དཔལ་ལྡན་ཕ་ཁོལ་གྱིས་སྨན་སྤེལ་ཚུལ། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 27.01.2022 |
དཔལ་ལྡན་ཕ་ཁོལ་གྱིས་སྨན་སྤེལ་ཚུལ།
དེའི་སློབ་མར་གསོ་དཔྱད་རང་ལུགས་སུ་བཞེད་པ་དཔལ་ལྡན་ཕ་ཁོལ་ནི། འཇམ་དཔལ་རྩ་རྒྱུད་རབ་འབུམས་[འབྱམས་]སོ་དྲུག་པ་ལས། ཉམས་དགའ་གྲོང་འཁྱེར་རྒྱལ་པོའི་ཁབ། །འོད་མའི་ཚལ་གྱི་ས་སྟེང་དུ། །སློབ་མའི་ཚོགས་དང་ལྷན་གཅིག་ཏུ། །ཇི་ལྟར་བདེ་བར་ང་བཞུགས་ཚེ། །བྱ་རོག་གཅིག་གི་ཐལ་བཏང་ཡང་། །ང་ལ་སེམས་ནི་དད་བྱས་ནས། །ལུས་ཞིག་ནས་ནི་མཐོ་རིས་སོང་། །ལྷ་རྣམས་ལས་ནི་ཤི་འཕོས་ནས། །མི་ཡི་ནང་དུ་སྐྱེས་ནས་ཀྱང་། །ང་ཡི་བསྟན་ལ་རབ་ཏུ་བྱུང་། །ཡོན་ཏན་ལྡན་ཞིང་ཚུལ་ཁྲིམས་ལྡན། །མང་དུ་མཐོས་ཤིང་མཆོས་ཀྱང་སྨྲ། །མ་ཁོལ་ཞེས་བྱའི་བརྟུལ་ཞུགས་ཅན། །དེ་ནི་དེ་ཚེ་འབྱུང་བར་འགྱུར། །ང་ལ་ཇི་བཞིན་བསྟོད་པས་མཆོད། །རྣམ་པ་སྣ་ཚོགས་དེ་དག་གིས། །ལེགས་པར་དཔྱད་ལ་རབ་བྱེད་པའོ། །བློ་ལྡན་དེ་ནི་མཐར་གྱིས་ཀྱང་། །ཐམས་ཅད་མཁྱེན་པ་བྱང་ཆུབ་ཐོབ། །ཅེས་ལུང་བསྟན་པ་ལྟར་འཁྲུངས་ཡུལ་འབྲུག་པ་པད་དཀར་ལྷོ་ཕྱོགས་སུ་བཞེད་པར་ཐ་སྙད་ཆེར་མ་མཐོང་རུང་། བུ་སྟོན་དང་ཇོ་ནང་པ་སོགས་མཁས་པ་ཕལ་ཆེར་ཤར་ཕྱོགས་སུ་བཞེད་པ་བཞིན་རང་གི་སྔ་རྩོམ་གཡའ་སེལ་དུའང་ཡོད་རུང་། སྔ་རབས་ཞང་སྟོན་ཞིག་པོའི་རྒྱལ་མཚན་རྩེར་འབར་དུ་སློབ་དཔོན་འདིའི་སྐྱེ་བ་སྔ་མ་ཤར་ཕྱོགས་སུ་འཁྲུངས་ཏེ་ནགས་ལ་གནས་པའི་དགེ་སློང་ཞིག་ལ་ཡན་ལག་བརྒྱད་པའི་ཁྲིམས་བླངས་ཏེ་བསྲུང་བའི་ཚེ། ནུབ་ཕྱོགས་པའི་ཕྱི་རོལ་པ་འགས་དབང་ཕྱུག་ཆེན་པོ་ལ་བསྟོད་ཅིང་བསྔགས་པས་དེའི་རྗེས་སུ་སོང་སྟེ་དབང་ཕྱུག་གིས་རྗེས་སུ་འཛིན་པའི་སྨོན་ལམ་བཏབ། ཡན་ལག་བརྒྱད་པའི་ཁྲིམས་ཉམས། ཚེ་འཕོས་པ་ངན་སོང་དུ་སྐྱེས། སྡིག་པ་རགས་པ་བྱང་ནས་ནུབ་ཕྱོགས་ཁ་ཆེའི་གྲོང་འཁྱེར་དུ་འཁྲུངས་པར་བཤད་འདུག་པ་དང་། གཤམ་དུ་གསལ་བ་བཞིན་ཁ་ཆེ་ཟླ་མངོན་གྱི་མེས་པོ་ཡིན་དགོས་པ་སོགས་ནས་ནུབ་ཕྱོགས་ཁ་ཆེར་ཀཥྞི་ཀའི་ཕོ་བྲང་དང་ཉེ་བར་བྲམ་ཟེ་ཚེའི་རིག་བྱེད་ཡན་ལག་བརྒྱད་ལ་བྱང་ཆུབ་པ་སྨན་པ་ཆེན་པོ་སིངྒྷ་གུ་ཧྱ་སྟེ་སེང་གེ་སྦས་པ་དང་དགེ་འདུན་གསང་བ་འགྱུར་གྱི་བཞེད་པ་གཉིས་ལས་དེ་ལྟ་བསྒྲུབས་ནས་སེང་གེ་གསང་བར་བདེ་བ་དང་། ཡུམ་རཏྣསི་ངྔྷི་སྟེ། བདེ་ལྡན་མའམ་ད་ལྟ་བསྒྲུབས་ན་རིིན་ཆེན་དངོས་གྲུབ་ཅེས་བྱ་བའི་སྲས་སུ་བལྟམས་། ལྷུམས་སུ་ཞུགས་པའི་ཚེ་ཡུམ་ནམ་མཁའ་ལ་འཕུར་བ་སོགས་ངོ་མཚར་བའི་ལྟས་དུ་མ་བྱུང་བ་བྲམ་ཟེ་མཚན་མཁན་ལ་བསྟན་པས། མཛེས་ཤིང་སྨན་གྱི་བུམ་པ་ཐོགས། །དགའ་བའི་ཚུལ་གྱིས་ལྟ་བྱེད་ཅིང་། །དྲི་ཞིམ་མདངས་དང་ལྡན་གྱུར་པས། །ཟུག་རྔུ་སེལ་བྱེད་རྒྱལ་གྱུར་ཅིག །ཅེས་བརྗོད་ནས་མིང་བདུད་རྩི་བུམ་པར་བཏགས། བསྐྱེད་བསྲིངས་ཏེ་གཟུགས་མཛེས་ཡབ་ཡུམ་ལ་གུས་པས་ཕ་ཁོལ་མ་ཁོལ་དང་། རིང་པོར་མ་ཐོགས་པར་བྲམ་ཟེའི་ཆོས་རིག་བྱེད་བཞི་དང་། རིག་བྱེད་ཀྱི་ཡན་ལག་བཞི། ཉེ་བའི་ཡན་ལག་བཞི། ལས་དྲུག་ལ་སོགས་པ་མཁས་པར་བྱེད་པ་ལ་མ་ཏི་ཙི་ཏྲ་སྟེ་བློ་གྲོས་བཀྲ་བར་གྲགས། ཁྱད་པར་ཡབ་ལ་[ལས་]གསོ་བ་རིག་པ་བསླབས་པས་ཚེགས་མེད་དུ་མཁྱེན་པས་ཡབ་ཀྱིས། ཀ་ལིང་ཀ་ནི་དམག་གི་བདག །ག་གོན་བཟང་པོ་ནོར་གྱི་བདག །མཛེས་མ་འོད་ལྡན་ཚལ་གྱི་བདག །དཔལ་ལྡན་དཔའ་བོ་སྨན་གྱི་བདག །ཅེས་དཔའ་བོར་ཐོགས། ཡུམ་སངས་རྒྱས་ཀྱི་བསྟན་པ་ལ་གུས་པས་ནན་གྱིས་བསྐུལ་ཡང་སྟོན་པའི་དབུར་བྱ་ཐལ་བཏང་བའི་རྟེན་འབྲེལ་དང་ཤར་ཕྱོགས་སུ་འཁྲུངས་དུས་ཀྱི་སྨོན་ལམ་གྱི་དབང་ལས་ཕྱི་བ་མུ་སྟེགས་ཀྱི་གྲུབ་མཐའ་ལ་ཞུགས་གསུང་སྙན་པས་མིང་རྟ་དབྱངས་སུ་གྲགས། མུ་སྟེགས་རྟག་པར་སྨྲ་བའི་ལུགས་ལ་མཁས་པར་སྦྱངས། དབང་ཕྱུག་ཆེན་པོའི་རྟེན་ལིངྒི་ཤྭ་ར་རབ་ཏུ་གྲུབ་པ་ནུབ་ཕྱོགས་ཨོ་རྒྱན་དུ་ཡོད་པ་དེར་འབྱོན་པར་བརྩམས་པ་ཡབ་ཡུམ་གྱིས་བཤོལ་བཏབ་པ་མ་གསན་པས་ཕ་ཁོལ་མ་ཁོལ་དུ་གྲགས། རྟེན་དེའི་དྲུང་ཁྲུས་ཀྱི་རྫིང་བུ་ལ་ཁྲུས་བྱས་ཏེ་རྩྭ་དང་ལོ་མའི་སྟན་ལ་འདུགའབྲས་ཆན་གསོལ། དབང་ཕྱུག་མ་འགྲུབ་ཀྱི་བར་གནས་འདི་ནས་མི་ལྡང་ཞིང་། །འབྲས་ཉག་ར་ཙམ་མི་ཟ། ཆུ་ཐིགས་གཅིག་ཙམ་ཡང་མི་འཐུང་བར་དམ་བཅས་ཏེ་བརྩོན་པ་ཆེན་པོས་བསྒྲུབས་པས་ཞག་བདུན་གྱི་ཐ་མར་ཞལ་དངོས་སུ་བསྟན་ཏེ། དངོས་གྲུབ་ཅི་འདོད་གསུང་བར། ཕྱོགས་ལས་རྣམ་པར་རྒྱལ་བར་འདོད་ཞུས་པས། ཚངས་པ་ཁྱབ་འཇུག་དབྱངས་ཅན་མ་གསུམ་གྱི་གྲོགས་གྱིས། དེས་ཀྱང་མ་ཐུབ་ན་ང་རང་སྙིང་ལ་བབ་ནས་རྩོད་ཀྱི། ཅིས་ཀྱང་རྒྱལ་པར་མ་ནུས་ན་ཁ་ནས་ཞེ་སྡང་གི་མེ་ཕྱུངས་ཏེ་བསྲེག་གོ། ཞེས་མངལ་སྐྱེས་གང་གིས་ཀྱང་མི་ཐུབ་པའི་དངོས་གྲུབ་ཏུ་དབྱངས་ཅན་མས་སྲིང་མོ་པཎྜི་ཏ་སྒྲ་ཚད་ལ་མཁས་པ་དང་། ཚངས་པས་ནེ་ཙོ་པཎྜི་ཏ་སྒྲ་མཁས་པ། ཁྱབ་འཇུག་གི་ཐོད་ལེ་ཀོར་པཎྜི་ཏ་སྒྲ་ཚད་ཀྱི་ཡི་གེ་རང་བྲིས་འོང་བ་སྟེ་རྣམས་པ་གསུམ་བྱིན་ཏེ་ནང་པ་སངས་རྒྱས་པའི་བསྟན་པ་མིང་གི་ལྷག་མར་གྱིས་ཤིག་གསུངས་པ་ལྟར་ནུབ་ཕྱོགས་ཀྱི་པཎྜི་ཏ་རྣམས་དང་རྩོད་པས་རྒྱལ་ཏེ་ནང་པའི་བསྟན་པ་བསྣུབས་ཕྱི་བའི་རིང་ལུགས་སུ་བསྒྱུར་པས་ནག་པོ་ཐུབ་རྒྱལ་དུ་གྲགས། མའི་གམ་དུ་ཕྱིན་པ་ན། སྒྲོལ་མའི་རས་བྲིས་ཤིག་ལ་མཆོད་པ་བྱེད་པ་མཐོང་སྟེ། འདི་གང་ཡིན་དྲིས་པས་ནང་པའི་ལྷའོ་སྨྲས་པས། ད་རུང་ནང་པ་ཡོད་དམ་ཟེར། བུ་ནང་པ་སངས་རྒྱས་པའི་བསྟན་པ་ནི་རྟའི་ལུས་དང་འདྲ་སྟེ། ཁྱོད་ཀྱིས་ཕམ་པར་བྱས་པ་ནི་ནུབ་ཕྱོགས་མཐའ་འཁོར་བ་སྟེ་རྟའི་རྣ་བ་ཙམ། ཕྱོགས་དབུས་གཞན་མཐའ་དག་ནང་པས་གང་ངོ་སྨྲས་པས། ལྷོ་ཕྱོགས་སུ་ཡང་འགྲོ་བར་བརྩམས་པ་ན། མའི་བསམ་པ་ལ་ལྷོ་ཕྱོགས་པས་ཀྱང་མ་ཐུབ་དོགས་ཏེ། རྩོད་པའི་གྲགས་པ་ཐོབ་པར་འདོད་ན་ཡུལ་དབུས་འགྱུར་ཚལ་ཉིད་དུ་སོང་ལ་མཁས་པའི་མཐུ་ཐོབ་པ་ནམ་མཁའི་སྐར་ཚོགས་ལྟ་བུ་ཡོད་ཀྱི། དེ་དག་དང་རྩོད་པའི་རྒྱལ་རྔ་སྒྲོགས་ཤིག་པར་བསྐུལ་པ་ལྟར་འཁོར་དང་བཅས་ཏེ་བགྲོད་པ་ལས། ནཱ་ལེནྡྲ་དང་ཉེ་བའི་ཆར་[སར་]བུ་མོ་ཆུའི་བུམ་པ་སྤྱི་བོར་བཀོད་ནས་ལག་པ་གཉིས་རྐེད་པར་བཞག་སྟེ་འགྲོ་བ་དང་ཕྲད། གཙུག་ལག་ཁང་ནཱ་ལེནྡྲ་གང་ན་ཡོད་དྲིས་པས། དེ་ན་རེ། བླུན་པོ་མཐའ་འཁོབ་པ་ཚིག་གི་བརྗོད་པས་ཕོངས་པ་ཁྱོད་ཅི་ཟེར། མཁས་པ་བྱེ་བའི་བསྟི་གནས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ཟེར་མོད་ཅེས་ཚིག་བརྡུངས་བཏང་བས་ཡིད་ལ་ཁུ་འཕྲིག་[འཁུ་འཕྲིགས་]ཆེར་སྐྱེས། འོན་ཀྱང་ནཱ་ལེནྡྲའི་གནས་གནྡྷོ་ལ་ཆེན་པོ་བདུན། ལྷ་ཁང་བཅུ་བཞིས་བརྒྱན་པ། པཎྜི་ཏ་སྟོང་དང་ལྔ་བརྒྱ་འདུ་བ་དེར་སླེབ་སྟེ་དགེ་འདུན་རྣམས་ལ་ང་མུ་སྟེགས་ཐུབ་དཀའ་ནག་པོ་ཡིན་ཏེ། སྔར་ནུབ་ཕྱོགས་ཀྱི་ནང་པ་རྣམས་རྩོད་པས་ཕམ་པར་བྱས། དགེ་སྦྱོང་གོའུ་ཏ་མའི་རྟགས་ཕྱུངས་ནས་ཕྱི་བའི་རྟགས་རལ་བ་དང་རི་དྭགས་པགས་པ་དབྱིག་པ་དང་རིལ་བ་སྤྱི་་བླུགས་ཐལ་བའི་ཚོན་རིས་དག་གིས་སྤྲས་པར་བསྒྱུར་པ་ནི་ངའི་འཁོར་ན་ཡོད་པ་འདི་དག་ཡིན་ལ། ད་ཁྱེད་ཅག་དང་རྩོད་ལ་ངེད་ཕམ་ན་འཁོར་བཅས་གངྒཱའི་ཆུར་མཆོང་ཞིང་། ཁྱོད་རྣམས་ཕམ་ན་མུ་སྟེགས་ཀྱི་ཆོས་ལུགས་སུ་བསྒྱུར་རོ་ཞེས་སྨྲ་ཞིང་དོན་དེའི་ཡི་གེ་སྡེབ་ལེགས་ཚིག་གི་སྲད་བུར་བརྒྱུས་པ་ནཱལེནྡྲའི་སྒོ་བཞིར་སྦྱར་ཏེ་རྩོད་པར་བརྩམས་པ་ན། དེར་འཁོད་[འཁོར]ཀུན་གྱིས་ཐུབ་པར་མི་ནུས་པར་ཤེས་ཏེ་གཎྜིའི་སྒྲས་བསྡུས་ནས་གསད་[གསང་]གྲོས་བཏབ་པས། གང་བཅོམ་ལྡན་འདས་ཀྱིས་མདོ་སྡེ་དྲི་མ་མེད་པ་ནས་ལུང་བསྟན་པའི་མུ་སྟེགས་རྟ་དབྱངས་སུ་གྲགས་པ་ནི་འདི་ཡིན་པས། རྫུས་སྐྱེས་འཕགས་པ་ལྷ་མ་གཏོགས་གང་གིས་ཀྱང་འདུལ་པར་མི་ནུས་པས་སྤྱན་འདྲེན་དུ་གཏོང་དགོས་ཞེས་བསྒོས་པ་དང་། ཁ་ཅིག་རྨི་ལམ་དུ་རྨིས་པར་བཤད་པ་གང་ལྟར་ལྷོ་ཕྱོགས་དཔལ་གྱི་རི་ལ་འཕགས་པ་ཀླུ་སྒྲུབ་དང་། དེའི་སློབ་མ་པདྨ་ལས་བརྫུས་ཏེ་འཁྲུངས་པ་འཕགས་པ་ལྷ་གཉིས་དབུས་ཀྱི་པཎྜི་ཏ་རྣམས་ཀྱིས་སྦྲན་པར་བརྩམས་པ་རྟ་དབྱངས་ཀྱིས་ཤེས་ཏེ་རེ་ཞིག་ཕྱི་བ་ནང་དུ་མི་འགྲོ་ནང་པ་ཕྱིར་མི་འགྲོ་ཞེས་སྒོ་ལ་ཉལ་ནས་འགྲུལ་བཅད། དགེ་འདུན་རྣམས་གདུགས་ཚོད་གསོལ་བར་སྒོ་བརྡེག་ཅིང་དེར་དགེ་འདུན་རྣམས་ཀྱིས་སློབ་དཔོན་ཡབ་སྲས་སྤྱན་འདྲེན་ལ་རྐང་པས་ཕྱིན་ན་རྩོད་པའི་དུས་ཚོད་ལ་མི་སླེབ། བསྟན་པའི་གག་ལ་ཐུག་པའི་གལ་བོ་ཆེར་བསམ་ཏེ། པཎྜི་ཏ་སྟོང་དང་ལྔ་བརྒྱའི་གཙུག་གི་ནོར་བུ་བྷིཀྵ་མ་ཧཱ་སྛ་བཱིར་ན་གནྡྲོ་གུ་བྟི་ཞེས་བྱ་བས། རྒྱལ་བའི་བསྟན་པ་ལ་རྗེས་སུ་སེམས་པའི་དབང་ལས་སྤྱན་ཆབ་གཡོ་བའི་ངང་ནས། ཀྱེ་མ་བསྟན་པའི་ཤིང་རྟ་ནི། །མུ་སྟེགས་རྒོལ་པའི་འདམ་དུ་བྱིངས། །འདི་ན་ནུས་བྲལ་སྟོབས་ཟད་གྱུར། །ཁྱེད་ཅག་ཁུར་ཡིན་ཕྲག་པར་ལོང་[ལོངས]། ཞེས་སོགས་ཀྱི་འཕྲིན་ཡིག་མྱུར་བར་བྲིས་ནས་གཏོར་མའི་སྣོད་ནང་དུ་བཞག་པ་དང་། ནག་པོ་ཆེན་པོའི་སྐུ་བརྙན་གྱི་ཐུགས་ཀ་ནས་བྱ་རོག་ཞིག་ཐོན་ཏེ་འཕྲིན་ཡིག་མཆུས་ཁྱེར་ནས་སྐད་ཅིག་ལ་དཔལ་གྱི་རིར་སླེབས་པ་ན། སློབ་དཔོན་ཀླུ་སྒྲུབ་ཀྱིས་རྟ་དབྱངས་ཀྱིས་བསྟན་པ་ཉམས་པར་བྱས་ཡོད་འདུག་ད་བཟློག་པར་ང་འགྲོ་གསུངས་པས་འཕགས་པ་ལྷས་སློབ་དཔོན་གཤེགས་མི་ཚལ་བདག་གིས་འདུལ་གསུངས། ཁྱོད་ཀྱིས་ཐུབ་མིན་བལྟའོ་ཞེས་སློབ་དཔོན་གྱིས་རྟ་དབྱངས་ཀྱི་གྲུབ་མཐའ་བཟུང་འཕགས་པ་ལྷ་དང་རྩོད་པས་སློབ་དཔོན་རྒྱལ་ཞེས་དང་། ལ་ལར་དོན་ལ་འཕགས་པ་ལྷ་རྒྱལ་ཀྱང་། སློབ་དཔོན་ཉིད་ཕྱི་བའི་གྲུབ་མཐའ་ལ་ཤིན་ཏུ་མཁས་པར་དད་པ་ལོག་ཅེས་པ་ཇི་ལྟར་རུང། གང་ལྟར་མཆིལ་ལྷམ་བརྒྱབ་པ་སློབ་དཔོན་གྱི་སྤྱན་ལ་འཕོག དེ་མ་ཐག་འགྱོད་དེ་ཆད་པ་བཅད་དུ་གསོལ་བ་ན། དེའི་ཚེ་ཁྱོད་ཀྱི་བདག་ཕྱི་རོལ་བར་མཐོང་བ་ཡིན་པས་ཉེས་པ་ཆེར་མེད་མོད། འོན་ཏེ་ལམ་དུ་སློང་པ་པོ་བྱུང་ན་གང་ཡང་མ་ཆགས་པར་བྱིན་ཅིག་ཅེས་བཀའ་བསྩལ། མུ་སྟེགས་དེ་བདག་གིས་འདུལ་པར་མི་ནུས་སམ་དགོངས་པའི་ཚེ། སློབ་དཔོན་གྱིས་ཁྱོད་དེ་འདྲ་བའི་ཡིད་གཉིས་མི་དགོས་སྔོན་བདག་ཅག་གི་སྟོན་པ་འོད་མའི་ཚལ་ན་འཁོར་འདུས་པའི་དབུས་སུ་ཆོས་གསུང་བའི་དུས་བར་སྣང་ནས་ཕོ་རོག་ཅིག་གིས་དབུར་བྱ་ཐལ་དོར་ཀྱང་དད་པའི་སེམས་སྐྱེས་ཏེ་སོང་བས། དེར་འཁོད་[འཁོར]རྣམས་ཡིད་གཉིས་སུ་གྱུར་ནས་འདི་ཅིའི་ལྟས་ལགས་ཞུས་པས། བྱ་རོག་འདི་མ་འོངས་པ་ན་མུ་སྟེགས་ཐུབ་དཀའ་ནག་པོ་ཞེས་བྱ་བར་གྱུར་ནས་ངའི་བསྟན་པ་ལ་གནོད་པ་ཆེན་པོ་བྱེད་ཅིང་མངལ་སྐྱེས་གང་གིས་ཀྱང་འདུལ་བའི་གནས་མེད་པ་འབྱུང་ངོ་གསུངས། དེར་འཁོར་འདུས་པའི་ནང་ནས་ལི་ཙ་བྱི་ལག་ན་མེ་ཏོག་ཅན་བྱ་བའི་ཁྱེའུ་ན་རེ། བདག་དེའི་ཚེ་བརྫུས་ཏེ་སྐྱེས་ནས་མུ་སྟེགས་དེ་ཡང་དག་པར་བཏུལ། ནང་པའི་བསྟན་པ་ལ་འཛུད་པར་ཤོག་ཅེས་སྨོན་ལམ་བཏབ། སྟོན་པས་ཀྱང་མཐུན་འགྱུར་གནང་པའི་གང་ཟག་དེ་ཁྱེད་ཡིན་པས། ཁྱོད་རང་གི་སྨོན་ལམ་གྱི་དབང་གིས་དང་། བྱ་རོག་ཐར་དད་པའི་སེམས་སྐྱེས་པས་ཐུལ་ཏེ་ནང་པའི་བསྟན་པ་ལ་འཇུག་ཐུབ་པར་འདུག་སོང་ཞིག་གསུངས་པ་ལྟར། རྫུ་འཕྲུལ་གྱིས་བྱོན་པའི་ལམ་དུ་སའི་ལྷ་མོས་བྲམ་ཟེར་བརྫུས་ནས་སྤྱན་ཡ་གཅིག་བསླངས་པ་ལྟར་བྱིན། ནཱ་ལེནྡྲའི་ཆུ་ལེན་ལ་ང་འོངས་སོ་གྱིས་བྱས་པས། དེས་འཕྲིན་བསྐྱལ་པས་ཡིད་མ་ཆེས་ཆུ་ལུག་རྨིག་གང་མེ་ལོང་གི་ནང་དུ་བླུག་ནས་བསྐུར་བཏང་བས་དེས་ཁྲུས་བྱས་ཆུ་སྔར་བཞིན་མ་གོད་པར་བཏང་བས་ངོ་ཤེས་ཏེ་དེས་ཆུ་ལེན་གྱི་ཆ་ལུགས་སུ་བྱོས་ལ་བྱོན་ཅིག་ཞུས་པ་བཞིན་ནང་དུ་བྱིན་ཆུ་ལེན་དུ་བསྐོས་པ་རྣམས་ཕྱི་ནང་དུ་འགྲོ་བ་ན་མུ་སྟེགས་སྒོ་སྲུང་བར་ཕྱག་བྱ་དགོས་པ་ལ། སློབ་དཔོན་གྱིས་མུ་སྟེགས་དེའི་མགོ་བོ་རྡོག་པས་བརྫིས་ཀྱང་ནང་གི་ཏིང་ངེ་འཛིན་གྱི་ནུས་པས་རྒོལ་པར་མ་སྤོབས་ཏེ་དགེ་འདུན་གྱི་གྲལ་སྨད་དེར་བཞུགས་པ་དང་། གདུགས་ཚོད་གསོལ་དུས་རྟ་དབྱངས་ཀྱིས་བགྲངས་པས་གྲངས་ལྷག་ནས་སྔོན་མེད་ཀྱི་མགོ་ཟླུམ་པོ་ག་ལས་ཡོད་ཟེར་བའང་འབྱུང་སྟེ་ཡོངས་ཟེར་བ་དང་། ཡང་བཤད་ཁུངས་གཅིག་ལ་དཀར་ཐུག་འཐུང་ངམ་དམར་ཐུག་འཐུང་དྲིས་ཏེ་དཀར་ཐུག་འཐུང་བ་རྣམས་ལ་མགོར་དབྱུག་པ་བརྡེག་པ། འཕགས་པ་ལྷར་བརྡེག་པས་མགོ་ཟླུམ་དུ་མ་བརྡེག་གསུངས་པས་མགོ་ཟླུམ་ག་ནས་འོངས་ཟེར་བས། གཉིས་གའི་ལན་དུ་མགོ་ཟླུམ་པོ་སྐེའི་སྟེང་ནས་ཡོང་གསུངས་པས་ལན་མེད་པ་དང་རྟ་དབྱངས་ཀྱི་མཚུན་གཏོར་བྱེད་པའི་སར་བྱོན་ཏེ་ཅི་བྱེད་བྲིས་པས། སྔར་ཤི་བའི་ཕ་མེས་རྣམས་ལ་སྟེར་ཟེར། འོ་ན་ང་ཡང་ལྷོ་ཕྱོགས་དཔལ་གྱི་རིར་མེ་ཏོག་གི་ལྡུམ་རར་ཆུ་གཏོར་དགོས་བྱས་གཏོར་བས། དཔལ་གྱི་རི་ལ་འདི་ནས་གཏོར་བས་ཅི་ལ་ཕན་ཟེར་བ་དང་། འོ་ན་ཕ་མས་སྔར་ཤི་བ་ལ་ཆུ་ད་ལྟ་གཏོར་བས་ཅི་ཞིག་བྱ་ཞེས་པས་ལན་མེད། ཡང་བུམ་པ་གཅིག་མི་གཙང་བས་བཀང་ནས་ཕྱི་བཀྲུས་པས་ཁོ་ན་རེ། མི་གཙང་བ་ནང་དུ་ཡོད་པ་ལ་ཕྱི་བཀྲུས་པས་ཅི་ལ་ཕན་ཟེར། དེ་ལྟར་ན་སྡིག་པ་སེམས་ལ་ཆགས་པ་ལུས་བཀྲུས་པས་ཅི་ལ་ཕན་གསུངས་པས་རྩོད་པར་བོས་པ་དེ་ཡིན་པར་ཤེས་ནས། རྟ་དབྱངས་ཀྱིས་བྱེའུ་གཅིག་ཆང་བར་[ཆངས་བུར་]བཟུང་འདི་ཤིའམ་མ་ཤི་ཟེར། དེ་ཁྱོད་ལ་རག་ལས་སོ་ཞེས་བརྗོད་པས། ཐེམ་པའི་སྟེང་ན་འདུག་སྟེ་ང་ཕྱི་ན་འདུག་གམ་ནང་ན་འདུག་ཟེར། ཁྱོད་ཀྱི་སྤྱོད་ལམ་ལ་རག་ལས་གསུངས་པས་སྤོབས་པ་ལན་མེད་དུ་གྱུར། དགེ་འདུན་རྣམས་ཀྱིས་དབང་ཕྱུག་གིས་དངོས་གྲུབ་ལ་བསྩལ་པའི་གྲོགས་གསུམ་པོ་འདི་དང་འདི་འདུག་ཅེས་ཞུས། སྲིང་མོ་པཎྜི་ཏའི་གཉེན་པོ་འགའ་ཞིག་བོང་བུའི་ཕོ་མཚན་དུ་བཞེད་ནའང་དགེ་བསྙེན་ངོ་ཚ་མེད་པ། ནེ་ཙོ་ལ་བྱི་ལ། ཐོད་ལེ་ཀོར་ལ་མར་ནག་གསུམ་བསྔགས་པ་སྟ་གོན་མཛད། སང་རྩོད་པ་ངོ་བོ་བྱེད་པའི་ནུབ་དབུས་སུ་ཚར་གཅོད་རྗེས་འཛིན་གྱི་དཔང་བོ་རྒྱལ་པོ་སྙིང་པོ་ཐིག་ལེ། གཡས་སུ་སློབ་དཔོན་འཕགས་པ་ལྷ། གཡོན་དུ་མུ་སྟེགས་རྟ་དབྱངས་གསུམ་གྱི་ཁྲི་བཤམས། རྟ་དབྱངས་ཀྱི་ཁྲིའི་འོག་ཏུ་དབང་ཕྱུག་ཆེན་པོ་འཁོར་མི་ཐུབ་པའི་ཕྱིར་ཀྲད་སྙིང་[རྙིང་]ལ་སོགས་པ་མི་གཙང་བའི་རྫས་བཞགབདེན་རྫུན་ཤན་འབྱེད་དང་རྗེས་བརྗོད་ཀྱི་དཔང་བོ་སོགས་དང་བཅས་སང་ཉིན་ཚོགས་ནས་རྟ་དབྱངས་ཀྱིས་རལ་པ་བཏེག་སྟེ་མིག་གཅིག་བསྟན་པ་དང་། སློབ་དཔོན་གྱིས་ཞབས་མཐིལ་ནས་མིག་བསྟན་ཏེ། མིག་གསུམ་དྲག་པོས་མཐོང་མིན་ཞིང་། །མིག་སྟོང་ལྡན་པས་མཐོང་དཀའ་བའི། །ཨཱརྱ་དེ་བའི་མིག་གཅིག་གིས། །སྲིད་པ་གསུམ་གྱི་དེ་ཉིད་མཐོང་། །ཞེས་སྨྲ་བའི་སྒོ་སྙན་ཞིང་འཇེབས་པས་སངས་རྒྱས་ཀྱི་བསྟན་པའི་ཆེ་བ་རྒྱ་ཆེར་བརྗོད་དེ་བསྲུང་བའི་བསླབ་པ་མང་དུ་ཐོས་པའི་ནོར་སོགས་ལས་བརྩམས་ནས་སྒོ་ཕྱེ་བ་དང་། དེར་ཁོ་ན་རེ་ཁྱོད་ཀྱིས་ང་ཡི་རྩོད་ཟླ་མི་ཡོང་སྲིང་མོ་པཎྜི་ཏ་ཁྱོད་ཀྱིས་འདི་ཉིད་སུན་ཕྱུངས་ཤིག་བསྒོ་བ་ན། ཡིད་དབང་རབ་ཏུ་འཕྲོག་པའི་མཛེས་མ་དེས། །དྲི་མས་དྲི་མ་བཀྲུ་བ་ལྟའི། །འདོད་ལྡན་འདོད་པས་ཡིད་སྦྱོང་ལ། །ཡིད་བསྡུས་ཁྱེད་ཅག་མི་སྡུག་པའི། །སྐོམས་པས་ལུས་དབང་ཉམས་པར་བྱས། །ཞེས་སྒྲ་ཚད་སྤྱི་དང་བྱེ་བྲག་སྒྲ་རིག་པ་སྨྲ་བར་བརྩམས་པ་དང་། དགེ་བསྙེན་དེས་ཞུམ་པ་དང་བག་ཚ་བ་མེད་པར་སྨད་གོས་བསལ་ཏེ་དབང་པོའི་རྒྱལ་མཚན་སྒྲེངས་ནས་བསྟན་པས་དབང་ཕྱུག་གི་གྲུབ་མཐའ་བ་རྣམས་ཀྱི་འདུད་པའི་གནས་ཡིན་པའི་ཕྱིར་མཛེས་མས་ཚོགས་པའི་དབུས་སུ་ཕྱག་བྱས་པས། །དེར་འཁོད་ཐམས་ཅད་གད་མོས་ས་གཡོ་བ་བཞིན་དུ་གྱུར་ཏེ་སྤོབས་པ་ལན་མེད་དུ་སོང་། དེ་ནས་ཐུབ་དཀའ་ནག་པོ་བག་ཙམ་སྐྱེངས་ནའང་ནེ་ཙོ་པཎྜི་ཏ་ལ་སྔར་བཞིན་བསྒོས་པས་དེ་ན་རེ། །སྒྲ་ཉམས་ཕལ་བའི་ཁ་སྒོ་ཅན། །མིང་ཚིག་ཡི་གེའི་འབྱུང་ཁུངས་བྲལ། །ཚིག་བརྗོད་དམན་པས་དོན་མཚོན་ཕྱིར། །སྒྲའི་གནས་ལས་བསླབ་གནས་ཅི། །ཞེས་སྲིང་མོས་སྒྲ་ནས་སྨྲ་བར་བརྩམས་པ་ལ་ཉེ་ངན་པས་སྒྲ་ལ་སུན་ཕྱུང་ནས་ཚད་མ་ལས་སྨྲ་བར་བརྩམས་པའི་ཚེ། ཤིན་ཏུ་དྲེགས་ཤིང་རྒྱགས་པའི་བྱི་ལ་བཏང་བས་མཆོངས་པ་གཅིག་གིས་རྣོ་ངར་དང་ལྡན་པའི་སྡེར་མོས་བཟུང་སྟེ་མཆེ་བ་མི་བཟང་བས་ནེ་ཙོའི་སྐེ་བཅད་དེ་བཀུམ། ཐུབ་ཀ་ན་རེ། ཁྱེད་ཅག་ལས་འབྲས་མཁས་འཆེ་བཞིན་དུ་སྡིག་པ་བསགས་ཟེར་བ་དང་། འཕགས་པ་ལྷས་འདིའི་སྡིག་པ་བདག་གི་བླ་མ་ཀླུ་སྒྲུབ་ཀྱིས་སྦྱོང་བར་མཛད་དོ་གསུངས། ཁྱོད་ཀྱིས་བསགས་པའི་སྡིག་པ་ཀླུ་སྒྲུབ་ཀྱིས་སྦྱོང་པར་ག་ལ་ནུས་ཞེས་པས། འོ་ན་བྱི་ལས་ནེ་ཙོ་བསད་པའི་སྡིག་པ་ངེད་ལ་ཇི་ལྟར་འབྱུང་གསུངས་པས་སྨྲ་རྒྱུ་མ་བྱུང་། དེ་ནས་ཐོད་ལེ་ཀོར་པཎྜི་ཏ་ལ་སྔར་ལྟར་བསྒོ་བ་ན་དེ་ཉིད་སྐད་ཅིག་ལ་འཕར་ནས་སྒྲ་ཚད་ཀྱི་ཡི་གེ་རང་བྲིས་སུ་བྱུང་བ་ལ་མར་ནག་གི་བུམ་པ་བྱོ་བས་ཡི་གེ་ཟུབས་[བསུབས་]ཏེ་མི་སྣང་བར་གྱུར། སྔོན་དབང་ཕྱུག་གིས་བྱིན་གྱིས་བརླབ་པར་ཁས་བླངས་པའི་དོན་ཡིད་ལ་བསམས་ཏེ་བསམ་གཏན་ལ་གནས་ཀྱང་གྲད་[ཀྲད་]རྙིང་ལ་སོགས་པའི་རྫས་ཀྱིས་འཁོར་མ་ནུས། སྒྲ་ཚད་ལ་ལན་གསུམ་རྩོད་པས་ཕམ་ཡང་དྲེགས་པའི་དབང་གི་[གིས་]ཕམ་པར་ཁས་མ་བླངས་པར་རྗེས་བརྗོད་ཀྱི་དབང་པོས་རྗེས་བརྗོད་མ་ཡིན། བདེན་རྫུན་ཤན་འབྱེད་ཀྱི་དབང་པོས་ཤན་མ་ཕྱེད། དེའི་སྟོབས་ཀྱིས་རྒྱལ་པོས་ཀྱང་གཅོད་མ་ཤེས་པས་རྟ་དབྱངས་ཀྱིས་བླུན་སྤྱད་ལ་འདྲིའོ་ཟེར་བ་ལང་རྫིའུ་ལ་དྲིས་པར་སློབ་དཔོན་ཐབས་ལ་མཁས་པས་གླིང་བུ་འབུད་གིན་བྱོན་པ། བ་ལང་རྫི་རྣམས་བྱིས་པའི་རང་བཞིན་གྱི་གླིང་བུར་དགའ་སྟེ་སློབ་དཔོན་རྒྱལ་ཟེར། དེ་ནས་རྫུ་འཕྲུལ་འགྲན་པས་ཁྱེད་རང་ནམ་མཁར་དཀྱིལ་འཁོར་བྲིས་ངས་བསུབ། ཡང་ན་ངས་འབྲི་ཁྱེད་རང་བསུབས་ཞེས་པ་རྟ་དབྱངས་འབྲི་བཅུག་པ་འཕགས་པ་ལྷས་བསུབས། ཡང་ན་ངས་ནམ་མཁའ་ལ་འཕུར་ཡང་ན་ཁྱོད་འཕུར་ཟེར་བ། ཁྱོད་རང་འཕུར་གསུངས་པས་རྟ་དབྱངས་རྒྱང་རིང་ལ་འཕུར་བས། འཕགས་པ་ལྷས་ཡུམ་ཆེན་མོའི་སྐུ་ཤིན་ཏུ་ཆེ་བར་སྤྲུལ་ནས་པུས་མོའི་ལྷ་ངའི་སྟེང་ཕྱག་བཀབ་སྟེ་འཕུར་མ་བཅུགདེ་ལྟར་རྩོད་པ་དང་རྫུ་འཕྲུལ་གང་ཡང་འགྲན་མ་ནུས་ཤིང་དབང་ཕྱུག་སྙིང་ལ་ཞུགས་ནས་བྱིན་གྱིས་བརླབ་པར་ཁས་བླངས་པ་ཡང་མི་གཙང་བའི་རྫས་ཀྱིས་འཁོར་མ་ནུས་པས། ལྷ་དབང་རྫུན་གྱི་སྨྲ་བས་ནི། བདག་ཅག་མང་པོའི་དབུས་འདིར་བཀུམ། །རྩོད་པས་ཕམ་པ་བས་ཀྱང་གཞན། །ལྷ་ཡིས་བསླུས་པ་སྡུག་བསྔལ་ལོ། །ཞེས་སྨྲེ་སྔགས་བཏོན་པ་དང་། བཤད་ཁུངས་གཞན་ཞིག་ལ་དབང་ཕྱུག་མི་འཁོར་བའི་རྫས་ཡོད་པ་རྟ་དབྱངས་ཀྱིས་ཤེས་ཏེ་བཀྲོལ་ནས། དབང་ཕྱུག་ཆེན་པོ་སྙིང་ལ་ཞུགས་ནས་རྩོད་པ་དང་པོ་པཎྜི་ཏ་རྣམས་ཀྱི་གོ་བར་བྱུང་། གཉིས་པ་སིང་སིང་ཙམ་ལས་གོ་བའི་ཚིག་མ་ཐོན་ཏེ་སྤོབས་པ་དང་བྲལ། དབང་ཕྱུག་ཆེན་པོ་མིག་གསུམ་པར་བྱས་ཏེ་དབང་དུ་བསྡུ་བར་འདོད་པ་ན། སློབ་དཔོན་གྱི་པྲ་ཛྙྭ་པ་ར་མི་ཏ་སྤྱན་སྟོང་པར་སྤྲུལ། མཐར་ཁ་ནས་ཞེ་སྡང་གི་མེ་སྦར་ཏེ་བསྲེག་པར་འདོད་པ་ན། སློབ་དཔོན་གྱི་སྤྱན་རས་གཟིགས་ཆུ་རྒྱུན་གྱི་ཏིང་ངེ་འཛིན་ལ་བཞུགས་ཏེ་ཞབས་ཡུག་མཛད་པས་མི་སྣང་བར་གྱུར། དེར་འཕགས་པ་ལྷས། ཐུབ་དཀའ་བསམ་གཏན་གནས་ཐོབས་ཤིག །ཉི་དབང་ནུབ་རིའི་རྩེ་ལས་བརྒལ། །སྐྱེ་བོ་དག་ཀྱང་དུབ་པས་ཉེན། །སྨྲ་བ་ཉམས་ལས་གནད་[གནས]དོན་ཅི། །ཞེས་གསུངས་པ་དང་། དེར་འདུས་པའི་སྐྱེ་བོ་རྣམས་མགྲིན་གཅིག་ཏུ། མུ་སྟེགས་མིག་མངས་བློ་རྣོ་ཡང་། །ཤེས་བྱའི་ཆ་ཙམ་མཐོང་མ་ནུས། །ཨཱརྱ་དེ་ཝའི་སྤྱན་གཅིག་གིས། །གནས་དོན་ཕྲ་བའང་ཇི་བཞིན་གཟིགས། །ཞེས་ཆེད་དུ་བརྗོད་ཅིང་ཨ་ལ་ལ་དང་ག་ཞའི་སྒྲ་ཆེན་པོ་བསྒྲགས་པས་རྟ་དབྱངས་སྔར་གྱི་ང་རྒྱལ་ལས་སྐྱེངས་ནས་ཚངས་པའི་འཇིག་རྟེན་ལ་འགྲོའོ་སྙམ་ནམ་མཁར་འཕུར་ཏེ་བྲོས། འཕགས་པ་ལྷས་བདས་པས་ཟིན་པར་ཉེ་བ་དང་། ཁྱོད་འདི་ནས་ཡར་ལ་མ་འགྲོ་ཞིག་རླུང་སྤུ་གྲི་ཅན་གྱིས་ལུས་དུམ་བུར་གཏུབ་པ་ཡོད་པ་སུས་ཤེས་ཟེར། རལ་བ་གཅིག་འཕོངས་དང་གསུངས་པ་བཞིན་འཕངས་པས་སྐྲ་དུམ་བུར་སོང་བས་ཁོ་བྲེད་དེ་འགྲོ་མ་ནུས་པར་ཟིན། ཁྲིད་ནས་འོངས་རལ་བ་བྲེགས་ཤིག་བྱས་པས། ཁོ་ན་རེ་རལ་བ་འདྲེག་པ་ལས་ང་རང་གངྒཱར་འཆིར་འགྲོ་ཟེར་ཡང་རལ་བ་བྲེགས་ནས་བཀའ་སྡེ་སྣོད་བཞུགས་པའི་གཙུག་ལག་ཁང་གཅིག་ཏུ་བཅུག་སྟེ་སྒོ་ལྕགས་རྒྱབ་བཞག་པས། རྟ་དབྱངས་སྐྱོ་སྟེ་མདོ་རྒྱུད་བསྟན་བཅོས་ཁྱད་པར་ཅན་རྣམས་ལ་བལྟས་པས་རང་གི་ལྟ་བ་ལོག་པར་སྤྱད་པ་ནོར་བ་དང་། རྒྱུ་འབྲས་ཁྱད་བསད་ཀྱིས་དམྱལ་བར་སྐྱེ་བར་གོ་ནས་རང་གི་བྱ་བ་མ་ཡིན་པར་འགྱོད། ཉེས་པ་ལྕེས་བྱས་ལྕེ་གཅོད་ཟེར་སྤུ་གྲི་བླངས་པས་སྟེར་དུ་མ་བཅུག་དེ་ནུབ་རྨི་ལམ་ལ་སྔར་བྱས་ལ་འགྱོད་པ་སྐྱེས་ཀྱང་སྡིག་པ་མ་བྱང་། ད་ནང་པ་སངས་རྒྱས་པར་ཞུགས་ནས་ལས་རྒྱུ་འབྲས་སྟོན་པའི་བསྟན་བཅོས་བརྩམས་ན་སྡིག་པ་འདག་གོ་ཞེས་རྗེ་བཙུན་སྒྲོལ་མས་ལུང་བསྟན་པ་ལྟར་ལུས་ཀྱི་སྡིག་བཤགས་སུ་ཡན་ལག་བརྒྱད་པ་ཆེན་པོ། ཡན་ལག་བརྒྱད་པ་ལ་འཇུག་པ། ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ། དེའི་རང་འགྲེལ་དང་བཞི། ངག་གི་སྡིག་བཤགས་ལ་སྐྱེས་རབས། ཡིད་ཀྱི་སྒྲིབ་པ་སྦྱང་ཕྱིར་རྩ་ལྟུང། བསྔགས་འོས་བསྔགས་བསྟོད་སོགས་བསྟོད་པ་བརྒྱ་རྩས་མཚོན་རིག་པའི་གནས་ལྔའི་བསྟན་བཅོས་མང་དུ་མཛད་ཅིང་དེའི་ནང་ནས་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་རྩོམ་པའི་དུས་སུ། ས་གསུམ་དགེ་ལེགས་འགྱུར་བ་ཡི། །དགེ་བའི་ལྟས་ནི་སྣ་ཚོགས་བྱུང་། །ཞེས་གསུངས་པ་ལྟར་ས་འོག་ཀླུའི་ཡུལ་དུ་འོད་སྣ་ཚོགས་ཀྱི་ཁུག་སྣ་སྤྲིན་དུ་ཆགས་པ། དེ་ལས་བདུད་རྩིའི་ཆར་འབབ་པ། ཤིང་རྣམས་ལས་དུས་མིན་དུ་འབྲས་བུ་སྨིན་པ་གསུམ། ས་བླ་ལྷའི་ཡུལ་དུ་བ་དན་དང་རྒྱལ་མཚན་གཡོ་བ། དེ་ལས་འོད་ཟེར་འཕྲོས་ཏེ་ཕྱོགས་ཀུན་ཁྱབ་པ། མེ་ཏོག་གི་ཆར་འབབ་པ་གསུམ། ས་སྟེང་མིའི་ཡུལ་དུ་ས་གཡོ་བ། ཨུཏྤལའི་ཆར་འབབ་པ། དུག་གི་མེ་ཏོག་རྙིངས་པ། གསེར་གདུགས་རང་བཞིན་གྱིས་འཁོར་བ། དུང་རྣམས་རང་སྐད་འབྱིན་པ། ཤིང་གི་བཅད་མཚམས་ནས་འོ་མ་དང་སྦྲང་རྩི་འབབ་པ། ལུས་འཕགས་ཀྱི་རྒྱལ་པོ་ནོར་འཛིན་དམུས་ལོང་ལ་མིག་བྱུང་བ། ཡུལ་དབུས་འགྱུར་འཆང་གི་ཡམས་ནད་ཆད་པ། མུ་སྟེགས་ཀྱི་མཁན་པོ་ར་ལ་པ་ཏྲ་ང་རྒྱལ་ཆག་ནས་ལྟོ་བ་ས་ལ་སྦྱར་བ། རྫ་རྔ་ལས་རིག་སྔགས་ཀྱི་སྒྲ་འབྱུང་བ། དཀོན་མཆོག་གི་རྟེན་རྣམས་མདངས་དང་ལྡན་པ། ནང་པའི་པཎྜི་ཏ་རྣམས་ཀྱིས་ཤིས་པ་བརྗོད་པ་ལ་སོགས་པ་ས་གསུམ་དུ་རྩོམ་པའི་རྣམ་འཕྲུལ་བཅོ་བརྒྱད་གསལ་བར་བྱུང་བའི་བསྟན་བཅོས་འདིའི་ལེའུ་ལ་གནས་དྲུག་གི་དང་པོ་མདོ་གནས་ལེའུ་ཐོག་མས་བརྗོད་བྱ་ཡན་ལག་བརྒྱད། ནད་ཀྱི་ངོ་བོ། སྨན་སྨན་པ། ནད་པ་ནད་གཡོགསྤྱིའི་རྣམ་གཞག་[བཞག]ལེའུ་བརྒྱ་ཉི་ཤུའི་གྲངས་རྣམས་བསྟན་པས་རྩ་རྒྱུད་ལྟ་བུ་དང་། ལེའུ་གཉིས་པས་ཉིན་རེའི་སྤྱོད་པ། གསུམ་པས་དུས་སྤྱོད། བཞི་པས་ནད་མེད་བྱ་བ། ལྔ་པས་བཏུང་བའི་རྫས། དྲུག་པས་ཟས་ཀྱི་མཚན་ཉིད། བདུན་པས་ཟས་བསྡམ་ཚུལ། བརྒྱད་པས་ཟས་ཚོད་ཟིན་པ། དགུ་པས་སྨན་ལ་སོགས་པའི་ཚད། བཅུ་པས་རོ་རྣམས། བཅུ་གཅིག་པས་ནད་ཚུལ། བཅུ་གཉིས་པས་ནད་ཀྱི་བྱེ་བྲག །བཅུ་གསུམ་པས་ནད་གསོ་བ། བཅུ་བཞི་པས་གསོ་ཐབས་རྣམ་པ་གཉིས། བཅོ་ལྔ་པས་སྦྱང་བ་སོགས། བཅུ་དྲུག་པས་སྣུམ་བཅོས། བཅུ་བདུན་པས་དུགས། བཅོ་བརྒྱད་པས་རླན་[རློན]ཁྲུས། བཅུ་དགུ་པས་མས་བཏང་། ཉི་ཤུ་པས་སྣ་ནས་བཏང་བ། ཉེར་གཅིག་པས་དུད་པ། ཉེར་གཉིས་པས་མཁུར་བཀང་སོགས། ཉེར་གསུམ་པས་མིག་སྨན་བླུབས་[བླུགས]པ། ཉེར་བཞི་པས་མིག་གསོ་བ། ཉེར་ལྔ་པས་ཆ་བྱད། ཉེར་དྲུག་པས་གཏར་དཔྱད། ཉེར་བདུན་པས་གཏར་ག་གདབ་པ། ཉེར་བརྒྱད་པས་ཟུག་རྔུ་དབྱུང་བ། ཉེར་དགུ་པས་གཏར་ཁའི་[གའི]ལས། སུམ་ཅུ་པས་ཐལ་སྨན་རྣོན་པོ་དང་མེ་བཙའི་ཆོ་ག་བཅས་ལེའུ་སུམ་ཅུ། གནས་གཉིས་པ་ལུས་གནས་ལ་ལེའུ་དང་པོས་མངལ་དུ་འཇུག་པ་སོགས། གཉིས་པས་དེའི་ནད། གསུམ་པས་ཡན་ལག་གི་བྱེ་བྲག །བཞི་པས་ལུས་ཀྱི་གནད། ལྔ་པས་ལུས་ཀྱི་འགྱུར་བ། དྲུག་པས་ཕོ་ཉ་སོགས་ལེའུ་དྲུགགནས་གསུམ་པ་ནད་ཀྱི་གནས་ལ། ལེའུ་དང་པོས་ནད་གཞི། གཉིས་པས་རིམས། གསུམ་པས་ཁྲག་མཁྲིས་ལུད་པ། བཞི་པས་དབུགས་མི་བདེ། ལྔ་པས་གློ་གཅོང་ཟད་བྱེད་སོགས། དྲུག་པས་ཆང་ནད། བདུན་པས་གཞང་འབྲུམ། བརྒྱད་པས་ཚད་འཁྲུ། དགུ་པས་གཅིན་འགགས། བཅུ་པས་གཅིན་སྙི། བཅུ་གཅིག་པས་ཁོང་འབྲས་དང་སྐྲན། བཅུ་གཉིས་པས་རྨུ་རྫིངས[དམུ་རྫིང་]། བཅུ་གསུམ་པས་སྐྱ་རྦབ་འོར་མེ་དབལ། བཅུ་བཞི་པས་མཛེ་ཤ་བཀྲ་ཟ་གུ་[རྐོང་]སྲིན་བུ། བཅོ་ལྔ་པས་རླུང་། བཅུ་དྲུག་པས་དྲེག་ནད་རྣམས་ཀྱི་ནད་དམིགས་ཏེ་ལེའུ་བཅུ་དྲུག །གནས་བཞི་པ་གསོ་བའི་གནས་ལ་ལེའུ་དང་པོས་རིམས་གསོ་བ། གཉིས་པས་ཁྲག་མཁྲིས། གསུམ་པས་ལུད་པ། བཞི་པས་སྐྱིགས་བུ་དང་དབུགས་མི་བདེ་བ། ལྔ་པས་གཅོང་ཆེན་ཟད་བྱེད། དྲུག་པས་རློན་པ་སྙིང་ནད་སྐོམ་དད། བདུན་པས་ཆང་ནད། བརྒྱད་པས་གཞང་འབྲུམ། དགུ་པས་ཚད་འཁྲུ། བཅུ་པས་ཕོ་བ། བཅུ་གཅིག་པས་གཅིན་འགགས། བཅུ་གཉིས་པས་གཅིན་སྙི་ཟ་ཁུ། བཅུ་གསུམ་པས་ཁོང་འབྲས། བཅུ་བཞི་པས་སྐྲན། བཅོ་ལྔ་པས་རྨུ་རྫིངས་དམུ་[རྫིང་]། བཅུ་དྲུག་པས་སྐྱ་རྦབ། བཅུ་བདུན་པས་འོར། བཅོ་བརྒྱད་པས་མེ་དབལ། བཅུ་དགུ་པས་མཛེ། ཉི་ཤུ་པས་ཤ་བཀྲ་དང་སྲིན་བུ། ཉེར་གཅིག་པས་རླུང་ནད། ཉེར་གཉིས་པས་དྲེག་ནད་རྣམས་གསོ་བ་སྟེ་ལེའུ་ཉི་ཤུ་རྩ་གཉིས། གནས་ལྔ་པ་ཆོ་ག་གྲུབ་པ་ལ་ལེའུ་དང་པོས་སྐྱུག་སྨན། གཉིས་པས་བཀྲུ་སྨན། གསུམ་པས་བཀྲུ་སྨན་གྲུབ་པ། བཞི་པས་མས་བཏང་། ལྔ་པས་མས་བཏང་གྲུབ་པ། དྲུག་པས་སྨན་གྱི་ཆོ་ག་བཅས་ལེའུ་དྲུག །གནས་དྲུག་པ་ཕྱི་མའི་གནས་ལ་ལེའུ་དང་པོས་བྱིས་པ་ཉེར་སྤྱོད། གཉིས་པས་བྱིས་པའི་ནད། གསུམ་པས་བྱིས་པའི་ཀ་གདོན་ཏེ་བྱིས་པར་ལེའུ་གསུམ། བཞི་པས་འབྱུང་བོའི་གདོན། ལྔ་པས་དེ་གསོ་བ། དྲུག་པས་སྨྱོ་བྱེད། བདུན་པས་བརྗེད་བྱེད་གསོ་བ་སྟེ་འབྱུང་བོར་ལེའུ་བཞི། བརྒྱད་པས་མིག་ཆུའི་ནད་དམིགས། དགུ་པས་དེ་གསོ་བ། བཅུ་པས་མིག་འབྲས་དཀར་ནག་གི་ནད་དམིགས། བཅུ་གཅིག་པས་དེ་གསོ་བ། བཅུ་གཉིས་པས་མིག་ནད། བཅུ་གསུམ་པས་རབ་རིབ། བཅུ་བཞི་པས་དེ་གསོ་བ། བཅོ་ལྔ་པས་མིག་ནད་སྣ་ཚོགས་ཀྱི་དམིགས། བཅུ་དྲུག་པས་དེ་རྣམས་གསོ་བ་བཅས་ལུས་སྟོད་མིག་ལ་ལེའུ་ཉེར་དགུ། བཅུ་བདུན་པ་རྣ་བའི་ནད་དམིགས། བཅོ་བརྒྱད་པས་དེ་གསོ་བ། བཅུ་དགུ་པས་སྣ་ནད་ཀྱི་དམིགས། ཉི་ཤུ་པས་དེ་གསོ་བ། ཉེར་གཅིག་པས་ཁ་ནད་ཀྱི་དམིགས། ཉེར་གཉིས་པས་དེ་གསོ་བ། ཉེར་གསུམ་པས་མགོ་ནད་ཀྱི་དམིགས། ཉེར་བཞི་པས་དེ་གསོ་བ་བཅས་ལུས་སྟོད་གཞན་ལ་ལེའུ་བརྒྱད་དེ་ཁྱོན་ལུས་སྟོད་ལ་ལེའུ་བཅུ་བདུན། ཉེར་ལྔ་པས་རྨ་རྙིང་པ། ཉེར་དྲུག་པས་རྨ་གསར། ཉེར་བདུན་པས་རྐང་ལག་ཆག་གྲུགས[གྲུག]། ཉེར་བརྒྱད་པས་མཚན་བར་རྡོལ་པ། ཉེར་དགུ་པས་རྨེན་བུ་ཐོར་བུ་རྐང་འབམ་འབྲས་སོགས་ཀྱི་ནད་དམིགས། སུམ་ཅུ་པས་དེ་རྣམས་གསོ་བ། སོ་གཅིག་པས་ཕྲ་མོའི་ནད་དམིགས། སོ་གཉིས་པས་དེ་གསོ་བ། སོ་གསུམ་པས་གསང་གནས་ཀྱི་ནད་དམིགས། སོ་བཞི་པས་དེ་གསོ་བ་བཅས་རྨ་སྐོར་ལ་ལེའུ་བཅུ། སོ་ལྔ་པས་དུག་སྣ་ཚོགས། སོ་དྲུག་པས་སྦྲུལ་དུག་སོགས་གསོ་བ། སོ་བདུན་པས་སྲིན་བུ་དང་དུག་གསོ་བ། སོ་བརྒྱད་པས་བྱི་བ་དང་ཨ་ལངྐའི་དུག་གསོ་བ་བཅས་དུག་ལ་ལེའུ་བཞི། སོ་དགུ་པས་བཅུད་ལེན། བཞི་བཅུ་པ་རོ་ཙ་བ་སྟེ་རྒས་གསོར་ལེའུ་གཉིས་དང་ཕྱི་མར་ལེའུ་བཞི་བཅུ་བཅས་ཁྱོན་ལེའུ་བརྒྱ་ཉི་ཤུ་ཡོད་པ་སྨན་དཔྱད་ཀྱི་སྲོག་ལྟབུ་འདི་ལ་སོགས་པ་ལེགས་པར་བཤད་པའི་བསྟན་བཅོས་དོན་བཟང་ཞིང་ཚིག་སྦྱོར་ཉམས་དང་འགྱུར་བ་སྟོང་གིས་སྒེག་པས་ན། དཔལ་ཆོས་ཀྱི་གྲགས་པས་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པའི་དྲིས་ལན་དུ། ཙནྡྲ་གོ་མི་བརྗོད་པ་རྣམ་པར་དག །སྙན་ངག་དཔའ་བོ་ལས་བྱུང་སྡེབ་སྦྱོར་མཁས། །ཞེས་བསྟན་བཅོས་རྩོམ་པ་ལ་ཕུལ་དུ་བྱུང་བར་བསྔགས། ཐོག་མར་ཕྱི་རོལ་བའི་གྲུབ་མཐའ་རྒྱ་མཚོའོ་མཐར་སོན་རྗེས་སུ་ནང་གི་གྲུབ་མཐའ་དང་སྙན་ངག་སོགས་རིག་བྱེད་ལ་མཁས་པར་གྱུར། མཚན་ཡང་བདུད་རྩི་བུམ་པ། ཕ་ཁོལ་མ་ཁོལ། དཔལ་ཆེན་དགེ་བ། རྟ་དབྱངས། དགའ་བྱེད། མ་ཏི་ཙི་ཏྲ། ཨ་ཤཱ་ཀ་ཐུབ་རྒྱལ་ནག་པོ་ཞེས་པར་གྲགས་ཤིང་ནང་པར་ཞུགས་ནས་དཀོན་ཅོག་འབངས། རབ་འབྱོར་བསྐྱངས། བྷ་ཝི་ལྷ། མར་མེ་མཛད། ངོ་བོ་གཉིས་མེད་པ། བཀོད་མ་འཛིན། བཙུན་པ་དཔའ་བོ། དགྲ་ལས་རྣམ་རྒྱལ། རྡོ་རྗེའི་མཚོན་ཆ། ལྷ་གསུམ་པ། བྷ་བ་བྷ། གཞན་ལ་ཕན་པའི་དབྱངས་ཏེ་གཞན་མ་ཨཱརྱ་ཤུ་ར་སོགས་མཚན་དུ་མ་ཞིག་མཆིས་མོད་ཀྱི་གྲགས་ཆེ་བ་ཉི་ཤུ་རྩ་གཅིག་ཏུ་གྲགས།
མཐའ་མའི་འདོན་ཐེངས་།: 28.01.2022 ཉིན། 4:52 PM
<< སྔ་མ།