སྨན་རྩིས་དྲ་བ། - བཀའ་འགྱུར་གསོ་རིག

དགའ་བོ་མངལ་གནས་བསྟན་པའི་མདོ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 05.04.2013
བཀའ་འགྱུར་གསོ་རིག >> དགའ་བོ་མངལ་གནས་བསྟན་པའི་མདོ།


༄༅། །འཕགས་པ་དགའ་བོ་ལ་མངལ་ན་གནས་པ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།

 འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་བཅུ་གསུམ་པ་སྟེ། ཚེ་དང་ལྡན་པ་དགའ་བོ་ལ་མངལ་ན་གནས་པ་བསྟན་པ། བམ་པོ་དང་པོ།


རྒྱ་གར་སྐད་དུ། ཨྰརྱནནྡཾགརྦྷྰབཀྲྰནྟིནིརདེཤ །

བོད་སྐད་དུ། འཕགས་པ་དགའ་བོ་ལ་མངལ་ན་གནས་པ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།


སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་གྲོང་ཁྱེར་སེར་སྐྱ་ན་ཤིང་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན། དགེ་སློང་གི་དགེ་འདུན་ཚད་མེད་པ་རྣམས་དང་ཐབས་ཅིག་ཏུ་བཞུགས་ཏེ། དེའི་ཚེ་ན་བཅོམ་ལྡན་འདས་ཀྱི་གཅུང་དགའ་བོ་ཞེས་བྱ་བ་དེའི་ལུས་གསེར་གྱི་ཁ་དོག་ཅན་མཚན་སུམ་ཅུ་དང་ལྡན་ཞིང་ཚད་བཅོམ་ལྡན་འདས་ལས་སོར་བཞིས་ཐུང་བ་ཞིག་ཡོད་དེ་དེའི་ཆུང་མ་སུན་ད་རི་ཀ་ཞེས་བྱ་བ་བཟང་མོ་བལྟ་ན་སྡུག་པ། བྱད་བཞིན་མཛེས་ཤིང་འཇིག་རྟེན་ན་དཀོན་པ་ཁ་དོག་ཁྱད་པར་དུ་འཕགས་ཤིང་མང་པོ་ཀུན་གྱིས་བལྟ་བར་འདོད་པ་ཞིག་ཡོད་པས་དགའ་བོ་དེ་ལ་ཆགས་ཤིང་ཞེན་པར་གྱུར་པས་སྐད་ཅིག་ཙམ་དུ་ཡང་མི་འབྲལ་ཞིང་འདོད་པའི་སེམས་ཀྱིས་ཤིན་ཏུ་ཆགས་པར་གྱུར་ཏེ། སྲོག་གིས་འཇལ་བར་བྱེད་པས། བཅོམ་ལྡན་འདས་ཀྱིས་དེ་གདུལ་བའི་དུས་ལ་བབ་པར་མཁྱེན་པས་སྔ་དྲོའི་དུས་ཀྱི་ཚེ་ན་བཟའ་མནབས་ཏེ། ལྷུང་བཟེད་བསྣམས་ནས་ཞབས་འབྲིང་བ་ཚེ་དང་ལྡན་པ་ཀུན་དགའ་བོ་དང་གྲོང་ཁྱེར་དུ་བསོད་སྙོམས་ལ་གཤེགས་ཏེ། མཐར་གྱིས་དགའ་བོའི་ཁྱིམ་གང་ན་བ་དེར་གཤེགས་ནས་དེའི་སྒོར་གཤེགས་ཏེ་བཞུགས་སོ། །དེ་ནས་ཐུགས་རྗེ་ཆེན་པོའི་མཐུས་འོད་ཟེར་གསེར་གྱི་ཁ་དོག་ལྟ་བུ་བཏང་བས་དགའ་བོའི་ཁྱིམ་ནང་ཀུན་ཏུ་གསེར་བཙོ་མ་ལྟ་བུའི་ཁ་དོག་ཏུ་གྱུར་པ་དང་། དེའི་ཚེ་དགའ་བོ་འདི་སྙམ་དུ་འོད་ཟེར་ཀུན་ཏུ་སྣང་བར་གྱུར་པས་གདོན་མི་ཟ་བར་འདི་ནི་དེ་བཞིན་གཤེགས་པའི་ཡིན་ནོ། །སྙམ་དུ་བསམས་ནས་མི་ཞིག་མངགས་ཏེ། ཀྱེ་སོང་ལ་སུ་ཡིན་ལྟོས་ཤིག་ཅེས་བསྒོ་བ་དང་། དེས་ཀྱང་བཅོམ་ལྡན་འདས་མཐོང་ནས་མྱུར་ཞིང་རིངས་པས་སླར་ལོག་ནས་དགའ་བོ་ལ་བཅོམ་ལྡན་འདས་སྒོ་ན་བཞུགས་སོ་ཞེས་སྨྲས་སོ། །དེས་དེ་སྐད་སྨྲས་པ་ཐོས་ནས་མྱུར་དུ་ཕྱིར་བྱུང་སྟེ། བཅོམ་ལྡན་འདས་བསུ་སྟེ། ཕྱག་བྱ་བར་བྱས་པ་ལས་དེའི་ཚེ་སུན་ད་རི་ཀ་འདི་སྙམ་དུ་བདག་གིས་གལ་ཏེ་འདི་བཏང་བར་གྱུར་ན། བཅོམ་ལྡན་འདས་ཀྱིས་གདོན་མི་ཟ་བར་རབ་ཏུ་འབྱུང་བར་འགྱུར་རོ། །སྙམ་དུ་བསམས་ནས། གོས་ཀྱི་མཐའ་མ་ནས་བཟུང་སྟེ་མ་བཏང་བ་དང་། དགའ་བོས་སྨྲས་པ། དེང་རེ་ཤིག་ཐོང་ཤིག་དང་། བཅོམ་ལྡན་འདས་ལ་ཕྱག་བྱས་ནས་བདག་སླར་འོང་ངོ་། །སུན་ད་རི་ཀས་སྨྲས་པ། བདག་ཅག་དམ་བཅས་ནས་གདོད་དེ་བཞིན་གཏང་ངོ་། །ཞེས་དེའི་འཕྲལ་བ་ལ་ཐིག་ལེ་གཤེར་བའི་མཚན་མ་བཏབ་ནས་འདི་སྐད་དུ་ཐིག་ལེ་འདི་མ་བསྐམས་པར་སླར་གཤེགས་སུ་གསོལ། གལ་ཏེ་ཐོགས་པར་གྱུར་ན་གསེར་གྱི་ཀྰར་ཤྰ་པ་ཎ་ལྔ་བརྒྱས་ཆད་པས་གཅད་དོ་ཞེས་སྨྲས་པ་དང་། དགའ་བོས་ཀྱང་དེ་བཞིན་དུ་བྱའོ། །ཞེས་སྒོར་བྱུང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བྱས་ཏེ། དེ་བཞིན་གཤེགས་པའི་ལྷུང་བཟེད་བླངས་ནས་སླར་ཁྱིམ་དུ་ཞུགས་ཏེ། བཟའ་བ་དང་བཅའ་བ་བསོད་པ་དག་གིས་ལྷུང་བཟེད་བཀང་ནས་སླར་སྒོར་བྱུང་བ་དང་། བཅོམ་ལྡན་འདས་སླར་གཤེགས་པས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བྱིན་པ་དང་། བཅོམ་ལྡན་འདས་ཀྱིས་ལྷུང་བཟེད་མ་ལེན་ཅིག་པར་མཚན་མ་བསྟན་ཏོ། །དེ་བཞིན་གཤེགས་པ་སྟོན་པ་ཆེན་པོ་ཤིན་ཏུ་གཟི་བྱིན་ཆེ་བས་བཞེས་སུ་གསོལ་ཞེས་གསོལ་བའི་ཐུགས་ཀྱང་མ་ཐུབ་ནས་ཡང་ཀུན་དགའ་བོ་ལ་བྱིན་པ་དང་། ཀུན་དགའ་བོས་སྨྲས་པ། ཁྱོད་ཀྱིས་ལྷུང་བཟེད་འདི་སུ་ལས་བླངས་སྨྲས་པ། བཅོམ་ལྡན་འདས་ལས་བླངས་སོ། །ཀུན་དགའ་བོས་སྨྲས་པ། འོ་ན་བཅོམ་ལྡན་འདས་ལ་ཕུལ་ཅིག །དེས་སྨྲས་པ་བདག་སྟོན་པ་ཆེན་པོ་ལ་གསོལ་བའི་ཐུགས་མི་ཐུབ་བོ། །ཞེས་ཅང་མི་སྨྲ་བར་ཞབས་འབྲིང་དུ་སོང་ངོ་། །བཅོམ་ལྡན་འདས་སླར་གཙུག་ལག་ཁང་དུ་གཤེགས་ནས་ཕྱག་བཅབས། ཞབས་བསིལ་ཏེ་གདན་ལ་བཞུགས་པ་དང་། དགའ་བོས་ལྷུང་བཟེད་ཐོགས་པ་དེ་བཅོམ་ལྡན་འདས་ལ་ཕུལ་ལོ། །བཅོམ་ལྡན་འདས་ཀྱིས་ཟས་ཀྱི་བྱ་བ་མཛད་ནས་དགའ་བོ་ལ་བཀའ་སྩལ་པ། ཁྱོད་ངའི་ལྷུང་བཟེད་ཀྱི་ལྷག་མ་ཟ་འམ། བདག་འཚལ་ལོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཀྱང་དེ་ལ་བྱིན་ནོ། །དགའ་བོས་ཟོས་ཟིན་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཅི་ཁྱོད་རབ་ཏུ་འབྱུང་ངམ། དེས་ཀྱང་རབ་ཏུ་འབྱུང་ངོ་། །ཞེས་གསོལ་ཏེ། དེ་ཡང་སངས་རྒྱས་བཅོམ་ལྡན་འདས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡབ་ཡུམ་དང་། མཁན་པོ་དང་། སློབ་དཔོན་དང་། བླ་མའི་གནས་གཞན་རྣམས་ཀྱིས་རྗེས་སུ་བསྟན་པ་དག་དང་ནམ་ཡང་འགལ་བར་མ་མཛད་པའི་ཕྱིར་ད་ལྟར་གང་ཡང་བཀའ་ལས་འགལ་བར་མི་བྱེད་པ་བརྙེས་པར་གྱུར་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། ཁྱོད་ཀྱི་དགའ་བོའི་སྐྲ་དང་ཁ་སྤུ་བྲེགས་ཤིག་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་དེ་བཞིན་དུ་འཚལ་ལོ་ཞེས་འབྲེག་མཁན་བཙལ་ནས། དེའི་སྐྲ་བྲེགས་པར་བརྩམས་པ་དང་། དགའ་བོས་འབྲེག་མཁན་དེ་ལ་བསྒོ་བ། ཀྭའི་ཁྱོད་མི་ཤེས་སམ། ང་ནི་རིང་པོར་མི་ཐོག་པར་སྟོབས་ཀྱི་འཁོལ་ལོས་སྒྱུར་བའི་རྒྱལ་པོ་བྱེད་པར་འགྱུར་བས་ཁྱོད་ཀྱིས་གལ་ཏེ་ངའི་སྐྲ་དང་ཁ་སྤུ་བྲེགས་པར་གྱུར་ན་ངས་ཁྱོད་ཀྱི་ལག་པ་གཉིས་མཁྲིག་མ་མན་ཆད་གཅད་དོ། །ཞེས་བསྡིགས་པས་དེ་ཤིན་ཏུ་སྐྲག་པར་གྱུར་ནས་སྤུ་གྲི་བསྡུས་ཏེ། ཕྱིར་འགྲོ་བར་བརྩམས་པ་དང་། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་དེ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཉིད་དགའ་བོ་ག་ལ་བ་དེར་གཤེགས་ཏེ། དགའ་བོ་ལ་ཅི་ཁྱོད་རབ་ཏུ་མི་འབྱུང་ངམ། དེས་ཀྱང་རབ་ཏུ་འབྱུང་ངོ་། །ཞེས་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་ཉིད་ཀྱིས་རིལ་བ་བསྣམས་ཏེ། དེའི་མགོ་བོ་ལ་ཆུ་བླུགས་ནས་འབྲེག་མཁན་གྱིས་སྐྲ་དང་ཁ་སྤུ་བྲེགས་པ་དང་། དེ་འདི་སྙམ་དུ་དེང་བདག་རེ་ཤིག་བཅོམ་ལྡན་འདས་ལ་སྲི་ཞུ་བྱས་ཏེ་རབ་ཏུ་འབྱུང་མོད་ཀྱི་འོན་ཀྱང་རྒོངས་ཀར་སླར་ཁྱིམ་དུ་འགྲོའོ་སྙམ་མོ། །དེས་རྒོངས་ཀར་ལམ་དུ་ཞུགས་ཏེ་སོང་བ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་འགྲོ་བའི་ལམ་དུ་གཡང་ས་ཆེན་པོ་ཞིག་སྤྲུལ་པ་དེས་མཐོང་ནས། འདི་སྙམ་དུ་སུན་ད་རི་ཀ་དང་དུས་བྱས་པ་ནི་ཐག་རིང་དུ་གྱུར་པས་འགྲོ་བའི་རྐྱེན་དང་ལྡན་པར་མ་གྱུར་ཏེ། དེང་བདག་གིས་དེ་བསམས་པ་ཉིད་ཀྱིས་གལ་ཏེ་འཆི་བའི་དུས་བྱེད་པར་འགྱུར་ཡང་སྲིད་ན། གལ་ཏེ་ཤི་བར་མ་གྱུར་ན་ནམ་ནངས་ཏེ་འགྲོའོ་ཞེས་སུན་ད་རི་ཀ་དྲན་པའི་མྱ་ངན་དང་། སྡུག་བསྔལ་གྱིས་མཚན་མོ་འདས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་ཐུགས་ཀྱིས་མཁྱེན་ནས་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་སོང་ལ་དགའ་བོ་དེ་ལ་ཁང་སྐྱོང་བྱོས་ཤིག་པར་བསྒོ་ཤིག །དེས་ཀྱང་དེ་བཞིན་དུ་དེའི་ཐད་དུ་སོང་ནས་བཅོམ་ལྡན་འདས་ཀྱིས་ཁང་སྐྱོང་བྱོས་ཤིག་པར་བཀའ་སྩལ་ཏོ། །ཞེས་བསྒོ་བ་དང་། དེས་ཀྱང་ཁང་སྐྱོང་ཞེས་བྱ་བ་ཇི་ལྟ་བུ་དེས་བྱ་བ་ནི་ཅི་ཞིག་བྱེད་ཅེས་དྲིས་སོ། །དེས་སྨྲས་པ་གཙུག་ལག་ཁང་དུ་དགེ་འདུན་གྱི་བྱ་བ་དག་ཞལ་ཏ་བྱ་དགོས་སོ། །སྨྲས་པ། ཚུལ་ཇི་ལྟ་བུར་བྱ་བའི་རིགས་སྨྲས་པ། ཁང་སྐྱོང་ཞེས་བྱ་བ་ནི་གལ་ཏེ་དགེ་སློང་རྣམས་བསོད་སྙོམས་ལ་དོང་ན་གཙུག་ལག་ཁང་གི་ནང་གི་ས་རྣམས་ཕྱགས་ནས་ཆག་ཆག་གདབ་པར་བྱའོ། །བ་ལང་གི་ལྕི་བ་སར་པ་བླངས་ནས་གོ་རིམས་བཞིན་དུ་འཇམ་པོར་བསྐུ་བར་བྱའོ། །ལེགས་པར་ཡིད་ལ་བྱས་ཏེ་བསྲུང་ཞིང་སྟོར་བརླག་མེད་པར་བྱའོ། །གྲོས་སུ་བྱ་བ་ཡོད་ན་དགེ་འདུན་ལ་གསོལ་བར་བྱའོ། །དྲི་དང་མེ་ཏོག་ཡོད་ན་དགེ་འདུན་ལ་བྲིམ་པར་བྱའོ། །མཚན་མོ་སྒོ་བཅད་ཅིང་ནམ་ནངས་ནས་དབྱེ་བར་བྱའོ། །སྣམ་ཕྱིས་དང་། ཆབ་ཁུང་སས་རྟག་ཏུ་བཀྲུ་ཞིང་བྱི་དོར་བྱ་དགོས་སོ། །གལ་ཏེ་གཙུག་ལག་ཁང་ཞིག་ཅིང་རལ་བ་ཡོད་ན་བཅོས་ལེགས་བྱའོ། །ཞེས་དེ་སྐད་བསྟན་པ་ཐོས་པ་དང་། བཙུན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱིས་ཇི་སྐད་བཀའ་སྩལ་པ་བཞིན་དུ་ཐམས་ཅད་བདག་གིས་དེ་བཞིན་བགྱིའོ། །ཞེས་ཁས་བླངས་སོ། །དེ་ནས་དགེ་སློང་རྣམས་སྔ་དྲོའི་དུས་ཀྱི་ཚེ་ཤམ་ཐབས་བགོས། ཆོས་གོས་དང་ལྷུང་བཟེད་ཐོགས་ཏེ། གྲོང་ཁྱེར་སེར་སྐྱའི་གནས་སུ་བསོད་སྙོམས་ལ་བཞུད་པ་དང་། དགས་བོས་གཙུག་ལག་ཁང་ན་སུ་ཡང་མེད་པར་མཐོང་ནས་བདག་གིས་ཕྱག་དར་བྱས་ཟིན་པ་དང་། སླར་ཁྱིམ་དུ་འགྲོའོ་ཞེས་ཕྱག་དར་བྱེད་པ་ལ་ཞུགས་སོ། །བཅོམ་ལྡན་འདས་ཀྱིས་དེ་གཟིགས་ཤིང་མཁྱེན་པས་རྫུ་འཕྲུལ་གྱི་སྟོབས་ཀྱིས་ཕྱགས་ཟིན་པའི་ས་གཙང་མ་རྣམས་སླར་ཕྱག་དར་གྱིས་གང་བར་བྱིན་གྱིས་བརླབས་པ་དང་། དེས་ཀྱང་འདི་སྙམ་དུ་བདག་གིས་ཕྱག་དར་བོར་ཏེ་སླར་ཁྱིམ་དུ་འགྲོའོ་སྙམ་དུ་བསམས་ནས་དེས་ཕྱགས་མ་བཞག་སྟེ། ཕྱག་དར་དབོ་བར་བརྩམས་པ་དང་། ཟད་པར་མ་གྱུར་ནས་དེས་བསམས་པ། གནས་ཁང་རྣམས་ཀྱི་སྒོ་བཅད་ལ་འགྲོའོ་སྙམ་ནས་དེས་གནས་ཁང་རྣམས་ཀྱི་སྒོ་བཅད་པར་བརྩམས་པ་དང་། བཅོམ་ལྡན་འདས་ཀྱིས་སྒོ་གཅིག་བཅད་ཟིན་ནས་སྒོ་གཞན་བཅད་ཙམ་ན་སྒོ་གཞན་ཡང་བྱེ་བར་བྱིན་གྱིས་བརླབས་པས་དེ་ཉོན་མོངས་པ་སྐྱེས་ནས་གཞན་ཡང་འདི་སྙམ་དུ་གལ་ཏེ་རྐུན་པོས་གཙུག་ལག་ཁང་འདི་ཉམས་པར་བྱས་ཀྱང་འདི་ལ་གནོད་པ་ཅི་ཡོད་དེ། བདག་རྒྱལ་པོར་གྱུར་པ་ན་འདི་བས་ཆེས་ལྷག་པའི་གཙུག་ལག་ཁང་བཟང་པོ་བརྒྱ་སྟོང་བརྩིག་པར་ཟད་པས་བདག་ནི་སླར་ཁྱིམ་དུ་འགྲོའོ། །ཡང་བསམས་པ་གལ་ཏེ་ལམ་པོ་ཆེར་ཞུགས་ཏེ་འགྲོ་ན་ནི་བཅོམ་ལྡན་འདས་དང་ཕྲད་དུ་དོགས་པས། གསེབ་ལམ་དུ་ཞུགས་ཏེ་འགྲོ་སྙམ་དུ་བསམས་སོ། །བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་ཐུགས་ཀྱིས་མཁྱེན་ནས་གསེབ་ལམ་དེ་ཉིད་དུ་ཞུགས་ཏེ་གཤེགས་སོ། །དེས་རྒྱང་ནས་བཅོམ་ལྡན་འདས་མཐོང་ནས་མི་ཕྲད་པར་བྱ་བའི་ཕྱིར་ལམ་གྱི་འགྲམ་ན་ལྗོན་ཤིང་ཡལ་ག་དང་གྲིབ་མར་ལྡན་པ་ཐུར་དུ་གཞོལ་བ་ཞིག་གི་དྲུང་དུ་གབ་སྟེ་འདུག་པ་དང་། བཅོམ་ལྡན་འདས་ཀྱིས་ལྗོན་ཤིང་དེའི་ཡལ་ག་གྱེན་དུ་བརྫེས་ནས་དེ་ལུས་མངོན་དུ་སྣང་བར་བྱིན་གྱིས་བརླབས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ་ཁྱོད་གར་འགྲོ། ངའི་ཕྱི་བཞིན་དུ་ཤོག་ཤིག་ཅེས་བཀའ་སྩལ་པ་དང་། དེ་ཡང་སྐྱེངས་ཏེ་ངོ་ཚ་བའི་སེམས་ཀྱིས་བཅོམ་ལྡན་འདས་ཀྱི་ཞབས་འབྲིང་དུ་འབྲངས་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྙམ་དུ་འདི་ཆུང་མ་ལ་ཤིན་ཏུ་ཆགས་ཤིང་ཞེར་པར་གྱུར་པས་འདི་དེ་དང་འབྲལ་ཞིང་ཕན་གདགས་པའི་ཕྱིར་གྲོང་ཁྱེར་སེར་སྐྱ་ནས་བྱུང་སྟེ། གྲོང་ཁྱེར་མཉན་ཡོད་དུ་གཤེགས་སོ་སྙམ་དུ་དགོངས་ནས་དེར་བྱོན་པ་དང་། རི་དགས་དགྲའི་མ་ས་གའི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འདི་སྙམ་དུ་དགའ་བོ་བླུན་པོ་འདི་ནི་རྟག་ཏུ་ཆུང་མ་ལ་ཆགས་ཤིང་ཞེན་ནས་གཏོང་བར་མི་བྱེད་པས་འདི་ལ་ཐབས་ཤིག་སྦྱར་ཏེ་སེམས་ཉེ་བར་ཞི་བར་བྱའོ། །སྙམ་དུ་དགོངས་ནས། ཚེ་དང་ལྡན་པ་དགའ་བོ་ལ་བཀའ་སྩལ་པ། ཁྱོད་ཀྱིས་སྔོན་ཆད་སྤོད་ཀྱི་ངད་ལྡང་ཞེས་བྱ་བའི་རི་མཐོང་ངམ། གསོལ་པ། མ་མཐོང་ལགས་སོ། །གལ་ཏེ་དེ་ལྟ་ན་ངའི་ཆོས་གོས་ཀྱི་གྲྭ་ནས་ཟུང་ཤིག །དེས་ཀྱང་ན་བཟའི་གྲྭ་ནས་བཟུང་བ་དང་། དེ་ནས་བཅོམ་ལྡན་འདས་ངང་པའི་རྒྱལ་པོ་བཞིན་དུ་ནམ་མཁའ་ལ་ལྡིངས་ཏེ་སྤོས་ཀྱི་ངད་ལྡང་དུ་གཤེགས་ནས་ཚེ་དང་ལྡན་པ་དགའ་བོ་དང་ཐབས་ཅིག་ཏུ་གཡས་གཡོན་དུ་གཟིགས་པ་ལས་ཤིང་དྲུང་ཞིག་ན་སྤྲ་མོ་མིག་ཡ་གཅིག་ཞར་བ་ཞིག་གདོང་བཏེག་ནས་མི་གཡོ་བར་རྩེ་གཅིག་ཏུ་བཅོམ་ལྡན་འདས་ལ་བལྟས་པ་དང་། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། ཁྱོད་ཀྱི་སྤྲ་མོ་ཞར་མ་འདི་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ཇི་སྙམ་དུ་སེམས། སྤྲ་མོ་ཞར་མ་འདི་སུན་ད་རི་ཀ་དང་བསྒྲུན་ན་གང་བཟང་ཞིང་ཁྱད་དུ་འཕགས། གསོལ་པ། སུན་ད་རི་ཀ་དེ་ནི་ཤྰཀྱའི་རིགས་ལགས་ཏེ། ལྷའི་བུ་མོ་དང་འདྲ་བར་བྱད་བཞིན་མཆོག་ཏུ་གྱུར་ཅིང་འཇིག་རྟེན་ན་ཟླ་མ་མཆིས་པ་ལགས་པས་སྤྲ་མོ་འདི་དང་བསྒྲུན་པར་གྱུར་ན། བརྒྱའི་ཆར་ཡང་ཉེ་བར་མི་མཆི། སྟོང་གི་ཆ་དང་། ཁྲིའི་ཆ་དང་། འབུམ་གྱི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་མི་བཟོད་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ཀྱིས་ལྷའི་གཞལ་མེད་ཁང་མཐོང་ངམ། གསོལ་པ། མ་མཐོང་ལགས་སོ། །འོ་ན་ཡང་ཆོས་གོས་ཀྱི་གྲྭ་ནས་ཟུང་ཤིག །དེས་ཀྱང་ན་བཟའ་ལ་བཟུང་བ་དང་། ངང་པའི་རྒྱལ་པོ་བཞིན་ནམ་མཁའ་ལ་མངོན་པར་འཕགས་ནས་སུམ་ཅུ་རྩ་གསུམ་གྱི་ལྷའི་གནས་སུ་གཤེགས་ཏེ། ཚེ་དང་ལྡན་པ་དགའ་བོ་ལ་ཁྱོད་སོང་ལ་ལྷའི་གཞལ་མེད་ཁང་ཁྱད་པར་དུ་འཕགས་པའི་གནས་རྣམས་ལ་ལྟོས་ཤིག །ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་དགའ་བོས་ཀྱང་དགའ་ཚལ་དང་། ཤིང་རྟ་སྣ་ཚོགས་ཀྱི་ཚལ་དང་། རྩུབ་འགྱུར་གྱི་ཚལ་དང་། འདྲེས་པའི་ཚལ་དང་། ཡོངས་འདུའི་ཚལ་དང་། ཆོས་བཟང་ཁང་ལ་སོགས་པ་ལྷའི་ཚོགས་རྣམས་ཀྱི་ཀུན་དགའ་ར་བ་དང་། མེ་ཏོག་དང་། འབྲས་བུ་དང་། རྫིང་དང་། རྫིང་བུ་དང་། རྩེད་མོ་རྩེ་ཞིང་དགའ་མགུའི་གནས་རྣམས་སུ་སོང་སྟེ། ཀུན་ཏུ་ཁྱབ་པར་བལྟས་ནས་མཐར་གྱིས་གྲོང་ཁྱེར་བལྟ་ན་སྡུག་ཏུ་ཞུགས་པ་ལས་གནས་གཞན་དུ་ཡང་རྔ་དང་། པི་བང་དང་། རྒྱུད་རྣམ་པ་སྣ་ཚོགས་ལས་སྒྲ་སྙན་པ་ལ་སོགས་པ་འབྱིན་པ་དང་། གནས་དེ་དང་དེ་དག་ཏུ་ལྷའི་བུ་མོ་དང་། བུ་ཕོ་ཤིན་ཏུ་མཛེས་པ་དག་ལྷན་ཅིག་རྩེ་ཞིང་འཁོད་པ་དག་མཐོང་ངོ་། །དགའ་བོས་ཀུན་ཏུ་བརྟགས་པ་ལས་གནས་གཞན་ཞིག་གི་གཞལ་མེད་ཁང་ན་ལྷའི་བུ་མོ་འབའ་ཞིག་ཡོད་ཀྱི་ལྷའི་བུ་ཕོ་མེད་པར་མཐོང་ནས་ལྷའི་བུ་མོ་དེ་དག་ལ་ཅིའི་རྒྱུས་གནས་གཞན་ན་ནི་ལྷའི་བུ་མོ་དང་། ལྷའི་བུ་ཕོ་འདྲེས་པར་གནས་ནས་བདེ་བ་རྣམས་མྱོང་བར་བྱེད་ལ་ཁྱེད་ནི་གང་གི་ཕྱིར་ལྷའི་བུ་མོ་འབའ་ཞིག་ལྷན་ཅིག་གནས་ཤིང་ལྷའི་བུ་མི་སྣང་བར་གྱུར་ཞེས་དྲིས་པ་དང་། ལྷའི་བུ་མོ་དེ་དག་གིས་བཅོམ་ལྡན་འདས་ཀྱི་གཅུང་དགའ་བོ་ཞེས་བྱ་བ་བཅོམ་ལྡན་འདས་ལས་རབ་ཏུ་བྱུང་ནས་རྩེ་གཅིག་ཏུ་ཚངས་པར་སྤྱོད་པ་ཡང་དག་པར་སྤྱོད་པ་ཞིག་ཡོད་དེ། དེ་དུས་དེ་ལས་འདས་པའི་འོག་ཏུ་འདིར་སྐྱེ་བར་འགྱུར་བས་བདག་ཅག་ནི་འདིར་དེ་ལ་སྡོད་པ་ཡིན་ནོ་ཞེས་སྨྲས་སོ། །དགའ་བོས་དེ་སྐད་ཐོས་ནས་དགའ་མགུ་རངས་པས་མྱུར་ཞིང་རིངས་པར་བཅོམ་ལྡན་འདས་ག་ལ་བ་དེར་སོང་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ཀྱིས་ལྷ་རྣམས་ཀྱི་ཁྱད་པར་དུ་འཕགས་པའི་དངོས་པོ་དག་མཐོང་ངམ། གསོག་བ། མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་ཁྱོད་ཀྱིས་དངོས་པོ་ཅི་ཞིག་མཐོང་ཞེས་བཀའ་སྩལ་པ་དང་། དེས་ཀྱང་ཇི་ལྟར་མཐོང་བ་རྣམས་རྒྱས་པར་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ་ཁྱོད་ཀྱིས་ལྷའི་བོུ་རྣམས་མཐོང་ངམ། གསོལ་པ། མཐོང་ལགས་སོ། །ལྷའི་བུ་མོ་དེ་དག་སུན་ད་རི་ཀ་དང་བསྒྲུན་ན་གང་གཟུགས་བཟང་ཞིང་ཁྱད་པར་དུ་འཕགས། གསོལ་པ། བཅོམ་ལྡན་འདས་སུན་ད་རི་ཀ་ལྷའི་བུ་མོ་དེ་དག་དང་། བསྒྲུན་ན་ཇི་ལྟར་རི་སྤོས་ཀྱི་ངད་ལྡང་གི་སྤྲ་མོ་ཞར་མ་སུན་ད་རི་ཀ་དང་བསྒྲུན་པ་བཞིན་དུ་བརྒྱའི་ཆར་ཡང་ཉེ་བར་མི་མཆི་སྟེ། སྟོང་གི་ཆ་དང་། ཁྲིའི་ཆ་དང་། འབུམ་གྱི་ཆ་ནས་རྒྱུའི་བར་དུ་ཡང་མི་བཟོད་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ་ཚངས་པར་སྤྱོད་པ་ཡང་དག་པར་སྤྱད་ན་དེ་ལྟ་བུའི་ཕན་ཡོན་ཁྱད་པར་དུ་འཕགས་པ་དང་ལྡན་པར་གྱུར་པས། དེང་ཁྱོད་ཀྱིས་ཚངས་པར་སྤྱོད་པ་བརྟན་པར་སྤྱོད་ཅིག་དང་། ལྷར་སྐྱེས་ནས་དེ་ལྟ་བུའི་བདེ་བ་མྱོང་བར་འགྱུར་རོ། །དེས་ཀྱང་དེ་སྐད་དུ་ཐོས་ནས་དགའ་མགུ་རངས་ཏེ་ཅང་མི་ཟེར་བར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཚེ་དང་ལྡན་པ་དགའ་བོ་དང་། ཐབས་ཅིག་ཏུ་ལྷའི་གནས་ནས་མི་སྣང་བར་གྱུར་ཏེ། མཉན་ཡོད་དུ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བར་གཤེགས་སོ། །དེའི་ཚེ་ཚེ་དང་ལྡན་པ་དགའ་བོ་ཡང་ལྷའི་གཞལ་མེད་ཁང་ལ་བསམས་བཞིན་དུ་ཚངས་པར་སྤྱོད་པ་ཡང་དག་པར་སྤྱད་པར་གྱུར་པ་དང་། བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་ཐུགས་ཀྱིས་མཁྱེན་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་སོང་ལ་དགེ་སློང་རྣམས་ལ་འདི་སྐད་དུ་ཁྱེད་སུ་ཡང་དགའ་བོ་དང་ལྷན་ཅིག་སྟན་གཅིག་ལ་མ་འདུག་ཅིག །འཆག་ས་གཅིག་ཏུ་མ་འཆག་ཅིག །གདང་བུ་གཅིག་ལ་ཆོས་གོས་ལྷན་ཅིག་མ་གཞག་ཅིག །གནས་ཅིག་ཏུ་ལྷུང་བཟེད་དང་རིལ་བ་ལྷན་ཅིག་མ་གཞག་ཅིག །གནས་གཅིག་ཏུ་མདོ་སྡེ་ཀློག་པར་མ་བྱེད་ཅིག །ཁ་ཏོན་འདོན་པར་མ་བྱེད་ཅིག་ཅེས་སྒོས་ཤིག ཚེ་དང་ལྡན་པ་ཀུན་དགའ་བོས་ཀྱང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་དུ་དགེ་སློང་རྣམས་ལ་བསྒོ་བ་དང་། དགེ་སློང་རྣམས་ཀྱིས་ཀྱང་འཕགས་པའི་བཀའ་བཞིན་དུ་འཚལ་ལོ་ཞེས་སྨྲས་སོ། །དེའི་ཚེ་ཚེ་དང་ལྡན་པ་དགའ་བོ་ཡང་མང་པོ་རྣམས་ཀྱིས་སྤངས་པར་ཡང་མཐོང་བས་ཤིན་ཏུ་ངོ་ཚ་ཞིང་གནོང་བར་གྱུར་ཏོ། །དེ་ནས་དུས་གཞན་ཞིག་ན་ཚེ་དང་ལྡན་པ་ཀུན་དགའ་བོ་དགེ་སློང་མང་པོ་རྣམས་དང་ལྷན་ཅིག་ཏུ་རིམ་གྲོའི་གནས་ན་ཆོས་གོས་འདྲུབ་པའི་ལས་བྱེད་པ་དེའི་ཚེ་ཚེ་དང་ལྡན་པ་དགའ་བོས་མཐོང་ནས་འདི་སྙམ་དུ་དགེ་སློང་མང་པོ་འདི་དག་ནི་བདག་ཡོངས་སུ་སྤངས་པས་ལྷན་ཅིག་ཏུ་མི་གནས་ན། ཚེ་དང་ལྡན་པ་ཀུན་དགའ་བོ་འདི་ནི་བདག་གི་ཕུ་ནུ་བོ་ཡིན་པས་ཅིས་ཀྱང་སྨད་པར་མི་བྱེད་དོ། །སྙམ་དུ་བསམས་ནས་དེའི་ཐད་དུ་སོང་སྟེ་ལྷན་ཅིག་འདུག་པ་དང་། དེའི་ཚེ་ཚེ་དང་ལྡན་པ་ཀུན་དགའ་བོ་ཡང་མྱུར་དུ་ལངས་ཏེ་སོང་ངོ་། །དེས་སྨྲས་པ། ཀུན་དགའ་བོ་དགེ་སློང་གཞན་རྣམས་ནི་བདག་སྤོང་བའི་རིགས་ན། ཁྱོད་ཁོ་བོའི་ཕུ་ནུ་བོ་ཡིན་ན་ཅིའི་ཕྱིར་བདག་སྤོང་བར་བྱེད་ཚེ་དང་ལྡན་པ་ཀུན་དགའ་བོས་སྨྲས་པ། ཡང་དག་པར་དེ་ལྟ་བུའི་དོན་དང་ལྡན་མོད་ཀྱི་འོན་ཀྱང་ཁྱོད་ནི་ལམ་གཞན་དུ་འགྲོ་ལ་བདག་ཀྱང་ལམ་གཞན་དུ་འགྲོ་བས་དེའི་ཕྱིར་ཕན་ཚུན་བྱོལ་བ་ཡིན་ནོ། །སྨྲས་པ་གང་ནི་ཁོ་བོའི་ལམ་ཡིན། གང་ནི་ཁྱོད་ཀྱི་ལམ་ཡིན། སྨྲས་པ། ཁྱོད་ནི་ལྷར་སྐྱེ་བར་མོས་ནས་ཚངས་པར་སྤྱད་པ་སྤྱོད་དོ། །བདག་ནི་མྱ་ངན་ལས་འདས་པ་ཡོངས་སུ་གཉེར་བའི་ཕྱིར་འདོད་པ་ཀུན་ནས་ཉོན་མོངས་པ་རབ་ཏུ་བསལ་བ་ཡིན་ནོ། །ཞེས་དེ་སྐད་སྨྲས་པ་ཐོས་པ་དང་། ཤིན་ཏུ་མི་དགའ་ཞིང་མྱ་ངན་གྱིས་ནོན་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་སེམས་ཀྱི་བསམ་པ་ཐུགས་ཀྱིས་མཁྱེན་ནས་ཚེ་དང་ལྡན་པ་དགའ་བོ་ལ་བཀའ་སྩལ་པ། ཁྱོད་ཀྱིས་སྔོན་ཆད་སེམས་ཅན་དམྱལ་བ་མཐོང་ངམ། གསོལ་པ། མ་མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ཀྱིས་ངའི་ཆོས་གོས་ཀྱི་གྲྭ་ནས་ཟུང་ཤིག དེས་ཀྱང་ན་བཟའ་ལ་བཟུང་བ་དང་། བཅོམ་ལྡན་འདས་ཀྱིས་དེ་ཁྲིད་ནས་སེམས་ཅན་དམྱལ་བའི་གནས་སུ་གཤེགས་སོ། །དེ་ནས་བཅོམ་ལྡན་འདས་ཕྱོགས་གཅིག་ཏུ་བཞུགས་ནས་ཚེ་དང་ལྡན་པ་དགའ་བོ་ལ་བཀའ་སྩལ་པ། ཁྱོད་སོང་ལ་སེམས་ཅན་དམྱལ་བ་རྣམས་ལྟོས་ཤིག །ཚེ་དང་ལྡན་པ་དགའ་བོས་ཀྱང་དེ་བཞིན་དུ་སོང་བ་ལས་སྔར་ནི་ཆུ་བོ་བཻ་ཏ་ར་ནི་མཐོང་ངོ་། །དེ་ནས་མཐར་གྱིས་རལ་གྲིའི་ལོ་མའི་ནགས་དང་། གཤང་གཅིའི་འདམ་དང་། མེ་མ་མུར་གྱི་གནས་སུ་ཕྱིན་ཏེ། དེ་དག་ཏུ་ཞུགས་ཏེ་རྣམ་པར་བལྟས་པ་ལས་སེམས་ཅན་མང་པོ་སྡུག་བསྔལ་སྣ་ཚོགས་མྱོང་བ་དག་མཐོང་སྟེ། ཁ་ཅིག་ནི་སྐམ་པས་ལྕེ་དང་། སོ་དང་མིག་ཕྱུང་བ་དང་། ཁ་ཅིག་ནི་སོག་ལེས་ལུས་འདྲ་བ་དང་། ཁ་ཅིག་ནི་སྟ་རེས་རྐང་ལག་གཏུབ་པ་དང་། ཁ་ཅིག་ནི་མཚོན་ཆ་ཤག་ཏི་དང་། དགྲ་སྟ་སོ་གཉིས་པ་དང་། བེ་རྒས་བསྣུན་པ་དང་། ཁ་ཅིག་ནི་ལྕགས་ཀྱི་ཐོ་བས་འཚོག་པར་བྱས་པ་དང་། ཁ་ཅིག་ནི་ལྕགས་ཀྱི་ཐུ་ལུམ་ཁར་བཅུག་པ་དང་། ཁ་ཅིག་ནི་རི་རལ་གྲི་ལོ་མ་ཅན་དང་། ལྗོན་ཤིང་རལ་གྲིའི་ལོ་མ་ཅན་ལ་འཛེག་པ་དང་། གཏུན་གྱིས་རྡུང་བ་དང་། རང་ཐག་གིས་འཐག་པ་དང་། ཟངས་ཀྱི་ཀ་བ་ལ་འཇུ་བ་དང་། ལྕགས་ཀྱི་ཁྲི་ལ་འདུག་ནས་སྡུག་བསྔལ་མི་བཟད་པ་རྣམས་མྱོང་བར་མཐོང་ངོ་། །ཁ་ཅིག་ནི་ལྕགས་ཟངས་མེ་ལྕེ་རབ་ཏུ་འབར་ཞིང་ཁོལ་བ་རབ་ཏུ་ཚ་བའི་འོད་བྱུང་བ་དག་ཏུ་སེམས་ཅན་དེ་དག་འཚོད་པས་དེ་ལྟ་བུའི་སྡུག་བསྔལ་གྱི་དངོས་པོ་མྱོང་བ་དག་མཐོང་ངོ་། །གཞན་ཡང་ལྕགས་ཟངས་སྟོང་པར་ཁོལ་ཞིང་མེ་ལྕེ་རབ་ཏུ་འབར་ཞིང་ཚ་བ་སེམས་ཅན་མེད་པ་ཞིག་མཐོང་བ་དང་། ཤིན་ཏུ་སྐྲག་ནས་དམྱལ་བའི་སྲུངས་མ་ལ་ཀྱེ་རྒྱུ་དང་རྐྱེན་གང་གི་ཕྱིར་ལྕགས་ཟངས་གཞན་རྣམས་ན་ནི་སེམས་ཅན་དག་འཚོད་པར་བྱེད་ལ། ལྕགས་ཟངས་འདི་འབའ་ཞིག་ནི་སྟོང་པར་ཁོལ་ཞེས་དྲིས་པ་དང་། དེས་སྨྲས་པ། བཅོམ་ལྡན་འདས་ཀྱི་གཅུང་དགའ་བོ་ཞེས་བྱ་བ་དེ་ལྷར་སྐྱེ་བར་སྨོན་ནས་སེམས་རྩེ་གཅིག་ཏུ་ཚངས་པར་སྤྱད་པ་ལ་ཡང་དག་པར་སྤྱོད་པས་ལྷའི་འཇིག་རྟེན་དུ་སྐྱེས་ནས། རེ་ཤིག་བདེ་བ་མྱོང་བར་འགྱུར་ཡང་དེ་ཤི་བའི་འོག་ཏུ་ལྕགས་ཟངས་འདིར་འཇུག་པར་འགྱུར་བས་དེའི་ཕྱིར་དེང་བདག་ཅག་ལྕགས་ཟངས་མེ་སྤར་ནས་སྡོད་པ་ཡིན་ནོ། །ཞེས་སྨྲས་པ། དགའ་བོས་ཐོས་ནས་ཤིན་ཏུ་འཇིགས་སྐྲག་པ་སྐྱེས་ནས་བ་སྤུ་ལངས་ཏེ། ལུས་ལས་རྔུལ་བྱུང་ནས་འདི་སྙམ་དུ་འདིས་གལ་ཏེ་བདག་དགའ་བོ་ཡིན་པ་ཤེས་པར་གྱུར་ན་ནི། གསོན་པོ་ཁོ་ནར་ཟངས་ཀྱི་ནང་དུ་བོར་བར་འགྱུར་རོ། །སྙམ་དུ་བསམས་ནས་མྱུར་ཞིང་རིངས་པར་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་བྲོས་ཏེ་སོང་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ཀྱིས་སེམས་ཅན་དམྱལ་བ་མཐོང་ངམ། དེས་ཀྱང་སྙིང་རྗེ་བའི་ཚུལ་དུ་མཆི་མ་བླགས་ཏེ། ངུས་ནས་ལྕེ་ལྐུགས་པ་བཞིན་དུ་སྐད་ཕྲ་མོ་ཕྱུང་ནས་མཐོང་ལགས་སོ། །ཞེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ཀྱིས་དངོས་པོ་ཅི་ཞིག་མཐོང་། དེས་ཀྱང་ཇི་ལྟར་མཐོང་བ་རྣམས་རྒྱས་པར་བཅོམ་ལྡན་འདས་ལ་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ་མིར་སྐྱེ་བར་སྨོན་པ་དང་། ལྷའི་འཇིག་རྟེན་ཡོངས་སུ་ཚོལ་བས་ཚངས་པར་སྤྱོད་པ་ཡང་དག་པར་སྤྱད་པ་ལ་ཉེས་དམིགས་དེ་ལྟ་བུ་ཡོད་པས། དེ་ལྟ་བས་ན་དེང་ཁྱོད་ཀྱིས་མྱ་ངན་ལས་འདས་པ་ཡོངས་སུ་གཉེར་བའི་བསམ་པས་ཚངས་པར་སྤྱད་པར་བྱ་བའི་ལྷར་སྐྱེ་བ་ལ་མངོན་པར་དགའ་བས་རབ་ཏུ་བརྩོན་པར་མི་བྱའོ། །ཚེ་དང་ལྡན་པ་དགའ་བོས་དེ་སྐད་ཆེས་བཀའ་སྩལ་པ་ཐོས་ནས་ངོ་ཚ་བའི་སེམས་ཀྱིས་ཅང་མི་ཟེར་བར་འདུག་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་ཐུགས་ཀྱིས་མཁྱེན་ནས་སེམས་ཅན་དམྱལ་བའི་ཁམས་ནས་མི་སྣང་བར་གྱུར་ཏེ། སླར་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་གཤེགས་ནས་ཚེ་དང་ལྡན་པ་དགའ་བོ་དང་། དགེ་སློང་རྣམས་ལ་བཀའ་སྩལ་པ། ནང་གི་དྲི་མ་རྣམ་པ་གསུམ་ཡོད་དེ། འདི་ལྟ་སྟེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གང་ཡིན་པ་སྟེ། དེ་དག་ནི་སྤང་བར་བྱ་བ་ཡིན་པས་ཡོངས་སུ་སྤང་བ་ལ་རབ་ཏུ་བརྩོན་ཞིང་བསླབར་པར་བྱའོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་བཞུགས་ནས་རིང་པོར་མ་ལོན་པར་རྐྱེན་ཇི་ལྟ་བ་བཞིན་དུ་སེམས་ཅན་འདུལ་བའི་ཕྱིར་དགེ་སློང་གི་དགེ་འདུན་དང་། ཐབས་ཅིག་ཏུ་ཡུལ་ཙམ་པར་གཤེགས་ནས་གང་གྰའི་རྫིང་བུའི་འགྲམ་ན་བཞུགས་སོ། །དེ་ནས་ཚེ་དང་ལྡན་པ་དགའ་བོ་དགེ་སློང་ལྔ་བརྒྱ་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ཕྱོགས་གཅིག་ཏུ་འཁོད་པར་མཁྱེན་ནས། ཚེ་དང་ལྡན་པ་དགའ་བོ་ལ་བཀའ་སྩལ་པ། ང་ལ་ཆོས་ཀྱི་རྣམ་གྲངས་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་དཀར་བ། ཚངས་པར་སྤྱོད་པའི་ཆོས་འདི་ལྟ་སྟེ། མངལ་དུ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཡོད་ཀྱིས་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ངས་དེང་ཁྱོད་ལ་བཤད་པར་བྱའོ། །ཚེ་དང་ལྡན་པ་དགའ་བོས་བཅོམ་ལྡན་འདས་དེ་བཞིན་དུ་ཐོས་པར་འཚལ་ལོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ་མའི་མངལ་དང་ལྡན་པར་གྱུར་ཀྱང་། མངལ་དུ་འཇུག་པར་འགྱུར་བ་ཡང་ཡོད། འཇུག་པར་མི་འགྱུར་བ་ཡང་ཡོད་དོ། །ཇི་ལྟར་སྐྱེ་བ་ལེན་ཅིང་མའི་མངལ་དུ་འཇུག་པར་འགྱུར་ཞེ་ན། གལ་ཏེ་ཕ་མ་གཉིས་འདོད་པའི་སེམས་ཀྱིས་ལྷན་ཅིག་འཁྲིག་པ་ཡང་སྤྱོད་པར་གྱུར། མའི་མངལ་ཡང་ཡོངས་སུ་གཙང་བར་གྱུར། དུས་ཀྱི་ཟླ་མཚན་དང་ཡང་ལྡན་པར་གྱུར་ལ། བར་མ་དོའི་ཕུང་པོ་ཡང་མངོན་སུམ་དུ་སྣང་བར་གྱུར་ན། དེའི་ཚེ་མའི་མངལ་དུ་འཇུག་པར་རིག་པར་བྱའོ། །དེ་ལ་བར་མ་དོའི་ཕུང་པོའི་དབྱིབས་དེ་ཡང་རྣམ་པ་གཉིས་སུ་འགྱུར་ཏེ། ཁ་དོག་སྡུག་ཅིང་མཛེས་པ་དང་། ཁ་དོག་མི་སྡུག་ཅིང་མི་མཛེས་པའོ། །སེམས་ཅན་དམྱལ་བ་རྣམས་ཀྱི་བར་མ་དོའི་སྲིད་པའི་ཁ་དོག་མི་སྡུག་པ་ཡིན་ཏེ། འདི་ལྟ་སྟེ་དཔེར་ན་སྡོང་དུམ་ཚིག་པ་དང་འདྲའོ། །དུད་འགྲོ་རྣམས་ཀྱི་བར་མ་དོའི་སྲིད་པའི་ཁ་དོག་ནི་འདི་ལྟ་སྟེ་དཔེར་ན་དུད་པ་དང་འདྲའོ། །ཡི་དགས་རྣམས་ཀྱི་བར་མ་དོའི་སྲིད་པའི་ཁ་དོག་ནི་འདི་ལྟ་སྟེ། དཔེར་ན་ཆུ་དང་འདྲའོ། །ལྷ་དང་མི་རྣམས་ཀྱི་བར་མ་དོའི་སྲིད་པའི་ཁ་དོག་ནི་འདི་ལྟ་སྟེ། དཔེར་ན་གསེར་གྱི་ཁ་དོག་དང་འདྲའོ། །གཟུགས་ཀྱི་ཁམས་ཀྱི་བར་མ་དོའི་སྲིད་པའི་ཁ་དོག་ནི་དཀར་པོ་འདུག་གོ། །གཟུགས་མེད་པའི་ཁམས་ཀྱི་ལྷ་རྣམས་ལ་ནི་བར་མ་དོའི་སྲིད་པ་མེད་དེ། འདི་ལྟར་དེ་ནི་གཟུགས་མེད་པའི་ཕྱིར་རོ། །བར་མ་དོའི་ཕུང་པོའི་སེམས་ཅན་ཁ་ཅིག་ལག་པ་གཉིས་དང་། རྐང་པ་གཉིས་དང་ལྡན་ནོ། །ཁ་ཅིག་ནི་རྐང་པ་བཞི་དང་རྐང་པ་མང་པོ་དང་ལྡན་ནོ། །ཁ་ཅིག་ནི་རྐང་པ་མེད་དེ། སྔོན་གྱི་ལས་ཇི་ལྟ་བ་བཞིན་དུ་གང་དུ་སྐྱེ་བར་འགྱུར་བ་དེ་དང་དབྱིབས་འདྲ་བའི་བར་མ་དོའི་སྲིད་པ་མངོན་པར་འགྲུབ་པར་འགྱུར་རོ། །ལྷའི་བར་མ་དོའི་སྲིད་པ་གང་ཡིན་པ་དེ་ནི་མགོ་གྱེན་དུ་ལྟའོ། །མི་དང་། དུད་འགྲོ་དང་། ཡི་དགས་རྣམས་ཀྱི་ནི་ཐད་ཀར་ལྟ་ཞིང་འགྲོའོ། །སེམས་ཅན་དམྱལ་བ་རྣམས་ཀྱི་བར་མ་དོའི་སྲིད་པ་ནི་མགོ་ཐུར་དུ་ལྟའོ། །བར་མ་དོའི་སྲིད་པ་ཐམས་ཅད་ཀྱང་རྫུ་འཕྲུལ་དང་ལྡན་པས་ནམ་མཁའ་ལ་འགྲོ་ཞིང་ལྷའི་མིག་བཞིན་དུ་སྐྱེ་བའི་གནས་ཐག་རིང་པོ་ཡང་མཐོང་བར་ནུས་སོ། །དེ་ལ་དུས་ཀྱི་ཟླ་མཚན་དང་ལྡན་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། ཟླ་མཚན་གྱི་དུས་ལ་བབ་པ་གང་ཡིན་པའོ། །དགའ་བོ་བུད་མེད་ཁ་ཅིག་ནི་ཞག་གསུམ་དང་། ཞག་ལྔ་དང་། ཟླ་བ་ཕྱེད་དང་། ཟླ་བ་གཅིག་ལོན་ནས་ཟླ་མཚན་དང་ལྡན་པ་ཡང་ཡོད་དོ། །ཁ་ཅིག་ནི་རྐྱེན་ལ་ལྟོས་པས་ཡུན་རིང་བ་ཞིག་ལོན་ནས་གདོད་ཟླ་མཚན་དང་ལྡན་པར་འགྱུར་བ་ཡང་ཡོད་དོ། །བུད་མེད་གང་ལུས་ཀྱི་མཐུ་སྟོབས་མེད་པ་དང་། སྡུག་བསྔལ་མང་པོ་མྱོང་བ་དང་། བྱད་བཞིན་མི་སྡུག་པ་དང་། བཟའ་བ་དང་། བཏུང་བ་མི་བསོད་པ་དག་ཟོས་ཞིང་འཐུངས་པ་དེ་དག་ནི་ཟླ་མཚན་འོངས་སུ་ཟིན་ཀྱང་མྱུར་དུ་འཆད་པར་འགྱུར་ཏེ། འདི་ལྟ་སྟེ་དཔེར་ན་ས་སྐམ་པོའི་ཕྱོགས་སུ་ཆུས་ཆག་ཆག་བཏབ་པའི་ཚེ་མྱུར་དུ་སྐམ་པར་འགྱུར་བ་བཞིན་ནོ། །བུད་མེད་གང་ལུས་ཀྱི་མཐུ་སྟོབས་དང་ལྡན་པ་དང་། རྟག་ཏུ་བདེ་བ་མྱོང་བ་དང་། བྱད་བཞིན་སྡུག་པ་དང་། བཟའ་བ་དང་། བཏུང་བ་བསོད་པ་དག་ཟོས་ཤིང་འཐུངས་པ་དེ་དག་གི་ཟླ་མཚན་ནི་མྱུར་དུ་ཆད་པར་མི་འགྱུར་ཏེ། འདི་ལྟ་སྟེ་དཔེར་ན་ས་གཤེར་བའི་ཕྱོགས་སུ་ཆུས་ཆག་ཆག་བཏབ་པའི་ཚེ་མྱུར་དུ་སྐམ་པར་མི་འགྱུར་བ་བཞིན་ནོ། །ཇི་ལྟར་མའི་མངལ་དུ་འཇུག་པར་མི་འགྱུར་ཞེ་ན། གལ་ཏེ་ཕའི་ཁུ་བ་བྱུང་ལ་མའི་ཁུ་བ་མ་བྱུང་བ་དང་། མའི་ཁུ་བ་བྱུང་ལ་ཕའི་ཁུ་བ་མ་བྱུང་བ་འམ། གལ་ཏེ་གཉི་ག་བྱུང་བར་མ་གྱུར་ན་ཐམས་ཅད་མངལ་ལེན་པར་མི་འགྱུར་རོ། །གལ་ཏེ་མ་ཡོངས་སུ་དག་པར་མ་གྱུར་ལ་ཕ་ཡོངས་སུ་དག་པར་གྱུར་པའམ། གལ་ཏེ་ཕ་ཡོངས་སུ་དག་པར་མ་གྱུར་ལ་མ་ཡོངས་སུ་དག་པར་གྱུར་པའམ། གལ་ཏེ་གཉི་ག་ཡོངས་སུ་དག་པར་མ་གྱུར་ན་ཡང་མངལ་ལེན་པར་མི་འགྱུར་རོ། །གལ་ཏེ་མའི་མངལ་གྱི་གནས་རླུང་ནད་ཀྱིས་ཡོངས་སུ་ཟིན་པར་གྱུར་ཏམ། མཁྲིས་པ་དང་། བད་ཀན་གྱིས་ཡོངས་སུ་ཟིན་པར་གྱུར་ཏམ། ཁྲག་གིས་ནོན་པས་མངལ་མདུད་པ་ཅན་དུ་གྱུར་ཏམ། ཤས་གང་བར་གྱུར་ཏམ། སྨན་འཐུངས་སམ། དབུས་ནས་འདྲ་བའམ། གྲོག་མའི་རྐེད་པ་འདྲ་བའམ། མངལ་གྱི་སྒོ་རྔ་མོའི་ཁ་ལྟ་བུར་གྱུར་ཏམ། དབུས་ཤིང་རྩ་བ་མང་པོ་ཅན་ལྟ་བུར་གྱུར་ཏམ། སྒོ་གཤོལ་མདའ་ལྟ་བུར་གྱུར་ཏམ། ཤིང་རྟའི་རྩིབས་བཞིན་སོགས་ཀར་འདུག་པའམ། སྤ་ལྟ་བུར་འདུག་པའམ། ནས་ཀྱི་གྲ་མ་སྐྱེས་པ་ལྟ་བུར་གྱུར་ཏམ། མངལ་འོག་ཏུ་ཟབ་པའམ། སྟེང་དུ་ཟབ་པའམ། མངལ་སྣོད་དུ་རུང་བ་མ་ཡིན་པའམ། རྟག་ཏུ་ཁྲག་ཟག་པའམ། ཆུ་ཟག་པའམ། བྱ་རོག་གི་མཆུ་ལྟར་རྟག་ཏུ་བྱེ་ཞིང་འཛུམ་དུ་མི་བཏུབ་པའམ། སྟེང་དང་འོག་དང་ཐ་མ་ཞེང་ཆེ་ཆུང་མི་མཉམ་པའམ། མཐོ་དམའ་མི་སྙོམས་ཤིང་འབར་འབུར་དུ་གྱུར་པའམ། ནང་སྲིན་བུས་གཙེས་པའམ། རུལ་ཞིང་མྱགས་ནས་མི་གཙང་བར་གྱུར་པ་གང་ཡིན་པ་སྟེ། གལ་ཏེ་མ་འདི་ལྟ་བུའི་སྐྱོན་དང་ལྡན་པར་གྱུར་ན་ཐམས་ཅད་མངལ་དུ་འཇུག་པར་མི་འགྱུར་རོ། །གལ་ཏེ་ཕ་མའི་ཆོ་རིགས་བཙུན་ཞིང་བར་མ་དོའི་སྲིད་པ་དམན་པར་གྱུར་ཏམ། བར་མ་དོའི་སྲིད་པ་ཆོ་རིགས་བཙུན་ཞིང་ཕ་མ་དམན་པར་གྱུར་ན་ཡང་མངལ་དུ་འཇུག་པར་མི་འགྱུར་རོ། །གལ་ཏེ་ཕ་མ་དང་བར་མ་དོའི་སྲིད་པ་གཉི་ག་ཆོ་རིགས་བཙུན་པར་གྱུར་ཀྱང་། གལ་ཏེ་ལས་འཐུན་པར་མ་གྱུར་ན་ཡང་མངལ་དུ་འཇུག་པར་མི་འགྱུར་རོ། །གལ་ཏེ་བར་མ་དོའི་སྲིད་པ་མདུན་ན་སྣང་བའི་ཡུལ་ལ་ཕོ་དང་མོའི་སྲིད་པ་གཉིས་མེད་པར་གྱུར་ན་ཡང་སྐྱེ་བ་ལེན་པར་མི་འགྱུར་རོ། །དགའ་བོ་བར་མ་དོའི་སྲིད་པ་ཇི་ལྟར་མའི་མངལ་དུ་འཇུག་པ་ཐོབ་པར་འགྱུར་ཞེ་ན། གལ་ཏེ་མའི་མངལ་ཡང་ཡོངས་སུ་གཙང་བར་གྱུར་ལ་བར་མ་དོའི་སྲིད་པས་འདོད་པའི་བྱ་བ་སྤྱོད་པ་མངོན་སུམ་དུ་མཐོང་བར་གྱུར་པ་ནས་གོང་དུ་བསྟན་པ་ལྟ་བུའི་སྐྱོན་མང་པོའི་བར་ཡང་མེད་པར་གྱུར་ཏེ། ཕ་མ་དང་བུ་ཡང་ཕན་ཚུན་མངོན་པར་ཕྲད་པའི་ལས་དང་ལྡན་པར་གྱུར་ན་གདོད་མའི་མངལ་དུ་འཇུག་པར་འགྱུར་རོ། །གཞན་ཡང་བར་མ་དོའི་སྲིད་པ་དེ་མའི་མངལ་དུ་འཇུག་པའི་ཚེ་སེམས་ཕྱིན་ཅི་ལོག་ཏུ་གྱུར་ཏེ། གལ་ཏེ་ཕོ་ཡིན་ན་ནི་མ་ལ་ནི་ཆགས་པ་སྐྱེ་བར་འགྱུར་ལ་ཕ་ལ་ནི་ཞེ་སྡང་སྐྱེ་བར་འགྱུར་རོ། །གལ་ཏེ་མོ་ཡིན་ན་ནི་ཕ་ལ་ཆགས་པ་སྐྱེ་བར་འགྱུར་ལ་མ་ལ་ནི་ཞེ་སྡང་སྐྱེ་བར་འགྱུར་ཏེ། སྔོན་འདས་པའི་དུས་སུ་མངོན་པར་འདུས་བྱས་པའི་ལས་ཀྱི་དབང་གིས་ཡང་དག་པ་མ་ཡིན་པའི་འདུ་ཤེས་ཀྱིས་ལོག་པར་ཤེས་པའི་བསམ་པ་སྐྱེད་པར་བྱེད་དེ། གྲང་བའི་འདུ་ཤེས་དང་། རླུང་ཆེན་པོ་ལངས་པ་དང་། ཆར་ཆེན་པོ་འབབ་པ་དང་། ནམ་རྨུས་པའི་འདུ་ཤེས་དང་། སྐྱེ་བོ་མང་པོའི་སྒྲ་ཅ་ཅོ་ཐོས་པའི་འདུ་ཤེས་སྐྱེད་པར་བྱེད་པས་ལས་ཀྱི་མཐོ་དམའ་ཇི་ལྟ་བ་བཞིན་དུ་ཡང་དག་པ་མ་ཡིན་པའི་འདུ་ཤེས་རྣམ་པ་བཅུ་འབྱུང་བར་འགྱུར་རོ། །བཅུ་གང་ཞེ་ན། དེང་བདག་ནི་ཁང་པའི་ནང་དུ་འཇུག་གོ་སྙམ་པ་དང་། བདག་ནི་ཁང་པ་བརྩེགས་པའི་སྟེང་དུ་འཛེག་གོ་སྙམ་པ་དང་། བདག་ནི་གཞལ་མེད་ཁང་དུ་འཇུག་གོ་སྙམ་པ་དང་། བདག་ནི་ཁྲི་ལ་འཛེག་གོ་སྙམ་པ་དང་། བདག་ནི་རྩྭའི་སྤྱིལ་བུར་འཇུག་གོ་སྙམ་པ་དང་། བདག་ནི་ལོ་མའི་ཁྱིམ་དུ་འཇུག་གོ་སྙམ་པ་དང་། བདག་ནི་རྩྭ་སྟུག་པོར་འཇུག་གོ་སྙམ་པ་དང་། བདག་ནི་ནགས་ཀྱི་ནང་དུ་འཇུག་གོ་སྙམ་པ་དང་། བདག་ནི་རྩིག་པའི་བུ་གར་འཛུལ་ལོ་སྙམ་པ་དང་། བདག་ནི་སབ་མའི་གསེབ་དུ་འཇུག་གོ་སྙམ་དུ་སེམས་པ་གང་ཡིན་པ་སྟེ། དགའ་བོ་དེའི་ཚེ་བར་མ་དོའི་སྲིད་པ་དེ་དེ་སྙམ་དུ་བསམས་ནས་མའི་མངལ་དུ་འཇུག་པར་འགྱུར་རོ། །སྐྱེ་བ་ལེན་པ་དེ་ནི་མེར་མེར་པོ་ཞེས་བྱ་བར་རིག་པར་བྱ་སྟེ། དེ་ནི་ཕའི་ཁུ་བ་དང་། མའི་ཁྲག་ཡིན་ཏེ། དངོས་པོ་གཞན་མ་ཡིན་ན་ཡང་ཕ་དང་མའི་ཁུ་བ་དང་ཁྲག་འདུས་པའི་རྒྱུ་དང་རྐྱེན་དང་། རྣམ་པར་ཤེས་པའི་རྐྱེན་ལ་བརྟེན་ཏེ་ལྷན་ཅིག་གནས་པར་བྱེད་པས་འདི་ལྟ་སྟེ་དཔེར་ན་ཞོ་དང་། རྫ་མ་དང་། སྲུབ་ཤིང་དང་། སྐྱེས་བུའི་རྩོལ་བ་ལ་བརྟེན་ནས་མར་འབྱུང་གི་གཞན་ལས་མི་འབྱུང་བ་བཞིན་དུ་ཕ་མའི་མི་གཙང་བའི་ཁུ་བ་དང་། ཁྲག་ལས་མངོན་པར་གྲུབ་པའི་ལུས་མེར་མེར་པོ་ཡང་དེ་བཞིན་དུ་རིག་པར་བྱའོ། །གཞན་ཡང་དགའ་བོ་དཔེ་རྣམ་པ་བཞི་ཡོད་ཀྱིས་ཁྱོད་ལེགས་པར་ཉོན་ཅིག འདི་ལྟ་སྟེ་དཔེར་ན་རྩྭ་སྔོན་པོ་ལ་བརྟེན་ཏེ། སྲིན་བུ་སྐྱེ་བར་འགྱུར་བ་རྩྭ་སྔོན་པོ་ཡང་སྲིན་བུ་མ་ཡིན། རྩྭ་ལས་གུད་ན་ཡང་སྲིན་བུ་མེད་མོད་ཀྱི། འོན་ཀྱང་རྩྭ་ལ་བརྟེན་པའི་རྒྱུ་དང་རྐྱེན་འདུས་པའི་དབང་གིས་སྲིན་བུ་སྐྱེས་ནས་ལུས་ཀྱི་ཁ་དོག་ཀྱང་སྔོན་པོར་འགྱུར་བ་དེ་བཞིན་དུ་དགའ་བོ་ཕའི་ཁུ་བ་དང་། མའི་ཁྲག་གི་ལུས་མེར་མེར་པོ་ཡང་འདི་ལྟར་རྒྱུ་དང་རྐྱེན་འདུས་པ་ལས་འབྱུང་བ་ཆེན་པོའི་དབང་པོ་སྐྱེ་བར་རིག་པར་བྱའོ། །འདི་ལྟ་སྟེ་དཔེར་ན་བ་ལང་གི་ལྕི་བ་ལ་བརྟེན་ནས་སྲིན་བུ་སྐྱེ་བར་འགྱུར་བ། བ་ལང་གི་ལྕི་བ་ཡང་སྲིན་བུ་མ་ཡིན། བ་ལང་གི་ལྕི་བ་ལས་གུད་ན་ཡང་སྲིན་བུ་མེད་མོད་ཀྱི་འོན་ཀྱང་བ་ལང་གི་ལྕི་བ་ལ་བརྟེན་པའི་རྒྱུ་རྐྱེན་འདུས་པའི་དབང་གིས་སྲིན་བུ་སྐྱེས་ནས་ལུས་ཀྱི་ཁ་དོག་ཀྱང་སེར་པོར་འགྱུར་བ་དེ་བཞིན་དུ་དགའ་བོ་ཕའི་ཁུ་བ་དང་། མའི་ཁྲག་གི་ལུས་མེར་མེར་པོ་ཡང་འདི་ལྟར་རྒྱུ་རྐྱེན་འདུས་པ་ལས་འབྱུང་བ་ཆེན་པོའི་དབང་པོ་སྐྱེ་བར་རིག་པར་བྱའོ། །འདི་ལྟ་སྟེ་དཔེར་ན་རྒྱ་ཤུག་ལ་བརྟེན་ནས་སྲིན་བུ་སྐྱེ་བར་འགྱུར་བ་རྒྱ་ཤུག་ཀྱང་སྲིན་བུ་མ་ཡིན། རྒྱ་ཤུག་ལས་གུད་ན་ཡང་སྲིན་བུ་མེད་མོད་ཀྱི་འོན་ཀྱང་རྒྱ་ཤུག་ལ་བརྟེན་པའི་རྒྱུ་རྐྱེན་འདུས་པའི་དབང་གིས་སྲིན་བུ་སྐྱེས་ནས་ལུས་ཀྱི་ཁ་དོག་ཀྱང་དམར་པོར་འགྱུར་བ་དེ་བཞིན་དུ་དགའ་བོ་ཕའི་ཁུ་བ་དང་། མའི་ཁྲག་གི་ལུས་མེར་མེར་་པོ་ཡང་འདི་ལྟར་རྒྱུ་དང་རྐྱེན་འདུས་པ་ལས་འབྱུང་བ་ཆེན་པོའི་དབང་པོ་སྐྱེ་བར་རིག་པར་བྱའོ། །འདི་ལྟ་སྟེ་དཔེར་ན་ཞོ་ལ་བརྟེན་ནས་སྲིན་བུ་སྐྱེ་བར་འགྱུར་བ་ལུས་ཀྱི་ཁ་དོག་ཀྱང་དཀར་པོར་འགྱུར་བ་ཞེས་བྱ་བ་ནས་རྒྱུ་དང་རྐྱེན་འདུས་པ་ལས་འབྱུང་བ་ཆེན་པོའི་དབང་པོ་སྐྱེ་བར་འགྱུར་ཞེས་བྱ་བའི་བར་དུ་ཡང་རྒྱས་པར་སྦྱར་རོ། །གཞན་ཡང་དགའ་བོ་ཕ་མའི་མི་གཙང་བ་ལ་བརྟེན་པའི་མེར་མེར་པོའི་དབང་གིས་སའི་ཁམས་མངོན་དུ་སྣང་བས་ནི་སྲ་བའི་བྱ་བ་བྱེད་དོ། །ཆུའི་ཁམས་མངོན་དུ་སྣང་བས་ནི་གཤེར་བའི་བྱ་བ་བྱེད་དོ། །མེའི་ཁམས་མངོན་དུ་སྣང་བས་ནི་དྲོ་བའི་བྱ་བ་བྱེད་དོ། །རླུང་གི་ཁམས་མངོན་དུ་སྣང་བས་ནི་ཡང་ཞིང་གཡོ་བའི་བྱ་བ་བྱེད་དོ། །དགའ་བོ་གལ་ཏེ་ཕ་མའི་མི་གཙང་བའི་ལུས་མེར་མེར་པོ་དེ་སའི་ཁམས་འབའ་ཞིག་དང་ལྡན་ལ། ཆུའི་ཁམས་མེད་པར་གྱུར་ན་ནི་སྐམས་ཏེ་གྱེས་པར་འགྱུར་བས་འདི་ལྟ་སྟེ། དཔེར་ན་ལག་པས་ཕྱེ་དང་ཐལ་བ་སྐམ་པོ་ལ་སོགས་པ་བཅངས་པ་བཞིན་དུ་འགྱུར་རོ། །གལ་ཏེ་ཆུའི་ཁམས་འབའ་ཞིག་དང་ལྡན་ལ་སའི་ཁམས་མེད་པར་གྱུར་ན་ནི་བོ་བར་འགྱུར་ཏེ། འདི་ལྟ་སྟེ་དཔེར་ན་འབྲུ་མར་རམ། ཆུ་ལྟ་བུར་གྱུར་པ་ཞིག་ན་ཆུའི་ཁམས་ཀྱི་དབང་གིས་ནི་སའི་ཁམས་གྱེས་པར་མི་གྱུར་ལ་སའི་ཁམས་ཀྱི་དབང་གིས་ནི་ཆུའི་ཁམས་བོ་བར་མི་འགྱུར་རོ། །དགའ་བོ་གལ་ཏེ་མེར་མེར་པོའི་ལུས་ས་དང་། ཆུའི་ཁམས་དང་ལྡན་པར་འགྱུར་ལ་མེའི་ཁམས་མེད་པར་གྱུར་ན་ནི་རུལ་ཞིང་མྱགས་པར་འགྱུར་ཏེ། འདི་ལྟ་སྟེ། དཔེར་ན་དབྱར་གྱི་དུས་སུ་ཤའི་གོང་བུ་གྲིབ་མ་ལ་བཞག་པ་བཞིན་དུ་འགྱུར་རོ། །དགའ་བོ་གལ་ཏེ་མེར་མེར་པོའི་ལུས་ས་དང་། ཆུ་དང་མེའི་ཁམས་འགའ་ཞིག་དང་ལྡན་ལ་རླུང་གི་ཁམས་མེད་པར་གྱུར་ན་ནི་འཕེལ་ཞིང་རྒྱས་པར་མི་འགྱུར་ཏེ། འདི་དག་ཐམས་ཅད་ནི་སྔོན་གྱི་ལས་ཀྱིས་རྒྱུ་བྱས་ནས་ཕན་ཚུན་གཅིག་གིས་རྐྱེན་གཅིག་གིས་རྒྱུ་བྱས་པའི་དབང་གིས་རྣམ་པར་ཤེས་པ་སྐྱེ་བར་འགྱུར་བས་སའི་ཁམས་ཀྱིས་ནི་རྟེན་བྱེད་དོ། །ཆུའི་ཁམས་ཀྱིས་ནི་སྡུད་པར་བྱེད་དོ། །མེའི་ཁམས་ཀྱིས་ནི་ཡོངས་སུ་སྨིན་པར་བྱེད་དོ། །རླུང་གི་ཁམས་ཀྱིས་ན་འཕེལ་བར་བྱེད་དོ། །དགའ་བོ་འདི་ལྟ་སྟེ་དཔེར་ན་ཁུར་བ་མཁན་ནམ་དེའི་སློབ་མས་ཁུར་བ་ལེགས་པར་བཙོས་ནས་དབུགས་ཀྱིས་བུས་ཏེ། རྒྱ་ཆེར་འཕེལ་ཞིང་ནང་ཁོང་སྟོང་དུ་བྱེད་པ་ཇི་ལྟ་བ་བཞིན་ནོ། །འདི་ལྟ་སྟེ་དཔེར་ན་པད་མའི་རྩ་བ་ཇི་ལྟ་བ་བཞིན་དུ་ནང་གི་ལུས་ཀྱི་འབྱུང་བ་ཆེན་པོ་ས་དང་། ཆུ་དང་། མེ་དང་། རླུང་གི་ཁམས་ལས་ཀྱི་སྟོབས་ཀྱིས་འཕེལ་བར་བྱེད་པ་ཡང་དེ་བཞིན་དུ་རིག་པར་བྱའོ། །དགའ་བོ་ཕ་མའི་མི་གཙང་བ་ལས་མེར་མེར་པོའི་ལུས་འབྱུང་བ་ཡང་མ་ཡིན། ཕའི་རྐང་ལས་ཀྱང་མ་ཡིན། མའི་མངལ་ནས་ཀྱང་མ་ཡིན། ལས་ལས་ཀྱང་མ་ཡིན། རྒྱུ་ལས་ཀྱང་མ་ཡིན། རྐྱེན་ལས་ཀྱང་མ་ཡིན་མོད་ཀྱི་འོན་ཀྱང་རྒྱུ་རྐྱེན་མང་པོ་འདི་དག་ཚོགས་པའི་དབང་གིས་མངལ་མངོན་པར་འགྲུབ་པར་བྱེད་དེ། འདི་ལྟ་སྟེ་དཔེར་ན་ས་བོན་སར་པ་རླུང་དང་ཉི་མས་ཉམས་པར་མ་བྱས་པ། སྲ་ཞིང་སྙིང་པོ་དང་བཅས་པ། བུ་ག་མ་བྱུང་བ། ཤིན་ཏུ་ལེགས་པར་སྦས་པ་ཞིང་གཤིན་པ་ལ་བཏབ་ནས་རླན་གྱི་རྒྱུ་དང་རྐྱེན་འདུས་པར་གྱུར་ན་གདོད་མྱུ་གུ་དང་། སྡོང་བུ་དང་། ཡལ་ག་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུ་རིམ་གྱིས་སྐྱེ་ཞིང་འཕེལ་བར་འགྱུར་ཏེ། དགའ་བོ་ས་བོན་དེ་ཡང་རྐྱེན་འདུས་པ་དང་། བྲལ་བ་ལས་མྱུ་གུ་ལ་སོགས་པ་སྐྱེད་པར་བྱེད་པ་མ་ཡིན་པ་དེ་བཞིན་དུ་ཕ་མ་འབའ་ཞིག་དང་། ལས་འབའ་ཞིག་དང་། རྐྱེན་གཞན་འབའ་ཞིག་ལས་མངལ་དུ་སྐྱེ་བ་ཐོབ་པ་མ་ཡིན་གྱི་ཕ་མའི་ཁུ་བ་དང་། ཁྲག་དང་། རྒྱུ་དང་རྐྱེན་འདུས་པའི་དབང་གིས་མངལ་མངོན་པར་འགྲུབ་པར་རིག་པར་བྱའོ། །དགའ་བོ་འདི་ལྟ་སྟེ། དཔེར་ན་མིག་དང་ལྡན་པའི་སྐྱེས་བུས་མེ་ཡོངས་སུ་ཚོལ་བའི་ཕྱིར་ནོར་བུ་མེ་ཤེལ་ཁྱེར་ནས་ཉི་མ་ལ་བཞག་སྟེ། བ་ལང་གི་ལྕི་བ་སྐམ་པོའི་སྟེང་དུ་བཞག་ན་གདོད་མེ་འབྱུང་བར་འགྱུར་བ་དེ་བཞིན་དུ་ཕའི་ཁུ་བ་དང་། ཁྲག་དང་། རྒྱུ་དང་རྐྱེན་འདུས་པ་ལ་བརྟེན་པའི་ཕྱིར་གདོད་མངལ་མངོན་པར་འགྲུབ་པ་ཡང་དེ་བཞིན་དུ་རིག་པར་བྱའོ། །ཕ་མའི་མི་གཙང་བ་ལས་མེར་མེར་པོ་མངོན་པར་གྲུབ་པ་གང་ཡིན་པ་དེ་ནི་གཟུགས་ཞེས་བྱའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་མིང་ཞེས་སྟེ། དེ་ནི་མིང་དང་གཟུགས་ཞེས་བྱའོ། །མིང་དང་གཟུགས་ཀྱི་ཕུང་པོ་ཤིན་ཏུ་སྨད་པར་བྱ་བའི་སྲིད་པ་རྣམས་སུ་སྐྱེ་བ་ལེན་པར་བྱེད་པ་འདི་ལ་ནི་ངས་ཕྱོགས་ཅུང་ཟད་ཙམ་འམ། སྐད་ཅིག་ཙམ་དུ་ཡང་བསྔགས་པ་རྗོད་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། སྲིད་པ་རྣམས་སུ་སྐྱེ་བར་འགྱུར་བ་གང་ཡིན་པ་དེ་ནི་སྡུག་བསྔལ་ཆེན་པོ་ཡིན་པས་སོ། །འདི་ལྟ་སྟེ་དཔེར་ན། སྐྱུགས་པ་ནི་ཇི་ལྟར་ཆུང་ངུ་ཡང་མནམ་པར་བྱེད་པ་དེ་བཞིན་དུ་སྲིད་པ་རྣམས་སུ་སྐྱེས་པ་གང་ཡིན་པ་དེ་ནི་ཆུང་ངུ་ཡང་སྡུག་བསྔལ་ཡིན་པར་རིག་པར་བྱའོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་གང་ཡིན་པ་དེ་དག་ཐམས་ཅད་ནི་སྐྱེ་བ་དང་། གནས་པ་དང་། འཕེལ་བ་དང་། ཉམས་ཤིང་འཇིག་པ་དང་ལྡན་ཏེ་སྐྱེ་བ་གང་ཡིན་པ་དེ་ནི་སྡུག་བསྔལ་བ་ཡིན་ནོ། །གནས་པ་གང་ཡིན་པ་དེ་ནི་ན་བ་ཡིན་ནོ། །འཕེལ་བ་དང་། ཉམས་ཤིང་འཇིག་པ་གང་ཡིན་པ་དེ་ནི་རྒ་ཤི་ཡིན་ཏེ། དེ་ལྟ་བས་ན་དགའ་བོ་མཁས་པ་སུ་ཞིག་སྲིད་པའི་རྒྱ་མཚོ་འདིར་སྲིད་པའི་རོ་བསྐྱེད་ནས་མའི་མངལ་ན་ཉལ་ཞིང་འདི་འདྲ་བའི་སྡུག་བསྔལ་མི་བཟད་པ་ཡང་དག་པར་ཉམས་སུ་མྱོང་བར་བྱེད། གཞན་ཡང་དགའ་བོ་འདི་ལྟར་མའི་མངལ་དུ་ཞུགས་པ་དེའི་གྲངས་ཀྱང་མདོར་བསྡུ་ན་ཞག་བདུན་ཕྲག་སུམ་ཅུ་རྩ་བརྒྱད་ཡོད་པར་རིག་པར་བྱ་སྟེ། ཞག་བདུན་ཕྲག་དང་པོའི་ཚེ་མའི་མངལ་མི་གཙང་བ་ཐོག་མའི་གནས་སུ་ཉལ་བས་འདི་ལྟ་སྟེ། དཔེར་ན་ཟངས་རབ་ཏུ་ཚ་བའི་ནང་དུ་བཙོས་ཤིང་བརྔོས་པ་བཞིན་དུ་ལུས་ཀྱི་དབང་པོ་དང་རྣམ་པར་ཤེས་པ་ལྷན་ཅིག་ཏུ་སྡུག་བསྔལ་མི་བཟད་པ་མྱོང་བ་གང་ཡིན་པ་དེ་ནི་མེར་མེར་པོ་ཞེས་བྱའོ། །དེའི་དབྱིབས་ནི་འདི་ལྟ་སྟེ། དཔེར་ན་འབྲས་ཀྱི་ཁུ་བའམ། ཞོའི་པྲིས་མ་དང་འདྲ་བས་ཞག་བདུན་གྱི་བར་དུ་ནང་དུ་བཙོས། རབ་ཏུ་བཙོས་པས་ན་སའི་ཁམས་སྲ་བ་ཉིད་དང་། ཆུའི་ཁམས་གཤེར་བ་ཉིད་དང་། མེའི་ཁམས་དྲོ་བ་ཉིད་དང་། རླུང་གི་ཁམས་ཡང་ཞིང་གཡོ་བ་ཉིད་གདོད་མངོན་དུ་སྣང་བར་འགྱུར་རོ། །དགའ་བོ་ཞག་བདུན་ཕྲག་གཉིས་པ་ལ་མའི་མངལ་ན་མི་གཙང་བའི་གནས་སུ་འདི་ལྟ་སྟེ། དཔེར་ན་ཟངས་ཀྱི་ནང་དུ་བཙོས་ཤིང་བརྔོས་པ་བཞིན་དུ་ལུས་ཀྱི་དབང་པོ་དང་རྣམ་པར་ཤེས་པ་ལྷན་ཅིག་ཏུ་སྡུག་བསྔལ་མི་བཟད་པ་མྱོང་བ་ན་མའི་མངལ་ནས་ཀུན་ཏུ་རེག་པ་ཞེས་བྱ་བའི་རླུང་སྔོན་གྱི་ལས་ཀྱི་དབང་གིས་རང་བྱུང་ནས་མངལ་དེ་ལ་རེག་པ་གང་ཡིན་པ་དེ་ནི་ནུར་ནུར་པོ་ཞེས་བྱའོ། །དེའི་དབྱིབས་ནི་ཞོ་སྐ་བའམ། མར་འཁྱགས་པ་འདྲ་སྟེ། ཞག་བདུན་གྱི་བར་དུ་ནང་དུ་བཙོས་རབ་ཏུ་བཙོས་པས་ན་ཁམས་བཞི་པོ་དག་མངོན་དུ་སྣང་བར་འགྱུར་རོ། །དགའ་བོ་ཞག་བདུན་ཕྲག་གསུམ་པ་ལ་ཡང་རྒྱས་པར་སྔ་མ་བཞིན་དུ་སྦྱར་ཏེ། མའི་མངལ་ནས་མཛོད་ཁ་ཞེས་བྱ་བའི་རླུང་སྔོན་གྱི་ལས་ཀྱི་དབང་གིས་བྱུང་ནས་མངལ་དེ་ལ་རེག་པ་གང་ཡིན་པ་དེ་ནི་ལྟར་ལྟར་པོ་ཞེས་བྱའོ། །དེའི་དབྱིབས་ནི་འདི་ལྟ་སྟེ། ལྕགས་ཀྱི་ཐུར་མའམ། སྲིན་བུ་གྲོལ་མ་འདྲ་སྟེ། ཞག་བདུན་གྱི་བར་དུ་ཡང་བཙོས་རབ་ཏུ་བཙོས་པས་ན་ཁམས་བཞི་པོ་དག་མངོན་དུ་སྣང་བར་འགྱུར་རོ། །དགའ་བོ་ཞག་བདུན་ཕྲག་བཞི་པ་ལ་ཡང་རྒྱས་པར་སྔ་མ་བཞིན་དུ་སྦྱར་ཏེ། མའི་མངལ་ནས་ནང་རབ་ཏུ་འབྱེད་པ་ཞེས་བྱ་བའི་རླུང་སྔོན་གྱི་ལས་ལས་བྱུང་ནས་མངལ་ན་གནས་པའི་ཟུག་རྔུ་རབ་ཏུ་འབར་བ་འབུད་པར་བྱེད་པ་གང་ཡིན་པ་དེ་ནི་མཁྲང་འགྱུར་ཞེས་བྱའོ། །དེའི་དབྱིབས་ནི་བདར་རམ་མཆི་གུ་འདྲ་སྟེ། ཞག་བདུན་གྱི་བར་དུ་ཞེས་བྱ་བ་ནས་ཁམས་བཞི་པོ་དག་མངོན་དུ་སྣང་བར་འགྱུར་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །དགའ་བོ་ཞག་བདུན་ཕྲག་ལྔ་པ་ལ་ཡང་རྒྱས་པར་སྔ་མ་བཞིན་དུ་སྦྱར་ཏེ། མའི་མངལ་ནས་ཡང་དག་པར་སྡུད་པ་ཞེས་བྱ་བའི་རླུང་འབྱུང་སྟེ། རླུང་དེས་མངལ་ལ་རེག་པར་གྱུར་པ་ན་མཚན་མ་ལྔ་པོ་འདི་ལྟ་སྟེ། དཔུང་པ་གཉིས་དང་། བརླ་གཉིས་དང་། མགོ་བོའི་མཚན་མ་མངོན་དུ་འབྱུང་བར་བྱེད་དེ། འདི་ལྟ་སྟེ། དཔེར་ན་དབྱར་གྱི་དུས་སུ་ཆར་འབབ་པའི་ཚེ་ལྗོན་ཤིང་དང་། ནགས་ཚལ་རྣམས་ཡལ་ག་དང་ལོ་མ་རྒྱས་ཤིང་འཕེལ་བར་བྱེད་པ་དེ་བཞིན་དུ་མཚན་མ་ལྔ་པོ་དག་རབ་ཏུ་སྣང་བར་བྱེད་དོ། །དགའ་བོ་ཞག་བདུན་ཕྲག་དྲུག་པ་ལ་ནི་མའི་མངལ་ནས་རྒྱ་ཆེན་པོ་ཞེས་བྱ་བའི་རླུང་འབྱུང་སྟེ། རླུང་དེས་མངལ་ལ་རེག་པར་གྱུར་པ་ན་མཚན་མ་བཞི་པོ་འདི་ལྟ་སྟེ། ལག་ངར་གཉིས་དང་། རྗེ་ངར་གཉིས་འབྱུང་བར་བྱེད་དོ། །འདི་ལྟ་སྟེ། དཔེར་ན་དབྱར་ཆར་འབབ་པའི་ཚེ་རྩྭ་ཤིང་ཡལ་ག་སྐྱེ་བར་འགྱུར་བ་དེ་བཞིན་དུ་མཚན་མ་བཞི་པོ་དག་རབ་ཏུ་སྣང་བར་བྱེད་དོ། །དགའ་བོ་ཞག་བདུན་ཕྲག་བདུན་པ་ལ་ནི་མའི་མངལ་ནས་འཁྱིལ་བར་བྱེད་པ་ཞེས་བྱ་བའི་རླུང་འབྱུང་སྟེ། རླུང་དེས་མངལ་དེ་ལ་རེག་པར་གྱུར་པ་ན་མཚན་མ་ཞི་པོ་འདི་ལྟ་སྟེ། ལག་པའི་བོལ་གཉིས་དང་། རྐང་པའི་བོལ་གཉིས་འབྱུང་བར་བྱེད་དེ། འདི་ལྟ་སྟེ། དཔེར་ན་དབུ་བ་འདུས་པའམ། ཉ་ལྕིབས་བཞིན་དུ་མཚན་མ་བཞི་པོ་དེ་དག་དང་ལྡན་པར་འགྱུར་རོ། །དགའ་བོ་ཞག་བདུན་ཕྲག་བརྒྱད་པ་ལ་ནི་མའི་མངལ་ནས་ཟློག་ཅིང་སྒྱུར་བར་བྱེད་པ་ཞེས་བྱ་བའི་རླུང་འབྱུང་སྟེ། རླུང་དེས་མངལ་ལ་རེག་པར་གྱུར་པ་ན་མཚན་མ་ཉི་ཤུ་པོ་འདི་ལྟ་སྟེ། ལག་པ་དང་རྐང་པའི་སོར་མོ་བཅུ་བཅུ་ཐོག་མ་ཁོ་ནར་སྣང་བར་བྱེད་དེ། འདི་ལྟ་སྟེ། དཔེར་ན་དབྱར་ཆར་པ་འབབ་པའི་ཚེ་ལྗོན་ཤིང་གི་རྩ་བ་དང་པོར་སྐྱེས་པ་ཇི་ལྟ་བ་བཞིན་ནོ། །དགའ་བོ་ཞག་བདུན་ཕྲག་དགུ་པ་ལ་ནི་མའི་མངལ་ནས་རྣམ་པར་འབྱེད་པ་ཞེས་བྱ་བའི་རླུང་འབྱུང་སྟེ། རླུང་དེས་མངལ་ལ་རེག་པར་གྱུར་པ་ན་མཚན་མ་དགུ་པོ་འདི་ལྟ་སྟེ། མིག་གཉིས་དང་། རྣ་བ་གཉིས་དང་། སྣ་གཉིས་དང་། ཁ་དང་། བཤང་བ་དང་། གཅི་བའི་བུ་ག་གཉིས་སྣང་བར་བྱེད་དོ། །དགའ་བོ་ཞག་བདུན་ཕྲག་བཅུ་པ་ལ་ནི་མའི་མངལ་ནས་སྲ་བར་བྱེད་པ་ཞེས་བྱ་བའི་རླུང་འབྱུང་སྟེ། རླུང་དེ་མངལ་ན་གནས་པ་སྲ་ཞིང་བརྟན་པར་བྱེད་དོ། །ཞག་བདུན་པ་དེ་ཉིད་ཀྱི་ཚེ་མའི་མངལ་ནས་གཞན་ཡང་ཀུན་ནས་སྐྱེ་བ་ཞེས་བྱ་བའི་རླུང་བྱུང་ནས་རླང་དེས་མངལ་གྱི་གནས་བུས་ནས་རྒྱས་པར་བྱེད་དེ། འདི་ལྟ་སྟེ། དཔེར་ན་རྐྱལ་པ་བུས་པ་རྒྱས་པར་གྱུར་པ་ཇི་ལྟ་བ་བཞིན་ནོ།། །།

 

 

 

 

 

 

བམ་པོ་གཉིས་པ།  དགའ་བོ་ཞག་བདུན་ཕྲག་བཅུ་གཅིག་པ་ལ་ནི་མའི་མངལ་ནས་བུ་ག་སྣང་བ་ཞེས་བྱ་བའི་རླུང་འབྱུང་སྟེ། རླུང་དེས་མངལ་ལ་རེག་པར་གྱུར་པ་ན་མངལ་ན་གནས་པ་དེ་ཁོང་སྟོང་དུ་བྱེད་པས་བུ་ག་དགུ་པོ་དག་རབ་ཏུ་སྣང་བར་འགྱུར་ཏེ། གལ་ཏེ་མ་འགྲོ་བའམ། འགྲེང་བའམ། འདུག་པའམ། ཉལ་བའམ། ལས་དག་བྱས་པར་གྱུར་ན། དེའི་ཚེ་རླུང་དེ་འཁྱིལ་པ་ཉིད་ཀྱིས་ཁོང་སྟོང་དུ་གྱུར་ནས་བུ་ག་རྣམས་མཐར་གྱིས་ཆེ་བར་བྱེད་དོ། །གལ་ཏེ་རླུང་སྟེང་གི་ཕྱོགས་སུ་སོང་ན་ནི་སྟེང་གི་བུ་ག་འབྱིན་པར་བྱེད་ལ།  གལ་ཏེ་འོག་གི་ཕྱོགས་སུ་སོང་ན་ནི། འོག་གི་བུ་ག་འབྱིན་པར་བྱེད་དེ། འདི་ལྟ་སྟེ། དཔེར་ན་མགར་བའམ། དེའི་སློབ་མས་སྦུད་པ་བུས་པ་ན་སྟེང་དང་འོག་ཏུ་རླུང་རྒྱུ་ཞིང་རླུང་གི་བྱ་བ་བྱས་ནས་འགག་པར་གྱུར་པ་ཇི་ལྟ་བ་བཞིན་ནོ། །དགའ་བོ་ཞག་བདུན་ཕྲག་བཅུ་གཉིས་པ་ལ་ནི་མའི་མངལ་ནས་ཡོན་པོའི་སྒོ་ཞེས་བྱ་བའི་རླུང་འབྱུང་སྟེ། རླུང་དེས་མངལ་བུས་པས་གཡས་གཡོན་གཉིས་ཀྱི་ནང་གྲོལ་གྱི་རྒྱུ་མ་དང་གཉེ་མ་དག་འགྲུབ་པར་བྱེད་དེ། འདི་ལྟ་སྟེ། དཔེར་ན་པད་མའི་རྩ་བ་བཞིན་དུ་ལུས་ལ་བརྟེན་ཏེ་སྣོལ་མར་གནས་སོ། །ཞག་བདུན་པ་དེ་ཉིད་ཀྱི་ཚེ་གཞན་ཡང་སྤུ་བརྒྱུས་པ་ཞེས་བྱ་བའི་རླུང་འབྱུང་སྟེ། མངལ་གྱི་ནང་ཉིད་དུ་ལྷག་ཆད་མེད་པར་ཚིགས་བརྒྱ་སུམ་ཅུ་སྐྱེད་པར་བྱེད་དོ། །གཞན་ཡང་རླུང་དེའི་སྟོབས་ཀྱིས་གནད་བརྒྱ་རྩ་གཅིག་འབྱུང་བར་བྱེད་དོ། །དགའ་བོ་ཞག་བདུན་ཕྲག་བཅུ་གསུམ་པ་ལ་ནི་མའི་མངལ་ནས་སྔ་མའི་རླུང་དེ་ཉིད་ཀྱི་སྟོབས་ཀྱིས་བཀྲེས་པ་དང་། སྐོམ་པར་ཤེས་པར་བྱེད་པས་མས་ཟོས་ཤིང་འཐུངས་པའི་བཅུད་ཇི་སྙེད་པ་དག་ལྟེ་བར་ཞུགས་ནས་དེའི་ལུས་ལ་ཕན་འདོགས་པར་བྱེད་དོ། །དགའ་བོ་ཞག་བདུན་ཕྲག་བཅུ་བཞི་པ་ལ་ནི་མའི་མངལ་ནས་སྐུད་པའི་ཁ་ཞེས་བྱ་བའི་རླུང་འབྱུང་སྟེ། རླུང་དེས་མངལ་ན་གནས་པ་དེའི་རྩ་རྒྱུས་སྟོང་སྐྱེད་པར་བྱེད་དེ། ཉིས་བརྒྱ་ལྔ་བཅུ་ནི་ལུས་ཀྱི་མདུན་ན་གནས་སོ། །ཉིས་བརྒྱ་ལྔ་བཅུ་ནི་ལུས་ཀྱི་རྒྱབ་ན་གནས་སོ། །ཉིས་བརྒྱ་ལྔ་བཅུ་ནི་ལུས་ཀྱི་གཡས་ཕྱོགས་ན་གནས་སོ། །ཉིས་བརྒྱ་ལྔ་བཅུ་ནི་ལུས་ཀྱི་གཡོན་ཕྱོགས་ན་གནས་སོ། །དགའ་བོ་ཞག་བདུན་ཕྲག་བཅོ་ལྔ་པ་ལ་ནི་མའི་མངལ་ནས་པད་མ་ཞེས་བྱ་བའི་རླུང་འབྱུང་སྟེ། མངལ་ན་གནས་པ་དེའི་ལུས་ལ་རྩར་རྒྱུ་བ་རྣམ་པ་ཉི་ཤུ་བསྐྱེད་ནས་རོ་རྣམས་གཞིབ་པར་བྱེད་དེ། དེ་ཡང་ལུས་ཀྱི་མདུན་ན་ལྔ་དང་། ལུས་ཀྱི་རྒྱབ་ན་ལྔ་དང་། ལུས་ཀྱི་གཡས་ན་ལྔ་དང་། ལུས་ཀྱི་གཡོན་ན་ལྔ་ཡོད་དོ། །རྩར་རྒྱུ་བ་དེ་ཡང་མིང་སྣ་ཚོགས་དང་། ཁ་དོག་སྣ་ཚོགས་དང་ལྡན་པས་མིང་ནི་ས་ག་ཞེས་ཀྱང་བྱ། སྟོབས་ཞེས་ཀྱང་བྱ། བརྟན་པ་ཞེས་ཀྱང་བྱ། མཐུ་དང་ལྡན་པ་ཞེས་ཀྱང་བྱའོ། །ཁ་དོག་ནི་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། བབ་ལ་ལྟ་བུའི་སེར་སྐྱ་དང་། མར་དང་། འབྲུ་མར་དང་། ཞོ་ལ་སོགས་པའི་ཁ་དོག་དང་ལྡན་པ་གང་ཡིན་པ་དང་། གཞན་ཡང་ཁ་དོག་མང་པོ་ཕན་ཚུན་འདྲེས་པ་གང་ཡིན་པའོ། །དགའ་བོ་རྩར་རྒྱུ་བ་ཉི་ཤུ་པོ་དེ་དག་རེ་རེ་ལ་ཡང་ཡན་ལག་བཞི་བཅུ་བཞི་བཅུ་ཡོད་པས་གཅིག་ཏུ་བསྡུས་ན་དབུགས་གཞིབ་པའི་རྩར་རྒྱུ་བ་བརྒྱད་བརྒྱ་ཡོད་པར་འགྱུར་ཏེ། ལུས་ཀྱི་མདུན་དང་། རྒྱབ་དང་། གཡས་དང་། གཡོན་གྱི་ཕྱོགས་རེ་རེ་ལ་ཡང་ཉིས་བརྒྱ་ཉིས་བརྒྱ་ཡོད་དོ། །དགའ་བོ་རྩར་རྒྱུ་བ་བརྒྱད་བརྒྱ་པོ་དེ་དག་རེ་རེ་ལ་ཡང་རྩར་རྒྱུ་བའི་ཡན་ལག་ཕན་ཚུན་འབྲེལ་པ་བརྒྱ་བརྒྱ་ཡོད་པས་གཅིག་ཏུ་བསྡུས་ན་སྟོང་ཕྲག་བརྒྱད་ཅུ་ཡོད་པར་འགྱུར་ཏེ། སྟོང་ཕྲག་ཉི་ཤུ་ནི་ལུས་ཀྱི་མདུན་ན་ཡོད་དོ། །སྟོང་ཕྲག་ཉི་ཤུ་ནི་ལུས་ཀྱི་རྒྱབ་ན་ཡོད་དོ། །སྟོང་ཕྲག་ཉི་ཤུ་ནི་ལུས་ཀྱི་གཡས་ཕྱོགས་ན་ཡོད་དོ། །སྟོང་ཕྲག་ཉི་ཤུ་ནི་ལུས་ཀྱི་གཡོན་ཕྱོིགས་ན་ཡོད་དོ། །དགའ་བོ་རྩར་རྒྱུ་བ་སྟོང་ཕྲག་བརྒྱད་ཅུ་པོ་དེ་དག་ལ་ཡང་བུ་ག་མང་པོ་ཡོད་པས་བུ་ག་གཅིག་དང་གཉིས་དང་ལྡན་པ་ནས་བུ་ག་བདུན་གྱི་བར་དང་ལྡན་པ་ཡང་ཡོད་དོ། །དེ་དག་རེ་རེ་ལ་ཡང་སྤུའི་ཁུང་བུ་རེ་རེ་དང་སོ་སོར་ཕན་ཚུན་འབྲེལ་ཏེ། འདི་ལྟ་སྟེ། དཔེར་ན་པད་མའི་རྩ་བ་ལ་བུ་ག་མང་པོ་ཡོད་པ་ཇི་ལྟ་བ་བཞིན་ནོ། །དགའ་བོ་ཞག་བདུན་ཕྲག་བཅུ་དྲུག་པ་ལ་ནི་བདུད་རྩི་འགྲོ་བ་ཞེས་བྱ་བའི་རླུང་འབྱུང་སྟེ། རླུང་དེའི་སྦྱོར་བས་མངལ་ན་གནས་པ་དེའི་མིག་གི་སྐྱེ་མཆེད་གཉིས་དང་། རྣ་བའི་སྐྱེ་མཆེད་གཉིས་དང་། སྣའི་སྐྱེ་མཆེད་གཉིས་དང་། ཁའི་སྒོ་དང་། མིད་པའི་བུ་ག་དང་། སྙིང་གི་ཁོ་ར་ཁོར་ཡུག་དང་། བཟའ་བ་དང་། བཏུང་བ་དང་། བཅའ་བ་དང་། མྱངས་པ་རྣམས་འཇུག་པར་འགྱུར་བའི་གནས་རྣམ་པར་འཇོག་ཅིང་དབུགས་ཕྱི་ནང་དུ་རྒྱུ་བ་ཐོགས་པ་མེད་པར་བྱེད་དེ། འདི་ལྟ་སྟེ། དཔེར་ན་རྫ་མཁན་ནམ་དེའི་སློབ་མས་འཇིམ་པའི་གོང་བུ་བླངས་ཏེ། འཁོར་ལོའི་སྟེང་དུ་བཞག་ནས་ཇི་ལྟར་མོས་པ་བཞིན་དུ་སྣོད་ཀྱི་རྣམ་པར་དབྱིབས་ཐ་དད་པ་སྤེལ་ཞིང་རྣམ་པར་འཇོག་པ་དེ་བཞིན་དུ་ལས་ཀྱི་རླུང་གི་དབང་གིས་ཀྱང་དེ་བཞིན་དུ་མིག་ལ་སོགས་པའི་སྐྱེ་མཆེད་ཇི་ལྟར་མོས་པ་བཞིན་དུ་རྣམ་པར་འཇོག་ཅིང་དབུགས་ཕྱི་ནང་དུ་རྒྱུ་བ་ཐོགས་པ་མེད་པར་བྱེད་དོ། །དགའ་བོ་ཞག་བདུན་ཕྲག་བཅུ་བདུན་པ་ལ་ནི་མའི་མངལ་ནས་འབྲི་གདོང་ཞེས་བྱ་བའི་རླུང་འབྱུང་སྟེ། རླུང་དེས་མངལ་ན་གནས་པ་དེའི་མིག་དང་། རྣ་བ་དང་། སྣ་དང་། ཁའི་སྒོ་དང་། མིད་པ་དང་། སྙིང་གི་ཕྱོགས་དང་། ཟས་འཇུག་པར་འགྱུར་བའི་གནས་རྣམས་ཀུན་ཏུ་དང་བར་བྱེད་ཅིང་དབུགས་ཕྱི་ནང་དུ་རྒྱུ་བའི་གནས་ཐོགས་པ་མེད་པར་བྱེད་དེ། འདི་ལྟ་སྟེ། དཔེར་ན་ཁྱེའུ་འམ། བུ་མོ་མཁས་པ་ཞིག་གིས་མེ་ལོང་གི་དཀྱིལ་འཁོར་རྡུལ་གྱིས་གཡོགས་པ་བླངས་ནས་འབྲུ་མར་དང་། ཐལ་བ་དང་། སའི་ཕྱེ་མ་ཞིབ་མོ་དག་གིས་བྱི་དོར་བྱས་ན་གསལ་བར་འགྱུར་བ་དེ་བཞིན་དུ་ལས་ཀྱི་རླུང་གི་དབང་གིས་སྐྱེ་མཆེད་རྣམས་རྣམ་པར་འཇོག་ཅིང་ཐོགས་པ་མེད་པར་བྱེད་དོ། །དགའ་བོ་ཞག་བདུན་ཕྲག་བཅྭོ་བརྒྱད་པ་ལ་ནི་མའི་མངལ་ནས་དྲི་མ་མེད་པ་ཞེས་བྱ་བའི་རླུང་འབྱུང་སྟེ། མངལ་ན་གནས་པ་དེའི་སྐྱེ་མཆེད་དྲུག་པོ་དག་ཡོངས་སུ་དག་པར་བྱེད་དེ། འདི་ལྟ་སྟེ། དཔེར་ན་ཉི་མ་དང་ཟླ་བའི་དཀྱིལ་འཁོར་སྤྲིན་ཆེན་པོས་ཁེབས་པ་རླུང་དྲག་པོ་ལངས་ནས་བུས་ཏེ་ཕྱོགས་བཞིར་གཏོར་བར་གྱུར་ན་འོད་དང་ལྡན་ཞིང་ཡོངས་སུ་དག་པར་འགྱུར་བ་དེ་བཞིན་དུ་དགའ་བོ་ལས་ཀྱི་རླུང་དེའི་སྟོབས་ཀྱིས་མངལ་ན་གནས་པ་དེའི་དབང་པོ་དྲུག་ཡོངས་སུ་དག་པར་བྱེད་པ་ཡང་དེབཞིན་དུ་རིག་པར་བྱའོ། །དགའ་བོ་ཞག་བདུན་ཕྲག་བཅུ་དགུ་པ་ལ་ནི་མའི་མངལ་ན་གནས་པ་དེའི་དབང་པོ་བཞི་པོ་མིག་དང་། རྣ་བ་དང་། སྣ་དང་། ལྕེའི་དབང་པོ་དག་མངོན་པར་འགྲུབ་པར་བྱེད་དོ། །དང་པོ་མའི་མངལ་དུ་འཇུག་པའི་ཚེ་ཐོག་མ་ཁོ་ནར་དབང་པོ་གསུམ་ཐོབ་པར་འགྱུར་ཏེ། འདི་ལྟ་སྟེ། ལུས་དང་། སྲོག་དང་། ཡིད་ཀྱི་དབང་པོ་གང་ཡིན་པའོ། །དགའ་བོ་ཞག་བདུན་ཕྲག་ཉི་ཤུ་པ་ལ་ནི་མའི་མངལ་ནས་ཤིན་ཏུ་བརྟན་པ་ཞེས་བྱ་བའི་རླུང་འབྱུང་སྟེ། རླུང་དེས་མངལ་ན་གནས་པ་དེའི་རྐང་པ་གཡོན་པ་ལ་བརྟེན་ཏེ། སོར་མོའི་རུས་པ་ཉི་ཤུ་སྐྱེད་པར་བྱེད་དོ། །རྐང་པ་གཡས་པ་ལ་བརྟེན་ཏེ་རུས་པ་ཉི་ཤུ་དང་། རྐང་པའི་རྟིང་པའི་རུས་པ་བཞི་དང་། རྗེ་ངར་གྱི་རུས་པ་གཉིས་དང་། པུས་མོའི་རུས་པ་གཉིས་དང་། བརླའི་རུས་པ་གཉིས་དང་། རྐེད་པའི་རུས་པ་གསུམ་དང་། ལོང་བུའི་རུས་པ་གསུམ་དང་། སྒལ་ཚིགས་ཀྱི་རུས་པ་བཅྭོ་བརྒྱད་དང་། རྩིབ་མའི་རུས་པ་ཉི་ཤུ་རྩ་བཞི་སྐྱེད་པར་བྱེད་དོ། །གཞན་ཡང་ལག་པ་གཡོན་པ་ལ་བརྟེན་ཏེ་སོར་མོའི་ཚིགས་ཀྱི་རུས་པ་ཉི་ཤུ་དང་། ལག་པ་གཡས་པ་ལ་བརྟེན་ཏེ་སོར་མོའི་ཚིགས་ཀྱི་རུས་པ་ཉི་ཤུ་སྐྱེད་པར་བྱེད་དོ། །གཞན་ཡང་ལག་ངར་གྱི་རུས་པ་བཞི་དང་། དཔུང་པའི་རུས་པ་གཉིས་དང་། བྲང་གི་རུས་པ་བདུན་དང་། ཕྲག་པའི་རུས་པ་བདུན་དང་། གཉའ་བའི་རུས་པ་བཞི་དང་། འགྲམ་པའི་རུས་པ་གཉིས་དང་། སོའི་རུས་པ་སུམ་ཅུ་རྩ་གཉིས་དང་། མགོའི་རུས་པ་བཞི་སྐྱེད་པར་བྱེད་དེ། དགའ་བོ་འདི་ལྟ་སྟེ་དཔེར་ན། གཟུགས་མཁན་ནམ། གཟུགས་མཁན་གྱི་སློབ་མ་མཁས་པས་སྔར་ནི་ཤིང་སྲ་བ་ལས་དེའི་དབྱིབས་བྱས་ནས་དེའི་འོག་ཏུ་སྲད་བུས་བཅིངས་ཏེ་ཕྱིས་འཇིམ་པ་རྣམས་བསྐུས་ནས་གཟུགས་བརྙན་མངོན་པར་འགྲུབ་པར་བྱེད་པ་དེ་བཞིན་དུ་ལས་ཀྱི་རླུང་གི་སྟོབས་དེས་རུས་པ་རྣམས་རྣམ་པར་གཞོག་པ་ཡང་དེ་བཞིན་དུ་བལྟ་བར་བྱའོ། །དགའ་བོ་དེ་ལྟར་ཞག་བདུན་ཕྲག་ཉི་ཤུ་པ་ལ་ནི་རུས་པ་ཕྲ་མོ་མ་གཏོགས་པར་རུས་པ་ཆེན་པོ་སྐྱེ་བའི་གྲངས་ནི་ཉིས་བརྒྱ་ཡོད་པར་རིག་པར་བྱའོ། །དགའ་བོ་ཞག་བདུན་ཕྲག་ཉི་ཤུ་གཅིག་པ་ལ་མའི་མངལ་ནས་ཡང་དག་སྐྱེད་པར་བྱེད་པ་ཞེས་བྱ་བའི་རླུང་འབྱུང་སྟེ། མངལ་ན་གནས་པ་དེའི་ལུས་ལ་ཤ་སྐྱེད་པར་བྱེད་པ་འདི་ལྟ་སྟེ། དཔེར་ན་ཞལ་ཞལ་མཁན་ནམ། ཞལ་ཞལ་མཁན་གྱི་སློབ་མས་འཇིམ་པ་ལེགས་པར་སྦྱར་ནས་རྩིག་ངོས་ལ་ཞལ་ཞལ་བྱེད་པ་བཞིན་དུ་ལས་ཀྱི་རླུང་དེས་ཤ་སྐྱེད་པར་བྱེད་པ་ཡང་དེ་བཞིན་དུ་བལྟ་བར་བྱའོ། །དགའ་བོ་ཞག་བདུན་ཕྲག་ཉི་ཤུ་གཉིས་པ་ལ་ནི་མའི་མངལ་ནས་ཀུན་ཏུ་རྒྱལ་བ་ཞེས་བྱ་བའི་རླུང་འབྱུང་སྟེ། རླུང་དེས་མངལ་ན་གནས་པ་དེའི་ཁྲག་སྐྱེད་པར་བྱེད་དོ། །དགའ་བོ་ཞག་བདུན་ཕྲན་ཉི་ཤུ་གསུམ་པ་ལ་ནི་མའི་མངལ་ནས་ཡོང་སུ་དག་པར་འཛིན་པ་ཞེས་བྱ་བའི་རླུང་འབྱུང་སྟེ། རླུང་དེས་མངལ་ན་གནས་པ་དེའི་པགས་པ་སྐྱེད་པར་བྱེད་དོ། །དགའ་བོ་ཞག་བདུན་ཕྲག་ཉི་ཤུ་བཞི་པ་ལ་ནི་མའི་མངལ་ནས་ཀུན་ཏུ་འཕྱོ་བ་ཞེས་བྱ་བའི་རླུང་འབྱུང་སྟེ། རླུང་དེས་མངལ་ན་གནས་པ་དེའི་པགས་པ་རབ་ཏུ་དང་བར་བྱེད་དོ། །དགའ་བོ་ཞག་བདུན་ཕྲག་ཉི་ཤུ་ལྔ་པ་ལ་ནི་མའི་མངལ་ནས་གྲོང་ཁྱེར་འཛིན་ཞེས་བྱ་བའི་རླུང་འབྱུང་སྟེ། རླང་དེས་མངལ་ན་གནས་པ་དེའི་ཤ་དང་ཁྲག་རབ་ཏུ་དང་བར་བྱེད་དོ། །དགའོ་བོ་ཞག་བདུན་ཕྲག་ཉི་ཤུ་དྲུག་པ་ལ་ནི་མའི་མངལ་ནས་སྐྱེ་བ་མངོན་པར་གྲུབ་པ་ཞེས་བྱ་བའི་རླུང་འབྱུང་སྟེ། རླུང་དེས་མངལ་ན་གནས་པ་དེའི་ལུས་ཀྱི་སྐྲ་དང་སྤུ་དང་སེན་མོ་རྣམས་སྐྱེད་པར་བྱེད་དེ། དེ་དག་ཐམས་ཅད་ཀྱང་རྩ་རྒྱུས་རྣམས་དང་ཕན་ཚུན་འབྲེལ་བར་བལྟ་བར་བྱའོ། །དགའ་བོ་ཞག་བདུན་ཕྲག་ཉི་ཤུ་བདུན་པ་ལ་ནི་མའི་མངལ་ནས་སྨན་ཡོན་ཆེན་པོ་ཞེས་བྱ་བའི་རླུང་འབྱུང་སྟེ། རླུང་དེས་མངལ་ན་གནས་པ་དེའི་སྐྲ་དང་སྤུ་དང་སེན་མོ་རྣམས་མངོན་པར་འགྲུབ་པར་བྱེད་དོ། །དགའ་བོ་མངལ་ན་གནས་པ་དེ་གལ་ཏེ་ཚེ་རབས་སྔ་མ་ལ་སྡིག་པ་མི་དགེ་བའི་ལས་མངོན་པར་འདུས་བྱས་པས་སེར་སྣས་ལོངས་སྤྱོད་བདོག་པ་རྣམས་འཕངས་ཤིང་ཤིན་ཏུ་བསྟེན་པར་མངོན་པར་ཞེན་ནས་སྦྱིན་པར་གཏོང་བར་མི་བྱེད་པ་དང་། ཕ་མ་དང་། མཁན་པོ་དང་། སློབ་དཔོན་དང་། བླ་མའི་གནས་རྣམས་ཀྱིས་རྗེས་སུ་བསྟན་པ་དག་མཉན་པར་མི་བྱེད་པ་དང་། ལུས་དང་ངག་དང་། ཡིད་ཀྱིས་མི་དགེ་བའི་ལས་མངོན་པར་འདུས་བྱས་ཤིང་ཉིན་མཚན་དུ་འཕེལ་བར་བྱེད་པ་ཞིག་ཡིན་ན་ནི་འདི་ལྟ་བུའི་རྣམ་པར་སྨིན་པ་མྱོང་བར་འགྱུར་ཏེ། གལ་ཏེ་མིར་སྐྱེས་པར་གྱུར་ན་ཡང་འབྲས་བུ་རྣམ་པར་སྨིན་པ་ཡིད་དུ་མི་འོང་བ་ཐོབ་པར་འགྱུར་བས་གལ་ཏེ་འཇིག་རྟེན་པ་རྣམས་འདི་ལྟར་རིང་པོས་མཛེས་པར་གྱུར་ན་ནི་དེ་ཐུང་བར་འགྱུར་རོ། །གལ་ཏེ་ཐུང་ངུས་མཛེས་པར་གྱུར་ན་ནི་དེ་རིང་པོར་འགྱུར་རོ། །སྦོམ་པོས་མཛེས་པར་གྱུར་ན་ནི་དེ་ཕྲ་བར་འགྱུར་རོ། །གལ་ཏེ་ཕྲ་མོས་མཛེས་པར་གྱུར་ན་ནི་དེ་སྦོམ་པོར་འགྱུར་རོ། །གལ་ཏེ་ཡན་ལག་དང་ཉིང་ལག་ཕན་ཚུན་ཐག་ཉེ་བས་མཛེས་པར་གྱུར་ན་ནི་དེ་ཐག་རིང་པོར་འགྱུར་རོ། །གལ་ཏེ་ཐག་རིང་པོས་མཛེས་པར་གྱུར་ན་ནི་དེ་ཐག་ཉེ་བར་འགྱུར་རོ། །གལ་ཏེ་མང་པོས་མཛེས་པར་གྱུར་ན་ནི་དེ་ཉུང་བར་འགྱུར་རོ། །གལ་ཏེ་ཉུང་བར་མཛེས་པར་གྱུར་ན་ནི་དེ་མང་པོར་འགྱུར་རོ། །གལ་ཏེ་ཚོ་བ་འདོད་ན་ནི་རིད་པར་འགྱུར་རོ། །རིད་པ་འདོད་ན་ནི་ཚོ་བར་འགྱུར་རོ། །ཞན་ཅིང་མཉེན་པ་འདོད་ན་ནི་བཤོར་བར་འགྱུར་རོ། །བཤོར་བར་འདོད་ན་ནི་ཞན་ཅིང་མཉེན་པར་འགྱུར་རོ། །དཀར་བར་འདོད་ན་ནི་གནག་པར་འགྱུར་རོ། །གནག་པར་འདོད་ན་ནི་དཀར་བར་འགྱུར་རོ། །དགའ་བོ་གཞན་ཡང་སྡིག་པ་མི་དགེ་བའི་ལས་ཀྱི་དབང་གིས་སྡིག་པ་མི་དགེ་བའི་རྣམ་པར་སྨིན་པ་འོན་པ་དང་། ལོང་བ་དང་། ལྐུགས་པ་དང་། གླེན་པ་དང་། བྱད་བཞིན་མི་སྡུག་པ་དང་། ཚིག་སྨྲས་པ་རྣམས་གཞན་གྱིས་མཉན་པའི་འོས་སུ་མི་འགྱུར་བ་དང་། རྐང་ལག་འཕྱེ་ཞིང་འགྲོ་བ་དང་། ལུས་མི་སྡུག་ཅིང་ཡི་དགས་དང་འདྲ་བས་ཉེ་བཤེས་རྣམས་ཀྱང་མཐོང་བར་མི་འདོད་ན་གཞན་ལྟ་སྨོས་ཀྱང་ཅི་དགོས་པ་དང་། ལུས་དང་། ངག་དང་། ཡིད་ཀྱི་ལས་ཇི་སྙེད་བཙལ་བ་དག་གཞན་ལ་སྨྲས་ན་ཡང་གཞན་གྱིས་ཡིད་མི་ཆེས་ཤིང་ཡིད་ལ་མི་འཛིན་པ་དག་མངོན་པར་འགྲུབ་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེས་ཚེ་རབས་སྔ་མ་ལ་སྡིག་པ་མི་དགེ་བའི་ལས་མངོན་པར་འདུས་བྱས་པའི་དབང་གིས་དེ་ལྟ་བུའི་རྣམ་པར་སྨིན་པ་འཐོབ་པར་འགྱུར་བས་སོ། །དགའ་བོ་མངལ་ན་གནས་པ་དེ་ཚེ་རབས་སྔ་མ་ལ་བསོད་ནམས་ཀྱི་ལས་མངོན་པར་བསྒྲུབས་པ་དང་། སེར་སྣ་མེད་པར་ལེགས་པར་སྦྱིན་པ་གཏོང་ཞིང་ཕོངས་པ་རྣམས་ལ་སྙིང་བརྩེ་བ་དང་། ལོངས་སྤྱོད་རྣམས་ལ་ཕོངས་ཤིང་མངོན་པར་ཞེན་པའི་སེམས་མེད་པ་དང་། དགེ་བའི་ལས་མངོན་པར་འདུས་བྱས་པ་རྣམས་ཉིན་མཚན་དུ་འཕེལ་བར་བྱེད་པ་ཞིག་ཡིན་ན་ནི་འདི་ལྟ་བུའི་རྣམ་པར་སྨིན་པ་ཁྱད་པར་དུ་འཕགས་པ་མྱོང་བར་འགྱུར་ཏེ། མིར་སྐྱེས་པར་གྱུར་ན་ཡང་འབྲས་བུ་རྣམ་པར་སྨིན་པ་ཡིད་དུ་འོང་བ་ཐོབ་པར་འགྱུར་བས་གལ་ཏེ་འཇིག་རྟེན་པ་རྣམས་རིང་པོས་མཛེས་པར་གྱུར་ན་ཡང་དེ་བཞིན་དུ་རིང་པོར་འགྱུར་རོ། །གལ་ཏེ་ཐུང་ངུས་མཛེས་པར་གྱུར་ན་ཡང་དེ་བཞིན་དུ་ཐུང་བར་འགྱུར་བ་དང་། ཕྲ་སྦོམ་རན་ཞིང་ཡན་ལག་དང་ཉིང་ལག་འཚམ་པ་དང་། མང་ཉུང་དང་། ཚོ་རིད་དང་། བཤོར་མི་བཤོར་ཡང་དེ་བཞིན་དུ་མཛེས་ཤིང་ཡིད་དུ་མི་འོང་བ་མེད་པ་དང་། དབང་པོ་དྲུག་ཚང་ཞིང་བྱད་བཞིན་སྡུག་པས་གཞན་ལས་ཁྱད་པར་དུ་འཕགས་པ་དང་། ཚིག་གསལ་ཞིང་དབྱངས་སྙན་པ་དང་། སྐྱེས་བུའི་མཚན་ཕུན་སུམ་ཚོགས་ཤིང་གང་གིས་མཐོང་བ་རྣམས་དགའ་བར་འགྱུར་བ་དང་། ལུས་དང་། ངག་དང་། ཡིད་ཀྱི་ལས་ཇི་སྙེད་བཙལ་བ་དག་གཞན་ལ་བསྙད་ན་ཡང་གཞན་གྱིས་ཡིད་ཆེས་ཤིང་གུས་པས་ཡིད་ལ་འཛིན་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེས་ཚེ་རབས་སྔ་མ་ལ་དགེ་བའི་ལས་རྣམས་མངོན་པར་འདུས་བྱས་པའི་དབང་གིས་དེ་ལྟ་བུའི་རྣམ་པར་སྨིན་པ་ཐོབ་པར་འགྱུར་བས་སོ། །དགའ་བོ་མངལ་ན་གནས་པ་དེ་གལ་ཏེ་ཁྱེའུ་ཡིན་ན་ནི་མའི་རྩིབ་ལོགས་གཡས་ཕྱོགས་སུ་ཙོག་པུར་འདུག་ལ། ལག་པ་གཉིས་ཀྱིས་གདོང་གཡོགས་ནས་མའི་སྒལ་ཚིགས་ལོགས་སུ་བལྟས་ཏེ་འདུག་གོ། །གལ་ཏེ་བུ་མོ་ཡིན་ན་ནི་མའི་རྩིབ་ལོགས་གཡོན་ཕྱོགས་སུ་ཙོག་པུར་འདུག་ལ། ལག་པ་གཉིས་ཀྱིས་གདོང་གཡོགས་ནས་མའི་ལྟོ་བ་ལོགས་སུ་ཁ་བལྟས་ཏེ་མ་ཞུ་བའི་གནས་ཀྱི་ནི་འོག །ཞུ་བའི་གནས་ཀྱི་ནི་སྟེང་ན་མ་ཞུ་བའི་དངོས་པོས་ནི་ཐུར་དུ་མནན། ཞུ་བའི་དངོས་པོས་ནི་ཡར་འདེགས་པར་བྱེད་པས། འདི་ལྟ་སྟེ་དཔེར་ན་གནས་ལྔ་བཅིངས་ནས་གསལ་ཤིང་རྣོན་པོའི་ཁར་བཙུགས་པ་བཞིན་དུ་གནས་སོ། །གལ་ཏེ་མས་ཟས་མང་དུ་ཟོས་སམ་ཉུང་ངུ་ཟོས་ན་ཡང་སྡུག་བསྔལ་མྱོང་བར་འགྱུར་རོ། །དེ་བཞིན་དུ་གལ་ཏེ་ཤིན་ཏུ་སྣུམ་པའམ། ཤིན་ཏུ་རྩུབ་པ་དང་། ཤིན་ཏུ་གྲང་བའམ། ཤིན་ཏུ་ཚ་བའམ། ལན་ཚྭ་བྲོ་བའམ། མི་བྲོ་བའམ། ཁ་བའམ། སྐྱུར་བའམ། མངར་བ་ལ་སོགས་པ་ཟས་འདི་ལྟ་བུ་དག་ཟོས་ན་ཡང་ཐམས་ཅད་དུ་སྡུག་བསྔལ་མྱོང་བར་འགྱུར་རོ། །གལ་ཏེ་མས་འདོད་པ་སྤྱད་པར་གྱུར་ཏམ། དྲག་ཏུ་སོང་ངམ། བརྒྱུགས་སམ། ཉམ་ང་བའི་ཕྱོགས་སུ་འདུག་གམ། ཡུན་རིང་དུ་འདུག་པར་གྱུར་ཏམ། ཡུན་རིིང་དུ་ཉལ་བར་གྱུར་ཏམ། མཆོངས་པར་གྱུར་ན་ཡང་ཐམས་ཅད་དུ་སྡུག་བསྔལ་མྱོང་བར་འགྱུར་རོ། །དགའ་བོ་མའི་མངལ་དུ་གནས་པ་ན་དེ་ལྟ་བུའི་སྡུག་བསྔལ་རྣམ་པ་སྣ་ཚོགས་བརྗོད་ཀྱིས་མི་ལང་བས་ལུས་ལ་ཉོན་མོངས་པར་རིག་པར་བྱ་སྟེ། མིའི་འགྲོ་བ་ན་ཡང་སྡུག་བསྔལ་དེ་ལྟ་བུ་མྱོང་བར་འགྱུར་ན་ངན་འགྲོ་སེམས་ཅན་དམྱལ་བའི་སྡུག་བསྔལ་དཔེ་བྱ་བར་དཀའ་བ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ལྟ་བས་ན་དགའ་བོ་མཁས་པ་སུ་ཞིག་འཁོར་བའི་རྒྱ་མཚོ་དཔག་ཏུ་མེད་པ་ན་གནས་པར་མོས་ཤིང་སྡུག་བསྔལ་འདི་ལྟ་བུ་ཉམས་སུ་མྱོང་བར་བྱེད་དོ། །དགའ་བོ་ཞག་བདུན་ཕྲག་ཉི་ཤུ་རྩ་བརྒྱད་པ་ལ་ནི་མའི་མངལ་ན་གནས་པ་དེ་ཕྱིན་ཅི་ལོག་གི་འདུ་ཤེས་རྣམ་པ་བརྒྱད་སྐྱེ་བར་འགྱུར་རོ། །བརྒྱད་གང་ཞེ་ན། འདི་ལྟ་སྟེ། ཁྱིམ་གྱི་འདུ་ཤེས་དང་། བཞོན་པའི་འདུ་ཤེས་དང་། ཀུན་དགའ་ར་བའི་འདུ་ཤེས་དང་། ཁང་པ་བརྩེགས་པའི་འདུ་ཤེས་དང་། སྐྱེས་མོས་ཚལ་གྱི་འདུ་ཤེས་དང་། ཁྲི་ལ་འདུག་པའི་འདུ་ཤེས་དང་། ཆུ་བོའི་འདུ་ཤེས་དང་། རྫིང་གི་འདུ་ཤེས་ཏེ། ཡང་དག་པར་འདི་དག་ཡོད་པ་མ་ཡིན་ཡང་ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པ་སྐྱེད་པར་བྱེད་དོ། །དགའ་བོ་ཞག་བདུན་ཕྲག་ཉི་ཤུ་དགུ་པ་ལ་ནི་མའི་མངལ་ནས་མེ་ཏོག་ཕྲེང་བ་ཞེས་བྱ་བའི་རླུང་འབྱུང་སྟེ། རླུང་དེས་མའི་མངལ་ན་གནས་པ་དེའི་པགས་པའི་མདོག་ཀུན་ཏུ་གསལ་ཞིང་ཡོངས་སུ་དཀར་བ་དང་། ཡོངས་སུ་དག་ཅིང་དང་བར་བྱེད་དོ། །ལས་ཀྱི་སྟོབས་ཀྱིས་ཁ་ཅིག་ནི་ཁ་དོག་ནག་པོར་འགྱུར། ཁ་ཅིག་ནི་ཁ་དོག་སྔོན་པོར་འགྱུར་ཏེ། གཞན་ཡང་ཁ་དོག་རྣམ་པ་སྣ་ཚོགས་དང་ལྡན་པ་དང་། ཁ་ཅིག་ནི་རྩུབ་ལ་སྣུམ་པ་མེད་པ་དང་། ཁ་དོག་དཀར་བ་དང་། ཁ་དོག་གནག་པ་དག་ཀྱང་ཅི་རིགས་པར་འབྱུང་བར་འགྱུར་རོ། །དགའ་བོ་ཞག་བདུན་ཕྲག་སུམ་ཅུ་པ་ལ་ནི་མའི་མངལ་ནས་ལྕགས་ཀྱི་སྒོ་ཞེས་བྱ་བའི་རླུང་འབྱུང་སྟེ། རླུང་དེས་མངལ་ན་གནས་པ་དེ་བུས་པས་སྐྲ་དང་སྤུ་དང་། སེན་མོ་རྣམས་སྐྱེ་ཞིང་འཕེལ་བར་བྱེད་དེ། སྔོན་གྱི་ལས་ཀྱི་དབང་གིས་ཁ་དོག་དཀར་གནག་ལ་སོགས་པ་ཅི་རིགས་པ་སྣང་བར་འགྱུར་བ་ཡང་གོང་མ་བཞིན་དུ་རིག་པར་བྱའོ། །དགའ་བོ་ཞག་བདུན་ཕྲག་སུམ་ཅུ་གཅིག་པ་ལ་ནི་མའི་མངལ་ན་གནས་པ་དེ་མཐར་གྱིས་ཆེར་སྐྱེ་བར་བྱེད་དེ། དེ་བཞིན་དུ་ཞག་བདུན་ཕྲག་སུམ་ཅུ་གཉིས་པ་དང་། གསུམ་པ་དང་། བཞི་པའི་བར་དུ་ཡང་རྒྱ་ཆེར་སྐྱེ་ཞིང་འཕེལ་བར་བྱེད་དོ། །དགའ་བོ་ཞག་བདུན་ཕྲག་སུམ་ཅུ་ལྔ་པ་ལ་ནི་མངལ་ན་གནས་པ་དེ་མའི་མངལ་དུ་ཡན་ལག་དང་ཉིང་ལག་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །དགའ་བོ་ཞག་བདུན་ཕྲག་སུམ་ཅུ་དྲུག་པ་ལ་ནི་མངལ་ན་གནས་པ་དེ་མའི་མངལ་ན་འདུག་མི་འདོད་པར་འགྱུར་རོ། །དགའ་བོ་ཞག་བདུན་ཕྲག་སུམ་ཅུ་བདུན་པ་ལ་ནི་མངལ་ན་གནས་པ་དེ་ཕྱིན་ཅི་ལོག་མ་ཡིན་པའི་འདུ་ཤེས་རྣམ་པ་གསུམ་པོ་འདི་ལྟ་སྟེ། མི་གཙང་བའི་འདུ་ཤེས་དང་། དྲི་མི་ཞིམ་པའི་འདུ་ཤེས་དང་། མུན་ནག་གི་འདུ་ཤེས་སྐྱེ་བར་འགྱུར་ཏེ། འདི་ནི་ཕྱོགས་གཅིག་གི་དབང་དུ་བྱས་ཏེ་བསྟན་ཏོ། །དགའ་བོ་ཞག་བདུན་ཕྲག་སུམ་ཅུ་བརྒྱད་པ་ལ་ནི་མའི་མངལ་ནས་ཡན་ལག་སྡུད་པ་ཞེས་བྱ་བའི་རླུང་འབྱུང་སྟེ། རླུང་དེས་མངལ་ན་གནས་པ་དེ་ལུས་བསྒྱུར་ནས་ཐུར་དུ་ཕྱོགས་ཤིང་ལག་པ་གཉིས་བཅུམ་ནས་སྐྱེ་བའི་གནས་ཀྱི་སྒོར་འཇོག་པར་བྱེད་དོ། །གཞན་ཡང་དེའི་ཚེ་ཁ་ཐུར་དུ་ལྟ་བ་ཞེས་བྱ་བའི་རླུང་འབྱུང་སྟེ། ལས་ཀྱི་སྟོབས་ཀྱིས་རླུང་དེས་མངལ་ན་གནས་པ་དེ་བུས་པས་མགོ་ནི་ཐུར་དུ་ལྟ་ཞིང་རྐང་པ་གཉིས་ནི་གྱེན་དུ་ཕྱོགས་པར་བྱས་ནས་སྐྱེ་བའི་གནས་ཀྱི་སྒོ་ནས་འབྱུང་བར་འགྱུར་རོ། །དགའ་བོ་གལ་ཏེ་མངལ་ན་གནས་པ་དེ་ཚེ་རབས་སྔ་མ་ལ་སྡིག་པ་མི་དགེ་བའི་ལས་མང་པོ་མངོན་པར་འདུས་བྱས་ཤིང་གཞན་གྱི་མངལ་ལྷུང་བར་འགྱུར་བའི་ལས་བྱས་པ་ཞིག་ཡིན་ན་ནི་རྒྱུ་དང་རྐྱེན་དེས་མངལ་ནས་འབྱུང་བར་འགྱུར་བའི་ཚེ་རྐང་ལག་ལོག་ཅིང་སྣོལ་མར་གྱུར་ནས་བསྒྱུར་མི་ནུས་པས་མའི་མངལ་ཉིད་དུ་འཆི་བའི་དུས་བྱེད་པར་འགྱུར་ཏེ། དེའི་ཚེ་ཤེས་པ་དང་ལྡན་པའི་བུད་མེད་དམ་སྨན་པ་མཁས་པས་མར་དང་འབྲུ་མར། འཇམ་པའམ། ཤིང་ཤལ་མ་ལའི་ཤུན་པའི་ཁུ་བའམ། གཞན་ཡང་དངོས་པོ་འཇམ་པོ་དག་གིས་ལག་པ་བསྐུས་ནས་ལག་པའི་སོར་མོས་གྲི་རྣོན་པོ་བླངས་ཏེ། རྣམ་ཕྱི་ས་དང་འདྲ་ཞིང་མཆོག་ཏུ་དྲི་མི་ཞིམ་པ། སྐྱུག་བྲོ་བའི་འདམ་ཁུང་། སྲིན་བུའི་རིགས་བརྒྱ་སྟོང་ཚད་མེད་པ་རྟག་ཏུ་གནས་པ། མི་གཙང་བའི་ཁུ་བ་རྟག་ཏུ་འཛག་པ། ཁུ་བ་དང་ཁྲག་རླང་རྣམས་རུལ་ཞིང་མྱགས་པ་མཐོང་ན་སྐྱོ་བར་འགྱུར་བ། པགས་པ་སྲབ་མོས་གཡོགས་པ་སྡིག་པའི་ལས་ལས་བྱུང་བའི་ལུས་རྨ་དང་བཅས་པ་མི་གཙང་བའི་གནས་དེར་སོར་མོ་བཅུམ་སྟེ་དེར་བཅུག་ནས་གྲི་རྣོན་པོས་མངལ་ན་གནས་པ་དེའི་ལུས་དུམ་བུར་གཏུབས་ནས་མའི་མངལ་ནས་འབྱིན་པར་བྱེད་པས། དེས་ན་ཡིད་དུ་མི་འོང་བའི་སྡུག་བསྔལ་ཤིན་ཏུ་མི་བཟད་ཅིང་ཚ་བ་རྩུབ་པ་དག་མྱོང་བའི་རྒྱུས་མ་དེ་ཡང་འཆི་བའི་དུས་བྱེད་པར་འགྱུར་ཏེ། གལ་ཏེ་ཤི་བར་མ་གྱུར་ན་ཡང་ཤི་བ་དང་བྱེ་བྲག་མེད་དོ། །དགའ་བོ་གལ་ཏེ་མངལ་ན་གནས་པ་དེ་དགེ་བའི་ལས་ལས་མངོན་པར་གྱུབ་པ་ཞིག་ཡིན་ནི་གལ་ཏེ་ལོག་པར་གྱུར་ན་ཡང་མ་ལ་གནོད་པ་མེད་པར་བདེ་བར་བཙས་པར་འགྱུར་བས་སྡུག་བསྔལ་ཡང་མྱོང་བར་མི་འགྱུར་རོ། །དགའ་བོ་གང་བགེགས་འདི་ལྟ་བུ་དང་མི་ལྡན་པ་དེ་དག་ནི་ཞག་བདུན་ཕྲག་སུམ་ཅུ་རྩ་བརྒྱད་འདས་ནས་བཙའ་བར་འགྱུར་བའི་ཚེ་སྡུག་བསྔལ་ཆེན་པོ་སྲོག་ལ་བབ་པ་མྱོང་ནས་གདོད་མའི་མངལ་ནས་འབྱུང་བར་འགྱུར་བས་ན། དགའ་བོ་ཁྱོད་ཀྱིས་ཤིན་ཏུ་ལེགས་པར་བརྟགས་ནས་ངེས་པར་འབྱུང་བ་ཡོངས་སུ་བཙལ་བར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་དེའི་ཚེ་ཚེ་དང་ལྡན་པ་དགའ་བོ་ལ་བཀའ་སྩལ་པ། དགའ་བོ་ཁྱོད་ཀྱིས་མངལ་ན་གནས་པའི་སྡུག་བསྔལ་དང་། བཙས་པའི་སྡུག་བསྔལ་ཤེས་པར་བྱས་ནས་སོ་སོའི་སྐྱེ་བོ་མངལ་ནས་སྐྱེ་བ་ལེན་པ་གང་ཡི་པ་དེ་དག་ནི་ཤིན་ཏུ་སྡུག་བསྔལ་བ་ཡིན་པར་རིག་པར་བྱའོ། །དང་པོ་བཙས་པའི་ཚེ་ཁྱེའུ་འམ་བུ་མོ་ཡང་རུང་སྟེ། ལག་པའི་སྟེང་ངམ། གོས་ལ་སོགས་པའི་སྟེང་དུ་ལྷུང་ནས་ཉི་མ་འམ་གྲིབ་མ་འམ། བསྒུལ་བའི་ཤིང་ལེབ་བམ། སྟན་ནམ། པང་པའི་སྟེང་དུ་བཞག་པ་ན་རྒྱུ་དང་རྐྱེན་དེས་ཐམས་ཅད་དུ་སྡུག་བསྔལ་མི་བཟད་པ་ཚ་བ་རྩུབ་པ་ཡིད་དུ་མི་འོང་བ་མྱོང་བར་འགྱུར་ཏེ། དགའ་བོ་འདི་ལྟ་སྟེ་དཔེར་ན། བ་ལང་གསོན་པོར་པགས་པ་བཤུས་པ་རྩིག་པ་དང་ཉེ་བར་གྱུར་ན་རྩིག་པ་ལ་གནས་པའི་སྲོག་ཆགས་ཀྱིས་ཟ་བར་འགྱུར་བའམ། གལ་ཏེ་ཤིང་དང་། རྩྭའི་ཕུང་པོ་དང་། ཉེ་བར་གྱུར་ན་ཤིང་དང་། རྩྭ་ལ་གནས་པའི་སྲོག་ཆགས་ཀྱིས་ཟ་བར་འགྱུར་བའམ། གལ་ཏེ་བླ་གབ་མེད་པར་འདུག་པར་གྱུར་ན་བླ་གབ་མེད་པ་ན་གནས་པའི་སྲོག་ཆགས་ཀྱིས་ཟ་བར་འགྱུར་ཞིང་ཐམས་ཅད་དུ་སྡུག་བསྔལ་མྱོང་བར་འགྱུར་བ་དེ་བཞན་དུ་དང་པོ་བཙས་པ་ཡང་དེ་བཞིན་དུ་བལྟ་བར་བྱའོ། །དང་པོ་བཙས་པ་དེ་ལ་ཆུ་དྲོན་རན་པས་བཀྲུས་ན་ཡང་སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར་ཏེ། འདི་ལྟ་སྟེ་དཔེར་ན་སྐྱེས་བུ་མཛེ་ཅན་པགས་པ་རུལ་ཅིང་མྱགས་པ་རྣག་ཁྲག་ཟག་པ་ལ་ཡང་ལྕག་གིས་བཞུས་ན་སྡུག་བསྔལ་མི་བཟད་པ་ཚ་བ་དང་རྩུབ་པ་མྱོང་བར་འགྱུར་བ་དེ་བཞིན་དུ་དང་པོ་བཙས་པའི་ལུས་ཆུ་དྲོན་གྱིས་བཀྲུས་པ་ཡང་དེ་བཞིན་དུ་བལྟ་བར་བྱའོ། །དང་པོ་བཙས་པའི་ལུས་དེ་ཡང་ཕྱིས་མའི་ཁྲག་གི་དྲི་མ་འཐུངས་ནས་ཆེར་སྐྱེ་བར་འགྱུར་ཏེ། དེ་ལ་ཁྲག་གི་དྲི་མ་ཞེས་བྱ་བ་ནི་འཕགས་པའི་ཆོས་འདུལ་བ་ལས་ནུ་ཞོ་ཉིད་ལ་བྱ་བར་བསྟན་པས་དེ་ལྟ་བས་ན་དགའ་བོ་འདི་ལྟར་ཤིན་ཏུ་མི་བཟད་པའི་སྡུག་བསྔལ་རྣམ་པ་སྣ་ཚོགས་དང་ལྡན་ཞིང་བདེ་བ་ཅུང་ཟད་ཀྱང་མེད་ན། མཁས་པ་སུ་ཞིག་སྡུག་བསྔལ་གྱི་རྒྱ་མཚོ་འདི་ལ་རྗེས་སུ་ཆགས་པ་བསྐྱེད་ནས་རྟག་ཏུ་འཁོར་བའི་རྒྱུན་ཕྱོགས་སུ་འཇུག་ཅིང་རྒྱུན་འཆད་པ་མེད་པར་བྱེད། དང་པོ་བཙས་པ་དེ་ཞག་བདུན་ལོན་པ་དང་ལུས་དེ་ཉིད་ལས་སྲོག་ཆགས་སྲིན་བུའི་རིགས་སྟོང་ཕྲག་བརྒྱུད་ཅུ་བྱུང་ནས་ལུས་ལ་ཟ་བར་བྱེད་དེ། དགའ་བོ་སྲིན་བུའི་རིགས་སྐྲ་ལ་ཟ་བ་ཞེས་བྱ་བ་གཅིག་ཡོད་དེ་སྐྲའི་རྩ་བ་ལ་གནས་ནས་རྟག་ཏུ་སྐྲ་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་ཁར་བའི་མཛོད་དང་། མགོ་སྦོམ་ཞེས་བྱ་བ་གཉིས་ཡོད་དེ་མགོ་ལ་རྟེན་ཏེ་གནས་ནས་རྟག་ཏུ་མགོ་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་མིག་འཁོར་ཞེས་བྱ་བ་གཅིག་ཡོད་དེ་མིག་ལ་གནས་ནས་རྟག་ཏུ་མིག་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་དེད་པ་དང་། འབྲོས་པ་དང་། ཁང་ཁྱིམ་དང་། ཡོངས་སུ་རྫོགས་པ་ཞེས་བྱ་བ་བཞི་ཡོད་དེ་ཀླད་པ་ལ་གནས་ནས་རྟག་ཏུ་ཀླད་པ་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་སྰ་ལུའི་ལོ་མ་ཞེས་བྱ་བ་གཅིག་ཡོད་དེ་རྣ་བ་ལ་གནས་ནས་རྣ་བ་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་མཛོད་སྒོ་ཞེས་བྱ་བ་གཅིག་ཡོད་དེ་སྣ་ལ་གནས་ནས་སྣ་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་འཕེན་པ་དང་། ཀུན་ཏུ་འཕེན་པ་ཞེས་བྱ་བ་གཉིས་ཡོད་དེ་མཆུ་ལ་གནས་ནས་མཆུ་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་སྦྲང་རྩིའི་ལོ་མ་ཞེས་བྱ་བ་གཅིག་ཡོད་དེ། སོ་ལ་གནས་ནས་སོ་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་ཤིང་གདོང་ཞེས་བྱ་བ་གཅིག་ཡོད་དེ་སོའི་རྩ་བ་ལ་གནས་ནས་སོའི་རྩ་བ་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་ཁབ་མཆུ་ཞེས་བྱ་བ་གཅིག་ཡོད་དེ་ལྕེ་ལ་གནས་ནས་ལྕེ་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་ཁ་རྣོན་ཞེས་བྱ་བ་གཅིག་ཡོད་དེ་ལྕེའི་རྩ་བ་ལ་གནས་ནས་ལྕེའི་རྩ་བ་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་ལག་རྫོགས་ཞེས་བྱ་བ་གཅིག་ཡོད་དེ་རྐན་ལ་གནས་ནས་རྐན་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་ལག་པ་དྲ་བ་ཅན་དང་། ཕྱེད་སྒྱུར་ཞེས་བྱ་བ་གཉིས་ཡོད་དེ་ལག་མཐིལ་ལ་གནས་ནས་ལག་མཐིལ་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་འཕྱང་བ་དང་། རབ་ཏུ་འཕྱང་བ་ཞེས་བྱ་བ་གཉིས་ཡོད་དེ་ལག་ངར་ལ་གནས་ནས་ལག་ངར་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་དཔུང་པ་དང་ཉེ་བའི་དཔུང་པ་ཞེས་བྱ་བ་གཉིས་ཡོད་དེ་དཔུང་པ་ལ་གནས་ནས་དཔུང་པ་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་མིད་པ་དང་། ཉེ་བའི་མིད་པ་ཞེས་བྱ་བ་གཉིས་ཡོད་དེ་མིད་པ་ལ་གནས་ནས་མིད་པ་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་དཔའ་བ་དང་། དཔའ་བ་ཆེན་པོ་ཞེས་བྱ་བ་གཉིས་ཡོད་དེ་བྲང་ལ་གནས་ནས་བྲང་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་དུང་དང་། དུང་ཁ་ཞེས་བྱ་བ་གཉིས་ཡོད་དེ་ཤ་ལ་གནས་ནས་ཤ་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་ཁ་དོག་དང་ལྡན་པ་དང་། སྟོབས་ལྡན་ཞེས་བྱ་བ་གཉིས་ཡོད་དེ་ཁྲག་ལ་གནས་ནས་ཁྲག་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་དཔའ་བོ་དང་། དྲི་གདོང་ཞེས་བྱ་བ་གཉིས་ཡོད་དེ་ཆུ་བ་ལ་གནས་ནས་ཆུ་བ་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་མི་མཐོ་བ་དང་། ཁ་སྦུབ་ཅེས་བྱ་བ་གཉིས་ཡོད་དེ་རྒྱབ་ཀྱི་སྒལ་ཚིགས་ལ་གནས་ནས་རྒྱབ་ཀྱི་རྒལ་ཚིགས་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་གཉི་ག་ཡང་ཚིལ་གྱི་ཁ་དོག་ཅེས་བྱ་བ་གཉིས་ཡོད་དེ་ཚིལ་ལ་གནས་ནས་ཚིལ་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་མཁྲིས་པའི་ཁ་དོག་ཅེས་བྱ་བ་གཅིག་ཡོད་དེ་མཁྲིས་པ་ལ་གནས་ནས་མཁྲིས་པ་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་མུ་ཏིག་ཅེས་བྱ་བ་གཅིག་ཡོད་དེ་མཁལ་མ་ལ་གནས་ནས་མཁལ་མ་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་མུ་ཏིག་ཆེན་པོ་ཞེས་བྱ་བ་གཅིག་ཡོད་དེ་རྐེད་པ་ལ་གནས་ནས་རྐེད་པ་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་མ་འོངས་པ་ཞེས་བྱ་བ་གཅིག་ཡོད་དེ་མཆེར་པ་ལ་གནས་ནས་མཆེར་པ་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་ཆུ་སྲོག་དང་། ཆུ་སྲོག་ཆེན་པོ་དང་། ཁབ་ཀྱི་མཆུ་དང་། མཚོན་ཆའི་མཆུ་ཞེས་བྱ་བ་བཞི་ཡོད་དེ་རྒྱུ་མ་ལ་གནས་ནས་རྒྱུ་མ་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་ཟླ་བ་རྫོགས་པ་དང་། ཟླ་བ་གཏོང་དང་། བསིལ་བྱེད་དང་། བསིལ་བྱེད་གཏོང་དང་། སོ་སོར་གནས་པ་ཞེས་བྱ་བ་ལྔ་ཡོད་དེ་རྩིབ་ལོགས་གཡས་པ་ལ་གནས་ནས་རྩིབ་ལོགས་གཡས་པ་ལ་ཟ་བར་བྱེད་དོ། །གཞན་ཡང་སྲིན་བུའི་རིགས་གོང་མ་དང་མིང་འཐུན་པ་ལྔ་ཡོད་དེ་རྩིབ་ལོགས་གཡོན་པ་ལ་གནས་ནས་རྩིབ་ལོགས་གཡོན་པ་ལ་ཟ་བར་བྱེད་དོ། །གཞན་ཡང་སྲིན་བུའི་རིགས་མདུན་དུ་འབིགས་དང་། རྒྱབ་ཏུ་འབིགས་པ་དང་། བརྟན་པར་འབིགས་དང་། འབིགས་ཏེ་གནས་པ་ཞེས་བྱ་བ་བཞི་ཡོད་དེ་རུས་པ་ལ་གནས་ནས་རུས་པ་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་ཆེར་དཀར་བ་དང་། ཅུང་ཟད་དཀར་བ་དང་། སྤྲིན་བརྩེགས་དང་། དྲི་མི་ཞིམ་ཞེས་བྱ་བ་བཞི་ཡོད་དེ་རྩ་རྒྱུས་ལ་གནས་ནས་རྩ་རྒྱུས་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་སེང་གེ་དང་། སྟོབས་ལྡན་དང་། མགྱོགས་མའི་མདའ་དང་། པད་མ་ཞེས་བྱ་བ་བཞི་ཡོད་དེ་མ་ཞུ་བའི་གནས་ལ་གནས་ནས་མ་ཞུ་བའི་གནས་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་བརྟན་པ་དང་། ཉེ་བའི་བརྟན་པ་ཞེས་བྱ་བ་དང་གཉིས་ཡོད་དེ་ཞུ་བའི་གནས་ལ་གནས་ནས་ཞུ་བའི་གནས་ལ་ཟ་བར་བྱེད་དོ། སྲིན་བུའི་རིགས་མུ་ཁ་དང་། ཕུང་པོའི་ཁ་དང་། དྲ་བ་ཁ་དང་། བྱིའུ་ཁ་ཞེས་བྱ་བ་བཞི་ཡོད་དེ། གཅི་བའི་ལམ་ལ་གནས་ནས་གཅི་བའི་ལམ་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་བྱེད་པ་དང་། བྱེད་པ་ཆེན་པོ་དང་། དབྱིབས་ཆུང་དང་། པོ་ཏར་ཀ་ཞེས་བྱ་བ་བཞི་ཡོད་དེ་བཤང་བའི་ལམ་ལ་གནས་ནས་བཤང་བའི་ལམ་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་ཁ་ནག་དང་། ཁ་ནག་ཆེན་པོ་ཞེས་བྱ་བ་གཉིས་ཡོད་དེ་བརླ་ལ་གནས་ནས་བརླ་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་མཛེ་ཅན་དང་། མཛེ་ཅན་ཆུང་ངུ་ཞེས་བྱ་བ་གཉིས་ཡོད་དེ་པུས་མོ་ལ་གནས་ནས་པུས་མོ་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་མྱོས་པའི་རྩ་བ་ཞེས་བྱ་བ་གཅིག་ཡོད་དེ་བྱིན་པ་ལ་གནས་ནས་བྱིན་པ་ལ་ཟ་བར་བྱེད་དོ། །སྲིན་བུའི་རིགས་མགོ་ནག་ཅེས་བྱ་བ་གཅིག་ཡོད་དེ་རྐང་པ་ལ་གནས་ནས་རྐང་པ་ལ་ཟ་བར་བྱེད་དོ། །དགའ་བོ་ཡོངས་སུ་སྐྱོ་བར་བྱ་བའི་ལུས་འདི་འདྲ་བ་འདི་ལ་ནི་སྲིན་བུའི་རིགས་འདི་ལྟ་བུ་སྟོང་ཕྲག་བརྒྱད་ཅུ་རྟག་པར་ཉིན་མཚན་དུ་ཟ་བར་བྱེད་པ་དེས་ན་ལུས་ལ་གདུང་བ་དང་། རབ་ཏུ་གདུང་བ་དང་། ཉམ་ཆུང་ཞིང་རྨ་བ་དང་། བཀྲེས་པ་དང་། སྐོམ་པར་བྱེད་ཅིང་གཞན་ཡང་སེམས་ཀྱི་སྡུག་བསྔལ་སྣ་ཚོགས་དང་ལྡན་ཞིང་གདུང་བ་དང་། རབ་ཏུ་གདུང་བ་དང་། ཡོངས་སུ་གདུང་བ་དང་། ནད་མང་པོ་རྣམས་མངོན་དུ་སྣང་བར་བྱེད་པས་སྨན་པ་མཁས་པ་གང་གིས་ཀྱང་གསོ་ཞིང་བསལ་བར་མི་ནུས་ཏེ། དགའ་བོ་སྲིད་པའི་རྒྱ་མཚོ་ཆེན་པོ་འཁོར་བ་འདིར་སྡུག་བསྔལ་དེ་ལྟ་བུ་་དང་ལྡན་པ་ཡིན་ན་ཅིའི་ཕྱིར་འདི་ལ་རྗེས་སུ་ཆགས་པ་སྐྱེད་པར་བྱེད། གཞན་ཡང་གདོན་མང་པོས་ཡོངས་སུ་བཟུང་བ་འདི་ལྟ་སྟེ། ལྷའི་གདོན་དང་། ཀླུའི་གདོན་དང་། ཀ་ཏ་པུ་ཏ་ནི་བར་གྱི་གདོན་རྣམས་ཀྱིས་ཡོངས་སུ་ཟིན་པ་དང་། གཞན་ཡང་གཅན་གཟན་གྱི་གདོན་རྣམས་ཀྱིས་ཡོངས་སུ་ཟིན་པ་དང་། གཞན་ཡང་ཉི་མ་དང་། ཟླ་བ་དང་། གཟའ་དང་། རྒྱུ་སྐར་གྱི་གདོན་ལ་སོགས་པས་ཡོངས་སུ་ཟིན་ནས་ནད་སྣ་ཚོགས་ཀྱིས་ལུས་དང་། སེམས་ཉོན་མོངས་པར་བྱེད་པ་ཡོད་དེ་བརྗོད་ཀྱིས་མི་ལང་ངོ་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ་མཁས་པ་སུ་ཞིག་འཁོར་བ་འདིར་མའི་མངལ་དུ་འཇུག་པར་མོས་ཤིང་སྡུག་བསྔལ་མི་བཟད་པ་མྱོང་བར་བྱེད། དེ་ལྟར་བཙས་ཤིང་དེ་ལྟར་ཆེར་གྱུར་ནས་མའི་ནུ་ཞོ་ཁྲག་དང་འདྲེས་པ་འཐུང་ཞིང་བཟའ་བ་དང་། བཏུང་བ་རྣམས་ཟོས་ཤིང་འཐུངས་པ་ན་ཡང་ཡང་དག་པ་མ་ཡིན་པའི་སེམས་ཀྱིས་ཞིམ་པའི་འདུ་ཤེས་སྐྱེད་པར་བྱེད་དོ། །མཐར་གྱིས་ཆེར་སྐྱེས་ནས་ལུས་བདེ་ཞིང་ནད་མེད་པ་དང་། གོས་དང་། བཟའ་བ་དང་། བཏུང་བ་དང་། ལྡན་ཞིང་ཚེ་ལོ་བརྒྱ་ཐུབ་པར་གྱུར་ན་ཡང་ཚེ་འདི་ཉིད་ལ་གཉིད་ཀྱིས་ཕྱེད་བྲི་བར་བྱེད་དོ། །དང་པོ་བྱིས་པ་དང་། དེའི་འོག་ཏུ་གཞོན་ནུ་ནས་མཐར་གྱིས་ཆེར་སྐྱེས་པར་གྱུར་པའི་བར་དུ་ཡང་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། ནད་རྣམ་པ་སྣ་ཚོགས་ཀྱིས་རབ་ཏུ་གཟིར་ཅིང་སྡུག་བསྔལ་གྱི་རེག་པ་བརྒྱ་སྟོང་ཚད་མེད་པ་བརྗོད་ཀྱིས་མི་ལང་བ་རྣམས་ཀྱིས་ལུས་ཉོན་མོངས་པར་བྱེད་པས་ལུས་ཀྱི་སྡུག་བསྔལ་དང་དུ་ལེན་པར་མི་ནུས་པའི་ཚེ་གསོན་པར་མི་སྨོན་ཅིང་ཤི་བར་དགའ་བས་ན་ལུས་འདི་ནི་སྡུག་བསྔལ་མང་ལ་བདེ་བ་ཆུང་བ་ཡིན་ཏེ། རེ་ཤིག་ཙམ་དུ་གནས་པར་བྱེད་ཀྱང་མཐར་འཇིག་པར་འགྱུར་བས་དགའ་བོ་སྐྱེ་བ་རྣམས་ནི་ཐམས་ཅད་ཀྱང་འཆི་བར་འགྱུར་བས་རྟག་པར་གནས་པ་གང་ཡང་མེད་དོ། །གལ་ཏེ་སྨན་དང་ཟས་ཀྱིས་གསོས་ནས་ཚེ་རིང་པོར་འགྱུར་བ་ན་ཡང་མཐར་འཆི་བདག་གི་རྒྱལ་པོས་གསོད་ཅིང་ཡུལ་སྟོང་དུ་སྐྱེ་བར་འགྱུར་བས་དེའི་ཕྱིར་སྐྱེ་བ་ལ་དགའ་བ་ཅི་ཡང་མེད་པར་རིག་པར་བྱས་ནས་ནན་ཏན་བརྩོན་འགྲུས་ཀྱིས་མ་འོངས་པའི་ཚོགས་བསགས་པ་ལ་བག་ཡོད་པར་བྱ་བ་དང་། ཚངས་པར་སྤྱོད་པ་ལ་བརྩོན་ཞིང་ལེ་ལོ་མི་བྱ་བ་དང་། དོན་གྱི་སྤྱོད་པ་དང་། ཆོས་ཀྱི་སྤྱོད་པ་དང་། ཡོན་ཏན་གྱི་སྤྱོད་པ་དང་། དགེ་བ་འབའ་ཞིག་གི་སྤྱོད་པ་ལ་རྟག་པར་མོས་པས་བསྒོམ་པར་བྱའོ། །རྟག་པར་བདག་ཉིད་ཀྱི་དགེ་བ་དང་། མི་དགེ་བའི་ལས་རྣམ་པ་གཉིས་ལ་སོ་སོར་བརྟགས་ནས་སེམས་ལ་གཏད་དེ། མ་འོངས་པ་ན་འགྱོད་པ་ཆེན་པོ་མེད་པར་བྱའོ། །རྗེས་སུ་ཆགས་པར་བྱ་བའི་དངོས་པོ་ཐམས་ཅད་ནི་མཐར་འབྲལ་བར་འགྱུར་ཞིང་དགེ་བ་དང་མི་དགེ་བའི་ལས་ཇི་ལྟ་བ་བཞིན་དུ་ཚེ་ཕྱི་མ་ལེན་པར་འགྱུར་རོ། །དགའ་བོ་ཚེ་ལོ་བརྒྱ་ཐུབ་པ་དེ་ཡང་གནས་སྐབས་བཅུ་དང་ལྡན་པར་གྱུར་ཏེ། དང་པོ་ནི་བྱིས་པའི་གནས་སྐབས་ཏེ་ཉམ་ཆུང་ཞིང་གན་རྐྱལ་དུ་ཉལ་བར་བྱེད་དོ། །གཉིས་པ་ནི་གཞོན་ནུར་གྱུར་པ་སྟེ་བྱིས་པའི་རྩེད་མོ་ལ་དགའ་བར་བྱེད་དོ། །གསུམ་པ་ནི་ལང་ཚོ་ལ་བབ་པ་སྟེ་འདོད་པའི་བདེ་བ་རྣམས་མྱོང་བར་བྱེད་དོ། །བཞི་པ་ནི་མཐུ་དང་ལྡན་པར་གྱུར་པ་སྟེ་དཔའ་ཞིང་སྟོབས་དང་ལྡན་པ་ཡིན་ནོ། །ལྔ་པ་ནི་དར་ལ་བབ་པ་སྟེ་ཤེས་རབ་ཀྱི་སྤོབས་པ་དང་ལྡན་པར་གྱུར་པ་ཡིན་ནོ། །དྲུག་པ་ནི་ཡོངས་སུ་རྫོགས་པ་སྟེ་དྲན་པ་དང་ལྡན་ཞིང་དཔྱོད་པ་ལ་མཁས་པའི་རང་བཞིན་ཅན་ཡིན་ནོ། །བདུན་པ་ནི་མཐར་གྱིས་རྒས་པ་སྟེ་ཆོས་ཀྱི་གཞུང་ལུགས་རབ་ཏུ་ཤེས་པ་ཡིན་ནོ། །བརྒྱད་པ་ནི་རྒས་པར་གྱུར་པ་སྟེ་བྱ་བ་མང་པོ་རྣམས་ལ་མཐུ་ཆུང་བར་གྱུར་པ་ཡིན་ནོ། །དགུ་པ་ནི་ཤིན་ཏུ་རྒས་པ་སྟེ་ཅི་ཡང་མི་ནུས་པ་ཡིན་ནོ། །བཅུ་པ་ནི་ལོ་བརྒྱ་པ་སྟེ་འཆི་བའི་གནས་སྐབས་གང་ཡིན་པའོ། །དགའ་བོ་གནས་སྐབས་ཆེན་པོ་དེ་དག་ཀྱང་མདོར་བསྡུས་ཏེ་བསྟན་ན་འདི་ལྟར་ཟླ་བ་བཞི་ཞིང་དུས་གཅིག་ཏུ་བྱས་ནས་ལོ་བརྒྱ་ལ་དུས་སུམ་བརྒྱ་ཡོད་པར་འགྱུར་ཏེ་དཔྱིད་དང་། དབྱར་དང་། དགུན་གྱི་དུས་རེ་རེ་ལ་ཡང་དུས་བརྒྱ་བརྒྱ་ཡོད་པས་སོ། །ལོ་གཅིག་ལ་ཟླ་བ་བཅུ་གཉིས་ཡོད་པས་ཟླ་བ་ཡང་བརྒྱ་ཕྲག་བཅུ་གཉིས་ཡོད་པར་འགྱུར་ལ། དེ་ཡང་ཟླ་བ་ཕྱེད་ཕྱེད་བགྲངས་ནས་ཟླ་བ་ཕྱེད་ཀྱང་བརྒྱ་ཕྲག་ཉི་ཤུ་རྩ་བཞི་ཡོད་པར་འགྱུར་བས་དུས་གསུམ་པོ་རེ་རེ་ལ་ཡང་ཟླ་ཕྱེད་བརྒྱད་བརྒྱ་བརྒྱད་བརྒྱ་ཡོད་པས་མདོར་བསྡུས་ན་ཉིན་མཚན་སུམ་ཁྲི་དྲུག་སྟོང་དུ་འཚོ་བར་འགྱུར་རོ། །ཉིན་ཞག་གཅིག་ལ་ཉན་གཉིས་སུ་ཟ་བས་མདོར་བསྡུས་ན་ཟས་ནི་ལན་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཟ་བར་འགྱུར་ཏེ། རྐྱེན་གྱིས་བར་ཆད་བྱས་ནས་མ་ཟོས་པའི་གྲངས་ཀྱང་དེར་གཏོགས་སོ། །ཟས་མ་ཟོས་པའི་རྐྱེན་ནི་འདི་ལྟ་སྟེ། ཁྲོས་ནས་མ་ཟོས་པ་དང་། སྡུག་བསྔལ་མྱོང་ནས་མ་ཟོས་པ་དང་། བཙལ་ཏེ་མ་རྙེད་ནས་མ་ཟོས་པ་དང་། གཉིད་ལོག་སྟེ་མ་ཟོས་པ་དང་། སྡོམ་པ་བླངས་པ་དང་། རྩེ་བས་མྱོས་ཏེ་མ་ཟོས་པ་དང་། བྲེལ་ཏེ་མ་ཟོས་པ་སྟེ། ཟོས་པ་དང་མ་ཟོས་པ་གཅིག་ཏུ་བསྡུས་ན་གྲངས་དེ་སྙེད་ཡོད་དེ། མའི་ནུ་ཞོ་འཐུངས་པ་ཡང་གྲངས་དེར་གཏོགས་སོ། །དེ་ལྟར་ན་ངས་མི་རྣམས་ཀྱི་འཚོ་བའི་ཚེ་ལོ་བརྒྱ་པའི་ལོ་དང་། ཟླ་བ་དང་། ཉིན་མཚན་དང་། བཟའ་བ་དང་། བཏུང་བ་ཟོས་པ་དང་། འཐུངས་པའི་གྲངས་ཡོངས་སུ་རྫོགས་པར་བསྟན་པ་ཡིན་གྱིས་ཁྱོད་ཀྱིས་འདི་ལ་ཡོངས་སུ་སྐྱོ་བ་བསྐྱེད་པར་བྱའོ། །དགའ་བོ་དེ་ལྟར་བཙས་ཤིང་ཆེར་སྐྱེས་པའི་ལུས་ལ་ཡང་ནད་མང་པོ་འདི་ལྟ་སྟེ། ཀླད་པ་ན་བ་དང་། མིག་ན་བ་དང་། རྣ་བ་ན་བ་དང་། སྣ་ན་བ་དང་། ལྕེ་ན་བ་དང་། སོ་ན་བ་དང་། ལྐོག་མ་ན་བ་དང་། སྙིང་ན་བ་དང་། ལྟོ་ན་བ་དང་། ལག་པ་ན་བ་དང་། རྐང་པ་ན་བས་གནོད་པ་དང་། གཡན་པ་དང་། མཛེ་དང་། མྱོས་པ་དང་། སྐྲངས་པ་དང་། ལུད་པ་དང་། མཁྲིས་པ་དང་། བད་ཀན་ལ་སོགས་པ་ནད་མང་པོ་རྣམས་ཀྱིས་ཡན་ལག་དང་། ཉིང་ལག་ན་ཞིང་སྡུག་བསྔལ་མྱོང་བར་བྱེད་དེ། དགའ་བོ་མིའི་ལུས་ལ་འདི་འདྲ་བའི་ནད་ཀྱིས་སྡུག་བསྔལ་རྣམ་པ་སྣ་ཚོགས་ཡོད་དོ། །གཞན་ཡང་རླུང་ནད་བརྒྱ་རྩ་གཅིག་དང་། མཁྲིས་པའི་ནད་བརྒྱ་རྩ་གཅིག་དང་། བད་ཀན་གྱི་ནད་བརྒྱ་རྩ་གཅིག་དང་། འདུས་པའི་ནད་བརྒྱ་རྩ་གཅིག་ཡོད་པས་མདོར་བསྡུས་ན་ནད་བཞི་བརྒྱ་རྩ་བཞི་ནང་གི་ལུས་ལས་སྐྱེ་བར་འགྱུར་བས་དགའ་བོ་ལུས་འདི་ནི་འབྲས་དང་འདྲ་ཞིང་ཟུག་རྔུ་དང་འདྲ་བས་ནད་མང་པོ་ལས་མངོན་པར་གྲུབ་པ། སྐད་ཅིག་ཙམ་དུ་ཡང་མི་གནས་ཤིང་སྐད་ཅིག་མར་འགྱུར་བ། རང་བཞིན་གྱིས་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་གྱུར་པ། འཆི་བ་དང་ཉེ་ཞིང་འཇིག་པར་འགྱུར་བའི་ཆོས་ཅན་ཡིད་བརྟན་དུ་མི་རུང་བ་ཡིན་ནོ། །དགའ་བོ་འདི་ལྟར་སེམས་ཅན་རྣམས་ནི་གཞན་ཡང་སྐྱེ་བའི་སྡུག་བསྔལ་འདི་ལྟ་བུ་མྱོང་བར་གྱུར་ཏེ། འདི་ལྟ་སྟེ། ལག་པ་བཅད་པ་དང་། རྐང་པ་བཅད་པ་དང་། མིག་ཕྱུང་བ་དང་། རྣ་བ་བཅད་པ་དང་། སྣ་བཅད་པ་དང་། ལྕེ་བཅད་པ་དང་། མགོ་བཅད་པ་དང་། ཡན་ལག་དང་། ཉིང་ལག་བཅད་པའི་སྡུག་བསྔལ་དང་། གཞན་ཡང་གོ་རར་གཞུག་པ་དང་། གག་ཤིང་དང་། ལྕག་གིས་གཞུ་བ་དང་། རྡེག་པ་དང་། བཅིང་བ་ལ་སོགས་པའི་སྡུག་བསྔལ་དང་། བཀྲེས་པ་དང་། སྐོམ་པ་དང་། ངལ་བའི་སྡུག་བསྔལ་དང་། གྲང་བ་དང་། ཚ་བ་དང་། རླུང་དང་། ཆར་པ་དང་། སྦྲང་བུ་མཆུ་རིངས་དང་། ཤ་སྦྲང་དང་། གཅན་གཟན་དང་། སྡིག་སྦྲུལ་ལ་སོགས་པའི་རེག་པ་ལས་བྱུང་བའི་སྡུག་བསྔལ་རྣམ་པ་སྣ་ཚོགས་ཚད་མེད་པ་དཔག་ཏུ་མེད་པ་བརྗོད་ཀྱིས་མི་རྫོགས་པ་དག་རྗེས་སུ་མྱོང་བར་འགྱུར་ཏེ། སེམས་ཅན་རྣམས་ནི་རྟག་ཏུ་འདི་འདྲ་བའི་སྡུག་བསྔལ་མི་བཟད་པ་རྩུབ་པ་ཡིད་དུ་མི་འོང་བ་ལ་གནས་ཤིང་རྗེས་སུ་ཆགས་པ་དང་། བྱིང་བར་གྱུར་པ་ཡིན་པས་འདོད་པ་རྣམས་ནི་སྡུག་བསྔལ་གྱི་རྩ་བར་གྱུར་པ་ཡིན་ཡང་དེ་སྤང་བར་བྱ་བ་ཡིན་པར་མི་ཤེས་ཤིང་། ཡང་ཡོངས་སུ་གཉེར་བར་བྱེད་པས་ཉིན་མཚན་དུ་ལུས་དང་སེམས་ཡོངས་སུ་གདུང་བ་དང་། ནང་སྲེག་ཅིང་ཚིག་པར་བྱེད་པ་ལ་ཡང་རྒྱུན་འཆད་པ་མེད་དེ། དེ་བཞིན་དུ་སྐྱེ་བ་ཡང་སྡུག་བསྔལ་ཡིན་ནོ། །རྒ་བ་ཡང་སྡུག་བསྔལ་ཡིན་ནོ། །ན་བ་ཡང་སྡུག་བསྔལ་ཡིན་ནོ། །འཆི་བ་ཡང་སྔུག་བསྔལ་ཡིན་ནོ། །སྡུག་པ་དང་བྲལ་བ་ཡང་སྡུག་བསྔལ་ཡིན་ནོ། །མི་སྡུག་པ་དང་ཕྲད་པ་ཡང་སྡུག་བསྔལ་ཡིན་ནོ། །གང་འདོད་པ་བཙལ་ཏེ་མ་རྙེད་པ་ཡང་སྡུག་བསླལ་ཡིན་ནོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་ཡང་སྡུག་བསྔལ་ཡིན་ནོ། །འགྲོ་བ་དང་། འགྲེང་བ་དང་། འདུག་པ་དང་། ཉལ་བའི་སྤྱོད་ལམ་བཞི་པོ་དག་ཀྱང་སྡུག་བསྔལ་ཡིན་པས། གལ་ཏེ་རྟག་ཏུ་འགྲོ་ཞིང་འགྲེང་བ་དང་། འདུག་པ་དང་། ཉལ་བར་མ་གྱུར་ན་ཡང་སྡུག་བསྔལ་མྱོང་ཞིང་བདེ་བ་མེད་པར་འགྱུར་རོ། །གལ་ཏེ་རྟག་ཏུ་འགྲེང་ཞིང་འགྲོ་བ་དང་། འདུག་པ་དང་། ཉལ་བར་གྱུར་ཏམ། གལ་ཏེ་རྟག་ཏུ་འདུག་ལ་འགྲོ་བ་དང་། འགྲེང་བ་དང་། ཉལ་བར་མ་གྱུར་ཏམ། གལ་ཏ་རྟག་ཏུ་ཉལ་ལ་འགྲོ་བ་དང་། འགྲེང་བ་དང་།  འདུག་པར་མ་གྱུར་ན་ཡང་ཐམས་ཅད་སྡུག་བསྔལ་མི་བཟད་པ་མྱོང་ཞིང་བདེ་བ་ཐོབ་པར་མི་འགྱུར་བས་དགའ་བོ་འདི་དག་ཐམས་ཅད་སྡུག་བསྔལ་མ་སྤངས་པས་སྡུག་བསྔལ་ཡོངས་སུ་གཉེར་བར་བྱེད་པ་ཡིན་པས་སྡུག་བསྔལ་ཁོ་ན་སྐྱེ་ཞིང་། སྡུག་བསྔལ་ཁོ་ན་འགག་པར་འགྱུར་བས་འདུ་བྱེད་རྣམས་ཀྱི་རྒྱུ་དང་རྐྱེན་རྒྱུན་ཆད་པ་མེད་པ་འབྱུང་བར་འགྱུར་ཏེ། དེ་བཞིན་གཤེགས་པས་འདི་དག་ཐུགས་སུ་ཆུད་པའི་ཕྱིར་སེམས་ཅན་རྣམས་ཀྱི་འཁོར་བའི་ཆོས་འདུ་བྱེད་པ་རྣམས་མི་རྟག་ཅིང་ཡང་དག་པའི་མཐར་ཕྱིན་པ་མ་ཡིན་པ། རྣམ་པར་འགྱུར་བའི་ཆོས་ཅན་ཡིད་བརྟན་དུ་མི་རུང་བ་ཡིན་པས་ཆོག་ཤེས་པ་ཡོངས་སུ་བཙལ་ནས་ཤིན་ཏུ་སྐྱོ་བ་བསྐྱེད་དེ། ནན་ཏན་བརྩོན་འགྲུས་ཀྱིས་རྣམ་པར་གྲོལ་བ་ཡོངས་སུ་གཉེར་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །དགའ་བོ་བདེ་འགྲོར་སྐྱེས་པའི་སེམས་ཅན་ཡང་སྐྱེ་གནས་མི་གཙང་བ་དག་ཏུ་སྡུག་བསྔལ་མི་བཟད་པ། ཡང་དག་པ་མ་ཡིན་པ། རྣམ་པ་སྣ་ཚོགས་མྱོང་བ་ཡང་བརྗོད་ཀྱིས་མི་རྫོགས་ན་ངན་སོང་གསུམ་པོ་ཡི་དགས་དང་། དུད་འགྲོ་དང་། སེམས་ཅན་དམྱལ་བ་པའི་སེམས་ཅན་རྣམས་ཀྱིས་མྱོང་བར་གྱུར་པའི་སྡུག་བསྔལ་མི་བཟད་པ་བཟོད་པར་དཀའ་བ་ཡོངས་སུ་རྫོགས་པར་བརྫོད་པ་ལྟ་སྨོས་ཀྱང་ཅི་དགོས།། །།

 

 

 

 

 

 

བམ་པོ་གསུམ་པ་སྟེ་ཐ་མ། གཞན་ཡང་དགའ་བོ་མའི་མངལ་དུ་འཇུག་པ་རྣམ་པ་བཞི་ཡོད་དེ། བཞི་གང་ཞེ་ན། སེམས་ཅན་ཁ་ཅིག་ནི་ཡང་དག་པར་ཤེས་བཞིན་དུ་འཇུག ཡང་དག་པར་ཤེས་བཞིན་དུ་གནས། ཡང་དག་པར་ཤེས་བཞིན་དུ་འབྱུང་བ་ཡང་ཡོད། ཁ་ཅིག་ནི་ཡང་དག་པར་ཤེས་བཞིན་དུ་འཇུག །ཡང་དག་པར་ཤེས་བཞིན་དུ་གནས་ལ་ཡང་དག་མི་ཤེས་བཞིན་དུ་འབྱུང་བ་ཡང་ཡོད། ཁ་ཅིག་ནི་ཡང་དག་པར་ཤེས་བཞིན་དུ་འཇུག་ལ་ཡང་དག་པར་མི་ཤེས་བཞིན་དུ་གནས་ཤིང་ཡང་དག་པར་མི་ཤེས་བཞིན་དུ་འབྱུང་བ་ཡང་ཡོད། ཁ་ཅིག་ནི་ཡང་དག་པར་མི་ཤེས་བཞིན་དུ་འཇུག ཡང་དག་པར་མི་ཤེས་བཞིན་དུ་གནས། ཡང་དག་པར་མི་ཤེས་བཞིན་དུ་འབྱུང་བ་ཡང་ཡོད་དོ། །དེ་ལ་སུ་ཞིག་ཡང་དག་པར་ཤེས་བཞིན་དུ་འཇུག་པ་དང་། གནས་པ་དང་། འབྱུང་བར་འགྱུར་ཞེ་ན། འདི་ལྟར་འདི་ན་སོ་སོའི་སྐྱེ་བོའི་སམས་ཅན་ཁ་ཅིག་རང་བཞིན་གྱིས་ཚུལ་ཁྲིམས་བསྲུང་བ་ལ་དགའ་ཞིང་ཡང་ནས་ཡང་དུ་དགེ་བའི་ཕྱོགས་ལ་གོམས་པར་བྱེད་པ་དང་། དངོས་པོ་མཆོག་ལ་མོས་ཤིང་བསོད་ནམས་རྣམས་མངོན་པར་འདུ་བྱེད་པ་དང་། ཤིན་ཏུ་ཡང་དག་པར་སྡོམ་པ་དང་། རྟག་པར་དྲང་པོས་སེམས་ཤིང་བག་མེད་པར་མི་བྱེད་པ་དང་། ཤེས་རབ་ཆེན་པོ་དང་ལྡན་པས་འཆི་ཀའི་དུས་ཀྱི་ཚེ་འགྱོད་པ་མེད་པར་སྐྱེ་བ་ཡང་དག་པར་ལེན་པར་བྱེད་པ་རྒྱུན་དུ་ཞུགས་པ་སྐྱེ་བ་ལན་བདུན་པའམ། རིགས་ནས་རིགས་སུ་སྐྱེ་བའམ། ལན་ཅིག་ཕྱིར་འོང་བའམ། བར་ཆད་གཅིག་པ་དག་ཡིན་ཏེ། གང་ཟག་དེ་དག་གིས་སྔར་དགེ་བ་སྤྱད་པའི་ཕྱིར་འཆི་ཀའི་དུས་ཀྱི་ཚེ་སྡུག་བསྔལ་ཉེ་བར་འོངས་ཤིང་ན་བ་དང་། ཚ་བ་ཉམས་སུ་མྱོང་བར་གྱུར་ཀྱང་སེམས་ལ་གཡེང་བ་མེད་པར་ཡང་དག་པར་དྲན་བཞིན་དུ་འཆི་བའི་དུས་བྱས་ཏེ། ཡང་དག་པར་དྲན་བཞིན་དུ་མའི་མངལ་དུ་ཞུགས་ནས་ཆོས་རྣམས་ལས་ཀྱི་དབང་གིས་སྐྱེ་བ་དང་། ཐམས་ཅད་རྒྱུ་དང་རྐྱེན་ལས་སྐྱེ་བར་འགྱུར་བས་རྟག་ཏུ་བདུད་ཀྱི་གནས་བྱས་པར་གྱུར་ཏོ། །ཞེས་རབ་ཏུ་ཤེས་སོ། །དགའ་བོ་ལུས་འདི་ནི་མི་གཙང་བ་ཐམས་ཅད་ཀྱི་ཁྱིམ་ཡིན་པས་རང་བཞིན་གྱིས་རྟག་པར་གནས་པ་མ་ཡིན་པ་དང་། གླེན་པའི་དངོས་པོ་ཡིན་པས་རྨོངས་པ་དག་ལ་སླུ་བར་བྱེད་པ་ཡིན་ནོ། །སྙམ་དུ་རིག་པར་བྱའོ། །ལུས་འདི་ནི་རུས་པའི་འཁྲུལ་འཁོར་རྩ་རྒྱུས་རྣམས་ཕན་ཚུན་འབྲེལ་བ་བུ་ག་དང་གནད་རྣམས་དོད་པར་གྱུར་པ། ཤ་དང་། ཚིལ་དང་། རུས་པ་དང་། རྐང་ཕན་ཚུན་དུ་དཀྲིས་ཤིང་པགས་པས་གཡོགས་པ་ཡིན་ཡང་སྐྱོན་དུ་མ་མཐོང་བས་རབ་ཏུ་གདུངས་པའི་ཕུག་ཏུ་མི་གཙང་བས་ཡོངས་སུ་གང་བ། སྐྲ་དང་། སྤུ་དང་། སེན་མོ་དང་། སོའི་གནས་སྐབས་ཐ་དད་པ་ལ། བདག་དང་བདག་གིར་བཟུང་བའི་ཕྱིར་རྟག་ཏུ་རང་དབང་མེད་པར་ཁྲིད་པ། རྟག་ཏུ་མཆིལ་མ་དང་། རྣབས་དང་། མི་གཙང་བ་དང་། ཁ་ཆུ་དང་། རྔུལ་དང་། མཁྲིས་པ་དང་། བད་ཀན་འབྱུང་ཞིང་ཞག་དང་། ཚིལ་རུལ་ཞིང་མྱགས་པ་དང་། མཁལ་མ་དང་། མཆེར་པ་དང་། མཆིན་པ་དང་། གློ་བ་དང་། རྒྱུ་མ་ཆེ་ཕྲ་མི་གཙང་བས་གང་ཞིང་སྐྱུག་བྲོ་བ། སྲིན་བུའི་རིགས་མང་པོས་ཀུན་ཏུ་ཁྱབ་པར་གང་བ། སྟེང་དང་། འོག་གི་བུ་ག་རྣམས་སུ་རྟག་ཏུ་མི་གཙང་བ་འཛག་པ་ཞུ་བ་དང་། མ་ཞུ་བའི་གནས་གཉིས་པགས་པ་སྲབ་མོས་གཡོགས་པས། འདི་ནི་སྣམ་ཕྱི་ས་དང་འདྲ་བ་ཡིན་ནོ། །སྙམ་དུ་ཁྱོད་ཀྱིས་སོ་སོར་བརྟག་པར་བྱའོ། །ཇི་ཙམ་དུ་བཟའ་བ་དང་། བཅའ་བ་ཟོས་འཆོས་ཤིང་བལྡད་པ་ན་མཆིལ་སྣབས་སུ་གྱུར་ནས་མིད་པར་འཇུག་ཅིང་རྐང་དང་ཀླད་པ་ཕན་ཚུན་འདྲེས་ནས་ལྟོ་བར་འབབ་པར་འགྱུར་ཏེ། འདི་ལྟ་སྟེ་དཔེར་ན། ཁྱི་རུས་པ་སྐམ་པོ་བལྡད་པ་ལྟ་བུར་གྱུར་བ་ཡིན་ཡང་ཡང་དག་པ་མ་ཡིན་པའི་སེམས་ཀྱིས་ཞིམ་པའི་འདུ་ཤེས་སྐྱེད་པར་བྱེད་ པས་ཟས་རྐེད་པར་ཕྱིན་ནས་གྱེན་དུ་སློན་པར་བྱེད་ཀྱང་སླར་མིད་པར་བྱེད་དོ། །དགའ་བོ་ལུས་འདི་ནི་དང་པོ་མེར་མེར་པོ་དང་། ནུར་ནུར་པོ་དང་། ལྟར་ལྟར་པོ་དང་། མཁྲང་འགྱུར་དང་། རྐང་ལག་འགྱུས་པ་མི་གཙང་བའི་དངོས་པོ་ཆེར་སྐྱེས་ནས། བྱིས་པའི་ཚེ་འཁོར་བར་གྱུར་པ་ནས་རྒས་པའི་བར་དུ་འཁོར་ཞིང་བཅིངས་པར་གྱུར་པ་ནི་འདི་ལྟ་སྟེ། དཔེར་ན་མུན་པའི་གཡང་ས་དང་འདྲའོ། །ཁྲོན་པ་མནམ་པོ་དང་འདྲ་བར་རྟག་ཏུ་ལན་ཚྭ་དང་། བསྐ་བ་དང་། ཚ་བ་དང། སྐྱུར་བ་ལ་སོགས་པའི་ཟས་ཀྱི་རོས་ཡོངས་སུ་གསོས་པ། གཞན་ཡང་མའི་མངལ་གྱི་མེས་ལུས་ཀྱིས་དབང་པོ་རབ་ཏུ་བཙོས་པ། མི་གཙང་བའི་སྣོད་དུ་རྟག་པར་རབ་ཏུ་གདུང་བའི་སྡུག་བསྔལ་མྱོང་བར་འགྱུར་བ། གལ་ཏེ་མ་འགྲེང་ངམ། འདུག་གམ། ཉལ་བར་གྱུར་པ་ན་བཅིང་བ་ལྔས་བཅིངས་པ་འམ། མེས་གདུངས་པ་བཞིན་ཤིན་ཏུ་བཟོད་པར་དཀའ་བའི་སྡུག་བསྔལ་མྱོང་བར་འགྱུར་བས་དཔེ་བྱར་ཡང་མི་ནུས་སོ། །དགའ་བོ་མངལ་ན་གནས་པ་དེ་དེ་ལྟར་མི་གཙང་བའི་འདམ་དུ་གནས་ཤིང་སྡུག་བསྔལ་མང་པོས་ཉོན་མོངས་པར་འགྱུར་མོད་ཀྱི་འོན་ཀྱང་དབང་པོ་རྣོ་བའི་ཕྱིར་སེམས་གཡེང་བར་མི་འགྱུར་རོ། །གཞན་ཡང་སེམས་ཅན་བསོད་ནམས་ཆུང་བ་ཁ་ཅིག་ནི་མའི་མངལ་ན་འཕྲེད་དུ་ཉལ་བའམ། ལོག་པར་འདུག་པར་ཡང་འགྱུར་ཏེ། དེ་ཡང་སྔོན་གྱི་ལས་ཀྱི་རྒྱུ་དང་རྐྱེན་གྱི་སྟོབས་ཀྱི་ཕྱིར་རམ། ཡང་ན་མས་ཁ་ཟས་མ་སྙོམས་པ་ཤིན་ཏུ་གྲང་བའམ། ཤིན་ཏུ་ཚ་བའམ། ཤིན་ཏུ་སྐྱུར་བའམ། ཤིན་ཏུ་མངར་བའམ། ཤིན་ཏུ་ཁ་བ་ཟོས་པའི་ཕྱིར་རམ། ཡང་ན་ཚད་ལས་འདས་པར་སྐོམ་འཐུངས་སམ། འདོད་ཆགས་མང་དུ་སྤྱད་དམ། ནད་བུ་ཅན་དུ་གྱུར་ཏམ། མྱ་ངན་མང་པོས་ནོན་ཏམ། རྡེག་འཆོས་སམ། བརྡེགས་པར་གྱུར་ན་ཡང་རྐྱེན་འདི་དག་གི་དབང་གིས་མའི་ལུས་ཀྱང་ཡོངས་སུ་གདུང་བར་འགྱུར་ལ་མའི་ལུས་ཡོངས་སུ་གདུངས་པར་གྱུར་པའི་ཕྱིར་མངལ་ན་གནས་པ་ཡང་ཡོངས་སུ་གདུང་བར་འགྱུར་རོ། །ཡོངས་སུ་གདུངས་པར་གྱུར་པའི་ཕྱིར་ན་སྡུག་བསྔལ་མང་པོ་མྱོང་བར་འགྱུར་རོ། །སྡུག་བསྔལ་མང་པོ་མྱོང་བར་གྱུར་བའི་ཕྱིར་ན་གཡོ་བར་འགྱུར་རོ། །གཡོས་པར་གྱུར་བའི་ཕྱིར་ན་ལུས་ལོག་པར་འཕྲེད་དུ་ཉལ་ཞིང་འབྱུང་བར་མི་ནུས་པ་ལ་བུད་མེད་མཁས་པས་མར་རམ། འབྲུ་མར་གྱིས་ལག་པ་བསྐུས་ནས་མའི་མངལ་དུ་འཇུག་སྟེ། བགས་ཀྱིས་བགས་ཀྱིས་མངལ་ལ་མྱངས་ནས་སྔར་ཇི་ལྟར་གནས་པ་བཞིན་དུ་འཇོག་པར་བྱེད་པས་ལག་པས་རེག་པར་གྱུར་པ་ན་མངལ་ན་གནས་པ་དེ་སྡུག་བསྔལ་ཆེན་པོ་མི་ཟད་པ་དག་མྱོང་བར་འགྱུར་ཏེ། དགའ་བོ་འདི་ལྟ་སྟེ་དཔེར་ན། ཁྱེའུ་འམ་བུ་མོ་ཤིན་ཏུ་གཞོན་པའི་ལུས་ལ་ལ་ལ་ཞིག་གིས་མཚོན་རྣོད་པོས་པགས་པ་དང་ཤ་བཅད་ནས་དེའི་སྟེང་དུ་ཐལ་བས་གཏོར་ན། དེའི་རྐྱེན་གྱིས་སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར་བ་དེ་བཞིན་དུ་མངལ་ན་གནས་པའི་སྡུག་བསྔལ་མི་བཟད་པ་རྩུབ་པ་ཡང་དེ་འདྲ་སྟེ། དེ་ལྟ་བུའི་སྡུག་བསྔལ་མྱོང་བར་གྱུར་ཀྱང་དབང་པོ་མཆོག་ཏུ་རྣོ་བའི་ཕྱིར་ཡང་དག་པའི་དྲན་པ་དང་ལྡན་པས་རྣམ་པར་གཡེང་བར་མི་འགྱུར་ཏེ། དགའ་བོ་དེ་ལྟར་ན་མངལ་ན་གནས་པ་དེ་མའི་མངལ་ན་གནས་པའི་ཚེ་དེ་ལྟ་བུའི་སྡུག་བསྔལ་མྱོང་བར་འགྱུར་རོ། །གཞན་ཡང་བཙས་སུ་ཉེ་བའི་ཚེ་ན་སྡུག་བསྔལ་དང་བཅས་བཞིན་དུ་འབྱུང་བར་འགྱུར་ཏེ། ལས་ཀྱི་རླུང་གི་དབང་གིས་དེའི་ལག་པ་བསྣོལ་ནས་ཡན་ལག་དང་ཉིང་ལག་བཅུམ་སྟེ། སྡུག་བསྔལ་ཆེན་པོ་མི་བཟད་པ་མྱོང་ནས། མའི་མངལ་ནས་བྱུང་བར་གྱུར་པས་ལུས་ཀྱི་ཡན་ལག་ཐམས་ཅད་སྔོན་པོར་འགྱུར་ཏེ་འདི་ལྟ་སྟེ། དཔེར་ན་གསར་དུ་སྐྲངས་པ་ལ་རེག་པར་མི་བཟོད་པ་བཞིན་དུ་བཀྲེས་སྐོམ་གྱིས་གདུང་བ་དང་། སྙིང་འཕྱང་ཞིང་གདུང་བ་དང་བཅས་བཞིན་དུ་ལས་ཀྱི་རླུང་གི་རྒྱུ་དང་རྐྱེན་གྱིས་བུས་ནས་མངལ་ནས་འབྱུང་བར་འགྱུར་རོ། །མངལ་ནས་བྱུང་ནས་ཀྱང་ཕྱི་རོལ་གྱི་རླུང་གིས་རེག་པར་གྱུར་པ་ན་འདི་ལྟ་སྟེ། དཔེར་ན་མཚོན་གྱིས་བཅད་ནས་ཐལ་བས་བསྐུས་པ་ཇི་ལྟ་བ་བཞིན་དུ་འགྱུར་རོ། །ལག་པ་དང་གོས་ཀྱིས་རེག་པར་གྱུར་པའི་ཚེ་ན་ཡང་ཐམས་ཅད་དུ་སྡུག་བསྔལ་མི་བཟད་པ་མྱོང་བར་འགྱུར་ཏེ། འདི་ལྟ་བུའི་སྡུག་བསྔལ་མྱོང་བར་གྱུར་ཀྱང་དབང་པོ་རབ་ཏུ་རྣོ་བའི་ཕྱིར་ཡང་དག་པའི་དྲན་པ་དང་ལྡན་པས་རྣམ་པར་གཡེང་བར་མི་འགྱུར་ཏེ། མའི་མངལ་དུ་ཤེས་བཞིན་དུ་འཇུག་པ་དང་། གནས་པ་དང་། འབྱུང་བ་ཐམས་ཅད་ཀྱང་སྡུག་བསྔལ་བ་ཡིན་ན། དགའ་བོ་མཁས་པ་སུ་ཞིག་འདི་འདྲ་བའི་མངལ་དུ་འཇུག་པ་ལ་མོས་པར་བྱེད། དགའ་བོ་དེ་ལ་སུ་ཞིག་མའི་མངལ་དུ་ཡང་དག་པར་ཤེས་བཞིན་དུ་འཇུག་ཅིང་གནས་ལ་ཡང་དག་པར་མི་ཤེས་བཞིན་དུ་འབྱུང་བར་འགྱུར་ཞེ་ན། དགའ་བོ་ཇི་ལྟར་འདི་ན་སོ་སོའི་སྐྱེ་བོའི་སེམས་ཅན་ཁ་ཅིག་ནི་རང་བཞིན་གྱིས་ཚུལ་ཁྲིམས་སྲུང་བ་ལ་དགའ་ཞིང་ཡང་ནས་ཡང་དུ་དགེ་བའི་ཕྱོགས་ལ་གོམས་པར་བྱེད་པ་དང་། རྟག་ཏུ་དངོས་པོ་མཆོག་ལ་མོས་ཤིང་བསོད་ནམས་རྣམས་མངོན་པར་འདུ་བྱེད་པ་དང་། དེའི་སེམས་དྲང་ཞིང་བག་མེད་པར་མི་བྱེད་པ་དང་། ཤེས་རབ་ཆུང་ངུ་དང་ལྡན་པས་འཆི་ཀའི་དུས་ཀྱི་ཚེ་འགྱོད་པ་མེད་པར་གྱུར་པ་རྒྱུན་དུ་ཞུགས་པ་སྐྱེ་བ་ལན་བདུན་པའམ། རིགས་ནས་རིགས་སུ་སྐྱེ་བ་འམ། ལན་ཅིག་ཕྱིར་འོང་བའམ། བར་ཆད་གཅིག་པ་དག་ཡིན་ཏེ། གང་ཟག་དེ་དག་གིས་སྔར་དགེ་བ་སྤྱད་པས་འཆི་ཀའི་དུས་ཀྱི་ཚེ་སྡུག་བསྔལ་ཉེ་བར་འོངས་ཤིང་ན་བ་དང་ཚ་བ་ཉམས་སུ་མྱོང་བར་གྱུར་ཀྱང་སེམས་ལ་གཡེང་བ་མེད་པར་ཡང་དག་པར་དྲན་བཞིན་དུ་མའི་མངལ་དུ་ཞུགས་ནས་ཆོས་རྣམས་ལས་ཀྱི་དབང་གིས་སྐྱེ་བ་དང་། ཐམས་ཅད་རྒྱུ་དང་རྐྱེན་ལས་སྐྱེ་བར་རབ་ཏུ་ཤེས་སོ། །ཞེས་བྱ་བ་ནས་མའི་མངལ་ནས་ཞེས་བྱ་བའི་བར་དུ་ཡང་སྔ་མ་བཞིན་དུ་རྒྱས་པར་སྦྱར་ཏེ། དེ་ལྟ་བུའི་སྡུག་བསྔལ་མི་བཟད་པ་ཚ་ཞིང་རྩུབ་པ་རྣམས་མྱོང་བར་གྱུར་ཀྱང་དབང་པོ་འབྲིང་དང་ལྡན་པའི་ཕྱིར་ཡང་དག་པར་ཤེས་བཞིན་དུ་འཇུག་ཅིང་གནས་ལ། ཡང་དག་པར་མི་ཤེས་བཞིན་དུ་འབྱུང་བར་འགྱུར་ཏེ། མཁས་པ་སུ་ཞིག་འདི་འདྲ་བའི་མངལ་དུ་འཇུག་པ་ལ་མོས་པར་བྱེད་ཅེས་བྱ་བའི་བར་དུ་ཡང་སྔ་མ་བཞིན་དུ་རྒྱས་པར་སྦྱར་རོ། །དགའ་བོ་སུ་ཞིག་ཡང་དག་པར་ཤེས་བཞིན་དུ་མའི་མངལ་དུ་འཇུག་ལ། ཡང་དག་པར་མི་ཤེས་བཞིན་དུ་ གནས་ཤིང་འབྱུང་བར་བྱེད་ཅེ་ན། དགའ་བོ་འདི་ལྟར་འདི་ན་སོ་སོའི་སྐྱེ་བོའི་སེམས་ཅན་ཁ་ཅིག་རང་བཞིན་གྱིས་ཚུལ་ཁྲིམས་སྲུང་བ་ལ་དགའ་ཞིང་ཡང་དང་ཡང་དུ་དགེ་བའི་ཕྱོགས་ལ་གོམས་པར་བྱེད་པ་དང་། རྟག་ཏུ་དངོས་པོ་མཆོག་ལ་མོས་ཤིང་བསོད་ནམས་མངོན་པར་འདུ་བྱེད་པ་ཞེས་བྱ་བ་ནས་འཆི་ཀའི་དུས་ཀྱི་ཚེ་འགྱོད་པ་མེད་པར་གྱུར་པ་རྒྱུན་དུ་ཞུགས་པ་སྐྱེ་བ་ལན་བདུན་པ་ཞེས་བྱ་བ་ལ་སོགས་པའི་བར་དུ་ཡང་སྔ་མ་བཞིན་དུ་རྒྱས་པར་སྦྱར་ཏེ། འཆི་ཀའི་དུས་ཀྱི་ཚེ་སྡུག་བསྔལ་ཉེ་བར་འོངས་ཤིང་ན་བ་དང་ཚ་བ་ཉམས་སུ་མྱོང་བར་གྱུར་ཀྱང་སེམས་ལ་གཡེང་བ་མེད་པར་ཡང་དག་པར་དྲན་བཞིན་དུ་མའི་མངལ་དུ་འཇུག་པར་བྱེད་དེ། དབང་པོ་རྣོན་པོ་མ་ཡིན་པའི་ཕྱིར་ཤེས་བཞིན་དུ་མངལ་དུ་འཇུག་པར་བྱེད་ཀྱང་མི་ཤེས་བཞིན་དུ་གནས་ཤིང་འབྱུང་བར་བྱེད་དོ། །མཁས་པ་སུ་ཞིག་འདི་འདྲ་བའི་མངལ་དུ་འཇུག་པ་ལ་མོས་པར་བྱེད་ཅེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་དུ་རྒྱས་པར་སྦྱར་རོ། །དགའ་བོ་སུ་ཞིག་ཡང་དག་པར་མི་ཤེས་བཞིན་དུ་འཇུག་པ་དང་། གནས་པ་དང་། འབྱུང་བར་བྱེད་ཅེ་ན། འདི་ལྟར་འདི་ན་སོ་སོའི་སྐྱེ་བོའི་སེམས་ཅན་ཁ་ཅིག་ཚུལ་ཁྲིམས་ཡོངས་སུ་དག་པ་འབྲལ་བ་ལ་དགའ་ཞིང་དགེ་བའི་ཕྱོགས་སྒྲུབ་པར་མི་བྱེད་པ་རྟག་ཏུ་དངོས་པོ་ངན་པ་ལ་མོས་ཤིང་སྡིག་པ་རྣམས་སྤྱོད་པ། སེམས་ཀྱི་རང་བཞིན་མི་དྲང་ཞིང་བག་མེད་པ་མང་བ། ཤེས་རབ་དང་མི་ལྡན་པ་དག་ལོངས་སྤྱོད་ལ་མངོན་པར་ཞེན་ཅིང་སེར་སྣ་བྱས་པ་དང་། རྟག་ཏུ་ལག་པ་བསྐུམས་ནས་གཞན་དག་ལ་རྐྱོང་ཞིང་གཏོང་བར་མི་བྱེད་པ་དང་། རྟག་ཏུ་རེ་བ་དང་བཅས་ཤིང་སེམས་རབ་ཏུ་དུལ་བར་མ་གྱུར་པ་དང་། ལྟ་བ་དང་། སྤྱོད་པ་ཕྱིན་ཅི་ལོག་ཏུ་གྱུར་པས་འཆི་ཀའི་དུས་ཀྱི་ཚེ་འགྱོད་པ་དང་བཅས་ཤིང་སྡིག་པ་མི་དགེ་བའི་ལས་རྣམས་མངོན་དུ་གྱུར་པས་འཆི་ཀའི་དུས་ཀྱི་ཚེ་སྡུག་བསྔལ་མི་བཟད་པ་དང་། ཚ་བ་དང་། རྩུབ་པ་དང་། ཡིད་དུ་མི་འོང་བ་དག་གིས་རབ་ཏུ་གཟིར་ཅིང་དེའི་སེམས་རྣམ་པར་གཡེང་བར་བྱེད་པས་སྡུག་བསྔལ་གྱི་དབང་གིས་བདག་ནི་སུ་ཞིག་གང་ནས་འདིར་འོངས། དེ་གང་དུ་འགྲོ་བར་འགྱུར་ཞེས་རབ་ཏུ་མི་ཤེས་པས་དགའ་བོ་འདི་ནི་དུས་གསུམ་དུ་ཡང་དག་པར་ཤེས་བཞིན་དུ་མེད་པ་ཞེས་བྱ་སྟེ་རྒྱས་པར་གོང་མ་བཞིན་དུ་སྦྱར་རོ། །དགའ་བོ་སེམས་ཅན་དེ་དག་མིར་སྐྱེས་ནས་དེ་ལྟ་བུའི་སྡུག་བལྔལ་ཚད་མེད་པ་དང་ལྡན་པར་འགྱུར་མོད་ཀྱི་འོན་ཀྱང་དེ་དག་ནི་གནས་མཆོག་ཏུ་གྱུར་པ་ཡིན་པས་བསྐལ་པ་བྱེ་བ་བརྒྱ་སྟོང་ཚད་མེད་པ་སྙེད་དུ་ཡང་མིའི་ལུས་ཤིན་ཏུ་རྙེད་པར་དཀའ་བ་ཡིན་ནོ། །གལ་ཏེ་མཐོ་རིས་སུ་སྐྱེས་པར་གྱུར་ན་ཡང་རྟག་ཏུ་ལྟུང་བས་འཇིགས་པས་སྡུག་པ་དང་བྲལ་བའི་སྡུག་བསྔལ་དང་ལྡན་ཏེ། འཆི་བའི་དུས་ཀྱི་ཚེ་ལྷ་གཞན་རྣམས་ཀྱིས་འདི་སྐད་དུ་ཁྱོད་བདེ་འགྲོའི་འཇིག་རྟེན་དུ་སྐྱེ་བར་གྱུར་ཅིག །བདེ་འགྲོའི་འཇིག་རྟེན་གང་ཞེ་ན། འདི་ལྟ་སྟེ། དེ་ནི་མིའི་འགྲོ་བ་གང་ཡིན་པའོ། །ཞེས་ཟེར་བས་མིའི་འགྲོ་བ་ནི་ཤིན་ཏུ་རྙེད་པར་དཀའ་བ་ཡིན་ལ། ཁོམ་པ་དང་ལྡན་པ་ནི་དེ་བས་ཀྱང་ཆེས་ཤིན་ཏུ་རྙེད་པར་དཀའོ། །ངན་འགྲོ་གང་ཞེ་ན། འདི་ལྟ་སྟེ། ངན་སོང་གསུམ་པོ་དག་གང་ཡིན་པའོ། །སེམས་ཅན་དམྱལ་བའི་འགྲོ་བ་ནི་རྟག་ཏུ་སྡུག་བསྔལ་མི་བཟད་པ། ཤིན་ཏུ་ཡིད་དུ་མི་འོང་བ། རབ་ཏུ་ཚ་ཞིང་རྩུབ་པ་དག་མྱོང་བར་འགྱུར་བས་དཔེ་བྱར་ཡང་མི་ནུས་སོ། །ཡི་དགས་ཀྱི་འགྲོ་བ་ནི་རང་བཞིན་གྱིས་ཞེ་སྡང་མང་བ། རབ་ཏུ་མཉེན་ཞིང་དུལ་བའི་སེམས་མེད་པ། གཡོ་སྒྱུ་དང་བཅས་པ། གསོད་ཅིང་གནོད་པར་བྱེད་པ། ལག་པ་ཁྲག་གིས་བསྐུས་པ། བྱམས་པ་དང་། སྙིང་རྗེ་མེད་པ། བྱད་བཞིན་མི་སྡུག་པ། མཐོང་ན་འཇིགས་སུ་རུང་བ། གལ་ཏེ་མི་དང་ཉེ་བར་གྱུར་ན་ཡང་བཀྲེས་པ་དང་། སྐོམ་པའི་སྡུག་བསྔལ་མྱོང་བར་བྱེད་པས་རྟག་པར་སྒྲིབ་པ་དང་བཅས་ཤིང་ཐོགས་མ་དང་བཅས་པ་ཡིན་ནོ། །དུད་འགྲོའི་སྐྱེ་གནས་ཀྱི་འགྲོ་བ་ནི་ཚད་མེད་དཔག་ཏུ་མེད་དེ། དོན་གྱི་སྤྱོད་པ་དང་མི་ལྡན་པ། བསོད་ནམས་ཀྱི་སྤྱོད་པ་དང་མི་ལྡན་པ། ཆོས་ཀྱི་སྤྱོད་པ་དང་མི་ལྡན་པ། དགེ་བའི་སྤྱོད་པ་དང་མི་ལྡན་པ། དྲང་པོའི་སྤྱོད་པ་དང་མི་ལྡན་པ། ཕན་ཚུན་གཅིག་ལ་གཅིག་ཟ་བ་དང་། མཐུ་དང་ལྡན་པ་རྣམས་མཐུ་ཆུང་བ་དག་ལ་ཟ་བར་བྱེད་པ་དག་ཡིན་ནོ། །དུད་འགྲོའི་སྐྱེ་གནས་ཁ་ཅིག་ནི་མུན་པར་སྐྱེས། མུན་པར་རྒས། མུན་པར་འཆི་བའི་དུས་བྱེད་ཅིང་། མི་གཙང་བའི་གནས་གཅིན་རྐྱག་གི་ནང་དུ་གནས་ནས་རེ་འགའ་སྣང་བ་དང་བཅས་པ་ཡང་ཡོད་དེ། འདི་ལྟ་སྟེ། ཕྱེ་མ་ལེབ་དང་། སྦྲང་མ་དང་། སྲོ་ཤིག་དང་། ཏྲེ་ལ་ཏ་ལྟ་བུ་རྣམས་སོ། །གཞན་ཡང་རྟག་པར་མུན་པའི་ནང་དུ་སྐྱེས། མུན་པའི་ནང་དུ་རྒས་པར་གྱུར་པ་ཚད་མེད་དཔག་ཏུ་མེད་པ་དག་ཡོད་དེ། དེ་ནི་ཚེ་རབས་སྔ་མ་ལ་མིར་གྱུར་པ་ན་གླེན་ཞིང་གཏི་མུག་པས་ཆོས་ཡང་དག་པ་མ་མཉན་པ། ལུས་དང་ངག་དང་ཡིད་ཐལ་རངས་སུ་གཏོང་ཞིང་འདོད་པ་ལྔ་ལ་མངོན་པར་ཞེན་པར་གྱུར་པ། སྡིག་པ་མི་དགེ་བའི་ལས་མང་པོ་མངོན་པར་འདུས་བྱས་པས་དེའི་རིགས་སུ་སྐྱེས་ནས་གླེན་ཞིང་རྨོངས་པའི་སྡུག་བསྔལ་མྱོང་བར་འགྱུར་བ་དག་ཡིན་ནོ། །དགའ་བོ་གཞན་ཡང་དུད་འགྲོའི་སྐྱེ་གནས་པའི་སེམས་ཅན་ཆུའི་ནང་དུ་སྐྱེས་ནས་ཆུའི་ནང་དུ་རྒས། ཆུའི་ནང་དུ་དུས་བྱེད་པར་འགྱུར་བ་ཚད་མེད་དཔག་ཏུ་མེད་པ་དག་ཡོད་དེ། འདི་ལྟ་སྟེ། ཉ་དང་། རུ་སྦལ་དང་། སྦལ་པ་དང་། སྦལ་པ་དཀར་པོ་དང་། བ་ལུ་ཀ་ལྟ་བུ་རྣམས་ཏེ། ཐམས་ཅད་ཀྱང་ཚེ་རབས་སྔ་མ་ལ་ལུས་དང་ངག་དང་། ཡིད་ཀྱི་ལས་མི་དགེ་བའི་དབང་གིས་ཞེས་བྱ་བ་ལ་སོགས་པ་ཡང་གོང་མ་བཞིན་དུ་རྒྱས་པར་སྦྱར་རོ། །དགའ་བོ་གཞན་ཡང་དུད་འགྲོའི་སྐྱེ་གནས་པའི་སེམས་ཅན་བཤང་བ་དང་གཅི་བའི་དྲི་ཚོར་ན་མྱུར་དུ་དེར་སོང་ནས་བཟའ་བ་དང་། བཏུང་བར་བྱེད་པ་ཚད་མེད་དཔག་ཏུ་མེད་པ་སྙེད་ཡོད་དེ། འདི་ལྟ་སྟེ། ཕག་དང་། ལུག་དང་། ཁྱིམ་བྱ་དང་། ཁྱི་དང་། ཝ་དང་། བྱ་རྒོད་དང་། བྱ་རོག་དང་། སྦྲང་བུ་དང་། སྦུར་བ་དང་། གཅན་གཟན་རྣམས་ཏེ། ཐམས་ཅད་ཀྱང་ཚེ་རབས་སྔ་མའི་སྡིག་པ་མི་དགེ་བའི་ལས་ཀྱི་དབང་གིས་དེ་ལྟ་བུའི་རྣམ་པར་སྨིན་པ་མྱོང་བར་འགྱུར་རོ། །དགའ་བོ་གཞན་ཡང་དུད་འགྲོའི་སྐྱེ་གནས་པ་རྟག་ཏུ་རྩྭ་དང་ཤིང་དང་མི་གཙང་བའི་དངོས་པོ་རྣམས་ཟ་ཞིང་འཐུང་བར་བྱེད་པ་ཚད་མེད་དཔག་ཏུ་མེད་པ་སྙེད་ཡོད་དེ། འདི་ལྟ་སྟེ། གླང་པོ་ཆེ་དང་། རྟ་དང་། རྔ་མོ་དང་། བ་ལང་དང་། བོང་བུ་དང་། དྲེའུ་ལ་སོགས་པ་ལྟ་བུ་རྣམས་ཏེ། དེ་དག་ཐམས་ཅད་ཀྱང་ཚེ་རབས་སྔ་མའི་ལས་མི་དགེ་བའི་དབང་གིས་ཇི་སྲིད་འཚོའི་བར་དུ་དེ་ལྟ་བུའི་རྣམ་པར་སྨིན་པ་མྱོང་བར་འགྱུར་རོ། །གཞན་ཡང་དགའ་བོ་ཀྱེ་མ་ཀྱི་ཧུད་སྲིད་པར་འཁོར་བའི་རྒྱ་མཚོ་འདི་ནི་འབར་བ། རབ་ཏུ་འབར་བ། མཆོག་ཏུ་འབར་བ། ཤིན་ཏུ་མཆོག་ཏུ་འབར་བ་ཡིན་པས་སེམས་ཅན་འགའ་ཙམ་ཡང་དེས་མ་བསྲེགས་ཤིང་མ་བཙོས་པ་མེད་དེ། དེ་ཡང་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་མེ་རབ་ཏུ་འབར་བའི་འདོད་པས་མངོན་དུ་སྣང་བའི་ཡུལ་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་ཡོངས་སུ་གཉེར་བའི་དབང་གིས་དེ་ལྟར་གྱུར་པ་ཡིན་ནོ། །དགའ་བོ་འབར་རབ་ཏུ་འབར་བར་བྱེད་པའི་མེ་གང་ཞེ་ན། འདི་ལྟ་སྟེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་མེ་དང་། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བའི་མེ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པའི་མེ་དག་གིས་རྟག་ཏུ་བསྲེགས་ཤིང་འབར་བར་བྱེད་པས་འགའ་ཙམ་ཡང་དེ་ལས་ཐར་བ་མེད་དོ། །དགའ་བོ་ལེ་ལོ་ལ་རབ་ཏུ་གནས་པ་དག་ནི་སྡུག་བསྔལ་མང་པོ་མྱོང་ཞིང་ཉོན་མོངས་པས་ཀུན་ཏུ་དཀྲིས་ནས་སྡིག་པ་མི་དགེ་བའི་ཆོས་མངོན་པར་འདུས་བྱས་པས་འཁོར་བར་འཁོར་བ་ཡང་ཉེ་བར་ཞི་ཞིང་རྒྱུན་ཆད་པར་མི་འགྱུར་རོ། །བརྩོན་འགྲུས་བརྩམས་པ་གང་ཡིན་པ་དེ་དག་ནི་བདེ་བ་མང་དུ་མྱོང་ཞིང་བརྟུལ་བའི་སེམས་སྐྱེད་པར་བྱེད་པས་ཉོན་མོངས་པ་ཡོངས་སུ་བསལ་ནས་དགེ་བའི་ཆོས་བསྒོམ་པའི་རབ་ཏུ་བརྩོན་པ་མི་གཏོང་བ་ལ་རྒྱུན་འཆད་པ་མེད་དོ། །དེ་ལྟ་བས་ན་དེང་ཁྱོད་ཀྱི་ལུས་འདིའི་པགས་པ་དང་། ཤ་དང་། ཆུ་བ་དང་། རུས་པ་དང་། ཁྲག་དང་། རྩ་རྒྱུས་དང་། རྐང་རྣམས་ནི་རིང་པོ་མི་ཐོགས་པར་གྱེས་ཤིང་འཇིག་པར་འགྱུར་རོ། །སྙམ་དུ་སོ་སོར་བརྟགས་ནས་རྟག་པར་སེམས་རྩེ་གཅིག་ཏུ་ལེ་ལོ་མི་བྱ་བར་མངོན་སུམ་དུ་མ་བྱས་པ་མངོན་སུམ་དུ་བྱ་བའི་ཕྱིར་ནན་ཏན་བརྩོན་འགྲུས་ཀྱིས་དེ་ལྟར་བསླབ་པར་བྱའོ། །དགའ་བོ་ང་ནི་འཇིག་རྟེན་པ་རྣམས་དང་རྩོད་པར་མི་བྱེད་ན་འོན་ཀྱང་འཇིག་རྟེན་པ་རྣམས་ནི་ནན་གྱིས་ང་དང་རྩོད་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་ཆོས་ཤེས་པ་རྣམས་ནི་གཞན་དང་རྩོད་པར་མི་བྱེད་དེ། བདག་དང་བདག་གིར་འཛིན་པ་དང་བྲལ་བ་ཡིན་ན་སུ་དང་ལྷན་ཅིག་རྩོད་པར་བྱེད། འོན་ཀྱང་མཐོང་བ་དང་། ཤེས་པ་མེད་པ་དག་ཡང་དག་པ་མ་ཡིན་པའི་འཛིན་པ་སྐྱེད་པར་བྱེད་པའི་ཕྱིར་ངས་ཡང་དག་པར་མངོན་པར་རྫོགས་པར་སངས་རྒྱས་ནས་འདི་སྐད་དུ་ངས་ནི་ཆོས་རྣམས་གང་ཡང་མི་ཤེས་པ་མེད་དོ་ཞེས་སྨྲས་པ་ཡིན་ཏེ། དགའ་བོ་ངས་དེ་སྐད་སྨྲས་པ་དེ་ལ་ཐ་དད་དུ་གྱུར་པ་ཡོད་དམ། དགའ་བོས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་ཏེ། དེ་བཞིན་གཤེགས་པས་དེ་སྐད་གསུངས་པ་ལ་གཞན་དུ་འགྱུར་བ་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་སོ་ལེགས་སོ། །དགའ་བོ་དེ་བཞིན་གཤེགས་པའི་གསུང་ལ་གདོན་མི་ཟ་བར་ཐ་དད་དུ་གྱུར་པ་མེད་པས་དེ་བཞིན་གཤེགས་པ་ནི་ཡང་དག་པར་གསུང་བ། བདེན་པར་གསུང་བ། དེ་བཞིན་ཉིད་དུ་གསུང་བ། ཐ་མི་དད་པར་གསུང་བ། སླུ་བ་མེད་པར་གསུང་བ། འཇིག་རྟེན་པ་རྣམས་ལ་ཡུན་རིང་པོར་ཕན་པ་དང་། བདེ་བ་དང་། ཕན་ཡོན་ཆེན་པོ་ཐོབ་པར་མཛད་པ། ལམ་མཁྱེན་པ། ལམ་རིག་པ། ལམ་སྟོན་པ། ལམ་འབྱེད་པ། ལམ་འདྲེན་པ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། བླ་ན་མེད་པ། སྐྱེས་བུ་འདུལ་བ། ཁ་ལོ་སྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སུ་གྱུར་པ་ཡིན་ནོ། །འཇིག་རྟེན་པ་རྣམས་ནི་ཤེས་པ་མེད་པ། མངོན་པར་ཡིད་ཆེས་པ་མེད་པ། རྟག་པར་དབང་པོ་རྣམས་ཀྱི་བྲན་བྱེད་པ། ལག་མཐིལ་ན་ཡོད་པ། ཁོ་ན་མཐོང་ཞིང་དོན་ཆེན་པོ་ལ་མི་ལྟ་བ། སླུ་བའི་དངོས་པོ་མི་སྒྲུབ་པར་གང་བྱ་དཀའ་བ་རྒྱུན་ཏུ་བྱེད་པ་ཡིན་ནོ། །དགའ་བོ་ཤེས་རབ་དང་ལྡན་པའི་སྤྱོད་ཡུལ་འདི་ལྟར་རེ་ཤིག་ཞོག་ལ་དེང་ཁྱེད་ཀྱིས་ཤའི་མིག་གིས་ལྟ་བས་ཤེས་པ་དང་མཐོང་བ་ཇི་སྙེད་པ་དག་ཡང་དག་པ་མ་ཡིན་པས་སོ་སོར་བརྟགས་ན་དེ་ཉིད་རྣམ་པར་ཐར་པ་ཞེས་བྱ་བས། དགའ་བོ་ཁྱོད་ང་ལ་དད་པའི་ཕྱིར་མ་འགྲོ་ཤིག ང་ལ་འདུན་པའི་ཕྱིར་འབྲང་བར་མ་བྱེད་ཅིག །ངའི་ཚིག་ལ་རྟོན་པར་མ་བྱེད་ཅིག །ངའི་མཚན་མ་ལ་རྟོག་པར་མ་བྱེད་ཅིག །དགེ་སྦྱོང་གི་ལྟ་བ་དང་ཤེས་པའི་རྗེས་སུ་མ་འབྲང་ཤིག །དགེ་སྦྱོང་ལ་གུས་པ་མ་སྐྱེད་ཅིག །འདི་སྐད་དུ་དགེ་སྦྱོང་གཽ་ཏ་མ་ནི་བདག་གི་སྟོན་པ་ཆེན་པོ་ཡིན་ནོ། །ཞེས་མ་ཟེར་བར་ངས་མངོན་པར་རྫོགས་པར་སངས་རྒྱས་པའི་ཆོས་གང་ཡིན་པ་དེ་གཅིག་པུ་དབེན་པར་སོང་ལ་ཡིད་ལ་བསམས་ཏེ། འཇལ་བར་གྱིས་ཤིག །སོ་སོར་རྟོགས་ཤིག །རྟག་པར་མང་དུ་སྒོམས་ཤིག །སེམས་རྩེ་གཅིག་ཏུ་ཆོས་རྣམས་སོ་སོར་བརྟགས་ཏེ། ཆོས་དེ་དག་ལས་བསྒོམ་པའི་འདུ་ཤེས་ཡོངས་སུ་རྫོགས་པར་བྱས་ཏེ། ཡང་དག་པའི་དྲན་པ་ལ་གནས་ནས་བདག་ཉིད་ཀྱི་གླིང་བྱོས་ཤིག །བདག་ཉིད་ཀྱི་གནས་དང་། སྐྱབས་བྱོས་ཤིག །ཆོས་ཀྱི་གླིང་བྱོས་ཤིག །ཆོས་ཀྱི་གནས་དང་སྐྱབས་བྱོས་ཤིག་དང་། དེ་ལས་གཞན་པའི་གླིང་དང་། གནས་དང་། སྐྱབས་མེད་དོ། །དགའ་བོ་ཇི་ལྟར་ན་དགེ་སློང་བདག་ཉིད་གླིང་དུ་གྱུར་པ་དང་། བདག་ཉིད་གནས་དང་། སྐྱབས་སུ་གྱུར་པ་དང་། ཆོས་གླིང་དུ་གྱུར་པ་དང་། ཆོས་གནས་དང་སྐྱབས་སུ་གྱུར་ཅིང་དེ་ལས་གཞན་པའི་གླིང་དང་། དེ་ལས་གཞན་པའི་གནས་དང་། སྐྱབས་མེད་པར་གྱུར་པ་ཡིན་ཞེ་ན། དགའ་བོ་འདི་ལྟར་དགེ་སློང་གང་ལ་ལ་ཞིག་བདག་ཉིད་ཀྱི་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་ལ་རབ་ཏུ་གནས་ནས་བརྩོན་འགྲུས་ཀྱི་དྲན་པ་རྩེ་གཅིག་ཏུ་བྱས་པས་ཡང་དག་པའི་ཤེས་པ་ཐོབ་ནས་འཇིག་རྟེན་པའི་ཁོང་ཁྲོ་བ་ཇི་སྙེད་པ་དག་རྟག་ཏུ་ཡིད་ལ་སེམས་ཤིང་རབ་ཏུ་དུལ་བར་གྱུར་པ་གང་ཡིན་པ་དེ་ནི་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་ཞེས་བྱ་སྟེ། གང་གིས་ཕྱི་རོལ་གྱི་ལུས་དང་། ནང་དང་ཕྱི་རོལ་དང་གཉི་གའི་ལུས་ལ་རྗེས་སུ་ལྟ་བ་ཡང་དེ་བཞིན་ནོ། །དགའ་བོ་དེའི་འོག་ཏུ་ཀུན་འབྱུང་བའི་ཆོས་ལ་ལུས་སུ་བལྟས་ནས་རབ་ཏུ་གནས་པ་དང་། འགོག་པའི་ཆོས་སུ་བལྟས་ནས་རབ་ཏུ་གནས་པ་ཡང་བྱེད་ལ་གཞན་ཡང་ཀུན་འབྱུང་བ་དང་། འགོག་པའི་ཆོས་གཉིལ་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པར་བྱེད་པ་ཉིད་ཀྱི་ལུས་འདི་ལ་ཡང་དག་པར་དྲན་པར་བྱེད་པས་རེས་འགའ་ནི་ཤེས་པ་ཁོ་ན་དང་ལྡན་པར་འགྱུར། རེས་འགའ་ནི་མཐོང་བ་ཁོ་ན་དང་ལྡན་པར་འགྱུར། རེས་འགའ་ནི་དྲན་པ་ཁོ་ན་དང་ལྡན་པར་འགྱུར་ཞིང་རྟེན་པ་མེད་པར་གནས་པར་འགྱུར་བས་འཇིག་རྟེན་འདི་ལ་བླང་བར་བྱ་བ་ཅི་ཡང་མེད་པར་རབ་ཏུ་ཤེས་པར་འགྱུར་ཏེ། དེ་ལྟར་ན་དགའ་བོ་འདི་ནི་དགེ་སློང་བདག་ཉིད་ཀྱི་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་ལ་གནས་པ་ཞེས་བྱ་སྟེ། ཕྱི་རོལ་གྱི་ལུས་དང་། ནང་དང་ཕྱི་རོལ་གཉི་གའི་ལུས་ལ་ལྟ་བ་ཡང་དེ་བཞིན་ནོ། །དེའི་འོག་ཏུ་ནང་གི་ཚོར་བ་དང་། ཕྱི་རོལ་གྱི་ཚོར་བ་དང་། ནང་དང་ཕྱི་རོག་གཉི་གའི་ཚོར་བར་ལྟ་བ་ལ་རབ་ཏུ་གནས་པ་དང་། ནང་གི་སེམས་དང་། ཕྱི་རོལ་གྱི་སེམས་དང་། ནང་དང་ཕྱི་རོལ་གཉི་གའི་སེམས་སུ་ལྟ་བ་ལ་གནས་པ་དང་། ནང་གི་ཆོས་དང་། ཕྱི་རོལ་གྱི་ཆོས་དང་། ནང་དང་ཕྱི་རོལ་གཉི་གའི་ཆོས་སུ་ལྟ་བ་ལ་རབ་ཏུ་གནས་ནས་བརྩོན་འགྲུས་ཀྱིས་དྲན་པ་རྩེ་གཅིག་ཏུ་བྱས་པས་ཡང་དག་པའི་ཤེས་པ་ཐོབ་ནས་འཇིག་རྟེན་པའི་ཁོང་ཁྲོ་བ་ཇི་སྙེད་པ་དག་རྟག་ཏུ་ཡིད་ལ་མི་སེམས་ཤིང་རབ་ཏུ་དུལ་བར་གྱུར་ནས་ཀུན་འབྱུང་བའི་ཆོས་སུ་བལྟས་ཏེ་རབ་ཏུ་གནས་པ་དང་། འགོག་པའི་ཆོས་སུ་བལྟས་ནས་རབ་ཏུ་གནས་པར་ཡང་བྱེད་ལ། གཞན་ཀུན་འབྱུང་བ་དང་། འགོག་པའི་ཆོས་གཉིས་ལ་ཆོས་སུ་བལྟས་ནས་རབ་ཏུ་གནས་པར་བྱེད་པ་ཉིད་ཀྱིས་ལུས་འདི་ཉིད་ལ་ཡང་དག་པར་དྲན་པར་བྱེད་པས་རེས་འགའ་ནི་ཤེས་པ་ཁོ་ན་དང་ལྡན་པར་འགྱུར། རེས་འགའ་ནི་མཐོང་བ་ཁོ་ན་དང་ལྡན་པར་འགྱུར། རེས་འགའ་ནི་དྲན་པ་ཁོ་ན་དང་ལྡན་པར་འགྱུར་བས་འཇིག་རྟེན་འདི་ལ་བླང་བར་བྱ་བ་ཅི་ཡང་མེད་པ་རབ་ཏུ་ཤེས་པར་འགྱར་ཏེ། དེ་ལྟར་ན་དགའ་བོ་འདི་ནི་དགེ་སློང་བདག་ཉིད་གླིང་དུ་གྱུར་པ་དང་། བདག་ཉིད་གནས་དང་སྐྱབས་སུ་གྱུར་པ་དང་། ཆོས་གླིང་དུ་གྱུར་པ་དང་། ཆོས་གནས་དང་སྐྱབས་སུ་གྱུར་ཅིང་དེ་ལས་གཞན་པའི་གླིང་མེད་པ་དང་། དེ་ལས་གཞན་པའི་གནས་དང་སྐྱབས་མེད་པ་ཞེས་བྱའོ། །དགའ་བོ་སྐྱེས་བུ་རང་བཞིན་དྲང་ཞིང་གཡོ་སྒྱུ་སྤངས་པ་གང་ལ་ལ་ཞིག་སྔ་དྲོའི་དུས་ཀྱི་ཚེ་ངའི་ཐད་དུ་འོངས་པ་ལ་ངས་དབང་པོ་ཇི་ལྟ་བ་བཞིན་དུ་དགེ་བའི་ཆོས་དེ་ལ་རྗེས་སུ་བལྟན་ནས་དེ་ཕྱི་དྲོའི་དུས་ཀྱི་ཚེ་བདག་ཉིད་ཐོབ་པ་དང་ལྡན་པ་སྨྲ་བར་གྱུར་ལ། ཕྱི་དྲོའི་དུས་ཀྱི་ཚེ་ཆོས་རྗེས་སུ་བསྟན་པ་ཡང་བདག་ཉིད་ཐོབ་པ་དང་ལྡན་པར་སྨྲ་བར་བྱེད་པས་ན། དགའ་བོ་ངས་ལེགས་པར་བསྟན་པའི་ཆོས་ནི་མཐོང་བའི་ཆོས་ལ་མངོན་སུམ་དུ་རྟོགས་པ་རབ་ཏུ་གདུང་བ་སེལ་བར་བྱེད་པ། དུས་དང་དབང་པོ་དང་རབ་ཏུ་འཚམ་པར་འགྱུར་བ། ཐབས་དང་ལྡན་པ་རང་གིས་རིག་པའི་ཆོས་ལེགས་པར་སྐྱོབ་པར་བྱེད་པ་ཡིན་པས་གང་གིས་ངའི་མངོན་སུམ་དུ་ཆོས་བསྟན་པ་ཐོས་པར་གྱུར་ན་མྱ་ངན་ལས་འདས་པའི་རྗེས་སུ་འཐུན་པར་འགྱུར་ཞིང་བྱང་ཆུབ་ལ་གཞོལ་བར་བྱེད་པ་གང་ཡིན་པ་འདི་ནི་ངའི་མཁྱེན་པ་ཡིན་ཏེ། དེ་ལྟ་བས་ན་དེང་ཁྱོད་ཀྱིས་བདག་གི་དོན་དང་གཞན་གྱི་དོན་དང་། གཉི་གའི་དོན་དེ་ལྟ་བུ་མཐོང་ནས་ཆོས་འདི་ལ་རྟག་པར་ཡང་དག་པར་བསླབས་ཏེ། རབ་ཏུ་བྱུང་བའི་ཆོས་བག་ཡོད་པར་བསྒྲུབས་ནས་ཆུད་མི་གཟན་ཅིང་འབྲས་བུ་ཁྱད་པར་དུ་འཕགས་པ་འདུས་མ་བྱས་ཀྱི་བདེ་བ་ཐོབ་པར་བྱས་ནས་གཞན་གྱིས་བྱིན་པའི་ཆོས་གོས་དང་། བསོད་སྙོམས་དང་། མལ་ཆ་དང་། ན་བའི་གསོས་སྨན་ལ་སོགས་པ་བླང་བར་བྱ་ཞིང་སྦྱིན་བདག་རྣམས་བསོད་ནམས་ཀྱི་ཕན་ཡོན་ཆེན་པོ་ཐོབ་པ་དང་། འབྲས་བུ་རྣམ་པར་སྨིན་པ་ཁྱད་པར་དུ་འཕགས་པ་ཡངས་ཤིང་རྒྱ་ཆེ་བ་དག་འཐོབ་པར་འགྱུར་བར་དེ་ལྟར་དགའ་བོ་ཁྱོད་ཀྱིས་བསླབ་པར་བྱའོ། །གཞན་ཡང་དགའ་བོ་གཟུགས་འགའ་ཙམ་ཡང་རྗེས་སུ་ཆགས་པར་བྱ་བའམ། མ་འོངས་པའི་དུས་ན་རྣམ་པར་འགྱུར་ཞིང་འཇིག་པར་མི་འགྱུར་བ་གང་ཡང་མེད་དེ་དེའི་གནས་མེད་དོ། །གང་ཡང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་ཉོན་མོངས་པ་མི་སྐྱེད་པ་གང་ཡང་མེད་དེ་དེའི་གནས་མེད་དོ། །དགའ་བོ་འདི་ཇི་སྙམ་དུ་སེམས། གཟུགས་དེ་རྟག་པ་ཞིག་ཡིན་ནམ། འོན་ཏེ་མི་རྟག་པ་ཞིག་ཡིན་བཙུན་པ་དེ་ནི་རང་བཞིན་གྱིས་མི་རྟག་པ་ལགས་སོ། །དགའ་བོ་གལ་ཏེ་རང་བཞིན་གྱི་མི་རྟག་པ་ཡིན་ན་ཅི་དེ་བདེ་བ་ཅིག་ཡིན་ནམ། འོན་ཏེ་སྡུག་བསྔལ་བ་ཞིག་ཡིན་བཙུན་པ་དེ་ནི་སྡུག་བསྔལ་བ་ལགས་སོ། །གང་མི་རྟག་ཅིང་སྡུག་བསྔལ་བ་དེ་ནི་རྣམ་པར་འགྱུར་ཞིང་འཇིག་པའི་ཆོས་ཅན་ཡིན་ན་ངའི་ཉན་ཐོས་འཕགས་པ་མང་དུ་ཐོས་པ་དང་ལྡན་པ་དག་ཅི་གཟུགས་འདི་ནི་བདག་ཡིན་ནོ། །བདག་ནི་གཟུགས་རྣམས་དང་ལྡན་ནོ། །གཟུགས་ནི་བདག་གི་ཡིན་ནོ། །བདག་ནི་གཟུགས་ལ་གནས་སོ་ཞེས་ཁས་ལེན་པར་བྱེད་དམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །འདི་ཇི་སྙམ་དུ་སེམས། ཅི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དེ་དག་རྟག་པ་ཞིག་ཡིན་ནམ་འོན་ཏེ་མི་རྟག་པ་ཞིག་ཡིན་བཙུན་པ་ཐམས་ཅད་རང་བཞིན་གྱིས་མི་རྟག་པ་ལགས་སོ། །དགའ་བོ་གལ་ཏེ་རང་བཞིན་གྱིས་མི་རྟག་པ་ཡིན་ན་ཅི་བདེ་བ་ཞིག་ཡིན་ནམ། འོན་ཏེ་སྡུག་བསྔལ་བ་ཞིག་ཡིན་བཙུན་པ་སྡུག་བསྔལ་བ་ལགས་སོ། །གང་མི་རྟག་ཅིང་སྡུག་བསྔལ་བ་དེ་ནི་རྣམ་པར་འགྱུར་ཞིང་འཇིག་པའི་ཆོས་ཅན་ཡིན་ནམ། ངའི་འཕགས་པ་ཉན་ཐོས་མང་དུ་ཐོས་པ་དང་ལྡན་པ་དག་ཅི་ཚོར་བ་ལ་སོགས་པ་འདི་དག་ནི་བདག་ཡིན་ནོ། །བདག་ནི་ཚོར་བ་ལ་སོགས་པ་དང་ལྡན་ནོ། །ཚོར་བ་ལ་སོགས་པ་ནི་བདག་གི་ཡིན་ནོ། །བདག་ནི་ཚོར་བ་ལ་སོགས་པ་ལ་གནས་སོ་ཞེས་ཁས་ལེན་པར་བྱེད་དམ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །དེ་ལྟ་བས་ན་ཇི་ཙམ་དུ་གཟུགས་སུ་གྱུར་པ་འདས་པའམ། མ་འོངས་པའམ། ད་ལྟར་བྱུང་བའམ། ནང་གི་འམ། ཕྱི་རོལ་གྱི་འམ། རགས་པའམ། ཕྲ་བའམ། བཟང་པོ་འམ། ངན་པའམ། ཐག་རིང་བའམ། ཐག་ཉེ་བ་ཡང་རུང་སྟེ། ཇི་ཙམ་དུ་གཟུགས་སུ་གྱུར་པ་ཐམས་ཅད་ཀྱང་བདག་མ་ཡིན་ལ་བདག་ཀྱང་གཟུགས་དང་ལྡན་པ་མ་ཡིན་པ་དང་། གཟུགས་ཀྱང་བདག་མ་ཡིན་ལ། བདག་ཀྱང་གཟུགས་ལ་གནས་པ་མ་ཡིན་པར་རིག་པར་བྱའོ། །དེ་བཞིན་དུ་ཡང་དག་པའི་དྲན་པ་དང་ཡང་དག་པའི་ཤེས་རབ་ཀྱིས་ཇི་ཙམ་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པར་གྱུར་པ་འདས་པའམ། མ་འོངས་པའམ། ད་ལྟར་བྱུང་བའམ། ནང་གིའམ། ཕྱི་རོལ་གྱིའམ། རགས་པའམ། ཕྲ་བའམ། བཟང་པོའམ། ངན་པའམ། ཐག་རིང་བ་འམ། ཐག་ཉེ་བ་ཡང་རུང་སྟེ། དེ་དག་ཐམས་ཅད་ཀྱང་བདག་མ་ཡིན་ལ་བདག་ཀྱང་དེ་དག་དང་ལྡན་པ་མ་ཡིན་པ་དང་། དེ་དག་ཀྱང་བདག་གི་མ་ཡིན་ལ། བདག་ཀྱང་དེ་དག་ལ་གནས་པ་མ་ཡིན་པར་ལེགས་པར་སོ་སོར་བརྟག་པར་བྱའོ།  །དེ་བཞིན་དུ་ཡང་དག་པའི་དྲན་པ་དང་ཡང་དག་པའི་ཤེས་རབ་ཀྱིས་ངའི་ཉན་ཐོས་འཕགས་པ་མང་དུ་ཐོས་པ་དང་ལྡན་པ་དག་ནི་འདི་ལྟར་གཟུགས་ལ་སོ་སོར་བརྟགས་ནས་ཡོངས་སུ་སྐྱོ་བ་སྐྱེ་བ་དང་གཞན་ཡང་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ལ་སོ་སོར་བརྟགས་ནས་ཡོངས་སུ་སྐྱོ་བ་སྐྱེ་བར་འགྱུར་རོ། །གལ་ཏེ་སྐྱོ་བར་གྱུར་ན་མངོན་པར་ཞེན་པར་མི་བྱེད་དོ། །མངོན་པར་ཞེན་པ་མེད་པས་རྣམ་པར་གྲོལ་བ་ཐོབ་པར་འགྱུར་རོ། །རྣམ་པར་གྲོལ་ནས་བདག་རྣམ་པར་གྲོལ་ལོ་སྙམ་དུ་ཤེས་པས་འདི་སྐད་དུ་བདག་གི་སྐྱེ་བ་ནི་ཟད་དོ། །ཚངས་པར་སྤྱོད་པ་ཡང་དག་པར་སྤྱད་དོ། །བྱ་བ་བྱས་པས་ཡང་སྲིད་པ་ཕྱི་མ་ལེན་པར་མི་འགྱུར་རོ་ཞེས་སྒྲོགས་པར་འགྱུར་རོ་སྙམ་དུ་སོ་སོར་བརྟག་པར་བྱའོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བཀའ་སྩལ་པ་ན། ཚེ་དང་ལྡན་པ་དགའ་བོ་རྡུལ་སྤངས་ཤིང་དྲི་མ་དང་བྲལ་ནས་ཆོས་ཀྱི་མིག་རྣམ་པར་དག་པ་ཐོབ་པར་གྱུར་ཏོ། །དགེ་སློང་ལྔ་བརྒྱ་པོ་རྣམས་ནི་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་བ་ཐོབ་པར་གྱུར་ཏོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཡང་ཚིགས་སུ་བཅད་དེ་དགའ་བོ་ལ་བཀའ་སྩལ་པ། གང་ལ་མཉམ་བཞག་སེམས་མེད་པས། །རྣམ་དག་ཡེ་ཤེས་མེད་པས་ན། །ཟག་པ་རྣམས་ནི་སྤོང་མི་འགྱུར། །དེ་བས་ཁྱོད་ཀྱིས་ནན་ཏན་བསྒྲུབས། །ཁྱོད་ཀྱིས་རྣལ་འབྱོར་རྟག་སྒོམས་ལ། །ཕུང་པོ་སྐྱེ་འགག་ཤེས་པར་གྱིས། །རྣམ་དག་གལ་ཏེ་རྫོགས་གྱུར་ན། །ལྷ་རྣམས་ཀུན་ནི་དགའ་བར་འགྱུར། །མཛའ་བཤེས་ལྷན་ཅིག་འབྲེལ་དགའ་ཞིང་། །ཕན་ཚུན་འདྲུལ་ཞིང་ཆགས་པ་དང་། །ཐོབ་དང་གྲགས་པ་མངོན་ཞེན་པ། །དགའ་བོ་ཁྱེད་ཀྱིས་ཀུན་སྤོངས་ཤིག །ཁྱིམ་པ་དང་ནི་རབ་བྱུང་ལ། །བསྟེན་ཅིང་བཤེས་ནི་མ་བྱེད་པར། །འཁོར་བའི་རྒྱ་མཚོ་འདའ་སོམས་ལ། །སྡུག་བསྔལ་མཐར་ནི་ཕྱིན་པར་བྱོས། །དང་པོ་མེར་མེར་པོ་ལས་ནི། །ཤ་ཡི་ཆུ་བུར་སྐྱེ་བར་འགྱུར། །ཆུ་བུར་ལས་ནི་ལྟར་ལྟར་སྐྱེ། །ལྟར་ལྟར་པོ་ལས་མཁྲང་བར་འགྱུར། །མཁྲང་བ་རྣམ་པར་གྱུར་ནས་ནི། །མགོ་དང་ཡན་ལག་བཞི་སྐྱེ་བས། །རུས་པ་འདུས་ནས་ལུས་གྲུབ་པ། །ཐམས་ཅད་ལས་ཀྱི་རྒྱུ་ལས་བྱུང་། །མགོ་ཐོད་རུས་པ་དགུ་འདུས་ཤིང་། །འགྲམ་པའི་རུས་པ་གཉིས་འབྲེལ་ཏེ། །སོ་ནི་སུམ་ཅུ་རྩ་གཉིས་ལྡན། །དེ་ཡི་རྩ་བའང་དེ་བཞིན་ནོ། །རྣ་རྩ་གཉའ་བའི་རུས་པ་དང་། །རྐན་དང་སྣ་ཡི་རུས་པ་དང་། །བྲང་དང་མིད་པའི་རུས་པ་ནི། །བསྡུས་ན་རུས་པ་ཉི་ཤུ་ཡོད། །མིག་ལ་རུས་པ་བཞི་ཡོད་དེ། །ཕྲག་པ་བྱིན་པ་ཟུང་གཉིས་ཡོད། །ལག་པ་གཉིས་དང་སོར་མོ་རྣམས། །བསྡུས་ན་རུས་པ་ལྔ་བཅུ་ཡོད། །ལྟག་རྒྱབ་རུས་པ་བརྒྱད་ཡོད་དེ། །སྒལ་ཚིགས་ལ་ནི་སུམ་ཅུ་གཉིས། །འདི་དག་ཀུན་ལ་རྩ་ཡོད་པས། །དེ་ཡི་གྲངས་ནི་ཆ་བཞིར་འགྱུར། །རྩིབ་ལོགས་གཡས་པའི་རུས་པ་ནི། །ཕན་ཚུན་འབྲེལ་པ་བཅུ་གསུམ་ཡོད། །རྩིབ་ལོགས་གཡོན་འབྲེལ་སྐྱེ་བ་ཡི། །རུས་པ་དག་ནི་བཅུ་གསུམ་ཡོད། །རུས་པའི་ལུ་གུ་རྒྱུད་འདི་དག །གསུམ་གསུམ་དག་ནི་ཕན་ཚུན་འབྲེལ། །གཉིས་གཉིས་དག་ནི་ཚིགས་ལྡན་ཏེ། །ལྷག་མ་གཞན་ནི་འབྲེལ་པ་མེད། །གཡས་གཡོན་བརླ་ནི་གཉིས་པོ་ལ། །བསྡུས་ན་རུས་པ་ལྔ་བཅུ་ཡོད། །ལུས་ནང་འབྲེལ་པའི་རུས་པ་ནི། །བསྡོམས་ནས་སུམ་བརྒྱ་དྲུག་ཅུ་ཡོད། །རུས་ཚིགས་ཕན་ཚུན་འབྲེལ་ན་ནི། །སེམས་ཅན་ལུས་ནི་གྲུབ་ཡིན་ཞེས། །ཡང་དག་སངས་རྒྱས་མཁྱེན་པ་ཡིས། །བདེན་ཚིག་ཏུ་ནི་གསུངས་པ་ཡིན། །རྐང་མཐིལ་ནས་ནི་མགོ་ཡི་བར། །མི་གཙང་འདྲེས་ཤིང་མི་བརྟན་པ། །དེ་དག་ལྷན་ཅིག་ལུས་བསྒྲུབས་པས། །ཉམ་ཆུང་འདམ་བུའི་ཁྱིམ་དང་འདྲ། །རུས་པ་འབའ་ཞིག་གཟེར་བུ་མེད། །ཤ་ཁྲག་ཀུན་ཏུ་བསྐུས་པས་ན། །མི་གཙང་འཁྲུལ་འཁོར་རབ་འདྲ་ཞིང་། །སྒྱུ་མས་སྤྲུལ་པའི་གཟུགས་བརྙན་འདྲ། །ལུས་འདི་རྩ་རྒྱུས་དཀྲིས་ནས་ནི། །པགས་པ་གཤེར་བས་གཡོགས་པས་ན། །གནས་དགུ་རྨ་ཡི་སྒོ་ཡོད་པར། །དེ་ལྟ་བུར་ནི་བལྟ་བར་བྱ། །ཀུན་ནས་གཅིན་རྐྱག་མི་གཙང་བ། །རྟག་ཏུ་གང་ཞིང་འཛག་པས་ན། །དཔེར་ན་བང་བ་རྡོལ་རྣམས་སུ། །འབྲུ་རྣམས་སྣ་ཚོགས་བཀང་བ་ལྟར། །ལུས་འདི་ཡང་ནི་དེ་བཞིན་ཏེ། །མི་གཙང་སྣ་ཚོགས་རབ་ཏུ་གང་། །རུས་པའི་འཁྲུལ་འཁོར་གཡོ་བས་ན། །ཉམ་ཆུང་སྙིང་པོ་ཅི་ཡང་མེད། །བྱིས་པའི་སྐྱེ་བོ་རྟག་ཏུ་ཆགས། །མཁས་པ་དག་ནི་ཞེན་མི་བྱེད། །མཆིལ་སྣབས་རྔུལ་ནི་རྟག་ཏུ་འབབ། །རྣག་ཁྲག་དག་གིས་རྒྱུན་ཏུ་གང་། །ཞག་སེར་འོ་མ་ལྷན་ཅིག་འདྲེས། །ཀླད་རྒྱས་དག་ནི་ཀླད་པས་གང་། །སྙིང་གར་བད་ཀན་རྒྱུན་ཏུ་འབྱུང་། །ནང་གི་ཞུ་དང་མ་ཞུའི་གནས། །ཀླད་རྒྱས་དང་ནི་པགས་པ་དང་། །སྙིང་དང་ནང་གྲོལ་གློ་མཆིན་དང་། །འདི་ལ་སོགས་པའི་རུལ་མྱགས་དང་། །མི་གཙང་རྣམས་དང་ལྷན་ཅིག་གནས། །སྡིག་པའི་ལུས་ནི་འཇིགས་རུང་པས། །འདི་ཉིད་བདག་གི་དགྲ་ཡིན་ན། །ཤེས་མེད་འདོད་ལ་ཞེན་པ་ཡི། །བླུན་པོ་རྟག་ཏུ་ཕངས་པར་བྱེད། །འདི་འདྲའི་མི་གཙང་ལུས་འདི་ནི། །གྲོང་ཁྱེར་རྙིང་པ་འདྲ་བས་ན། །ཉིན་མཚན་ཉོན་མོངས་རབ་གཟིར་ཅིང་། །སྐད་ཅིག་མི་གནས་ཀུན་ཏུ་འཁྱམས། །རུས་པས་གྲོང་ཁྱེར་རྩིག་པར་བྱེད། །ཤ་དང་ཁྲག་གིས་ཞལ་ཞལ་བསྐུས། །འདོད་སྡང་གཏི་མུག་ཚོན་བཀྱེ་ནས། །ཅི་རིགས་པར་ནི་རྒྱན་པར་བྱེད། །རུས་པའི་གྲོང་ཁྱེར་སྐྱུག་བྲོ་བ། །ཤ་ཁྲག་འབྲེལ་ཅིང་འདུས་པས་ན། །རྟག་ཏུ་སྡུག་པའི་གྲོགས་པོ་ཡིས། །ཕྱི་ནང་སྡུག་བསྔལ་གདུང་བར་བྱེད། །དགའ་བོ་ཁྱོད་ཀྱིས་ཤེས་པར་བྱོས། །ངས་ནི་ཇི་སྐད་བསྟན་པ་བཞིན། །ཉིན་མཚན་རྟག་ཏུ་དྲན་བྱོས་ལ། །འདོད་པའི་ཡུལ་ལ་སེམས་མ་བྱེད། །གལ་ཏེ་འདོད་པ་སྤོང་འདོད་ན། །རྟག་ཏུ་དེ་བཞིན་རབ་སྒོམས་ལ། །རྣམ་གྲོལ་ཡོངས་སུ་བཙལ་བར་གྱིས། །མྱུར་དུ་འཁོར་བའི་རྒྱ་མཚོ་འདའ། །བཅོམ་ལྡན་འདས་ཀྱིས་མངལ་དུ་འཇུག་པའི་ཆོས་ཀྱི་རྣམ་གྲངས་འདི་བཀའ་སྩལ་པ་ན། ཚེ་དང་ལྡན་པ་དགའ་བོ་དང་། དགེ་སློང་ལྔ་བརྒྱ་པོ་དེ་དག་རབ་ཏུ་དགའ་བར་གྱུར་པས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །དེའི་ཚེ་ཚེ་དང་ལྡན་པ་དགའ་བོ་འཁོར་བའི་རྒྱ་མཚོ་འབྲོག་དགོན་པ་ལས་ཡང་དག་པར་འདས་ཏེ། མཐར་ཐུག་པའི་བདེ་བ་མྱ་ངན་ལས་འདས་པའི་གནས་སུ་ཕྱིན་ནས་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་གྱུར་པས་བདག་ཉིད་ཤིན་ཏུ་དགའ་བར་གྱུར་ནས་ཚིགས་སུ་བཅད་དེ་སྨྲས་པ། གུས་སེམས་ཁྲུས་ནི་བསྟབས་པ་དང་། །ཆུ་གཙང་བྱུག་སྤོས་ཕུལ་བ་དང་། །བསོད་ནམས་རྣམས་ནི་བསྒྲུབས་པས་ན། །རྣམ་སྨིན་མཆོག་འདི་ཐོབ་པ་ཡིན། །དེ་ནས་འཁོར་མང་པོ་རྣམས་དེ་སྐད་ཅེས་སྨྲས་པ་ཐོས་པས་ཐམས་ཅད་ཐེ་ཚོམ་དུ་གྱུར་ནས་ཐེ་ཚོམ་གཅད་པའི་ཕྱིར་སྟོན་པ་ཆེན་པོ་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ཚེ་དང་ལྡན་པ་དགའ་བོ་འདིས་སྔོན་སུག་ལས་ཅི་བགྱིས་ན་དེའི་རྣམ་པར་སྨིན་པས་ལུས་ཀྱི་མདོག་གསེར་གྱི་ཁ་དོག་ལྟ་བུར་གྱུར་ལ། མཚན་སུམ་ཅུ་དང་ལྡན་པས་བདག་ཉིད་བརྒྱན་ཅིང་བཅོམ་ལྡན་འདས་ཀྱི་སྐུ་བས་སོར་བཞིས་ཐུང་བར་གྱུར་ཅིའི་སླད་དུ་འདོད་པའི་ཡུལ་ལ་ཤིན་ཏུ་མངོན་པར་ཞེན་པ་ལས་སྟོན་པ་ཆེན་པོས་ཐུགས་བརྩེ་བར་དགོངས་ནས་མཐུས་འཁོར་བའི་རྒྱ་མཚོ་ལས་བསྒྲལ་ཏེ། ཐབས་ཀྱིས་ཤིན་ཏུ་མཐར་ཐུག་པའི་མྱ་ངན་ལས་འདས་པ་ལ་རྣམ་པར་གཞག་པ་བཀའ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་སློང་དགའ་བོས་སྔོན་ལས་མངོན་པར་འདུས་བྱས་པའི་འབྲས་བུ་རྣམ་པར་སྨིན་པ་ཡོངས་སུ་སྨིན་པས་ན་ཐམས་ཅད་མངོན་དུ་གྱུར་པ་ཡིན་ནོ། །ཞེས་གཞན་ནས་བསྟན་པ་བཞིན་དུ་རྒྱ་ཆེར་བཀའ་སྩལ་ནས་ཚིགས་སུ་བཅད་དེ་བཀའ་སྩལ་པ། གལ་ཏེ་བསྐལ་པ་བརྒྱ་ལོན་ཀྱང་། །ལས་བྱས་ཆུད་ཟར་མི་འགྱུར་ཏེ། །རྒྱ་དང་རྐྱེན་ནི་ཚོགས་པ་ན། །ལུས་ཅན་ཉིད་ལ་འབྲས་བུར་སྨིན། །དགེ་སློང་དག་ཁྱེད་ཉོན་ཅིག །སྔོན་བྱུང་བ་འདས་པའི་དུས་བསྐལ་པ་དགུ་བཅུ་རྩ་གཅིག་གི་སྔོན་རོལ་ན་སྐྱེ་དགུ་རྣམས་ཚེ་ལོ་བརྒྱད་ཁྲི་ཐུབ་པའི་ཚེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། བླ་ན་མེད་པའི་སྐྱེས་བུ་འདུལ་བ་ཁ་ལོ་སྒྱུར་བ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རྣམ་པར་གཟིགས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དགེ་སློང་གི་དགེ་འདུན་བརྒྱ་སྟོང་ཕྲག་དྲུག་ཅུ་རྩ་གཉིས་དང་ཐབས་ཅིག་ཏུ་ལྗོངས་རྒྱུ་ཞིང་གྲོང་ཁྱེར་མཉེན་ལྡན་རྒྱལ་པོའི་ཕོ་བྲང་འཁོར་དུ་གཤེགས་ནས་མཉེན་ལྡན་གྱི་ཚལ་ན་བཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་དེའི་གཡས་ཁྱིམ་གྱི་གཅུང་ཞིག་ཡོད་པ་དེ་འདོད་པའི་ཡུལ་ལ་ཤིན་ཏུ་མངོན་པར་ཞེན་ཅིང་ཆགས་པ་ལས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་དེས་འཁོར་བའི་རྒྱ་མཚོ་ལས་ཡོངས་སུ་བཟླ་བའི་ཕྱིར་རབ་ཏུ་འབྱུང་བར་བསྐུལ་ནས་ཐབས་ཀྱིས་མཐར་ཐུག་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་རྣམ་པར་གཞག་གོ། །དེའི་ཚེ་ན་ཡུལ་དེའི་བདག་པོ་མཉེན་ལྡན་ཞེས་བྱ་བ་རྒྱལ་པོ་བྱེད་དེ། འདི་ལྟར་རྒྱལ་པོ་ཆོས་ཀྱིས་མི་རྣམས་འདུལ་བ། མི་དང་སྐྱེ་བོ་མང་པོ་རྒྱས་པ། ལོ་ལེགས་ཤིང་བདེ་བ། གཡོ་སྒྱུ་དང་ཆོམ་རྐུན་མེད་ཅིང་ནད་དང་བྲལ་བ། བ་ལང་དང་། ར་ལུག་དང་། སྰ་ལུ་དང་། བུ་རམ་ཤིང་ཀུན་ཏུ་གང་ཞིང་རྒྱས་པར་གྱུར་ཏེ། རྒྱལ་པོ་དེའི་གཡས་ཁྱིམ་གྱི་ནུ་བོ་ཞིག་ཡོད་པ་ཡང་ཤིན་ཏུ་འདོད་པ་ལ་མངོན་པར་ཞེན་ཅིང་ཆགས་པར་གྱུར་ཏོ། །རྒྱལ་པོ་དེས་བཅོམ་ལྡན་འདས་འཁོར་དང་བཅས་ཏེ་མཉེན་ལྡན་གྱི་ཚལ་ན་བཞུགས་པར་ཐོས་པས་བཙུན་མོ་དང་། གཞོན་ནུ་དང་། བློན་པོ་དང་། སྐྱེ་བོ་མང་པོའི་ཚོགས་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བྱས་ནས་ཕྱོགས་གཅིག་ཏུ་འཁོད་པ་དང་། དེ་ནས་བཅོམ་ལྡན་འདས་དེས་རྒྱལ་པོ་འཁོར་དང་བཅས་པ་ལ་ཤིན་ཏུ་གྱ་ནོམ་པའི་ཆོས་ཀྱི་གཏམ་ཀུན་ཏུ་བསྟན་ཅིང་གཟེངས་བསྟོད་པས་ཁྱད་པར་དུ་འཕགས་པའི་ཤེས་པ་ཐོབ་པར་གྱུར་རོ། །དེའི་ནུ་བོ་འདོད་པ་ལ་ཞེན་ཅིང་ཁྱིམ་ནས་འབྱུང་དུ་མ་བཏུབ་པ་དང་། དེའི་ཚེ་དེ་ལ་བློན་པོའི་བུ་དང་། གཞན་ཡང་སྔ་ནས་ལྷན་ཅིག་རྩེ་རྩེ་བའི་གྲོགས་པོ་དག་གིས་ཀྱེ་གྲོགས་པ་ཤེས་པར་གྱིས་ཤིག  འདི་ལྟར་རྒྱལ་པོ་ནི་གཞོན་ནུ་དང་། བཙུན་མོའི་འཁོར་དང་བློན་པོ་དང་། སྐྱེ་བོ་མང་པོ་དང་བཅས་ཏེ། དེ་བཞིན་གཤེགས་པ་རྣམ་པར་གཟིགས་ག་ལ་བདེར་དོང་སྟེ། གུས་པས་དམ་པའི་ཆོས་མཉན་པས་ཁྱད་པར་དུ་འཕགས་པའི་ཤེས་པ་ཐོབ་པར་གྱུར་ཏེ། འདི་ལྟར་ཁྱོད་ཀྱང་མི་ལུས་ཤིན་ཏུ་ཐོབ་པར་དཀའ་བ་ལས་དེང་ཐོབ་པར་གྱུར་ན་ཅིའི་ཕྱིར་འདོད་པ་ལ་མངོན་པར་ཞེན་ཅིང་ཆགས་ནས་སྒོར་ཡང་འབྱུང་དུ་མི་བཏུབ་ཅེས་སྨྲས་པ་དང་། དེས་ཀྱང་དེ་སྐད་དུ་སྤྱོ་བ་ཐོས་པས་ཤིན་ཏུ་ངོ་ཚ་བར་གྱུར་ནས་དེ་དག་གི་རྗེས་སུ་འབྲངས་ཏེ་ལྷན་ཅིག་དོང་ངོ་། །དེའི་ཚེ་བཅོམ་ལྡན་འདས་དེའི་གཅུང་དགེ་སློང་དེས་མང་པོ་དེ་དག་ལྷན་ཅིག་འགྲོགས་ཏེ་དོང་བ་མཐོང་ནས་ཀྱེ་ཁྱེད་ཅིའི་ཕྱིར་མི་འདི་གཅིག་པུ་ཁྲིད་ནས་ལྷན་ཅིག་འགྲོགས་ཏེ་འགྲོ་ཞེས་དྲིས་པ་དང་། དེ་དག་གིས་ཀྱང་ཇི་ལྟར་གྱུར་པ་ཞིབ་ཏུ་སྨྲས་སོ། །དགེ་སློང་དེས་སྨྲས་པ། བདག་ནི་བཅོམ་ལྡན་འདས་ཀྱི་གཅུང་ཡིན་ཏེ་སྔོན་ཁྱིམ་ན་གནས་པའི་ཚེ་འདོད་པའི་ཡུལ་རྣམས་ལ་ཤིན་ཏུ་མངོན་པར་ཞེན་ཅིང་ཆགས་པ་ལས་སྟོན་པ་ཆེན་པོས་ཐུགས་རྗེར་དགོངས་ནས་མཐུས་འཁོར་བ་ལས་བཟླས་ཏེ་མཐར་ཐུག་པའི་མྱ་ངན་ལས་འདས་པ་ལ་བཞག་པ་ཡིན་ནོ། །གཞན་ཡང་སྐྱེས་བུ་གླེན་པ་བདག་དང་འདྲ་བ་འདི་ལྟ་བུ་ཡོད་པ་ལས་ཁྱེད་ཀྱིས་སྙིང་བརྩེ་ནས་ལྷན་ཅིག་ཁྲིད་དེ་འོངས་པ་ཤི་ཏུ་ལེགས་སོ། །དེང་བླ་ན་མེད་པའི་སྟོན་པ་ཆེན་པོ་བཅོམ་ལྡན་འདས་ག་ལ་བ་དེར་ཁྲིད་ཅིག་དང་གདོན་མི་ཟ་བར་ཤིན་ཏུ་དད་པ་སྐྱེ་བར་འགྱུར་རོ། །ཞེས་སྨྲས་པས་དེ་དག་ཀྱང་ལྷན་ཅིག་འགྲོགས་ནས་བཅོམ་ལྡན་འདས་ག་ལ་བ་དེར་དོང་བ་དང་། བཅོམ་ལྡན་འདས་དེས་ཀྱང་དེ་དག་ལ་གཟིགས་ནས་དབང་པོ་དང་མོས་པ་ཇི་ལྟ་བ་བཞིན་དུ་ཡང་དག་པར་བསྟན་པས་དེ་དག་གིས་ཐོས་པར་གྱུར་ནས་ཤིན་ཏུ་དད་པ་སྐྱེས་པས་འདུག་པའི་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སྟོན་པ་ཆེན་པོ་འཕགས་པའི་དགེ་འདུན་དང་ཐབས་ཅིག་ཏུ་སང་གི་གདུགས་ལ་བདག་གི་སྡུམ་པར་བསྲོ་ཁང་དུ་ཁྲུས་ལ་གཤེགས་པར་ཅི་གནང་ཞེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱང་ཅང་མི་གསུང་བར་གཤེགས་པར་ཞལ་གྱིས་བཞེས་སོ། །དེས་ཀྱང་ཞལ་གྱིས་བཞེས་པར་རིག་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ཕྱག་བྱས་ཏེ་སོང་ངོ་། །དེ་ནས་རྒྱལ་པོ་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། རྒྱལ་པོ་ལ་ལུས་གུས་པས་ཕྱག་བྱས་ནས་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ་བདག་བཅོམ་ལྡན་འདས་ག་ལ་དེར་མཆིས་ནས་ཆོས་ཐོས་པ་དང་། ཤིན་ཏུ་དད་པས་སྐྱེས་ཏེ་འདོད་པའི་ཡུལ་རྣམས་ལ་ཡོངས་སུ་སྐྱོ་བའི་སེམས་སྐྱེས་ནས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པར་སང་གི་གདུགས་ལ་བདག་གི་སྡུམ་པར་བསྲོ་ཁང་དུ་ཁྲུས་ལ་གཤེགས་པར་གསོལ་བ་ལས་དེ་བཞིན་གཤེགས་པ་སྟོན་པ་ཆེན་པོས་ཀྱང་ཐུགས་བརྩེ་བར་དགོངས་ནས་གཤེགས་པར་ཞལ་གྱིས་བཞེས་ཏེ། བཅོམ་ལྡན་འདས་དེ་ནི་ལྷ་དང་མི་རྣམས་ཀྱིས་མཆོད་པར་བགྱི་བའི་འོས་སུ་གྱུར་པ་ལགས་ན་ལྷས་ཀྱང་གྲོང་ཁྱེར་གྱི་ཤུལ་དང་སྲང་རྣམས་ཕྱག་དར་བྱས་ནས་ཆག་ཆག་བཏབ་སྟེ་མཛེས་པར་བགྱི་བའི་རིགས་སོ་ཞེས་སྨྲས་པ་དང་། རྒྱལ་པོས་འདི་སྙམ་དུ་བཅོམ་ལྡན་འདས་གྲོང་ཁྱེར་དུ་གཤེགས་ན་བདག་གི་གྲོང་ཁྱེར་མཛེས་པར་བྱ་མོད་ཀྱི་འོན་ཀྱང་བདག་གི་ནུ་བོ་འདོད་པ་ལ་མངོན་པར་ཞེན་ནས་བཟློག་པ་དཀའ་བ་ལས་དེང་བཅོམ་ལྡན་འདས་ཀྱིས་ཐུལ་བར་གྱུར་པ་ནི་ཡང་དག་པར་ངོ་མཚར་ཆེའོ་སྙམ་དུ་བསམས་ནས་ནུ་བོ་ཤིན་ཏུ་ལེགས་ཀྱིས་ཁྱོད་སོང་ལ་ཁྲུས་ཀྱི་ཡོ་བྱད་ཅི་དགོས་པ་སྦྱོར་ཅིག་དང་། ངས་ཀྱང་ཅི་ནུས་ཀྱིས་གྲོང་ཁྱེར་བརྒྱན་པར་བྱའོ་ཞེས་སྨྲས་པས་རྒྱལ་པོའི་ནུ་བོ་ཡང་ཤིན་ཏུ་དགའ་བར་གྱུར་ཏེ་རྒྱལ་པོ་ལ་ཕྱག་བྱས་ནས་ལངས་ཏེ་སོང་ངོ་། །དེ་ནས་རྒྱལ་པོས་བློན་པོ་རྣམས་ལ་བསྒོ་བ་ཀྱེ་ཁྱེད་ཅག་དེང་ལ་གྲོང་ཁྱེར་དུ་དྲིལ་ཆེན་བསྒྲགས་ཏེ་ཕྱོགས་སུ་འདི་སྐད་དུ་སང་བཅོམ་ལྡན་འདས་གྲོང་ཁྱེར་དུ་གཤེགས་ཀྱིས་གྲོང་ཁྱེར་ན་གནས་པ་དང་ཡུལ་སོ་སོ་ནས་ལྷགས་པའི་སྐྱེ་བོ་རྣམས་སོ་སོ་ནས་ཅི་ནུས་ཀྱིས་གྲོང་ཁྱེར་མཛེས་པར་གྱིས་ལ་ལམ་དང་སྲུང་རྣམས་ཕྱག་དར་བྱས་ཏེ་ཆག་ཆག་བཏབ་ནས་མེ་ཏོག་དང་སྤོས་དང་དྲི་རྣམས་ཐོགས་ཏེ། སྟོན་པ་ཆེན་པོ་གཤེགས་པ་སུ་ཤིག་ཅེས་སྒོ་ཤིག །བློན་པོ་རྣམས་ཀྱིས་ཀྱང་ལྷ་དེ་བཞིན་འཚལ་ལོ་ཞེས་རྒྱལ་པོའི་བཀའ་ཁྱེར་ནས་ཕྱོགས་སུ་གོ་བར་བསྒོ་ཞིང་དྲིལ་ཆེན་གྱི་སྒྲ་བསྒྲགས་པས་སྐྱེ་བོ་རྣམས་གྲོང་ཁྱེར་དེའི་རྡོ་བ་དང་གྱོ་མོ་དང་བོང་བ་རྣམས་བསལ་ཏེ། ས་སྤོས་ཀྱི་ཆུས་ཀུན་ཏུ་ཁྱབ་པར་ཆག་ཆག་བཏབ་ནས་བདུག་པ་དམ་པ་རྣམས་ཀྱང་བསྲེགས་གདུགས་དང་རྒྱལ་མཚན་དང་། བ་དན་མང་པོ་ཡང་བཙུགས་ཏེ་མེ་ཏོག་རྣམས་མངོན་པར་གཏོར་བས་ལྷའི་དབང་པོ་བརྒྱ་བྱིན་གྱི་སྐྱེད་མོས་ཚལ་དགའ་བ་བཞིན་དུ་བྱས་སོ། །དེའི་ཚེ་རྒྱལ་པོའི་ནུ་བོས་ཀྱང་སྤོས་ཆུ་དང་སྤོས་མར་ལསོགས་པ་སྦྱར་ཏེ་བསྲོ་ཁང་མཛེས་པར་བྱས་ཁྲི་བཤམས་ནས་གདན་ཡང་བཏིང་ངོ་། །དེ་བཞིན་གཤེགས་པ་རྣམ་པར་གཟིགས་མཐར་གྱིས་གྲོང་ཁྱེར་དུ་གཤེགས་སུ་ཉེ་བ་དང་། རྒྱལ་པོ་དང་། རྒྱལ་བུ་དང་། བློན་པོ་དང་། བཙུན་མོ་དང་། སླས་དང་། སྐྱེ་བོ་མང་པོ་རྣམས་གྲོང་ནས་བྱུང་སྟེ། དེ་བཞིན་གཤེགས་པ་བསུ་ནས་རྒྱང་ནས་བཅོམ་ལྡན་འདས་ལ་ཕྱག་བྱས་ཏེ་ཞབས་འབྲིང་བྱས་ནས་གྲོང་ཁྱེར་དུ་གཤེགས་པ་དང་། དེའི་ཚེ་རྒྱལ་པོའི་ནུ་བོ་དེས་ཀྱང་བཅོམ་ལྡན་འདས་བསྲོ་ཁང་དུ་གཤེགས་པར་སྤྱན་དྲངས་ཏེ། སྤོས་ཆུ་ལ་སོགས་པ་ཕུལ་ནས་སྐུ་བསིལ་བར་གསོལ་ཏེ། བཅོམ་ལྡན་འདས་ཀྱི་སྐུ་གསེར་གྱི་ཁ་དོག་ཅན་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་ཡོངས་སུ་བརྒྱན་པ་མཐོང་བ་དང་། རབ་ཏུ་དགའ་ནས་ཤིན་ཏུ་དང་བའི་དད་པ་སྐྱེས་པར་གྱུར་ཏོ། །སྐུ་བསིལ་ནས་ན་བཟའ་མནབས་པ་དང་། དེས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ནས་འདི་སྐད་དུ་དེང་བདག་གིས་བསོད་ནམས་ཀྱི་ཞིང་མཆོག་དམ་པ་ལ་མཆོད་པ་ཅུང་ཟད་བགྱིས་པ་འདིའི་དགེ་བའི་རྩ་བས་མ་འོངས་པའི་དུས་ན་བཅོམ་ལྡན་འདས་འདི་དང་ཐ་དད་པ་མེད་པའི་གསེར་གྱི་ཁ་དོག་ཅན་གྱི་ལུས་ཐོབ་པར་གྱུར་ཅིག །ཇི་ལྟར་བཅོམ་ལྡན་འདས་འདིའི་གཅུང་འདོད་པའི་ཡུལ་ལ་མངོན་པར་ཞེན་ཅིང་ཆགས་པ་ལས་མཐུས་ཡོངས་སུ་བཟླས་ཏེ། ཤིན་ཏུ་མཐར་ཐུག་པའི་མྱ་ངན་ལས་འདས་པ་ལ་གཞོལ་བར་འགྱུར་བ་དེ་བཞིན་དུབདག་ཀྱང་མ་འོངས་པའི་དུས་ན་དེ་བཞིན་གཤེགས་པའི་གཅུང་དུ་གྱུར་ནས་གསེར་གྱི་ཁ་དོག་ཅན་གྱི་ལུས་ཐོབ་པར་གྱུར་ཏེ། འདི་ལྟར་བདག་འདོད་པའི་ཡུལ་ལ་མངོན་པར་ཞེན་ཆིང་ཆགས་པར་གྱུར་པ་ན་ཡང་མཐུས་སྲེད་པའི་ཆུ་བོ་ཟབ་མོ་ལས་ཡོངས་སུ་བཟླས་ཏེ་མྱ་ངན་ལས་འདས་པའི་བདེ་བ་ལ་གཞོག་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །དགེ་སློང་དག་ཁྱེད་ཀྱིས་དེའི་ཚེ་དེའི་དུས་ན་རྒྱལ་པོ་གཉེན་ལྡན་གྱི་ནུ་བོ་འདོད་པ་ལ་མངོན་པར་ཞེན་པར་གྱུར་པ་དེ་གཞན་ཡིན་སྙམ་དུ་སེམས་ན་དེ་ལྟར་མི་ལྟ་སྟེ། དེ་ནི་དགེ་སློང་དགའ་བོ་འདི་ཉིད་ཡིན་ནོ། །འདིས་སྔོན་འདས་པའི་དུས་སུ་དེ་བཞིན་གཤེགས་པ་རྣམ་པར་གཟིགས་བསྲོ་ཁང་དུ་གཤེགས་པར་གསོལ་ནས་སྤོས་ཆུ་ལ་སོགས་པས་སྐུ་བསིལ་ཏེ། ཤིན་ཏུ་དང་བའི་དད་པས་སྨོན་ལམ་བཏབ་པ་དེའི་དགེ་བའི་རྩ་བའི་རྒྱུས་དེང་དེ་བཞིན་གཤེགས་པའི་གཅུང་དུ་གྱུར་ནས་ལུས་གསེར་གྱི་ཁ་དོག་ལྟ་བུར་གྱུར་པ་དང་། འདོད་པའི་ཡུལ་ལ་མངོན་པར་ཞེན་ཅིང་ཆགས་པ་ལས་ངས་མཐུས་ཕྱུང་སྟེ། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་མཐར་ཐུག་པའི་མྱ་ངན་ལས་འདས་པ་ཤིན་ཏུ་བདེ་བའི་གནས་སུ་ཕྱིན་པར་གྱུར་པ་ཡིན་ནོ། །དེ་ནས་འཁོར་མང་པོ་རྣམས་ཐེ་ཚོམ་དུ་གྱུར་ནས་ཡང་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ་ཚེ་དང་ལྡན་པ་དགའ་བོས་སྔོན་ལས་ཅི་བགྱིས་ན་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་མངོན་པར་གྲུབ་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འདིས་ལས་མངོན་པར་འདུས་བྱས་པས་ན་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་སྔ་མ་བཞིན་ཏེ། སྔོན་འདས་པའི་དུས་སུ་རི་བྲགས་ཀྱི་གྲོང་གཞན་ཞིག་ན་ཁྱིམ་བདག་ཕྱུག་ཅིང་ནོར་མང་བ། ཡོ་བྱད་ཀྱིས་བྲེལ་བ་མེད་པ་ཞིག་གནས་པ་དེ་ལ་སྐྱེད་མོས་ཚལ་མེ་ཏོག་དང་འབྲས་བུ་རྒྱས་ཤིང་ཆུ་མིག་དང་། འབབ་ཆུ་དང་། ལྗོན་ཤིང་དང་ལྡན་པ། རབ་ཏུ་བྱུང་བའི་དབེན་གནས་སུ་འོས་པ་ཞིག་ཡོད་དེ། དེའི་ཚེ་རང་སངས་རྒྱས་སེམས་ཅན་ལ་སྙིང་བརྩེ་བའི་ཕྱིར་འཇིག་རྟེན་དུ་བྱུང་ནས་དབེན་པ་ན་གནས་པ་ཡོད་པས་ནམ་འཇིག་རྟེན་དུ་སངས་རྒྱས་མི་འབྱུང་བའི་ཚེ་འདི་འབའ་ཞིག་བསོད་ནམས་ཀྱི་ཞིང་དུ་གྱུར་ཏེ། དེ་ནས་རང་སངས་རྒྱས་གཞན་ཞིག་ལྗོངས་རྒྱུ་ཞིང་རི་བྲགས་ཀྱི་གྲོང་དེར་ཕྱིན་ནས་ཕན་ཚུན་ཀུན་ཏུ་བརྟགས་ཏེ། གནས་བཙལ་བ་ལས་དེའི་སྐྱེད་མོས་ཚལ་དུ་ཕྱིན་པ་དང་སྐྱེད་མོས་ཚལ་དེ་སྲུང་བའི་མིས་འཕགས་པ་དེ་མཐོང་ནས་བདེ་བར་གཤེགས་པ་མཉེལ་བསོ་བའི་སླད་དུ་འཕགས་པ་འདིར་བཞུགས་སུ་གསོལ་ཞེས་སྨྲས་སོ། །དེས་ནམ་གྱི་གུང་ཐུན་ལ་མེའི་ཁམས་ལ་སྙོམས་པར་ཞུགས་པ་དང་། སྐྱེད་མོས་ཚལ་སྲུང་བའི་མིས་མཐོང་ནས་འདི་སྙམ་དུ་བཙུན་པ་ཆེན་པོ་འདི་ནི་འདི་ལྟ་བུའི་སྤྱོད་པ་མཆོག་གྲུབ་པོ་སྙམ་དུ་བསམས་ནས་དེ་ནས་ནུབ་མོ་ལངས་ཏེ། ཁྱིམ་བདག་ག་ལ་བ་དེར་སོང་ནས་འདི་སྐད་དུ་ཁྱིམ་བདག་ཆན་པོ་དེང་དགའ་བ་ཆེན་པོ་སྐྱེད་ཅིག །སྐྱེད་མོས་ཚལ་ན་འཕགས་པ་ཞིག་བདག་གི་ཐད་དུ་གཤེགས་ནས་མཚན་མོ་གནས་པ་ལས་དེའི་སྤྱོད་པ་གྱ་ནོམ་པ་དང་ལྡན་ཞིང་རྫུ་འཕྲུལ་ཆེན་པོ་ཕུན་སུམ་ཚོགས་པ་ཞིག་པས་འོད་ཟེར་ཆེན་པོ་བཀྱེ་ནས་སྐྱེད་མོས་ཚལ་གྱི་ནང་ཀུན་ཏུ་གསལ་བར་བྱས་སོ་ཞེས་སྨྲས་པ་ཁྱིམ་བདག་གིས་ཐོས་ནས་མྱུང་ཞིང་རིངས་པར་སྐྱེད་མོས་ཚལ་དུ་སོང་སྟེ། རྐང་པ་གཉིས་ལ་ཕྱག་བྱས་ནས་འདི་སྐད་དུ་འཕགས་པ་ནི་བསོད་སྙོམས་བཞེད་པ་ལགས་ལ་བདག་ནི་བསོད་ནམས་འཚལ་བ་ལགས་ན་ཐུགས་བརྩེ་བར་དགོངས་ཏེ། སྐྱེད་མོས་ཚལ་འདིར་བཞུགས་སུ་གསོལ། བདག་གིས་རྟག་པར་བསོད་སྙོམས་སྦྱར་རོ་ཞེས་སྨྲས་པ་དང་། དེས་ཀྱང་དེས་གུས་པས་གསོལ་བ་བཏབ་པར་མཐོང་ནས་ཁས་བླངས་ཏེ། སྐྱེད་མོས་ཚལ་དེའི་ནང་དུ་གནས་ནས་བསམ་གཏན་དང་རྣམ་པར་ཐར་པ་མཆོག་ལ་སྙོམས་པར་ཞུགས་ཏེ། བདེ་བ་རྗེས་སུ་མྱོང་བར་གྱུར་ཏོ། །དུས་གཞན་ཞིག་ན་དེ་འདི་སྙམ་དུ་བདག་གི་ལུས་རུལ་བ་འདི་ནི་འཁོར་བར་འཁོར་བ་ལས་བདག་གིས་གང་བྱ་བ་དེ་ནི་ཐོབ་པར་གྱུར་པས་མྱ་ངན་ལས་འདས་པ་ཞི་བའི་དབྱིངས་སུ་ཞུགས་ནས་གཏན་དུ་མི་སྐྱེ་བ་དེ་མངོན་སུམ་དུ་བྱ་བའི་རིགས་སོ་སྙམ་ནས་ནམ་མཁའ་ལ་མངོན་པར་འཕགས་ཏེ། མེའི་ཁམས་ལ་སྙོམས་པར་ཞུགས་ནས་རྫུ་འཕྲུལ་རྣམས་མངོན་པར་བསྟན་ཏེ། འོད་ཟེར་ཆེན་པོ་བཀྱེ་ནས་སྟེང་དུ་འབར་བ་དང་། ཚ་བ་དང་། འོག་ཏུ་ཆུ་འབབ་པ་ལ་སོགས་པ་བསྟན་ཏེ། ལུས་འདི་སྤངས་ནས་རྣམ་པར་ཤེས་པ་སྐྱེ་བར་མི་འགྱུར་བ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་ནས་ཁྱིམ་བདག་དེས་དེའི་རུས་བུ་བླངས་ནས་དྲིའི་ཤིང་ཐམས་ཅད་ཀྱིས་བསྲེགས་ཏེ། འོ་མས་མེ་བསད་ནས་རུས་པ་ལྷག་མ་ལུས་པར་བསྡུས་ཏེ་བུམ་པ་སར་པའི་ནང་དུ་བཅུག་ནས་མཆོད་རྟེན་བརྩིགས་ཏེ། གདུགས་དང་། རྒྱལ་མཚན་དང་། བ་དན་རྣམས་བཙུགས་ནས་ཤིན་ཏུ་དང་བའི་དད་པས་དྲིའི་ཆུ་གྱ་ནོམ་པ་སུམ་ཅུ་གཏོར་ཏེ། མཚན་བཟང་པོ་རྣམས་གྲུབ་པར་ཤོག་ཤིག་ཅེས་སྨོན་ལམ་ཆེན་པོ་བཏབ་པོ། །དགེ་སློང་དག་ལེགས་པར་ཉོན་ལ་དེའི་ཚེ་དེའི་དུས་ན་ཁྱིམ་བདག་ཏུ་གྱུར་པ་དེ་གཞན་ཡིན་པ་སྙམ་དུ་སེམས་ན་དེ་ལྟར་མི་བལྟ་སྟེ། དེ་ནི་དགའ་བོ་འདི་ཉིད་ཡིན་ནོ། །འདིས་མཆོད་པ་མཆོག་བྱས་པ་དང་། གུས་པ་དང་། ཤིན་ཏུ་དང་བ་བསྐྱེད་པའི་ལས་ཀྱི་དབང་གིས་དེང་འདིས་མཚན་མཆོག་ཁྱད་པར་དུ་འཕགས་པ་སུམ་ཅུ་མངོན་པར་གྲུབ་པའི་རྣམ་པར་སྨིན་པ་མྱོང་བར་གྱུར་པ་ཡིན་ནོ། །དེ་ནས་འཁོར་མང་པོ་རྣམས་ཡང་ཐེ་ཚོམ་སྐྱེས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ཚེ་དང་ལྡན་པ་དགའ་བོས་ལས་ཅི་བགྱིས་ན་གལ་ཏེ་འདི་རབ་ཏུ་མ་བྱུང་ཞིང་ཁྱིམ་ན་གནས་པར་གྱུར་ན་གདོན་མི་ཟ་བར་སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་འདིས་བགྱིས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགའ་བོས་ཚེ་རབས་སྔ་མ་ལ་ལས་མངོན་པར་འདུས་བྱས་པའི་འབྲས་བུ་རྣམ་པར་སྨིན་པ་ཡོངས་སུ་སྨིན་པར་གྱུར་པའི་ཚེ་གདོན་མི་ཟ་བར་བདག་ཉིད་ཀྱིས་མྱོང་བར་འགྱུར་རོ། །ཞེས་བྱ་བ་ལ་སོགས་པ་ཡང་རྒྱས་པར་གོང་མ་བཞིན་དུ་རྒྱས་པར་སྦྱར་ཏེ། དགེ་སློང་དག་སྔོན་བྱུང་བ་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུ་རྣམས་ཚེ་ལོ་སྟོང་ཕྲག་ཉི་ཤུ་ཐུབ་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ཞེས་བྱ་བ་མཚན་སུམ་ཅུ་དང་ལྡན་པ་འཇིག་རྟེན་དུ་བྱུང་སྟེ། ཡུལ་ཝྰ་ར་ཎྰ་སི་དྲང་སྲོང་ལྷུང་བའི་གནས་རི་དགས་བྱིན་པའི་ཚལ་ན་བཞུགས་སོ། །དེའི་ཚེ་ན་གྲོང་ཁྱེར་དེ་ན་རྒྱལ་པོ་ཀྲི་ཀྲི་ཞེས་བྱ་བ་རྒྱལ་པོ་བྱེད་དེ། འདི་ལྟར་ཆོས་ཀྱིས་འཇིག་རྟེན་འདུལ་བར་བྱེད་པས་ཆོས་བཞིན་དུ་རྒྱལ་པོ་བྱེད་དོ། །ཞེས་བྱ་བ་ལ་སོགས་པ་ཡང་རྒྱས་པར་གོང་མ་བཞིན་དུ་སྦྱར་རོ། །རྒྱལ་པོ་དེ་ལ་བུ་གསུམ་ཡོད་དེ། འདི་ལྟ་སྟེ་རབ་དང་། འབྲིང་པོ་དང་། ཐ་ཆུངས་སོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་སངས་རྒྱས་ཀྱི་མཛད་པ་མཐར་ཕྱིན་ནས་ཤིང་ཟད་པའི་མེ་བཞིན་དུ་ལྷག་མ་མེད་པའི་མྱ་ངན་ལས་འད་ས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པ་དང་། རྒྱལ་པོ་དེས་གུས་པའི་སེམས་ཀྱིས་དེ་བཞིན་གཤེགས་པའི་སྐུ་གདུང་བླངས་ཏེ། དྲིིའི་ཤིང་ཙན་དན་དང་། གོ་ཤིར་ཥ་དང་། ལྷའི་སྤོས་ཀྱི་ཤིང་ལ་སོགས་པས་བསྲེགས་ཏེ། འོ་མས་མེ་བསད་ནས་རིང་བསྲེལ་བསྡུས་ཏེ། རིན་པོ་ཆེའི་བུམ་པའི་ནང་དུ་བཅུག་ནས་མཆོད་རྟེན་ཆེན་པོ་རིན་པོ་ཆེ་སྣ་བཞི་ལས་བྱས་པ་ཁོ་ར་ཁོར་ཡུག་ཏུ་ནི་དཔག་ཚད་གཅིག འཕང་དུ་ནི་དཔག་ཚད་ཕྱེད་ཡོད་པ་བརྩིགས་ནས་དེ་ལ་འཁོར་ལོ་འཛུགས་པའི་ཚེ་རྒྱལ་པོའི་བུ་འབྲིང་པོ་དེས་བདག་ཉིད་སྟེང་དུ་འཛེགས་ནས་འཁོར་ལོ་བར་མ་བཙུགས་སོ། །དགེ་སློང་དག་དེའི་ཚེ་དེའི་དུས་ན། རྒྱལ་པོའི་བུ་འབྲིང་པོར་གྱུར་པ་དེ་གཞན་ཡིན་པ་སྙམ་དུ་སེམས་ན་དེ་ལྟར་མི་བལྟ་སྟེ། དགའ་བོ་འདི་ཉིད་ཡིན་ནོ། །འདིས་སྔོན་འདས་པའི་དུས་སུ་གུས་པའི་སེམས་ཀྱིས་མཆོད་པ་བྱས་པ་དང་། འཁོར་ལོ་བར་མ་བཙུགས་པའི་དགེ་བའི་ལས་དེས་ཚེ་རབས་ཉིས་སྟོང་ལྔ་བརྒྱའི་བར་དུ་རྟག་པར་གླིང་གཅིག་ལ་དབང་པའི་སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་བྱས་སོ། །ཚེ་འདི་ལ་གལ་ཏེ་རབ་ཏུ་བྱུང་བར་མ་གྱུར་ན་དེ་བཞིན་དུ་སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་དབང་ཕྱུག་ཆེན་པོ་ལ་དབང་སྒྱུར་བ་བྱེད་པར་འགྱུར་རོ། །དེ་ནས་འཁོར་མང་པོ་རྣམས་ཐེ་ཚོམ་དུ་གྱུར་ནས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ཚེ་དང་ལྡན་པ་དགའ་བོས་སྔོན་ཅི་བགྱིས་ན་ཉན་ཐོས་ཀྱི་ནང་ན་དབང་པོའི་སྒོ་རབ་ཏུ་སྡོམ་པའི་མཆོག་ཏུ་བཀའ་སྩལ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ནི་སྔོན་གྱི་སྨོན་ལམ་གྱི་སྟོབས་ལས་གྱུར་པ་ཡིན་ཏེ། དགེ་སློང་དག་དགའ་བོ་འདི་སྔོན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ལས་དེའི་མཁན་པོ་བཅོམ་ལྡན་འདས་དེའི་བསྟན་པ་ལ་དབང་པོའི་སྒོ་རབ་ཏུ་སྡོམ་པའི་མཆོག་ཏུ་བསྔགས་པ་བརྫོད་པར་གྱུར་ཏོ། །དེས་ཇི་སྲིད་འཚོའི་བར་དུ་ཚངས་པར་སྤྱད་ཀྱང་ཚེ་དེ་ཉིད་ལ་མངོན་པར་རྟོགས་པ་ཅི་ཡང་ཐོབ་པར་མ་གྱུར་པས་དེ་འཆི་བའི་དུས་ཀྱི་ཚེ། འདི་སྐད་དུ་བདག་གིས་དེ་བཞིན་གཤེགས་པའི་བསྟན་པ་ལ་ཇི་སྲིད་འཚོ་བའི་བར་དུ་ཚངས་པར་སྤྱད་ཀྱང་ཚེ་འདི་ཉིད་ལ་མངོན་པར་རྟོགས་པ་ཅི་ཡང་མེད་པས་བདག་གིས་ཚངས་པར་སྤྱད་པའི་དགེ་བའི་རྩ་བ་འདིས་བཅོམ་ལྡན་འདས་འོད་སྲུང་གིས་མ་འོངས་པའི་དུས་ན་བྲམ་ཟེའི་ཁྱེའུ་བླ་མ་ཞེས་བྱ་བ་འདི་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། མཚན་ཡང་ཤྰཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུས་བསྟན་པས་བདག་ཀྱང་བཅོམ་ལྡན་འདས་དེའི་བསྟན་པ་ལ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། ཉོན་མོངས་པ་རྣམས་སྤངས་ནས་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་གྱུར་ཏེ། ཇི་ལྟར་བདག་གི་མཁན་པོ་འདི་བཅོམ་ལྡན་འདས་འདིའི་བསྟན་པ་ལ་དབང་པོའི་སྒོ་རབ་ཏུ་སྡོམ་པའི་མཆོག་ཏུ་གྱུར་པ་དེ་བཞིན་དུ་བདག་ཀྱང་བཅོམ་ལྡན་འདས་དེའི་བསྟན་པ་ལ་དབང་པོའི་སྒོ་རབ་ཏུ་སྡོམ་པའི་མཆོག་ཏུ་གྱུར་ཅིག་ཅེས། སྨོན་ལམ་བཏབ་པས་ན་སྨོན་ལམ་དེའི་སྟོབས་ཀྱིས་དེང་འདིར་ངའི་བསྟན་པ་ལ་ཉན་ཐོས་ཀྱི་ནང་ན་དབང་པོའི་སྒོ་རབ་ཏུ་སྡོམ་པའི་མཆོག་ཏུ་གྱུར་པ་ཡིན་ནོ། །འདི་ལྟར་དགེ་སློང་དག་གང་གཅིག་ཏུ་གནག་པའི་ལས་ཀྱི་རྣམ་པར་སྨིན་པ་ཡང་གཅིག་ཏུ་གནག་གོ། །གང་གཅིག་ཏུ་དཀར་བའི་ལས་ཀྱི་རྣམ་པར་སྨིན་པ་ཡང་གཅིག་ཏུ་དཀར་རོ། །ལས་འདྲེན་མ་གང་ཡིན་པ་དེ་ནི་རྣམ་པར་སྨིན་པ་ཡང་འདྲེན་མར་མྱོང་བར་འགྱུར་ཏེ། དེ་ལྟ་བས་ན་ཁྱེད་ཀྱིས་གཅིག་ཏུ་གནག་པ་དང་། འདྲེན་མའི་ལས་སྤངས་ལ་གཅིག་ཏུ་དཀར་བའི་ལས་བསྒྲུབ་པར་བྱའོ།། །།

འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་མངལ་ན་གནས་པ་བསྟན་པའི་འདུས་པ་སྟེ་འདུས་པ་བཅུ་གསུམ་རྫོགས་སོ།། །།

མཐའ་མའི་འདོན་ཐེངས་།: 11.09.2015 ཉིན། 11:40 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།