སྨན་རྩིས་དྲ་བ། - སྨན་རྩིས་འདོན་ཆོག

དགོངས་གཏེར་ཐུགས་ཀྱི་ཀློང་གསལ་གྱི་ཟུར་རྒྱན།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 04.07.2024
སྨན་རྩིས་འདོན་ཆོག >>

 



༄༅།། དགོངས་གཏེར་ཐུགས་ཀྱི་ཀློང་གསལ་གྱི་ཟུར་རྒྱན་གནམ་ཆོས་ཉིད་ནས་ཟུར་དུ་བསྒྲིགས་པ་

སྨན་བླའི་ཆོ་ག་བཻཌཱུརྱའི་ཆུ་རྒྱུན་བཞུགས་སོ།།

            ༄༅། །ནམོ་མཧཱ་བྷཻཥཛྱེ༔ འདི་ལ་འཛོམས་ན་སྨན་བླའི་ཞལ་ཐང་བཤམས། དེའི་མདུན་དུ་སྟེགས་བུ་གཙང་གོས་ཀྱིས་བཀླུབས་པའི་སྟེང་མཎྜལ་ལ་ལྷ་གྲངས་ཀྱི་ཚོམ་བུ་དང་། བསྡུ་ན་དབུས་སུ་ཚོམ་བུ་གཅིག་གི་མཐར་ཚོམ་བུ་བདུན་གྱིས་བསྐོར། དེ་སྟེང་རྐང་གསུམ་ཁར་སྨན་མདོ་པོ་ཏི་བཀོད། དེའི་མདུན་དུ་ལྷ་བཤོས་མར་མེ་རྣམས་རབ་བརྒྱ་རྩ་དང་། མ་འབྱོར་ཚེ་ལྷ་བཤོས་མར་མེ་རྣམས་བརྒྱད་རེ་བཤམས། ཉེར་སྤྱོད་བདུན་དང་། བཀྲ་ཤིས་རྫས་རྟགས། རྒྱལ་སྲིད་མཆོད་པའི་མཎྜལ། ཁྲུས་བུམ། ཁྲུས་རས། ན་བཟའ་སོགས་ཆོ་ག་ལས་བྱུང་བ་བཞིན་སླ་ཆོས་སུ་མ་སོང་བའི་ཅི་འབྱོར་བཤམས་ན་ཚོགས་རྫོགས། རྒྱུན་ཁྱེར་སོགས་ལ་མདུན་བསྐྱེད་ནམ་མཁར་དམིགས། མཆོད་པ་ཡིད་སྤྲུལ་ཆོག་པས་ཅི་ཡང་མི་དགོས། འོན་ཀྱང་འདི་ཡི་དབང་ལུང་ལེགས་པར་འཐོབ་དགོས་ཏེ། བླ་མེད་གསང་སྔགས་ལུགས་ཡིན་པའི་ཕྱིར་རོ།། བདག་མདུན་དུས་གཅིག་ལ་བསྐྱེད་པ་ནི་རྙིང་མ་སྤྱི་ཡི་ལུགས་ཡིན་པས་སོ་སོར་མི་དགོས་སོ།། རྙིང་མ་གྱེར་སྒོམ་ཡིན་པས་ཚིག་དོན་ཡིད་ཀྱིས་བསྒོམ་ཞིང་།

            ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྐྱབས་གནས་རྣམས་ལ་སྐྱབས་སུ་འཆི༔ འགྲོ་ཀུན་སངས་རྒྱས་ལ་འགོད་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ལན་གསུམ། མཆོད་པ་བྱིན་རླབས་ནི། ཀ་དག་ཀློང་ནས་སྤྲུལ་པ་ཡི༔ གནམ་ས་གང་བ་མཆོད་པའི་སྤྲིན༔ མཎྜལ་རྒྱལ་སྲིད་ལྷ་མོར་བཅས༔ ཟད་མེད་གྱུར་ཅིག་པཱུ་ཛ་ཧོ༔ རོལ་མོ་བྱ། མཆོད་པའི་སྤྲིན་གྱི་གཟུངས་བརྗོད། ནམོ་རཏྣ་ཏྲཡཱཡ། ནམོ་བྷགཝཏེ། བཛྲ་སཱར་པྲམརྡནེ། ཏཐཱ་གཏཱཡ། ཨརྷཏེ་སམྱཀྶཾ་བྷུདྡྷཱཡ། ཏདྱཐཱ། ཨོཾ་བཛྲེ་བཛྲེ། མཧཱ་བཛྲེ། མཧཱ་ཏེཛ་བཛྲེ། མཧཱ་བིདྱ་བཛྲེ། མཧཱ་བོདྷི་ཙིཏྟ་བཛྲེ། མཧཱ་བོདྷི་མཎྜོཔ་སཾཀྲམཎ་བཛྲེ་སརྦ་ཀརྨ་ཨཱཝརཎ་བིཤོདྷན་བཛྲེ་སྭཱཧཱ། ཚད་མེད་བཞི་བསྒོམ་པ་ནི། འགྲོ་ཀུན་བདེ་ལྡན་སྡུག་བསྔལ་བྲལ༔ བདེ་ལས་ཉམས་མེད་བཏང་སྙོམས་ཤོག༔ ལྷ་བསྐྱེད་པ་ནི། ཨོཾ་སྭབྷཝ་ཤུདྡྷ་སརྦ་དྷརྨ་སྭབྷཝ་ཤུདྡྷོ྅ཧཾ༔ སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་སྟོང་གསུམ་འདི་ལྟ་ན་སྡུག་གི་ཕོ་བྲང་དུ་གྱུར་པའི་ནང་དུ་སེང་གེའི་ཁྲི་པད་ཟླ་སོ་སོའི་སྟེང་དུ་རང་ཉིད་དང་མདུན་བསྐྱེད་ཀྱི་གཙོ་བོའི་ས་བོན་ཧཱུཾ་མཐིང་ག་ལས༔ སྨན་བླ་སྐུ་མདོག་བཻཌཱུརྱ་ལྟ་བུ་འོད་ཟེར་འཕྲོ་བའི་སྐུ་ཅན་ཆོས་གོས་གསུམ་གྱིས་བཀླུབས་པ༔ ཕྱག་གཡས་མཆོག་སྦྱིན་གྱི་ཨ་རུ་ར་དང༔ གཡོན་མཉམ་བཞག་ལྷུང་བཟེད་བདུད་རྩིས་བཀང་བ་འཛིན་པ༔ མཚན་དཔེ་རྫོགས་ཤིང་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པཿ ཁྱད་པར་མདུན་བསྐྱེ་ཀྱི་འདབ་མ་རྣམས་ལ་ཐུབ་དབང་ལ་སོགས་པའི་སངས་རྒྱས་བདུན་དང་ཆོས་པོ་ཏི༔ དེའི་རྒྱབ་སེམས་དཔའ་བཅུ་དྲུག༔ དེའི་རྒྱབ་འཇིག་རྟེན་སྐྱོང་བ་བཅུ་དང་སྡེ་དཔོན་བཅུ་གཉིས་སོ་སོའི་འཁོར་དང་བཅས་པ༔ སྒོ་བཞི་ལ་རྒྱལ་པོ་ཆེན་པོ་བཞི་དང་བཅས་པའི་གནས་གསུམ་ཡི་གེ་གསུམ་དང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས༔ ཤར་ཕྱོགས་ཀྱི་སངས་རྒྱས་སོ་སོའི་ཞིང་ཁམས་ནས་སྨན་བླ་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས་ནས་བདག་མདུན་རྣམས་ལ་ཐིམ་པར་གྱུར༔ རོལ་མོ་དང་སྤྱན་འདྲེན་པའི་དབྱངས་དང་བཅས། ཧཱུྃ༔ སྨན་བླ་མཆེད་བརྒྱད་ལྷ་ཚོགས་མ་ལུས་རྣམས༔ གནས་འདིར་སྤྱན་འདྲེན་བྱིན་ཆེན་དབབ་ཏུ་གསོལ༔ སྐལ་ལྡན་དད་ལྡན་བདག་ལ་དབང་མཆོག་བསྐུར༔ ལོག་འདྲེན་ཚེ་ཡི་བར་ཆད་བསལ་དུ་གསོལ༔ ནམོ་མཧཱ་བྷཻཥཛྱེ་སཔརིཝཱར་བཛྲ་སམཡ་ཛ་ཛ༔ བཞུགས་སུ་གསོལ་བ་ནི། སྣ་ཚོགས་པདྨ་ཟླ་བའི་གདན་སྟེང་དུ༔ སྨན་བླ་མཆེད་བརྒྱད་ལྷ་ཚོགས་བཞུགས་སུ་གསོལ༔ བཛྲ་སམཡ་ཏིཥྛ་ལྷན༔ དབང་བསྐུར་བ་ནི། ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་པས༔ རྒྱལ་བ་རིགས་ལྔ་སྤྱན་དྲངས་ནས༔ དབང་བསྐུར་མི་བསྐྱོད་དབུར་བརྒྱན་གྱུར༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཿ ཨབྷིཤིཉྩ་ཧཱུཾ༔ ཕྱག་འཚལ་བ་ནི། ཐུགས་རྗེ་ཀུན་ལ་སྙོམས་པའི་བཅོམ་ལྡན་འདས༔ མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སེལ༔ དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ༔ བཻཌཱུརྱ་ཡི་འོད་ལ་ཕྱག་འཚལ་ལོ༔ ཨཏི་པཱུཧོཿ མཆོད་པ་འབུལ་བ་ནི། ཧཱུྃ༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་རོལ་མོ་ལ་སོགས་པ༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ བདག་གིས་ལྷ་ལ་མཆོད་པ་འབུལ༔ བདག་ཅག་ཚོགས་གཉིས་རྫོགས་པར་ཤོག༔ ཨརྒྷཾ། པཱདྱཾ། པུཥྤེ། དྷཱུཔེ། ཨཱལོཀེ། གནྡྷེ། ནེཝིདྱ། རུཔ། ཤཔྡ། གནྡྷེ། རས། སྤརྴ། པྲཏིཙྪ་ཧཱུྃ༔ ཧཱུྃ༔ བཀྲ་ཤིས་གཙོ་བོ་རྫས་བརྒྱད་དེ༔ གཙོ་མཆོག་རྒྱལ་པོ་ཡུངས་ཀར་སོགས༔ བདག་གིས་ལྷ་ལ་མཆོད་པ་འབུལ༔ ཚོགས་གཉིས་ཡོངས་སུ་རྫོགས་པར་ཤོག༔ མངྒལཾ་ཨརྠ་སིདྡྷི་ཧཱུྃ༔ ཧཱུྃ༔ བཀྲ་ཤིས་གཙོ་བོ་རྟགས་བརྒྱད་དེ༔ གཙོ་མཆོག་རྒྱལ་པོ་བུམ་པ་སོགས༔ བདག་གིས་ལྷ་ལ་མཆོད་པ་འབུལ༔ སེམས་ཅན་ཚོགས་གཉིས་རྫོགས་པར་ཤོག༔ མངྒལཾ་ཀུམྦྷ་ཧཱུྃ༔ ཧཱུྃ༔ འདོད་ཡོན་རྩ་བ་རིན་ཆེན་བདུན༔ གཙོ་མཆོག་རྒྱལ་པོ་ནོར་བུ་སོགས༔ བདག་གིས་ལྷ་ལ་མཆོད་པ་འབུལ༔ བདག་ནི་ཚོགས་གཉིས་རྫོགས་པར་ཤོག༔ ཨོཾ་མཎི་རཏྣ་ཧཱུྃ༔ འདིར་མཎྜལ་རྒྱས་པ་ཕུལ་མཐར། ཧཱུྃ༔ ཀུན་གྱི་གཙོ་བོ་རི་རབ་གླིང༔ རི་རབ་གླིང་བཞི་གླིང་ཕྲན་བཅས༔ བདག་གིས་ལྷ་ལ་མཆོད་པ་འབུལ༔ ཚོགས་གཉིས་ཡོངས་སུ་རྫོགས་པར་ཤོག༔ ཨོཾ་རཏྣ་མཎྜལ་ཧཱུྃ༔ ཁྲུས་བུམ་ཐོགས་ལ་མེ་ལོང་ངོས་ནས་ཁྲུས་གསོལ་བ་ནི། ཧཱུྃ༔ བདག་གིས་དྲི་ལྡན་དྲི་ཆབ་ཀྱིས༔ བདེ་གཤེགས་སྐུ་ལ་ཁྲུས་གསོལ་ལོ༔ ལྷ་ལ་དྲི་མ་མི་མངའ་ཡང༔ སྡིག་སྒྲིབ་དག་པའི་རྟེན་འབྲེལ་བགྱི༔ ཨོཾ་སརྦ་ཏཐཱ་གཏ་ཨབྷིཤེཀཏེ་སམཡ་ཤྲཱིཡེ་ཧཱུྃ༔ ཁྲུས་རས་ཐོགས་ཏེ་སྐུ་ཕྱི་བའི་ཚུལ་གྱིས། ཧཱུྃ༔ རས་དཀར་འཇམ་དྲི་ལྡན་པ་ཡིས༔ རྒྱལ་བའི་སྐུ་ཉིད་ཕྱི་བར་བགྱི༔ སྐུ་ལ་དྲི་མ་མི་མངའ་ཡང༔ སྡུག་བསྔལ་བྲལ་བའི་རྟེན་འབྲེལ་བགྱི༔ ཨོཾ་ཀཱཡ་བིཤྭ་དྷནཡེ་སྭཱཧཱ༔ ན་བཟའ་ཐོགས་ལ། ཧཱུྃ༔ ན་བཟའ་མཛེས་ལྡན་ངུར་སྨྲིག་འདི༔ རྒྱལ་བའི་སྐུ་ལ་གསོལ་བར་བགྱི༔ སྐུ་ལ་བསིལ་བ་མི་མངའ་ཡང༔ བཀྲག་མདངས་འཕེལ་བའི་རྟེན་འབྲེལ་བགྱི༔ ཨོཾ་བཛྲ་ཝསྟྲ་ཨཱཿཧཱུྃ༔  བསྟོད་པ་ནི། ཧཱུྃ༔ སྐུ་མདོག་བཻཌཱུརྱ་ཡི་རི་བོ་འདྲ༔ འགྲོ་བ་སེམས་ཅན་ནད་ཀྱི་སྡུག་བསྔལ་སེལ༔ བྱང་ཆུབ་སེམས་དཔའ་བརྒྱད་ཀྱི་འཁོར་གྱིས་བསྐོར༔ རིན་ཆེན་སྨན་འཛིན་ལྷ་ལ་ཕྱག་འཚལ་བསྟོད༔ མཚན་ལེགས་རིན་ཆེན་ཟླ་བ་མྱ་ངན་མེད༔ ཆོས་བསྒྲགས་གསེར་བཟང་ཆོས་བློ་ཤཱཀྱ་ཐུབ༔ དམ་པའི་ཆོས་དང་སེམས་དཔའ་བཅུ་དྲུག་སོགས༔ དཀོན་མཆོག་རིན་ཆེན་གསུམ་ལ་ཕྱག་འཚལ་བསྟོད༔ ཚངས་དང་བརྒྱ་བྱིན་རྒྱལ་ཆེན་ཕྱོགས་སྐྱོང་བཅུ༔ གནོད་སྦྱིན་སྡེ་དཔོན་བཅུ་གཉིས་གཡོག་དང་བཅས༔ ལྷ་མི་སྨན་གྱི་རིག་འཛིན་དྲང་སྲོང་སོགས༔ བདུད་རྩི་སྨན་གྱི་ལྷ་ལ་ཕྱག་འཚལ་བསྟོད༔ རོལ་མོ་བྱ། བཟླས་པ་ནི། བདག་མདུན་ཐུགས་ཀའི་ཧཱུྃ་ལ་སྔགས་ཀྱིས་བསྐོར༔ དེ་ལས་འོད་འཕྲོས་རྒྱལ་མཆོད་བྱིན་རླབས་བསྡུས༔ འགྲོ་བ་སེམས་ཅན་ཀུན་གྱི་སྡིག་སྒྲིབ་སྦྱངས༔ ཀུན་ཀྱང་སྨན་བླའི་གོ་འཕང་ཐོབ་པར་གྱུར༔ ཨོཾ་ ནམོ་ བྷགཝཏེ་ བྷཻཥཛྱེ་ གུརུ་ བཻཌཱུརྱ་ པྲབྷ་ རཱཛཱཡ་ ཏཐཱ་གཏཱཡ་ ཨརྷཏེ་ སམྱཀ་ སཾ་བུདྡྷཱཡ་ ཏདྱཐཱ། ཨོཾ་ བྷཻཥཛྱེ་ བྷཻཥཛྱེ་ མཧཱ་ བྷཻཥཛྱེ་ བྷཻཥཛྱེ་ རཱཛཱ་ སམུདྒཏེ་ སྭཱཧཱ༔ ཞེས་གཟུངས་ཐུང་ཅི་ནུས་བཟླས། སླར་ཡང་ཕྱག་མཆོད་འབུལ་བ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ།། མཆོད་དོ་སྐྱབས་སུ་མཆིའོ།། བྱིན་གྱིས་བརླབ་ཏུ་གསོལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ།། མཆོད་དོ་སྐྱབས་སུ་མཆིའོ།། བྱིན་གྱིས་བརླབ་ཏུ་གསོལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་བཟང་དྲི་མེད་རིན་ཆེན་སྣང་བ་བརྟུལ་ཞུགས་གྲུབ་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ།། མཆོད་དོ་སྐྱབས་སུ་མཆིའོ།། བྱིན་གྱིས་བརླབ་ཏུ་གསོལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་མེད་མཆོག་དཔལ་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ།། མཆོད་དོ།། སྐྱབས་སུ་མཆིའོ།། བྱིན་གྱིས་བརླབ་ཏུ་གསོལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་བསྒྲགས་རྒྱ་མཚོའི་དབྱངས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ།། མཆོད་དོ།། སྐྱབས་སུ་མཆིའོ།། བྱིན་གྱིས་བརླབ་ཏུ་གསོལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་བསྒྲགས་རྒྱ་མཚོའི་མཆོག་གི་བློས་རྣམ་པར་རོལ་པ་མངོན་པར་མཁྱེན་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ།། མཆོད་དོ་སྐྱབས་སུ་མཆིའོ།། བྱིན་གྱིས་བརླབ་ཏུ་གསོལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻཌཱུརྱ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ།། མཆོད་དོ་སྐྱབས་སུ་མཆིའོ།། བྱིན་གྱིས་བརླབ་ཏུ་གསོལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ།། མཆོད་དོ་སྐྱབས་སུ་མཆིའོ།། བྱིན་གྱིས་བརླབ་ཏུ་གསོལ། སོགས་ལན་གསུམ། རོལ་མོ་བྱ། དེ་ནས་ལྷ་བཤོས་དང་མར་མེ་རྣམས་བྱིན་གྱིས་བརླབས་ཏེ་ཕུལ་བ་ནི། ནམོ། དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་གྱིས་བརླབས་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་བདེན་པའི་སྟོབས་མངའ་བ་རྣམས་ཀྱི་ཐུགས་རྗེ་ནུས་མཐུ་དང་། བདག་གི་དད་མོས་ལྷག་བསམ་དག་པའི་བདེན་སྟོབས་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པའི་བྱིན་རླབས་ཀྱིས་མཆོད་པའི་ཡོ་བྱད་ཇི་ལྟར་བཤམས་ཤིང་ཕུལ་བ་འདི་དག་མཚོན་བྱེད་དུ་བྱས་ཏེ། ཕྱོགས་བཅུ་རབ་འབྱམས་ཀྱི་སངས་རྒྱས་བྱང་སེམས་ནམ་མཁའི་མཐས་གཏུགས་སུ་ཁྱབ་པའི་སྐྱབས་གནས་དཀོན་མཆོག་ཐམས་ཅད་ཀྱི་སྤྱན་སྔར་མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་ལ་སོགས་པའི་མཆོད་པའི་སྤྲིན་ཕུང་རྒྱ་ཆེ་ཞིང་རྒྱུན་མི་ཆད་པ་ཀུན་ཏུ་བཟང་པོའི་ཏིང་ངེ་འཛིན་གྱི་སྨོན་ལམ་ལས་བྱུང་བའི་མཆོད་སྤྲིན་དང་མཉམ་པར་འབྱུང་བར་གྱུར་ཅིག ནམོ་རཏྣ་ཏྲཡཱཡ། ནམོ་བྷགཝཏེ་བཛྲ་སཱར་པྲམརྡནེ། ཏཐཱ་གཏཱཡ། ཨརྷཏེ་སམྱཀ་སཾ་བུདྡྷཱཡ། ཏདྱཐཱ། ཨོཾ་བཛྲེ་བཛྲེ། མཧཱ་བཛྲེ། མཧཱ་ཏེཛ་བཛྲེ། མཧཱ་བིདྱ་བཛྲེ། མཧཱ་བོདྷི་ཙིཏྟ་བཛྲེ། མཧཱ་བོདྷི་མཎྜོཔ་སཾཀྲམཎ་བཛྲེ་སརྦ་ཀརྨ་ཨཱལྦརཎ་བིཤོདྷན་བཛྲེ་སྭཱཧཱ། ནམཿ སརྦ་ཏཐཱ་གཏ་སཔཱརིལྦར་བཛྲ་ཨརྒྷཾ། པཱདྱཾ། པུཥྤེ། དྷཱུཔེ། ཨཱལོཀེ། གནྡྷེ། ནེལྦིདྱ། རུ་པ། ཤབྡ། གྷནྡེ། རས། སྤརྴེ། པྲཏཱིཙྪ་ཨཱཿཧཱུྃ། འདོད་དོན་གསོལ་བ་ནི་ཐལ་མོ་སྦྱར་ལ སྐྱབས་གནས་བླ་མ་དཀོན་མཆོག་ཡི་དམ་ལྷ།། མཁའ་འགྲོ་ཆོས་སྐྱོང་མ་ལུས་ཐམས་ཅད་ཀྱི།། སྤྱན་སྔར་མཆོད་པའི་སྤྲིན་ཕུང་འདི་ཕུལ་བས།། དགྱེས་པར་བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ།། སྟོང་གསུམ་འཇིག་རྟེན་བྱེ་བ་ཕྲག་བརྒྱ་ཡི།། སྣོད་བཅུད་མཆོད་པའི་དངོས་པོ་ཇི་སྙེད་དང་།། བདག་ལུས་ལོངས་སྤྱོད་གཏན་གྱི་འདུན་མར་བཅས།། མཆོད་པའི་མཎྜལ་ཉིད་དུ་འབུལ་ལགས་ན།། བདག་སོགས་ནམ་མཁའ་མཉམ་པའི་སེམས་ཅན་ཀུན།། བསོད་ནམས་ཡེ་ཤེས་ཚོགས་གཉིས་རྫོགས་པ་དང་།། ལས་ཉོན་སྡིག་སྒྲིབ་མ་ལུས་བྱང་གྱུར་ནས།། ཐར་ལམ་བྱང་ཆུབ་དམ་པ་འཐོབ་པར་ཤོག། དེ་ལྟར་མཆོད་པ་ཕུལ་བའི་དགེ་འབྲས་ཀྱིས།། རྒྱལ་ཁམས་བདེ་ཞིང་ནད་ཡམས་འཁྲུག་རྩོད་ཞི།། སངས་རྒྱས་བསྟན་དང་བསྟན་པ་འཛིན་ཀུན་མཐུན།། ཐམས་ཅད་དམ་པའི་ཆོས་ལ་སྤྱོད་གྱུར་ཅིག། དཀོན་མཆོག་བདེན་པའི་མཐུ་སྟོབས་རྨད་བྱུང་དང་།། བདག་གིས་དད་མོས་མཆོད་ཅིང་གསོལ་བཏབ་པའི།། དགེ་བས་ཅི་བསམ་འགྲུབ་ཅིང་བར་ཆད་ཞི།། མཆོག་ཐུན་དངོས་གྲུབ་ཚེ་འདིར་ཐོབ་པར་ཤོག། སྤྲོ་ན་མར་མེ་སྨོན་ལམ་ནི། ཨེ་མ་ཧོ། བདག་གི་སྟོན་པ་སངས་རྒྱས་མར་མེ་མཛད།། ཕྱོགས་བཅུ་དུས་གསུམ་སངས་རྒྱས་བྱང་ཆུབ་སེམས།། བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ཚོགས་དང་།། མཁའ་འགྲོ་ཆོས་སྐྱོང་མ་ལུས་དགོངས་སུ་གསོལ།། གུས་པས་བཤམས་པའི་སྣང་གསལ་མར་མེ་འདི།། ཀོང་བུ་སྟོང་གསུམ་ཁམས་དང་མཉམ་གྱུར་ཅིག། མར་ཁུ་རྒྱ་མཚོ་ཆེ་ལྟར་ཟད་མེད་ཤོག། སྡོང་བུ་རི་རབ་ལྟ་བུར་བརྟན་པར་ཤོག། འོད་ཟེར་ཉི་མ་འབུམ་ལས་གསལ་བར་ཤོག། སྣང་བས་ཕྱོགས་བཅུ་མ་ལུས་ཁྱབ་པར་ཤོག། ཡུན་རིང་བསྐལ་པའི་བར་དུ་བརྟན་པར་ཤོག། ཞུན་མར་གསལ་བའི་མར་མེ་འདི་ཕུལ་བས།། བདག་གཞན་འགྲོ་ཀུན་གུས་པའི་སེམས་ཀྱིས་ནི།། ཕྱོགས་བཅུ་དུས་གསུམ་སངས་རྒྱས་བྱང་སེམས་དང་།། བླ་མ་ཡི་དམ་མཁའ་འགྲོ་རྣམས་ལ་འབུལ།། འགྲོ་བའི་དོན་དུ་དགོངས་ཏེ་བཞེས་སུ་གསོལ།། ཞུན་མར་གསལ་བའི་མར་མེ་འདི་ཕུལ་བས།། སྲིད་རྩེའི་ལྷ་གནས་མན་ཆད་གསལ་གྱུར་ཅིག། ལྟུང་བའི་སྡུག་བསྔལ་མ་ལུས་ཞི་གྱུར་ནས།། བསམ་གཏན་ཕྱིར་མི་ལྡོག་པའི་ས་ཐོབ་ཤོག། ཞུན་མར་གསལ་བའི་མར་མེ་འདི་ཕུལ་བས།། ལྷ་མ་ཡིན་གྱི་གནས་སུ་གསལ་གྱུར་ཅིག། ང་རྒྱལ་ཁྲོ་གཏུམ་འཐབ་རྩོད་ཞི་གྱུར་ནས།། ཚད་མེད་བཞི་ལྡན་ཞི་གནས་ལྡན་པར་ཤོག། ཞུན་མར་གསལ་བའི་མར་མེ་འདི་ཕུལ་བས།། གླིང་བཞི་མི་ཡི་གནས་སུ་གསལ་གྱུར་ཅིག། ཕྱི་ནང་བར་གསུམ་སྡུག་བསྔལ་ཀུན་ཞི་ནས།། ཕ་རོལ་ཕྱིན་དྲུག་རྒྱུད་དང་ལྡན་པར་ཤོག། ཞུན་མར་གསལ་བའི་མར་མེ་འདི་ཕུལ་བས།། འོག་ཕྱོགས་ཀླུ་ཡི་གནས་སུ་གསལ་གྱུར་ཅིག། གཏི་མུག་སངས་ཞིང་འཇིགས་པ་ལས་ཐར་ནས།། འདོད་ཡོན་དྲུག་ལྡན་བྱང་ཆུབ་སེམས་བསྐྱེད་ཤོག། ཞུན་མར་གསལ་བའི་མར་མེ་འདི་ཕུལ་བས།། དུད་འགྲོ་རྣམས་ཀྱི་གནས་སུ་གསལ་གྱུར་ཅིག། བཀོལ་སྤྱོད་ཉིང་ཤའི་སྡུག་བསྔལ་ཀུན་ཞི་ནས།། གཏི་མུག་སངས་ནས་ཤེས་རབ་ཕར་ཕྱིན་ཤོག། ཞུན་མར་གསལ་བའི་མར་མེ་འདི་ཕུལ་བས།། ཡི་དྭགས་རྣམས་ཀྱི་གནས་སུ་གསལ་གྱུར་ཅིག། སེར་སྣའི་བཀྲེས་སྐོམ་སྡུག་བསྔལ་ཀུན་ཞི་ནས།། ལོངས་སྤྱོད་ཕུན་ཚོགས་སྦྱིན་པའི་ཕར་ཕྱིན་ཤོག། ཞུན་མར་གསལ་བའི་མར་མེ་འདི་ཕུལ་བས།། ཁྲོ་གཏུམ་གཤིན་རྗེའི་གནས་སུ་གསལ་གྱུར་ཅིག། སྲོག་གཅོད་རྒྱོབ་རྡུངས་གནོད་སེམས་ཀུན་ཞི་ནས།། བྱམས་དང་སྙིང་རྗེའི་སེམས་དང་ལྡན་གྱུར་ཅིག། ཞུན་མར་གསལ་བའི་མར་མེ་འདི་ཕུལ་བས།། དམྱལ་ཁམས་བཅོ་བརྒྱད་གནས་སུ་གསལ་གྱུར་ཅིག། མི་བཟོད་སྡུག་བསྔལ་དྲག་པོ་ཀུན་ཞི་ནས།། བདེ་འགྲོ་ཐོབ་སྟེ་བཟོད་པའི་ཕར་ཕྱིན་ཤོག། ཞུན་མར་གསལ་བའི་མར་མེ་འདི་ཕུལ་བས།། སྲིད་གསུམ་ཁམས་གསུམ་སྡུག་བསྔལ་ཀུན་ཞི་ནས།། མར་མེ་མཛད་ཀྱི་ཞལ་མཐོང་གསུང་ཐོས་ཤོག། མ་རིག་འདོད་པའི་ལིང་ཏོག་ཀུན་བསལ་ནས།། ལས་དང་ཉོན་མོངས་སྒྲིབ་པས་མ་གོས་པར།། འོད་དཔག་མེད་དང་ཡང་ཡང་ཞལ་མཇལ་ཏེ།། ཡེ་ཤེས་སྣང་བའི་འོད་ཟེར་རྒྱ་ཆེན་གྱིས།། སེམས་ཅན་ཀུན་གྱི་མུན་པ་ཀུན་བསལ་ནས།། སེམས་ཅན་ཐམས་ཅད་ཀུན་མཁྱེན་ཐོབ་པར་ཤོག། འགྲོ་ཀུན་སངས་རྒྱས་ཞིང་དུ་འགོད་པར་ཤོག། ཅེས་རྒྱལ་པོ་གསེར་གྱི་ལག་པའི་སྨོན་ལམ་དང་ཡན་ལག་བདུན་པ་རྒྱས་བསྡུས་གང་རུང་བྱ། སྤྲོ་བས་ལྕོགས་ན་བཟང་པོ་སྤྱོད་པའི་སྨོན་ལམ་ཡང་མཐར་ཆགས་སུ་འདོན་པ་ཉིད་ལེགས་པའོ།། དེ་ལྟར་མཆོད་བསྟོད་གསོལ་འདེབས་སྨོན་ལམ་གྱི་རིམ་པ་སོང་ནས། སླར་ཡང་ཁྱད་པར་གྱི་བཟླས་པ་ནི། 

            དེ་ལྟར་མཆོད་བསྟོད་གསོལ་བ་བཏབ་པ་ཡིས།། མདུན་བསྐྱེད་ལྷ་ཚོགས་རྒྱུད་བསྐུལ་ལྷ་ཚོགས་ཀྱི།། སྐུ་ལས་འོད་འཕྲོས་བདག་དང་བསྲུང་བྱར་ཐིམ།། ནད་གདོན་སྡིག་སྒྲིབ་ཐམས་ཅད་བྱང་བར་གྱུར།། གོང་བཞིན་བསྙེན། ཏདྱཐཱཿ ཨོཾ་ བྷཻཥཛྱེ་ བྷཻཥཛྱེ་ མཧཱ་ བྷཻཥཛྱེ་ བྷཻཥཛྱེ་ རཱཛཱ་ སམུངྒཏེ་ སྭཱཧཱ༔ སྔགས་གཤམ་དུ། ནད་གདོན་སྡིག་སྒྲིབ་སརྦ་ཤནྟིཾ་ཀུརུ་སྭཱཧཱ། ཞེས་ཅུང་ཟད་བཟླས་མཐར་རྗེས་ཆོག་ནི། མཆོད་པ་ཁ་གསོས་ལ། ཧཱུཾ། མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་རོལ་མོ་ལ་སོགས་པ༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ བདག་གིས་ལྷ་ལ་མཆོད་པ་འབུལ༔ བདག་ཅག་ཚོགས་གཉིས་རྫོགས་པར་ཤོག ཨརྒྷཾ། པཱདྱཾ། པུཥྤེ། ངྷཱུཔེ། ཨཱལོཀེ། གནྡྷེ། ནེཝིདྱ། ཤཔྡ། རུ་པ། ཤབྡ། གྷནྡེ། རས། སྤརྴ། པྲཏིཙྪ་ཨཱཿ ཧཱུྃ། བསྟོད་པ་ནི། ཐུགས་རྗེ་ཀུན་ལ་སྙོམས་པའི་བཅོམ་ལྡན་འདས༔ མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སེལ༔ དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ༔ བཻཌཱུརྱ་ཡི་འོད་ལ་ཕྱག་འཚལ་བསྟོད༔ བསྟོད་པར་འོས་པ་ཐམས་ཅད་ལ།། ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི།། ལུས་བཏུད་པ་ཡིས་རྣམ་ཀུན་ཏུ།། མཆོག་ཏུ་དད་པས་ཕྱག་འཚལ་ལོ།། མ་འབྱོར་པ་དང་ཉམས་པ་དང་།། གང་ཡང་བདག་རྨོངས་བློ་ཡིས་ནི།། བགྱིས་པ་དང་ནི་བགྱིད་བསྩལ་གང་།། དེ་ཡང་བཟོད་པར་མཛད་དུ་གསོལ།། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་།། མི་མཐུན་གནོད་པའི་བགེགས་དང་བྲལ་བ་དང་།། མཐུན་པར་གྱུར་ཅིང་ཕུན་སུམ་ཚོགས་གྱུར་པའི།། བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང་བ་དང་།། ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས།། ཐེག་པ་མཆོག་ལ་ངེས་པར་འབྱུང་བ་སྟེ།། བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། ཡུལ་ཁམས་ཀུན་ཏུ་ནད་འཁྲུག་མུ་གེ་ཞི།། ལོ་ལེགས་འབྲུ་འཕེལ་རྫོགས་ལྡན་དུས་བཞིན་དུ།། དགེ་ལེགས་ཡོན་ཏན་ཡར་ངོའི་ཟླ་ལྟར་འཕེལ།། ཕྱོགས་དུས་ཀུན་ཏུ་དགེ་བའི་བཀྲ་ཤིས་ཤོག། སྡིག་ལྟུང་ཀུན་བཤགས་དགེ་བ་བྱང་ཆུབ་བསྔོ༔ ནད་གདོན་སྡུག་བསྔལ་བྲལ་བའི་བཀྲ་ཤིས་ཤོག༔ འཇིག་རྟེན་པ་རྣམས་རང་གནས་བཛྲ་མུ༔ ཡེ་ཤེས་དམ་ཚིག་ལྷ་རྣམས་བདག་ལ་ཐིམ༔ ཀ་དག་ཀུན་བཟང་ཀློང་དུ་ཨེ་མ་ཧོ༔ དེ་ནས་སྨོན་ལམ་ནི། བདེ་གཤེགས་མཆེད་བརྒྱད་མཆོད་པའི་བསོད་ནམས་ཀྱིས།། ནམ་མཁའ་ཁྱབ་པའི་སེམས་ཅན་ཐམས་ཅད་དང་།། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ཡི།། འདུ་བ་རྣམ་བཞིའི་ནད་རྣམས་ཞི་བ་དང་།། རྒྱལ་པོ་ལ་སོགས་འཇིགས་པ་ཀུན་ལས་ཐར།། དགོས་འདོད་ཐམས་ཅད་འབད་མེད་ལྷུན་གྲུབ་ཅིང་།། ནམ་ཞིག་འཕོས་ཚེ་བྱང་ཆུབ་སེམས་དཔའ་བརྒྱད།། རྫུ་འཕྲུལ་སྟོབས་ཀྱིས་མཁའ་ལ་བྱོན་ནས་ཀྱང་།། ནུབ་ཕྱོགས་བདེ་བ་ཅན་གྱི་ལམ་བསྟན་ཅིང་།། པདྨོ་མཆོག་ལ་བརྫུས་ཏེ་སྐྱེས་ནས་ཀྱང་།། ཚེ་དཔག་མེད་མགོན་མཆོད་པས་མཉེས་བྱེད་ཤོག། ཅེས་དགོངས་གཏེར་ཟུར་རྒྱན་དུ་གནམ་ཆོས་ཉིད་ནས་བསྡུས་ཏེ། ཨ་རཱ་གས་བསྒྲིགས་པར་མཛད་པ་ལ་ཅུང་ཟད་ཁ་བསྐངས་ནས་བཀླག་ཆོག་ཏུ་བཀོད་པ་འདི་ཡང་རང་གཞན་ཀུན་ལ་ཕན་པའི་བསམ་པས། ཆགས་སྤྲུལ་ལྔ་པ་གསང་སྔགས་བསྟན་འཛིན་གྱིས་བྲིས་པས་འགྲོ་བའི་ནད་རིགས་ཐམས་ཅད་ཞི་ནས་བྱང་ཆུབ་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག། དགེ་ལེགས་འཕེལ།། །།






མཐའ་མའི་འདོན་ཐེངས་།: 04.07.2024 ཉིན། 2:25 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།