས་དང་ཉིན་ཞག་གི་དབང་དུ་བྱས་ན་དགོང་དང་ཐོ་རངས་ཀྱི་དུས་སུ་འཕེལ་ཞིང་ལྡང་བ། མཁྲིས་པ་ནི་སྟོན་གྱི་དུས་དང་ཉིན་དགུང་མཚན་དགུང་ལ་འཕེལ་ཞིང་ལྡང་བ། བད་ཀན་ནི་དཔྱིད་ཀྱི་དུས་དང་སྲོད་དང་སྔ་དྲོའི་དུས་སུ་འཕེལ་ཞིང་ལྡང་བ་སྟེ་དུས་ཀྱི་གསུམ་བཅས་དགུའོ།།

སྲོག་གཅོད་ཀྱི་ནད་དགུ་ནི། རང་གི་ཁམས་འཚོ་བའི་རྒྱུ་ཕྱིའི་ཟུངས་ཤ། ནང་གི་ཟུངས་ཟས། སྲོག་གི་ཟུངས་རྩ་དང་གསུམ་ག་ཤོར་ཞིང་ཟད་པ་དང༌། ཚ་གྲང་གཉིས་ཀ་དུས་གཅིག་ཏུ་འདོམས་པས་གཉེན་པོ་མི་ལེན་པ་འདུ་བ་གཤེད་དུ་བབས་པ། ནད་ཚ་གྲང་གང་ཡིན་ལ་དེ་གའི་གྲོགས་ཀྱི་ཟས་སྤྱོད་སྨན་དཔྱད་བསྟེན་པ་སྦྱོར་བ་མཚུངས་པ། མདའ་རྡོ་གྲི་སོགས་གཉན་པའི་གནད་རྣམས་སུ་བབས་པ། དུས་འདས་རླུང་ནད་སྲོག་རྟེན་དབུ་མའི་རླུང་རྒྱུན་ཆད་པ། ཚ་བ་བཅོས་དུས་འདས་པས་ཚ་བ་ལ་འདས་པ། གྲང་བ་བཅོས་དུས་ཡོལ་བས་གྲང་བ་གཏིང་འཁར་བ། དེ་ལྟ་བུའི་ནད་དུས་ལས་འདས་པ་མ་ཡིན་ཡང་རང་གི་ལུས་ཟུངས་ཀྱིས་སྨན་དཔྱད་མི་ཐུབ་པ། གློ་བུར་གྱི་རྣམ་པར་འཚེ་བས་སྲོག་འཕྲོག་པ་རྣམས་ནི་རྣམ་གྱུར་ནད་ཀྱི་འབྲས་བུ་སྲོག་གཅོད་ནད་དགུའོ། །

ལྡོག་རྒྱུ་བཅུ་གཉིས་ནི། དེ་ཡང་རླུང་བཅོས་རླུང་ཞི་ནས་མཁྲིས་པར་ལྡོག་པ་དང༌། བད་ཀན་དུ་ལྡོག་པ། རླུང་བཅོས་ཀྱང་རླུང་མ་ཞི་བར་མཁྲིས་པར་ལྡོག་པ། བད་ཀན་དུ་ལྡོག་པ། མཁྲིས་པ་བཅོས་མཁྲིས་ནད་ཞི་ནས་རླུང་དུ་ལྡོག་པ། བད་ཀན་དུ་ལྡོག་པ། མཁྲིས་ནད་བཅོས་ཀྱང་མཁྲིས་ནད་མ་ཞི་བར་རླུང་དུ་ལྡོག་པ། བད་ཀན་དུ་ལྡོག་པ། བད་ཀན་བཅོས་བད་ཀན་ཞི་ནས་རླུང་དུ་ལྡོག་པ། མཁྲིས་པར་ལྡོག་པ། བད་ཀན་བཅོས་ཀྱང་བད་ཀན་མ་ཞི་བར་རླུང་དུ་ལྡོག་པ། མཁྲིས་པར་ལྡོག་པ་བཅས་བཅུ་གཉིས་སོ། །

མདོ་དོན་གཉིས་ནི། ནད་སོགས་ཐམས་ཅད་དོན་བསྒྲིལ་ན་ཚ་གྲང་གཉིས་སུ་མ་འདུས་པ་གཞན་མེད་དེ། རླུང་དང་བད་ཀན་ནི་རང་བཞིན་གྱིས་གྲང་བས་དཔེར་ན་ཆུ་ལྟ་བུ་ཡིན་ཏེ་བསིལ་བར་མཚུངས་པ་དང༌། ཁྲག་དང་མཁྲིས་པ་ནི་རང་བཞིན་གྱིས་ཚ་བས་མེ་ལྟ་བུར་འདོད་དེ་ཚ་བར་མཚུངས་པ་གཉིས་སོ། །དེ་གཉིས་ལ་མ་འདུས་པའི་སྲིན་དང་ཆུ་སེར་ནི་རང་གི་ངོ་བོ་ཚ་གྲང་གང་ཡིན་དང་རྐྱེན་ནམ་གྲོགས་གང་དང་བསྡོངས་པ་དེའི་རྗེས་སུ་འབྲངས་པས་ཚ་གྲང་ཐུན་མོང་བར་གནས་སོ། །དེ་ལྟར་རྣམ་པར་མ་གྱུར་པའི་ལུས་ལ་ཉེར་ལྔ། རྣམ་པར་གྱུར་པའི་ནད་ལ་དྲུག་ཅུ་རྩ་གསུམ་སྟེ་དྲིལ་བས་རྣམ་གྲངས་བརྒྱད་ཅུ་རྩ་བརྒྱད་པོ་འདི་རྣམས་ཀྱིས་གང་གི་དོན་དུ་གསོ་བ་ལུས་དང༌། གང་གསོ་བའི་ནད་གཞིའི་རྣམ་པ་མ་ལུས་པ་ཤེས་ཤིང་ཁོང་དུ་ཆུད་པར་འགྱུར་བ་ཡིན་ནོ། །


ངོས་འཛིན་རྟགས།
དེ་ཡང་གང་ལ་བརྟག་པར་བྱ་བ་ནད་དང་ལྡན་པ་ལ། རྟོགས་པར་བྱེད་པ་པོ་སྨན་པ་མཚན་ཉིད་དང་ལྡན་པ་དེས་བརྟག་པའི་ཐབས་མེ་འབྱུང་བའི་རྟགས་སུ་དུ་བ་བྱུང་བ་ངེས་པ་བཞིན་ངོས་འཛིན་རྟགས་ལ་སྟོང་དང་ཉིས་བརྒྱ་ལ་སོགས་པ་དུ་མ་ཡོད་ཀྱང༌། བལྟ་རེག་དྲི་བར་མ་འདུས་པའི་བརྟག་ཐབས་མེད་པས་བལྟ་བ་དང༌། རེག་པ། དྲི་བ་བཅས་ཀྱི་སྒོ་ནས་ནད་ཀྱི་རྒྱུ་རྐྱེན་མཚན་ཉིད་རྣམས་གསལ་བར་བརྟག་ཅིང་ངོས་བཟུང་དགོས་པས་ན་ངོས་འཛིན་རྟགས་ཞེས་བྱའོ། །

མིག་གིས་བལྟ་བ། བལྟ་བ་ནི་སྤྱིར་སྨན་པའི་མིག་གི་སྤྱོད་ཡུལ་དུ་གྱུར་པའི་མིག་གིས་བལྟ་བ་ལྕེ་དང་ཆུ་ལ་བརྟག་པ་འདི་ནི་མཐོང་བ་ཡུལ་གྱི་རིག་པ་ཞེས་བྱ་བ་ཡིན།

ལྕེ་ལ་བརྟག་པ། རླུང་གི་ལྕེ་ནི་ཁ་དོག་དམར་ཞིང་རེག་བྱ་སྐམ་ལ་རྩུབ་པ་ཞིག་འབྱུང་བ་དང༌། མཁྲིས་པའི་ལྕེ་ནི་རེག་བྱ་འབྱར་བག་ཅན་བད་ཀན་དང་འདྲ་བ་ལ་ཁ་དོག་སྐྱ་སེར་མཐུག་པོས་ལྕེ་ཐམས་ཅད་ཁྱབ་པར་གཡོགས་པ་ཞིག་འབྱུང་བ། བད་ཀན་གྱི་ལྕེ་ནི་མདོག་སྐྱ་ཞིང་མཐུག་པ་མདངས་མེད་རེག་བྱ་འཇམ་ལ་རློན་པ་ཞིག་འབྱུང་ངོ༌། །

ཆུ་ལ་བརྟག་པ། རླུང་ནད་ཅན་གྱི་ཆུ་ནི་སྔོ་ལ་སླ་བ་ལུ་མའི་ཆུ་འདྲ་བ་ལ་དཀྲུགས་པའི་ཚེ་ལྦུ་བ་ཆེ་བ་ཞིག་འབྱུང་བ་དང༌། མཁྲིས་ནད་ཅན་གྱི་ཆུ་ནི་ཁ་དོག་དམར་སེར་རླངས་པ་ཆེ་ཞིང་དྲི་མ་དུགས་པ་སྟེ་དྲི་མ་ཤིན་ཏུ་ཆེ་བ་ཞིག་འབྱུང་བ། བད་ཀན་ནད་ཅན་གྱི་ཆུ་ནི་ཁ་དོག་དཀར་ལ་དྲི་དང་རླངས་པ་ཆུང་བ་ཞིག་འབྱུང་ངོ༌།།

སོར་མོས་རེག་པ། རེག་པ་ནི་སྤྱིར་སྨན་པས་ནད་པའི་ལུས་ཀྱི་རེག་བྱ་འཇམ་རྩུབ་སོགས་ལ་བརྟག་པ་དང༌། ཁྱད་པར་སོར་མོས་རེག་པ་རྩ་ལ་བརྟག་པ་སྟེ་ནད་པ་དང་སྨན་པའི་བར་བརྡ་སྦྱོར་བའི་ངག་འཕྲིན་ལྟ་བུ་ནི་མཁྲིག་མ་དང་ཉེ་བའི་རྩའི་འཕར་ཚུལ་ལ་བརྟེན་ནས་བརྟག་པ་འདི་ནི་དཔྱོད་པ་དོན་གྱི་རིག་པའི་བརྟག་པ་ཞེས་བྱ་བ་ཡིན།

རེག་པ་རྩ་ལ་བརྟག་པ། རླུང་གི་རྩ་ནི་སྟེང་དུ་རྐྱལ་བ་དང་མནན་ན་སྟོང་ཞིང་སྐབས་སྐབས་སུ་འཕར་མི་ནུས་པར་སྡོད་པ་དང༌། མཁྲིས་པའི་རྩ་ནི་གྲངས་མགྱོགས་ཤིང་ཁ་ལ་རྒྱས་པ་དང་མནན་ཀྱང་མི་སྡོད་པར་རྟ་རྔ་གྲིམས་པ་བཞིན་དུ་གྲིམས་ལ་ཕྲ་བར་འཕར་བ། བད་ཀན་གྱི་རྩ་ནི་གཏིང་དུ་བྱིང་ཞིང་གུད་པ་སྟེ་ཤེད་ཆུང་ལ་དལ་བར་འཕར་བའོ། །

ངག་གིས་དྲི་བ། དྲི་བ་ནི་སྤྱིར་རྒྱུ་རྐྱེན་ན་ལུགས་ཀྱི་མཚན་ཉིད་དང༌། གནས་ས། ལྡང་དུས། ཕན་གནོད་སོགས་ལ་དྲི་བས་བརྟག་པ་དང༌། ཁྱད་པར་སྨན་པས་ནད་པ་དེ་ལ་ངག་གིས་དྲི་བ་དང་པོ་རྐྱེན་གང་གིས་བསླང༌། བར་དུ་ན་ལུགས་ཇི་ལྟར་འདུག་པ། ཐ་མ་གོམས་པའི་ཟས་སྐོམ་གྱིས་ཕན་གནོད་གང་བྱུང་བ་དེ་དག་རྣ་བའི་དབང་པོར་ཐོས་པ་ལ་བརྟེན་ནས་བརྟག་པ་འདི་ནི་ཐོས་པ་སྒྲའི་རིག་པ་ཞེས་བྱ་བ་ཡིན།

རླུང་ལ་ཇ་ར་ཕག་གི་ཤ་ལ་སོགས་པ་ཡང་ལ་རྩུབ་པའི་ཟས་སྐོམ་གྱི་རྐྱེན་དང༌། སྨྱུང་བར་གནས་དང་བསེར་བུའི་ངད་ལ་གནས་པ་སོགས་སྤྱོད་ལམ་གྱི་རྐྱེན་གཉིས་ཏེ། གཅིག རྐྱེན་དེ་ཉིད་ཀྱིས་བསླངས་པའི་ན་ལུགས་གཡལ་ཞིང་འདར་བ་དང༌། བྱ་རྨྱང་ཡང་ཡང་བྱེད་པ། གྲང་ཤུམ་རྒྱག་པ། དཔྱི་དང་རྐེད་པ་རུས་ཚིགས་མ་ལུས་ན་བ། གཟེར་བ་ངེས་མེད་དུ་འཕོ་ཞིང་སྟོང་སྐྱུགས་བྱེད་པ། མིག་སོགས་དབང་པོ་མི་གསལ་བ། ཤེས་པ་འཚུབ་པ། བཀྲེས་དུས་ན་བ་སྟེ་ན་ལུགས་དགུ། སྣུམ་བཅུད་ཀྱི་ཟས་སྤྱོད་ཕན་པར་ངེས་པའི་གོམས་པ་གཅིག་བཅས་བཅུ་གཅིག་གོ།

མཁྲིས་པ་ལ་འབྲུ་མར་དང༌། ལོ་མར། གར་ཆང་ནར་སོན་པ་སོགས་རྣོ་ཞིང་ཚ་བའི་ཟས་སྐོམ་གྱི་རྐྱེན་དང༌། མེ་ཉིར་ཡུན་རིང་བསྲོ་བ་སོགས་སྤྱོད་ལམ་གྱི་རྐྱེན་གཉིས་ཏེ་གཅིག རྐྱེན་དེ་ཉིད་ཀྱིས་བསླངས་པའི་ན་ལུགས་ཁ་ལ་རོ་ཁ་བ་བྲོ་བ་དང༌། མགོ་ན་བ། ཤ་དྲོད་སྔར་ལས་ཚ་བ། ལུས་སྟོད་ལྷག་པར་གཟེར་བ། ཟས་ཞུ་རྗེས་དུས་སུ་ཁྱད་པར་ན་བ་སྟེ་ན་ལུགས་ལྔ། བསིལ་བའི་ཟས་སྤྱོད་ཀྱིས་ཕན་པར་ངེས་པའི་གོམས་པ་གཅིག་བཅས་བདུན་ནོ། །

བད་ཀན་ལ་འཕྱི་ཤ་ལོ་ཤུར་སོགས་ལྕི་ལ་སྣུམ་པའི་ཟས་སྐོམ་གྱི་རྐྱེན་དང༌། རླན་སྟེང་དུ་ཉལ་བ་དང༌། བསྐུ་མཉེ་མང་དུ་བྱེད་པ་སོགས་སྤྱོད་ལམ་གྱི་རྐྱེན་གཉིས་ཏེ་གཅིག རྐྱེན་དེ་ཉིད་ཀྱིས་བསླངས་པའི་ན་ལུགས་དང་ག་མི་བདེ་བ་དང༌། ཁ་ཟས་གང་ཟོས་ཀྱང་འཇུ་དཀའ་བ། ཡང་ཡང་སྐྱུག་ཅིང་ཟས་མི་གནས་པ། ཁ་མངལ་བ་སྟེ་ལྕེར་རོ་མི་གསལ་བ་རླན་བག་ཅན། ཕོ་བ་འཚིང་བ་སྟེ་བརྒྱངས་པ། སྒྲེག་པ་ཡང་ཡང་འབྱུང་བ། ལུས་སེམས་ལྷན་ཅིག་ཏུ་ལྕི་བ། ལུས་ཕྱི་ནང་གཉིས་ཀ་གྲང་བར་གནས་པ། ཟས་ཟོས་རྗེས་མི་བདེ་བ་འབྱུང་བ་སྟེ་ན་ལུགས་དགུ། ཟས་སྤྱོད་དྲོ་ན་འཕྲོད་པར་ངེས་པའི་གོམས་པ་གཅིག་བཅས་བཅུ་གཅིག་གོ། །དེ་ལྟར་བལྟ་བའི་སྒོ་ནས་བརྟག་པ་དྲུག རེག་པའི་སྒོ་ནས་བརྟག་པ་གསུམ། དྲི་བའི་སྒོ་ནས་བརྟག་པ་ཉེར་དགུ་བཅས་དྲིལ་བས་བརྟག་ཐབས་སུམ་ཅུ་རྩ་བརྒྱད་ཡོད་པ་འདི་ཉིད་ཀྱིས་ནད་དང་ནད་མེད་ཀྱི་ཁྱད་པར་ཤེས་ཤིང༌། ནད་རིགས་བྱེ་བྲག་ཀུན་སོ་སོར་འཁྲུལ་མེད་དུ་གཏན་ལ་འབེབས་ནུས་པ་ཡིན་ནོ། །


གསོ་བྱེད་ཐབས།
ངོས་འཛིན་རྟགས་ཀྱིས་ནད་གཞིའི་བྱེ་བྲག་སོ་སོར་ངོས་བཟུང་ནས། ནད་དེ་ལ་གསོ་བར་བྱེད་པའི་ཟས་ཀྱི་གཉེན་པོ་དང༌། སྤྱོད་ལམ་གྱི་གཉེན་པོ། སྨན་གྱི་གཉེན་པོ། དཔྱད་ཀྱི་གཉེན་པོ་བཅས་བཞིའི་སྒོ་ནས་གསོ་བའི་ལག་ལེན་རྣམ་པར་སྤྱད་པ་ལ་གསོ་བྱེད་ཐབས་ཞེས་སོ། །

ཟས་ཀྱི་གཉེན་པོ། རླུང་མཁྲིས་བད་ཀན་གསུམ་ལ་ཟས་སྐོམ་གཉིས་རེ་བྱས་པའི་རླུང་གི་ཟས་ལ་རྟ་བོང་འཕྱི་བ་བཅས་ཀྱི་ཤ་དང༌། དེར་མ་ལྟོས་པའི་ལོ་ལོན་པའི་ཤ་སྐམ་པོ། འབྲོང་ཁྲག་ཤ་ཆེན་འབྲུ་མར། ལོ་ལོན་པའི་རྩི་མར་རྙིང་པ། བུ་རམ་སྨུག་པོ། སྒོག་སྐྱ། བཙོང་ནག་དང་བཅས་བཅུ། རླུང་གི་སྐོམ་ལ་འོ་མ་དྲོན་མོ་དང༌། ལྕ་བ་ར་མཉེའི་ཟན་ཆང༌། བུར་ཆང༌། རུས་ཆང་བཅས་བཞི་སྟེ་ཁྱོན་རླུང་ནད་ཅན་གྱི་ཟས་སྐོམ་བཅུ་བཞི། མཁྲིས་པའི་ཟས་ལ་བ་རའི་ཞོ་དང༌། བ་རའི་དར་བ། མར་གསར། རི་དྭགས་ཀྱི་ཤ། རའི་ཤ། སྐོམ་པོ་སྟེ་རྟོལ་གྱི་ཤ་གསར་པ། ནས་གསར་པའི་ཆག་ཚེ། སྐྱབས་ཏེ་ཁུར་སྐྱའི་ཚོད་མ། ཁུར་ཚོད་དང་བཅས་དགུ། མཁྲིས་པའི་སྐོམ་ལ་ཆབ་ཚ་སྟེ་ཇ་མར་འོ་ཚྭ་བཅས་མེད་པ་དང༌། གངས་དང་རྫ་ལས་བྱུང་བའི་ཆུ་བསིལ། ཆུ་བསྐོལ་གྲང་དང་གསུམ་སྟེ་ཁྱོན་མཁྲིས་པའི་ནད་ཅན་གྱི་ཟས་སྐོམ་བཅུ་གཉིས། བད་ཀན་གྱི་ཟས་ལ་ལུག་གི་ཤ་དང༌། གཡག་རྒོད་ཀྱི་ཤ། གཅན་གཟན་གྱི་ཤ། ཉ་ཡི་ཤ། སྦྲང་རྩི། སྐམ་སའི་འབྲུ་རྙིང་གི་ཟན་དྲོན་སྡོར་ལྡན་པ་དང་བཅས་དྲུག བད་ཀན་གྱི་སྐོམ་ལ་འབྲི་ཡི་ཞོ་དར་དང༌། གར་ཆང་ནར་ལོན་པ། ཆུ་སྐོལ་དང་གསུམ་སྟེ་ཁྱོན་བད་ཀན་ནད་གཞི་ཅན་གྱིས་རྟག་ཏུ་བསྟེན་པར་བྱ་བའི་ཟས་སྐོམ་དགུ་བཅས་བསྒྲིལ་བས་སོ་ལྔའོ། །

སྤྱོད་ལམ་གྱི་གཉེན་པོ། རླུང་གི་ནད་ལ་གནས་མུན་ཁུང་དྲོ་སར་སྡོད་པ་དང༌། རང་གི་ཡིད་འོང་གྲོགས་བསྟེན་ཞིང་བག་ཕེབས་པར་གནས་པ། མཁྲིས་པའི་ནད་ལ་གནས་ཆུ་འགྲམ་བསིལ་སར་བསྡད་པ་དང༌། སྤྱོད་ལམ་དལ་བར་བསྡད་པ། བད་ཀན་གྱི་ནད་ལ་སྤྱོད་ལམ་རྩོལ་བཅག་ཉི་མར་བསྲོ་བ་དང༌། གནས་དྲོ་ས་བསྟེན་པ་བཅས་སྤྱོད་ལམ་ལ་དྲུག་གོ།

སྨན་གྱི་གཉེན་པོ། རླུང་ནད་སེལ་བའི་སྨན་གྱི་རོ་ནི་མངར་བ་བུ་རམ་ལྟ་བུ་དང༌། སྐྱུར་བ་ཆང་རྒན་ལྟ་བུ། ལན་ཚྭ་བ་རྒྱམ་ཚྭ་ལྟ་བུ་སྟེ་གསུམ། ནུས་པ་སྣུམ་པ་ཨར་ནག་ལྟ་བུ་དང༌། ལྕི་བ་ཁ་རུ་ཚྭ་ལྟ་བུ། འཇམ་པ་ཀ་ཀ་རི་ལྟ་བུ་སྟེ་གསུམ། མཁྲིས་པ་སེལ་བའི་སྨན་གྱི་རོ་ནི་མངར་བ་རྒུན་འབྲུམ་ལྟ་བུ་དང༌། ཁ་བ་གསེར་མེ་ལྟ་བུ་བསྐ་བ་ཙན་དན་དཀར་པོ་ལྟ་བུ་སྟེ་གསུམ། ནུས་པ་བསིལ་བ་ག་བུར་ལྟ་བུ་དང༌། སླ་བ་དོང་ག་ལྟ་བུ་རྟུལ་བ་ཅུ་གང་ལྟ་བུ་སྟེ་གསུམ། བད་ཀན་སེལ་བའི་སྨན་གྱི་རོ་ནི་ཚ་བ་ན་ལེ་ཤམ་ལྟ་བུ་དང༌། སྐྱུར་བ་སེ་འབྲུ་ལྟ་བུ། བསྐ་བ་བ་རུ་ལྟ་བུ་སྟེ་གསུམ། ནུས་པ་རྣོ་བ་རྒྱ་ཚྭ་ལྟ་བུ་དང༌། རྩུབ་པ་སྟར་བུ་ལྟ་བུ། ཡང་པ་ཙི་ཏྲ་ཀ་ལྟ་བུ་གསུམ་སྟེ་རོ་ནུས་བསྡོམས་པས་བཅོ་བརྒྱད་དོ། །གོང་དུ་བཤད་པའི་རོ་ནུས་དེ་ལ་སྦྱོར་བ་ཞི་བྱེད་དང་སྦྱོང་བྱེད་གཉིས་སུ་ཡོད་པ་ལས། ཞི་བྱེད་ནི་རླུང་གི་ནད་ལ་ཁུ་བ་དང་སྨན་མར་གཉིས། མཁྲིས་པའི་ནད་ལ་ཐང་དང་ཅུར་ནིས་བསྟེན་པ་གཉིས། བད་ཀན་གྱི་ནད་ལ་རིལ་བུ་དང་ཏྲེས་སམ་སྦྱར་བ་གཉིས་བཅས་ཀྱིས་བསྟན་པ་ཡིན།

ཞི་བྱེད་རླུང་སེལ་བའི་ཁུ་བ་བསྟན་པ་ནི། སྲེ་ལོང་སོགས་བསྡུས་པའི་རུས་ཁུ་དང༌། ཤ་མར་བུ་རམ་ཆང་རྙིང་སྟེ་བཅུད་བཞིའི་ཁུ་བ། ལུག་མགོ་རྙིང་པར་བྱས་པའི་མགོ་ཁྲོལ་གྱི་ཁུ་བ་སྟེ་གསུམ། ཞི་བྱེད་རླུང་སེལ་བ་སྨན་མར་ལ་ཛཱ་ཏིས་གཙོར་བྱས་པའི་སྨན་མར་དང༌། སྒོག་སྐྱས་གཙོར་བྱས་པའི་སྨན་མར་འབྲས་བུ་གསུམ་གྱིས་གཙོར་བྱས་པའི་སྨན་མར། རྩ་བ་ལྔས་གཙོར་བྱས་པའི་སྨན་མར། སྨན་ཆེན་གྱིས་གཙོར་བྱས་པའི་སྨན་མར་ཏེ་ལྔའོ། །ཞི་བྱེད་

མཁྲིས་པ་སེལ་བ་ཐང་བསྟན་པ་ནི། མ་ནུས་གཙོར་བྱས་པའི་ཐང་དང༌། སླེ་ཏྲེས་ཀྱིས་གཙོར་བྱས་པའི་ཐང༌། ཏིག་ཏས་གཙོར་བྱས་པའི་ཐང༌། འབྲས་བུ་གསུམ་གྱིས་གཙོར་བྱས་པའི་ཐང་སྟེ་བཞི། ཞི་བྱེད་མཁྲིས་པ་སེལ་བ་ལ་ཅུར་ནིས་སམ་ཏྲེས་སམ་ཞེས་པ་ནི་ཕྱེ་མ་ལ་འཇུག་པས་དོན་གཅིག་མིང་གི་རྣམ་གྲངས་ཡིན། ག་བུར་གྱིས་གཙོར་བྱས་པའི་ཕྱེ་མ་དང༌། ཙན་དན་དཀར་པོས་གཙོར་བྱས་པའི་ཕྱེ་མ། གུར་གུམ་གྱིས་གཙོར་བྱས་པའི་ཕྱེ་མ། ཅུ་གང་གིས་གཙོར་བྱས་པའི་ཕྱེ་མ་སྟེ་བཞིའོ། །ཞི་བྱེད་བད་ཀན་སེལ་བ་རིལ་བུ་བཟོ་ཆགས་བྱེད་ཚུལ་བསྟན་པ་ནི། བཙན་དུག་གིས་གཙོར་བྱས་པའི་རིལ་བ་དང༌། ཁ་རུ་ཚྭ་སོགས་ཚྭ་སྣ་རྣམས་ཀྱིས་གཙོར་བྱས་པའི་རིལ་བུ་སྟེ་གཉིས། ཞི་བྱེད་བད་ཀན་སེལ་བ་ཏྲེས་སམ་སྟེ་ཕྱེ་མ་ལ་སེ་འབྲུས་གཙོར་བྱས་པའི་ཏྲེས་སམ་དང༌། དྭ་ལིས་ཀྱིས་གཙོར་བྱས་པའི་ཏྲེས་སམ། རྒོད་མ་ཁའི་སྦྱོར་བའི་ཏྲེས་སམ། ཚྭ་བསྲེགས་ཀྱི་སྦྱོར་བའི་ཏྲེས་སམ། ཅོང་ཞི་བསྲེགས་པའི་ཐལ་སྨན་གྱི་ཏྲེས་སམ་བཅས་ལྔ་སྟེ་ཞི་བྱེད་ལ་ཉེར་གསུམ་མོ། །

སྦྱོང་བྱེད་ནི་རླུང་གི་ནད་ལ་འཇམ་རྩི་དང༌། མཁྲིས་པ་ལ་བཤལ། བད་ཀན་ལ་སྐྱུགས་ཀྱིས་སྦྱང་བ་བཅས་བསྟན་པ་ཡིན། སྦྱོང་བྱེད་རླུང་སེལ་བ་འཇམ་རྩི་བསྟན་པ་ནི། སླེ་འཇམ་འཕོངས་ལ་སྨན་ལྡུགས་ཚུལ་དང༌། བཀྲུ་འཇམ་ཉལ་ནས་རྐང་མཐིལ་བརྡུང་བ། བཀྲུ་མ་སླེན་རྐང་གཉིས་མཁར་གཏད་གསིག་པ་སྟེ་གསུམ། སྦྱོང་བྱེད་མཁྲིས་པ་སེལ་བ་བཤལ་བསྟན་པ་ནི། སྤྱི་བཤལ་སྔོན་འགྲོ་མཁན་པ་སྦང་མས་ལུས་བཀྲུ་ཚུལ་དང༌། སྒོས་བཤལ་སྨན་འཐུང་ཁ་བཤལ་ཚུལ། དྲག་བཤལ་སྐྱུགས་པ་བཀག་ཚུལ། འཇམ་བཤལ་ཕོ་བར་དུགས་རྒྱག་ཚུལ་ཏེ་བཞི། སྦྱོང་བྱེད་བད་ཀན་སེལ་བ་སྐྱུགས་བསྟན་པ་ནི། དྲག་སྐྱུགས་པུས་མོ་ཕོ་གསང་དུ་བཙུགས་ཙོག་པུར་བསྡད་པ་དང༌། འཇམ་སྐྱུགས་གོས་ཀྱིས་བྱིབས་ཙོག་པུར་བསྡད་པ་གཉིས་བཅས་བསྒྲིལ་བས་སྦྱོང་བྱེད་ལ་དགུའོ། །

དཔྱད་ཀྱི་གཉེན་པོ། རླུང་གི་དཔྱད་ལ་ཏིལ་མར་ལ་སོགས་པའི་བསྐུ་མཉེ་དང༌། གོ་སྙོད་སྣུམ་ལྡན་ཕྱིང་པས་གྲིལ་ཏེ་ཧོར་གྱི་མེ་བཙའ་གདབ་པ་སྟེ་གཉིས། མཁྲིས་པའི་དཔྱད་ལ་གོས་ཀྱིས་བྱིབས་རྔུལ་དབྱུང་བ་དང༌། གཏར་ག་རྒྱག་པ། ཆུའི་འཕྲུལ་འཁོར་ཏེ་ཆུ་བསིལ་བཟེད་དམ་དུ་བླུགས་ནས་ལུས་བཟེད་པ་སྟེ་གསུམ། བད་ཀན་གྱི་དཔྱད་ལ་ཚྭ་མེར་བསྲོས་ཏེ་ཕོ་བར་དུགས་བྱེད་པ་དང༌། ཚིགས་སུ་མེ་བཙའ་འཇོག་པ་གཉིས་ཏེ་དཔྱད་ལ་བདུན་ནོ། །དེ་ལྟར་བསྡོམས་པས་ཟས་ལ་སོ་ལྔ་དང༌། སྤྱོད་ལམ་ལ་དྲུག སྨན་ལ་ལྔ་བཅུ། དཔྱད་ལ་བདུན་བཅས་བསྒྲིལ་བས་གསོ་ཐབས་དགུ་བཅུ་རྩ་བརྒྱད་པོ་འདི་ཉིད་བར་བར་དུ་ཡེངས་པ་མེད་པར་སྨན་པས་སྦྱར་ཞིང༌། ནད་པས་གུས་པ་དང་བཅས་ཏེ་ལེ་ལོ་མེད་པར་བརྩོན་པས་བསྟེན་ན་ནད་རིགས་མཐའ་དག་གི་འདམ་རྫབ་བམ་སྡུག་བསྔལ་གྱི་རྒྱ་མཚོ་ལས་མྱུར་དུ་གྲོལ་བར་འགྱུར་རོ།། །།

མཐའ་མའི་འདོན་ཐེངས་།: 16.11.2013 ཉིན། 4:16 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།