སྨན་རྩིས་དྲ་བ། - བོད་ཀྱི་སྨན་སྦྱོར་རིག་པ།

དངུལ་ཆུ་བཙོ་བཀྲུ་སྦྱོང་གསུམ་མཐོང་བརྒྱུད་ཕྱག་ལེན།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 15.10.2013
བོད་ཀྱི་སྨན་སྦྱོར་རིག་པ། >>


དངུལ་ཆུ་བཙོ་བཀྲུ་སྦྱོང་གསུམ་མཐོང་བ་བརྒྱུད་པའི་ཕྱག་ལེན་ནག་འགྲོས་སུ་བཀོད་པ་བཞུགས་སོ།།

 


བོད་ཀྱི་སྨན་རྩིས་ཁང་གི་སྨན་སྦྱོར་ཁང་གི་འགན་འཛིན་

སྨན་རམས་པ་འཇམ་དབྱངས་བཀྲ་ཤིས།



ཨོྃ་ཨཐ། 

སྦྱོང་བྱེད་ཐབས་མཆོག་བཙོ་བཀྲུའི་ཁྱད་པར་གྱིས།།

སྦྱང་བྱ་ཉེས་གསུམ་ལྕི་ཞིང་འབིགས་པའི་དུག།

སྦྱངས་འབྲས་ཡེ་ཤེས་བཅུད་ཀྱི་མཆོག་གྲུབ་པས།།

འགྲོ་ཀུན་འཚོ་མཛད་སྨན་གྱི་བླ་མར་འདུད།།


གནས་སྐབས་མཐར་ཐུག་འགྲོ་བའི་ཉེས་སེལ་ཞིང་།།

བདེ་མཆོག་བདེ་བ་སྩོལ་ལ་སྨོན་ལམ་གྱི།།

མཐུ་དབང་བརྙེས་པ་རྩ་བརྒྱུད་བླ་མའི་ཚོགས།།

གནང་རིས་རྗེས་གོམས་སྲོག་འཚོའི་གཏེར་རྣམས་རྒྱལ།།


ཚུལ་འདིའི་ཤིང་རྟ་གངས་ལྗོངས་འདྲེན་པ་པོ།།

གྲུབ་བརྙེས་རིན་ཆེན་དཔལ་དང་ཁྱད་པར་གྱི།།

ཕྱག་ལེན་གཏན་འབེབས་ཟུར་མཁར་འབྲི་གུང་པ།།

བསྟན་པའི་ཉིན་བྱེད་ཉིད་ཕྱིར་དྭངས་བས་བསྔགས།།


ཞེས་སྐྱབས་ཡུལ་གོང་མ་རྣམས་ལ་མཆོད་པར་བརྗོད་དེ་སྐབས་འདིར་དངུལ་ཆུ་བཙོ་བཀྲུ་སྦྱོང་གསུམ་མཐོང་བ་བརྒྱུད་པའི་ཕྱག་ལེན་ནག་འགྲོས་སུ་བཀོད་པ་ལ།


༡༽དངུལ་ཆུའི་བྱུང་ཁུངས།

རྒྱུད་ལས་ཆུ་གཏེར་ལས་བྱུང་བ་དམན་པ་སྟེ། །དེ་བཞིན་རི་ལས་སྐྱེས་པ་མཆོག  །ཅེས་གསུངས་པ་ལྟར།  མང་དུ་བཤད་ཀྱང་རྡོ་ལས་བྱུང་བ་དང་།  སྲོག་ཆགས་ལས་བྱུང་བ། སྔོ་ལྡུམ་ལས་བྱུང་གསུམ་དུ་འདུས།              


༢༽དངུལ་ཆུའི་ངོ་བོ།

རྒྱུད་དུ་རྣམ་གྲངས་བཞིར་གསུངས་ཀྱང་ད་ལྟ་རྒོད་གཡུང་གཉིས་སུ་བཤད་པ་ལས། རྒོད་པ་ནི་དཀར་ཞིང་གཡོ་བ་དང་།  གཡུང་བ་ནི་སྔོ་ཞིང་ཅུང་དལ་བའོ། དེ་གཉིས་ཀ་ལའང་ལྕི་བའི་དུག འབིགས་པའི་དུག  རྩིའི་དུག་དང་གསུམ་ཡོད་པ་ཡིན་ནོ།                                      


༣༽ངེས་ཚིག་ནི།

རྒྱ་གར་སྐད་དུ།  རསཱི།  བཅུད་ལྡན།  བརཱ་དཱཿ  བཅུད་ཀྱི་ལེན་པ། འཕྲོག་བྱེད་ས་བོན།  འབིགས་བྱེད།  ཟླ་ཟིལ།  མཚལ་སྐྱེས།  བདུད་རྩི་དར་ཡ་ཀན་སོགས་མང་ངོ་།།  


༤༽དངུལ་ཆུའི་ལག་ལེན་བརྒྱུད་ཚུལ།

དངུལ་ཆུ་གྲུབ་པའི་ཕྱག་ལེན་འདི་ནི་ཆོས་རྗེ་རྒོད་ཚང་པ་དང་། གྲུབ་ཆེན་རྐརྨ་པཀྴིའི་ཐུགས་སྲས་མཁས་ཤིང་དངོས་གྲུབ་བརྙེས་པ་ཨོ་རྒྱན་པ་རིན་ཆེན་དཔལ་དང་།  དེའི་ཕྱག་བཞེས་རྒྱལ་དབང་ཐམས་ཅད་མཁྱེན་པ་རང་བྱུང་རྡོ་རྗེ་ལ་གནང་།  དེ་ནས་ཕྱག་ལེན་བར་མ་ཆད་པ་རིམ་པར་བརྒྱུད་དེ་མཁས་གྲུབ་གཡུ་ཐོག་པའི་རྣམ་འཕྲུལ་ཟུར་མཁར་ཆོས་རྗེ་མཉམ་ཉིད་རྡོ་རྗེ་ལ་བཀའ་བབས།  དེ་ནས་ཕྱག་ལེན་གྱིས་ཞིབ་པར་གཏན་ལ་ཕབ་ནས་བསྟན་བཅོས་ཀྱང་མཛད།  དེ་ནས་རིམ་པར་མཐར་ཕྱིན་གྱི་སློབ་མ་ཕྲག་དཔོན་བསོད་ནམས་བཀྲ་ཤིས།  འཚོ་བྱེད་དྷ་རྨའི་མཚན་ཅན།  ཀོང་སྨན་དཀོན་མཆོག་རྒྱལ་མཚན།  དཔལ་འབྲི་གུང་པ་ཆོས་ཀྱི་གྲགས་པ། དཀོན་མཆོག་འགྲོ་ཕན་དབང་པོ།  འབྲོམ་རིགས་རྣལ་འབྱོར་ཡེ་ཤེས།  འཚོ་མཛད་ཀརྨ་བསྟན་འཕེལ། ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་སོགས་དང་། ༡༩༡༩ དང་ ༡༩༢༡ སོ་སོར་༧རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་གི་༧བླ་སྨན་བཀྲས་ཁང་བྱམས་པ་ཐུབ་དབང་མཆོག་ནས་དངུལ་ཆུ་བཙོ་བཀྲུ་ཆེན་མའི་ཕྱག་ལེན་མཛད་པ་མ་ཟད་བླ་སྨན་མཁས་དབང་མཁྱེན་རབ་ནོར་བུ་སོགས་ལ་ལག་ལེན་ཆ་ཚང་སྤེལ་བར་མཛད།  ༡༩༥༣ ལོར་༧བླ་སྨན་མཁས་དབང་མཁྱེན་རབ་ནོར་བུའི་དངོས་སློབ་དཔལ་ལྡན་རྒྱལ་མཚན་ལགས་དང་།  ༧བླ་སྨན་བསྟན་འཛིན་ཆོས་གྲགས་ལགས་གཉིས་ནས་ཕག་རིར་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ཕྱག་ལེན་མཛད། ༡༩༧༧ 
ལོར་མཁས་དབང་བླ་སྨན་བསྟན་འཛིན་ཆོས་གྲགས་མཆོག་དང་།  མཁས་དབང་ཁྲོ་རུ་ཚེ་རྣམ་ལགས་སོགས་ཀྱིས་སྤོ་ཡུལ་ངལ་རྩོལ་བསྒྱུར་བཅོས་ཁང་དུ་དངུལ་ཆུའི་ཕྱག་ལེན་གནང་།  ༡༩༨༢  ལོར་༧རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་མཆོག་གི་དགོངས་བཞེད་ལྟར་༧རྒྱལ་བའི་ཕོ་བྲང་དུ་བཙོ་བཀྲུ་འདུལ་སྦྱོང་གི་འགན་འཁུར་གཙོ་བོ་༧སྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་མཆོག་དབུ་བཞུགས་ཐོག་སྨན་པ་བརྒྱད་དང་གཞན་ཡང་ཁ་སྐོང་སྨན་ལས་དང་སྐུ་སྒེར་ནས་སྐུ་སྲུང་ཞབས་ཞུ་བ་བཅས་ཁྱོན་བསྡོམས་མི་གྲངས་ཉི་ཤུ་ཙམ་ནས་དུས་ཡུན་ཟླ་གཉིས་ལྷག་རིང་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ཕྱག་ལེན་ཐེངས་དང་པོ་གནང་། ༡༩༨༧ ལོར་སྨན་སྦྱོར་འགན་འཛིན་སྨན་པ་བསྟན་འཛིན་རྣམ་རྒྱལ་ལགས།  ༡༩༩༤ ལོར་༧སྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་ལགས། ༢༠༠༡ ལོར་སྨན་སྦྱོར་འགན་འཛིན་སྨན་རམས་པ་རྣམ་རྒྱལ་ཚེ་རིང་ལགས།  ༢༠༠༨ དང་ ༢༠༡༡  ལོར་སྨན་སྦྱོར་འགན་འཛིན་སྨན་རམས་པ་འཇམ་དབྱངས་བཀྲ་ཤིས་ནས་འགན་འཁུར་ཞུས།  ཐེངས་དྲུག་པར་ཡང་གོང་ལྟར་འགན་འཁུར་ཐོག་ལམ་ལྷོང་ལྡན་པའི་ངང་ལེགས་གྲུབ་ཐུབ་པ་བྱུང་ཡོད།              


༥༽དངུལ་ཆུའི་ལག་ལེན་གྱི་ཉེར་མཁོའི་སྟ་གོན།

གཞི་དངུལ་ཆུ་སྤུས་ལེགས་པ་སྲང་གྲངས།  སྒ་པི་ཕོ་གསུམ། མཚོ་ཚྭ་དང་བྱང་བུལ་ལོ་ལོན་གྱི་རྙིང་པ། དུག་འདོན་ལ་ལོ་བརྒྱད་དྲི་ཆུ་དང་རྟ་སྲེབ་སྔོན་པོ།  བ་དམར་ཟལ་གསུམ་གྱི་དྲི་ཆུ་དགོས།  མཚུར་གཉིས་དང་ཚ་ལ་བསླད་མེད།  ཚྭ་སྣ་གསུམ།  མཛེ་ཚྭ་ཝ་ཚྭ་ཟེ་ཚྭ་ཡ་བཀྴ་ར་བཞི་གང་འཛོམ།  སོ་ཕག་གམ་རྫ་གསར།  སྒོག་སྐྱ།  ཤ་དང་མར་རྙིང་།  ཟངས་དང་ཧ་ཡང་མ་ཡིན་པའི་ལྕགས་ཀྱི་ཀ་ཏོ་ར།  ཤུག་ཐལ།  སྲིན་བལ།  བསྙལ་སྣོད་ཁེབས་དང་བཅས་པ།  སྟར་བུའི་ཁནྜ། བཙོ་སྣོད་ཁོག་མའི་དབྱིབས་ཁ་དོག་ཅིང་ལྟོ་ལྡིར་ལ་ནང་འཇམ་པ།  ཅོང་ཞི་རིག་གསུམ་རྒྱུ་ལེགས་པ།  ར་ཚིལ་། ཕྱི་བའི་ཚིལ། ནོར་ལུག་གི་རྐང་མར།  འོ་མའི་ཁ་སྤྲིས།  ཚད་ཐུར་དང་ལྕགས་ཀྱོག  བོང་དམར་དང་དན་རོག་གི་སྣུམ། སྣུམ་ནག་སྨན་ཆེན།  མུ་ཟི་སེར་པོ་དུག་འདོན་ཟིན་པ།  དངུལ་ཆུའི་ལས་ཀ་བྱ་མི་རྣམས་ལ་དུག་སྲུང་ཆང་དང་ཨ་རག་གམ།  ཤ་རླན་བུ་རམ་སྒོག་པ་རྣམས་ཀྱིས་ཀྱང་ཕྱོགས་ཙམ་ཐུབ་པར་བཤད་པས་དེ་དག་ཚང་དགོས།


༦༽ དངུལ་ཆུའི་ལག་ལེན་བྱ་ཚུལ་དངོས་བཤད་པ།

གེགས་སེལ་རིམ་གྲོ་བྱ་དགོས་པ་དང་། དམ་ཅན་སྡེ་དགུའི་གསོལ་སྐོང་ཉིན་ལྟར་འབུལ་རྒྱུ། ཉིན་དང་པོར་ལྷ་བསང་བཏང་ཞིང་གསེར་སྐྱེམས་ཀྱང་བྱ་དགོས་སོ།།  གནས་གཙང་ཞིང་དབེན་ལ་རྒྱ་ཆེ་ཞིང་མི་གཙང་གྲིབ་རིགས་དང་དོན་མེད་ཀྱི་འགྲུལ་བཅད་པ།  ཁྱད་པར་ཁྱི་དང་བུད་མེད་ཀྱི་འགྲིམ་འགྲུལ་སྤང་།  དངུལ་ཆུའི་ལས་ལ་འཇུག་མཁན་རྣམས་ཁ་རས་ལེགས་པར་རྒྱབ་ཅིང་ཆང་སོགས་གཉེན་པོ་བསྟེན་པས་མཚོན་སྤྱིར་བཏང་གི་ཕྱག་བཞེས་ཞིབ་ཚགས་གནང་དགོས།


ལག་ལེན་དངོས་ལ་གསུམ།  གཡའ་སྦྱོང་བ།  ལྕི་འབིགས་བཙོ་བཀྲུས་འདུལ་བ།  དགྲ་དང་སྤྲད་ནས་རང་གཟུགས་སུ་བསྒྱུར་བའོ།།

དང་པོ་ལ་གཉིས།  གཡའ་ཕྱི་བ་དང་།  གཡའ་ཁུ་འདོན་པའོ།  ཉིན་གཉིས་པར་དངུལ་ཆུ་སྲང་བགོ་ལུགས་གོང་མཚུངས་རྡོ་གཞོང་སོ་སོར་བླུགས།  མཚོ་ཚྭ་དང་བྱང་བྱང་བུལ་རྒྱུ་བཟང་གང་རྙིང་པ་བྱུང་ན་བཟང་།  དངུལ་ཆུ་སྲང་གྲངས་ཚྭ་བུལ་སྲང་གྲངས་གཡའ་ཁུ་འདོན་པ་ལ་དངོས་དང་།  ཞར་བྱུང་གཉིས་བྱིས་པ་ལོ་བརྒྱད་དྲི་ཆུ།  ཉིན་བཞི་པར་ཨ་ཤྭཀྵ་ར་སྟེ་རྟ་སྲེབ་སྔོན་པོའི་གཅིན་དང་སྟར་བུའི་གྲུང་ཆུ་ཉུང་ཙམ་རེ་བླུགས་ནས་འདུར།  ག་བ་ཀྵ་ར་སྟེ་བ་གཅིན་དང་སྟར་ཆུ་བླུགས་ནས་འདུར། འདི་དང་མཚུར་ཆུའི་སྐབས་དངུལ་ཆུ་འཐོར་ཞིབ་ཆེ་བས་ཤོར་དོགས་གཟབ་དགོས།   སརྫིཀཀྵ་ར་སྟེ་མཚུར་ནག་དང་སེར་མཚུར་གྲུང་ཆུར་འདུར།  ཀརྞ་ཀྵར་སྟེ་སྐྱེད་དར་མ་ལོ་ཉི་ཤུ་རྩ་གྲངས་ལོན་པའི་དྲི་ཆུ་དང་ཚ་ལ་ཆུ་བཅད་ཐུར་མགོ་འབྲིང་ཚད་རེ་བཏབ་པའི་ནང་འདུར།  བ་ཚྭའི་ཆུ་ཞེས་པ་ཚྭ་སྣ་གང་འཛོམ་གྱིས་ཆོག་ཀྱང་ཕྱག་ལེན་ཏུ། རྒྱ་ཚྭ།  རྒྱམ་ཚྭ། ཁ་རུ་ཚྭ། མཛེ་ཚྭ། ལྦ་ཚྭ། ཟེ་ཚྭ། ཡ་བ་ཀྵར་བཅས་ཆ་མཉམ་དང་སྟར་ཆུ་དྲོན་མོའི་ནང་དུ་བཏབ་ལ་འདུར། སྟར་ཆུ་དང་ཆང་སྐྱུར་མཚུར་ཆུ་རྣམས་དྲོད་འཇམ་བསྲོས་པའི་ནང་འདུར།  སོ་ཕག་ཆུ་ཞེས་པ་རྫ་ལོང་མ་སྤྱད་པ་ཐག་ནས་ཕྱེ་མའི་གྲུང་ཆུ་དང་སྟར་ཆུ་མཉམ་ནང་འདུར།  ལན་གསུམ་བརྫེ་བ་དང་བསྙལ་བ་སོགས་བྱ།  ཉིན་གཉིས་ཆང་བཟང་དྲོད་ཅུང་ཙམ་ཡོད་པའི་ནང་འདུར། སྒོག་ཆུའི་ནང་འདུར། ཤ་གང་ཡང་རུང་བ་བཤད་ཀྱང་ཕྱག་ལེན་དུ་ཚག་ཤ་གསར་རྙིང་སོ་སོ་ནས་ལག་མགོ་ཙམ་རེ་ཚིལ་དོར་ནས་བཙོས་པའི་ཁུ་བ་སྙིགས་མེད་ཁུ་བར་འདུར།  ཆུ་བསྐོལ་མར་རྙིང་བཏབ་ལ་ཅུང་ཟད་བསྐོལ།  གྲུང་ཆུའི་ཞག་རྣམས་དོར་བའི་ཆུར་འདུར།  འདི་སྐབས་སྣུམ་དང་དངུལ་ཆུ་འདྲེས་པ་རྡོ་གཞོང་དང་འདུར་ཐོ་ལ་འབྱར་བ་སོགས་ཕྱེ་དཀའ་བས་ཆུ་ཚ་མོས་ཡང་ཡང་བཤལ།  ཆང་སྒོག་ཤ་མར་བཞིས་འདུར་རྒྱུ་འདི་གཞུང་གི་དངོས་བསྟན་མིན་ཀྱང་དར་མོའི་ལུགས་ཨཱ་ཙ་རའི་མན་ངག་ཡིན་པར་བཤད་ཅིང་དངུལ་ཆུ་སྲང་བཅུ་མན་ལ་མི་དགོས།  དེ་ལྟར་གཡའ་དུག་འདོན་པའི་ཆོ་ག་ལེགས་པར་གྲུབ་པས་དངུལ་ཆུ་རང་མདོག་སྟེ་ཟླ་ལྟར་དཀར་ཞིང་།  སྣོད་ནས་བྱོ་བླུགས་ཀྱི་སྐབས་སུའང་སྔར་རབ་ཏུ་གཡོ་ཞིང་སིང་སྒྲ་དང་བཅས་འཐོར་འགྲོ་བ་དེ་དང་མི་འདྲ་བ་འཇམ་མཉེན་དལ་ལ་སྣོད་གསེང་ལྟ་བུར་འགོས་པ་ཞིག་འབྱུང་བ་ནི་ལེགས་པའི་ཚད་དུ་བཤད་དོ། །


དེ་ནས་དངུལ་ཆུ་བཙོ་བ་དང་དགྲ་སྤྲད་བསྲེ་བའི་སྟ་གོན་ཏུ།  ཐབ་ཁང་དང་འདུར་ཁང་གཉིས་ཀ་གནམ་མི་མཐོང་ཞིང་འགྲིམ་འགྲུལ་ཉེ་སྐོར་དང་ཁང་སྟེང་སོགས་སུ་མི་འབྱུང་བར་བྱ།  བཙོ་སྣོད་ཁོག་མ་དང་ཐབ་བཅས་འགྲིགས་ངེས་བྱས་ཏེ། ལྕི་འབིགས་བཙོ་བཀྲུས་འདུལ་བ་དངོས་ལ་གསུམ།  བཙོ་ཆེན།  བཙོ་འབྲིང།  བཙོ་ཆུང་།


དང་པོ་བཙོ་ཆེན་ལ་དངུལ་ཆུ་སྲང་ལ་བཏེགས་ནས་ཇི་ཙམ་བརྟག་དེ་ནས་བཙོ་སྣོད་ཁོག་མའི་ནང་ཅོང་རྒྱུ་ལེགས་པ་རིགས་གསུམ་ནས་འབྲུ་ཙམ་བརྡུངས་པ་སོར་དོ་སྙོམས་པར་བཀོད། དེ་སྟེང་དུ་འཇུ་བྱེད་ཚིལ་ལྔ་ཞེས།  ནོར་ལུག་གི་རྐང་མར།  འོ་མའི་ཁ་སྤྲིས་རྣམས་ཆ་མཉམ། དངུལ་ཆུ་བླུགས།  དེ་ནས་སྐྱུར་ཆུ་ཞེས་པ་མཚུར་སེར་ནག་དང་སྟར་བུའི་གྲུང་ཆུ་ཆང་སྐྱུར་བཅས་ཆ་མཉམ་ཚགས་དྲངས་ཏེ་ཁོག་མའི་ནང་གི་དཔངས་ཚད་ཐུར་གྱིས་ཚད་བླངས་ལ་སུམ་ཆ་གཉིས་བཀང་། སུམ་ཆ་གཅིག་སྟོང་པར་བཞག  རླངས་པའི་མཉམ་དུ་དངུལ་ཆུ་མི་འགྲོ་བ་གཟབ་དགོས།   ཞག་རེའི་མཚམས་སུ་ཚིལ་ལྔའི་ཞུན་རྡོག་པོ་རེ་སབ་སྐྱུར་གསུམ་ཆུ་ཚད་ལ་གཞིགས་ནས་སབ།  དེ་ལྟ་བུའི་སྒོ་ནས་ཉིན་མཚན་བཞི་སྦྲེལ་མར་བཙོ་ཞིང་།  དང་པོ་ཉིན་མེ་བཞག་ཚོད་ཀྱི་ཉི་མ་ལ་རྟགས་ནས་ཚར་དུས་ཀྱང་ཉིན་ཚད་དེ་ལ་སླེབ་དགོས་པ་བཙོ་འབྲིང་ལ་ཡང་ཤེས་པར་བྱ། 

གཉིས་པ་བཙོ་འབྲིང་ནི།  རྡོ་ཁོག་སྔོན་མར་གས་ཆག་སོགས་མེད་ན་ཆོག་པས་ཕྱི་ནང་གཙང་མ་བྱ།  དེར་དངུལ་ཆུ་བླུགས།  དེ་ནས་ཟ་བྱེད་ཁམས་བརྒྱད་ཀྱི་གྲུངས་ཆུ་ལ་བོང་དམར་ཕྱེ་མ་བཏབ་པ་ཆ་གཅིག སྐྱུར་གསུམ་ཆུ་མང་ཉུང་མཉམ་པ་ཆ་གཅིག་དང་། སྣུམ་ནག་ཆ་གཅིག་བཅས་ཀྱིས་སུམ་ཆ་གཉིས་གང་བར་བྱ་དགོས་ལ།  རྡོ་ཕ་ཝང་ལོང་བུ།  གསེར་རྡོ།  དངུལ་རྡོ།  ཁབ་ལེན།  ཆུ་སྐྱུར་རྡོ།  བ་བླ།  ལྡོང་རོས་བཅས་མུ་ཟི་ཕྱེ།  ལྷང་ཚེར་ནག་པོ་བཅས་དགུ་པོའི་སྟེང་དུ་རྒྱ་གར་བོང་དམར་འཁྲུལ་མེད་ཀྱི་ཕྱེ་མ་མཐུར་མགོ་གང་བཏབ་ལ་ཞག་གཉིས་བཙོ།  བཙོ་ཆེ་འབྲིང་འདི་དག་གི་སྐབས་སུའང་དངུལ་ཆུ་འབྲི་བ་འབྱུང་བས་ལས་ཀ་ཞིབ་ཚགས་གནད་ཆེའོ། །

གསུམ་པ་བཙོ་ཆུང་ནི།  ཐོག་མར་སྨན་ཆེན་ཆང་གྱིས་འདམ་འཐག་བྱས་ནས་སྐམ་པ་ཞིབ་མོར་བཏུལ།  གསེར།  དངུལ།  ཟངས།  ལྕགས།  གཤའ་དཀར།  ར་གན།  འཁར་བ། ཞ་ཉེ་དཀར་ནག་བཅས་འཆིང་བྱེད་ལྕགས་བརྒྱད་ཐལ་བ་དང་།  དན་རོག་གི་སྣུམ་སྨན་ཆེན་ཞོ་གང་སྐར་ལྔ།  ལྕགས་བརྒྱད་རྣམས་རེ་རེ་ནས་སྐར་ལྔ་རེ་ཚད་དུ་འདེབས་པར་བྱེད་དོ། །དེའི་སྟེང་དན་རོག་བསྲེས་པའི་སྣུམ་ནག་དངུལ་ཆུ་ལས་སོར་དོ་ཙམ་མཐོ་བར་བླུགས་ཤིང་ཐུར་ཚད་བརྟག  ཁེབས་སོགས་སྔོན་བཞིན་བྱས་ལ་མེ་དལ་བུའི་ཉིན་མཚན་གཅིག་ལ་བཙོ།  འོན་ཀྱང་ལག་ལེན་ཁ་ཅིག་ལ་མེ་སྔ་མ་ལས་བདུན་འགྱུར་གྱིས་ཆེ་བ་དགོས་པའང་བཤད་པ་ལྟར་མེ་ཤེད་ཆེ་ན་ལེགས་པ་ཉམས་མྱོང་ངོ་། །

གྲང་ནས་བཀྲུ་རྗེས་ལྕགས་སྣོད་ལེགས་པ་ཞིག་ཏུ་ཆུ་གཙང་གིས་ཁོལ་ཙམ་བཙོ་ནས་ཆུ་འཕོ།  ཆུ་གྲང་གིས་བཤལ།  སླར་ཡང་བཙོ་བ་རེའི་བར་དུ་བཤལ་གསུམ་རེ་ཡོད་གཉིས་བཅས་ལན་གསུམ་གྲུབ་ནས་སྲིན་བལ་སོགས་ཀྱིས་བླང་ངོ་། །དེས་བཅུད་རྒྱལ་བདུད་རྩི་དར་ཡ་ཀན་ལེགས་པར་གྲུབ་པའི་རྟགས་སུ་སྣོད་ནས་བྱོ་བླུགས་ཀྱིས་དུས་སུ་ཞོ་འམ་ཉེའུ་བཞིན་སྐ་ཉམས་ཡོད་པ་དང་།  ཁ་མདོག་མེ་ལོང་ཕྱིས་པ་ལྟ་བུ་གཟུགས་བརྙན་འཆར་བ་དང་།  ཅུང་ཟད་ཟུར་དུ་སྤྲིས་མ་ཆགས་པ་ལྟ་བུའི་གཉེར་མ་ཤིག་ཤིག་ཡོད་པ་དང་།  ཁབ་དང་ཤིང་བུ་སོགས་ཀེར་གྱིས་འཛིན་པ་སྟེ་ཚོས་ཚད་རབ་ལ་མཐའ་དབུས་གང་དུའང་འཛིན་པར་བཤད་ཀྱང་ཆུ་དཀྱིལ་གཏིང་ཟབ་སར་ཅུང་འཛིན་པ་དཀའ་ཞིང་ཟུར་དང་དངུལ་ཆུ་རྡོག་ཆུང་འཛིན་པར་ཡང་མཐོང་།  སྟོད་སྨན་གཞོན་ནུས།  དེ་ལྟར་བྱས་པས་ཚོས་པའི་ཚད། །རོགས་རོགས་གཉེར་མ་ཁྲིག་གེ་བ། །ཁབ་དང་ཤིང་བུ་བཙུགས་པ་འཛིན། །ནུས་པ་གཞོམ་ཞིང་རྩི་བསད་པར། །གསུངས་པའི་མན་ངག་དམ་པ་ཡིན། །དངུལ་ཆུའི་ཚོས་ཚད་བེར་རྒ་འཛིན་ངེས་མ་བྱུང་ཕྱིན། ལོ་ཟླ་ཇི་ཙམ་བསྒྲུབས་ཀྱང་གྲུབ་པའི་བཅུད་དུ་མི་འགྱུར་ཅེས་དཔལ་འབྲི་གུང་པ་དྷརྨ་ཀྰིརྟིས་གསུངས།  གལ་ཏེ་ཐུར་བེར་རྒ་འཛིན་ན་བཙོ་ཆུང་བསྐྱུར་བའང་བཤད། དེ་ལྟར་བཙོ་བཀྲུ་ལེགས་པར་གྲུབ་ནས།


གསུམ་པ་མཐར་དགྲ་དང་སྤྲད་དེ་རང་གཟུགས་སུ་བསྒྱུར་བ་ནི།  འདུར་ཁང་ནམ་མཁའི་མི་མཐོང་ཞིང་ཉི་ཟེར་མི་ཕོག་པ་རབ་གསལ་སྐར་ཁུང་སོགས་ལ་ཤོག་སྲབ་ཀྱིས་གཡོགས་བརྒྱབ། འདུར་མཁན་རབ་བྱུང་སྡོམ་གཙང་བྱེད་པ་ཕྱག་ལེན་ཡིན་ཅིང་།  འདུར་ཚེ་ཐོག་མཐའ་ཀུན་ཏུ་སྔགས་རྒྱུན་དབྱངས་སུ་བྱེད། ཨྃ་སརྦ་པཉྩ་ཨ་མྲྀཏ་རས་ཡ་ན་ཏ་ན་ཛ་ཡ་གུཧྱ་སིདྡྷི་ཧཱུྃ་ཧྲཱིཿཋཱ། མུ་ཟི་དུག་ཕྲལ་ཕྱེ་མ་ཚགས་ཞིབ་ལ་དྲངས་པ་སྲང་བརྒྱ་བྱས་ལ།  རྡོ་གཞོང་འཇམ་པོ་གཙང་མ་མེ་ཉིར་བསྲོས་ལ་ཚ་མོར་གྱུར་བ་དེར་མུ་ཟི་བླུགས་པའི་དཀྱིལ་ཀྱོང་བུར་བྱས།  དེར་དངུལ་ཆུ་བླུགས་ནས་འདུར་དགོས། འདུར་བས་ཁ་མདོག་མཐིང་ནག་ཤིན་ཏུ་ལེགས་པ་འབྱུང་ངོ་།  །དེ་ལྟར་སྐམ་འཐག་ཉིན་གཉིས།  འདམ་ཆུ་ནི་ལྕགས་ཁམས་རྣམས་ཀྱི་གྲངས་ཆུ་དགོས་ཏེ་དེའི་སྦྱར་ཚད་དངུལ་ཆུ་སྲང་སུམ་བཅུ་ལ་ལྕགས་ཁམས་རེ་རེ་བཞིན་གྱི་ཐལ་བ་ཞོ་རེའི་ཚད་ཡིན་ཀྱང་དེ་ལས་ཅུང་མཐོ་བ་བྱས་ན་ལེགས་པས།  དཔེར་ན་དངུལ་ཆུ་སྲང་བརྒྱ་ལ་ལྕགས་བརྒྱད་ནང་གསེས་བཅས་དགུ་པའི་ཐལ་བ་སོ་སོ་ནས་སྲང་གང་རེ་བསྡོམས་པས་དགུ་དང་ཁམས་བདུན་ཐལ་བ་སྲང་བདུན་དང་ལྷང་ཚེར་ཐལ་བ་སྲང་བཞི་བཅས་ཟ་འཆིང་ཐལ་དེ་རྣམས་སྔ་ཉིན་ནས་རྡོ་གཞོང་དུ་སྐམ་འདུར་བྱས།  དེ་ནས་ཆུ་གཙང་ཉུང་ཙམ་བྱས་ལ་འདམ་འཐག་ལྟ་བུ་བྱས། སླར་ཆུ་ཅུང་ཟད་རེ་སབ་པ་དེའི་དྭངས་མ་དངུལ་ཆུ་འདུར་ཕྱེའི་ནང་བླུགས་ལ་གར་སླ་ཞོ་ཙམ་བྱས་ལ་འདུར།  འདམ་འཐག་ཞག་གྲངས་ཉིན་གཉིས་ཡིན་ཀྱང་སྐམ་མ་ཐུབ་ན་ཞག་གསུམ་བཞི་བར་བྱ།  སྐབས་འདིར་ཤིང་ཏོག་སྐྱུར་མོའི་ཁུ་བ་བསྣན་པས་ལོ་གྲངས་ཇི་ཙམ་སོང་ཡང་ནུས་པ་མི་ཞིག་པའི་དགོས་པ་ཡོད་པར་བཤད།

དེ་ནས་སླར་སྐམ་འཐག་བྱས་ནས་མཐར་དཀར་ཡོལ་ནང་ཆུ་གཙང་བླུགས་པའི་ཁར་ཕྱེ་མ་ཅུང་ཟད་བཏབ་པས་མ་ཞིག་པའི་རྟགས་ཆུ་ཁར་འདྲལ་འདྲིལ་དང་ཕྱོགས་གཅིག་ཏུ་སྤུངས་པ་ཆུ་ཞབས་སུ་སྙིགས་མ་འོང་ན་བསྐྱར་ནས་འདུར་དགོས།  ལེགས་པར་ཞིབ་པའི་རྟགས་སུ་ཆུ་ཁར་སྤྲིན་བཞིན་ཁྱབ།  ཞབས་སུ་སྙིགས་མ་མེད་པ་འབྱུང་།  སྟོད་སྨན་གཞོན་ནུས།  དེ་ནས་ནམ་མཁའི་མདོག་འདྲ་འབྱུང་། །ཀུན་གྱི་གཞི་མ་བཅུད་རྒྱལ་འདི། །མ་གི་ཏ་ཞེས་བྱ་བ་ཡིན། །སྣོད་ནི་ཆུ་ཡིས་བཀང་བྱས་ལ།  །དེ་ཉིད་བཏབ་པས་ཆུ་སྟེང་དུ། །སྤྲིན་བཞིན་ཆགས་ན་ལེགས་པའི་ཚད། 

བཅངས་ཚུལ་ནི།  ཁ་ཤའམ་གླ་བའི་པགས་པ་བུག་རྡོལ་མེད་པ།  དེ་ཉིད་དར་རས་མཐིང་ནག་གིས་བསྒྲིལ་ནས་རྟེན་མཆོད་པའི་གྲལ་དུ་བཞག 

དམ་ཚིག་ནི།  དེ་ཕྱིན་ཆད་ཁྱི་དང་བུད་མེད་ཀྱིས་མི་རེག་ཅིང་མ་མཐོང་བ་དང་།  ཁྱད་པར་འགོམ་ཡུག་མ་སོང་བ་གལ་ཆེ་ཞིང་།  ཉི་ཟེར་མ་ཕོག་པ་དང་ནམ་མཁའ་མི་མཐོང་བར་བླང་བཞག་གི་སྐབས་སུའང་དེ་ལྟར་བྱ་དགོས་སོ། །

ཕན་ཡོན་ནི།  སྟོད་སྨན་གཞོན་ནུས།  ལེགས་པར་བསལ་བར་བྱས་གྱུར་ན། །བསྲེགས་བཅད་བརྡར་བའི་གསེར་དང་མཚུངས། །ཞེས་བཤད་པ་ལྟར་བཙོ་བཀྲུའི་ཆོ་ག་ཚུལ་བཞིན་ཏུ་སྦྱར་ནས་ལེགས་པར་སྦྱངས་པ་ལས་བྱུང་བའི་གྲུབ་པའི་དངུལ་ཆུ་དེ་ནི་ལྕི་འབིགས་རྩིའི་དུག་གང་ཡང་མེད་ཅིང་ཤིན་ཏུ་འཇམ་པས་ཆོ་ག་བཞིན་བསྟེན་ན་འཕྲལ་ཡུན་གཉིས་ཀར་ཕན་ཡོན་རྒྱ་ཆེར་གསུངས།  སྟོད་སྨན་གྱིས།  དུག་དང་བྲལ་བའི་བཅུད་རྒྱལ་དེས། །དབང་གསལ་ཚེ་དང་ལུས་ཟུང་འཕེལ། །རྒས་སྲ་མནན་གཏད་བྱད་རྦོད་སོགས། །གདུག་པའི་གདོན་གྱིས་མི་ཚུགས་ཤིང་།  །གདུག་ཅིང་གསོ་དཀའི་ནད་རྣམས་འཇོམས། །ཁྱད་པར་དུག་ཆེན་གསོ་དཀའ་རྣམས།  །འདི་མེད་རྩད་ནས་འབྱིན་མི་ནུས།  །འདི་ཡི་གྲོགས་ལྡན་སྨན་གཞན་རྣམས།  །ནུས་སྐྱེད་ཡུན་རིང་ལོ་འདས་ཀྱང་།  །མི་འཆོར་མི་འགྲིབ་གཉེན་པོ་མཆོག །ཅེས་བཤད་པ་ལྟར་ནད་མེད་ཐ་མལ་དུ་གནས་པར་བསྟེན་ན་ཚེ་འཕེལ་ཞིང་ལུས་ཟུང་རྒྱས། རྩ་ཁམས་དྭངས་ཤིང་དབང་པོའི་སྒོ་རྣམས་གསལ། རྒས་སྲ་བས་སྐྲ་དཀར་དང་གཉེར་མ་མི་འབྱུང་བ་སོགས་བཅུད་ལེན་གྱི་མཆོག་ཏུ་འགྱུར། སྟེང་གདོན་གཟའ་དང་འོག་གདོན་ཀླུ་གཉན་བྱད་རྦོད་གཏོང་མནན་གཏད་ཀྱི་སྦྱོར་བ་རྣམས་ཀྱིས་ཀྱང་མི་ཚུགས་པའི་སྲུང་བར་འགྱུར་ལ།  ནད་ཀྱི་གཉེན་པོ་གང་ལའང་སྦྱོར་ཚུལ་ཤེས་ན་འདི་ཉིད་མི་འགྲོ་བ་མེད་ཅིང་གསོ་དཀའ་བ་གཉེན་པོ་གཞན་གྱིས་མ་ཆོམས་པའི་ནད་ལ་རང་རང་གི་གཉེན་པོ་དང་བསྡེབས་ཏེ་བཏང་ན་མྱུར་དུ་ནད་དེ་ལས་ཐར་བར་འགྱུར་བ་དང་།  ཁྱད་པར་སྦྱར་དུག་གིས་ཟིན་པ་ལ་འདིའི་སྦྱོར་བ་མེད་པར་གཉེན་པོ་གཞན་གང་གིས་ཀྱང་རྩད་ནས་འབྱིན་མི་ནུས་པས་དུག་རིགས་ཀྱི་གཉེན་པོ་བླ་ན་མེད་པར་བསྔགས་ཤིང་།  སྨན་ཐམས་ཅད་ཀྱི་ནུས་པ་སྐྱེད་པས་འདི་དང་སྦྱར་བའི་སྨན་གང་ཡང་ཡུན་ཇི་ཙམ་སོང་ཡང་ནུས་པ་མི་འཆོར་བར་གསུངས་སོ།།


སྤྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༢༧ ནས་ ༢༩ བར་ཚོགས་པ་བཞིའི་མཉམ་འབྲེལ་གྱི་གོ་སྒྲིག་འོག་རྒྱལ་སྤྱིའི་བོད་ཀྱི་གསོ་རིག་བགྲོ་གླིང་ཚོགས་ཆེན་ཐེངས་གཉིས་པའི་སྐབས་ཇི་ལྟར་རེ་བསྐུལ་གནང་དོན་བཞིན་སྨན་སྦྱོར་སྨན་པ་འཇམ་དབྱངས་བཀྲ་ཤིས་ཀྱིས་ཟིན་ཐོར་བཀོད་པ་འདི་ཡང་སྨན་རྩིས་བསྟན་པ་རྒྱས་པའི་རྒྱུར་བསྔོ།། །།

མཐའ་མའི་འདོན་ཐེངས་།: 19.01.2015 ཉིན། 2:50 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།