སྨན་རྩིས་དྲ་བ། - གསོ་རིག་མཁས་དབང་རིམ་བྱོན།

དཀོན་མཆོག་འགྲོ་ཕན་དབང་པོ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.09.2017
གསོ་རིག་མཁས་དབང་རིམ་བྱོན། >>

དཀོན་མཆོག་འགྲོ་ཕན་དབང་པོ།

- བྱམས་པ་འཕྲིན་ལས།

 

            དཀོན་མཆོན་འགྲོ་ཕན་དབང་པོའམ་ཚེ་དབང་བརྟན་པ་ཞེས་པ་ནི་རབ་བྱུང་བཅུ་གཅིག་པའི་ལྕགས་ལུག་(སྤྱི་ལོ་1631)ལོ་ལ་དབུ་རུའི་མཚམས་གཞུ་སྟོད་(1)ཅེས་པའི་ས་ཆར་སྐུ་འཁྲུངས། དམ་པ་འདི་ཉིད་སྐུ་གཞོན་ནུའི་སྐབས་ནས་ཀུན་རྫོབ་ཐ་སྙད་ཀྱིས་མཚོན་པའི་རྒྱ་ཆེ་བ་ཤེས་བྱ་སྤྱིའི་སྒྲོ་འདོགས་གཅོད་ཕྱིར་དགེ་བའི་བཤེས་གཉེན་སྤྱི་དང་། ཡང་སྒོས་གསོ་བ་རིག་པ་སློབ་པར་མགོན་པོ་འབྲི་གུང་པ་གསང་སྔགས་ཀྱི་རིག་པ་འཛིན་པ་ཆོས་ཀྱི་གྲགས་པ་ཕྱོགས་ལས་རྣམ་པར་རྒྱལ་བ་དབང་པོའི་སྡེ་ཞེས་མཚན་དོན་དང་ལྡན་པ་དེའི་ཞབས་པད་ཡུན་རིང་དུ་བསྟེན་ནས་རྨད་དུ་བྱུང་བའི་ཚུལ་མཛད་པ་ནི། འཇམ་མགོན་ས་སྐྱ་པཎྜི་ཏས། ཐོག་མར་ཤེས་བྱ་ཀུན་ལ་མཁས་པར་སྦྱངས། །བར་དུ་མཁས་པའི་ཚོགས་སུ་ལེགས་པར་བཤད། །མཐའ་མ་འདྲིས་པའི་དོན་ལ་བརྩོན་པས་སྒོམས། །དུས་གསུམ་རྒྱལ་བ་ཀུན་གྱི་བཞེད་གཞུང་ཡིན། །ཞེས་གསུངས་པ་ལྟར་མཛད་པས་དཀོན་མཆོག་འགྲོ་ཕན་དབང་པོ་ཞེས་པའི་སྙན་གྲགས་ཕྱོགས་ཀུན་ཏུ་ཁྱབ་པར་གྱུར།
 

            དགུང་ལོ་སུམ་ཅུ་སོ་གཅིག་ལ་སོན་སྐབས་འབྲི་གུང་ཆོས་གྲགས་དགོངས་པ་རྫོགས་ནས་ལོ་གཉིས་སོང་བའི་དུས་སུ་སློབ་དཔོན་དགོངས་རྫོགས་ལ་རྗེས་དྲན་ཞུ་བ་དང་། མཐོང་བརྒྱུད་ཕྱག་ལེན་རྣམས་མི་ཉམས་གོང་འཕིལ་གྱིས་འགྲོ་ཕན་རྒྱ་ཆེ་ཡོང་ཆེད་《གཅེས་བསྡུས་ཕན་བདེའི་སྙིང་པོའམ་འབྲི་གུང་གཅེས་བསྡུས།》སུ་གྲགས་པའི་སྨན་དཔེ་གསར་རྩོམ་མཛད། དེ་ནས་གཙོ་བོར་འབྲི་གུང་ཆོས་གྲགས་ཀྱི་གསུང་རྒྱུན་རྣམས་དང་། རྒྱུད་བཞིའི་དཀའ་མཆན་དུ་བཏབ་པའི་ཟབ་གནད། ཉེར་ལྔ་ཉི་ཤུ་རྩ་ལྔའི་སྦྱོར་བ་སོགས་《བཀའ་འབུམ་》དུ་འཁོད་པ་རྣམས་དང་། དེ་མིན་གཡུ་ཐོག་སྙིང་ཐིག་གི་《འབྱུང་བ་ལུས་འཁྲུགས་ཀྱི་གེགས་སེལ་》དང་》《མན་ངག་ཤོག་དྲིལ་སྐོར་གསུམ་》 བྲང་ཏིའི་《གསེར་བྲེ་》 《དངུལ་བྲེ་》 མཁས་གྲུབ་དབུ་རྒྱན་པའི་《དངུལ་ཆུ་གྲུབ་པའི་བསྟན་བཅོས།》 ཆག་སྨན་རིན་ཆེན་རྒྱལ་མཚན་གྱི་《འབུམ་ཁུ་ཚུར།》 གཙང་སྟོད་དར་མ་མགོན་པོའི་《ཟིན་ཏིག》དང་། 《ཡང་ཏིག》ཟུར་མཁར་ཆོས་རྗེ་མཉམ་ཉིད་རྡོ་རྗེའི་《བྱེ་བ་རིང་བསྲེལ།》 གོང་སྨན་དཀོན་ཅོག་འཕན་དར་གྱི་《ཉམས་ཡིག་བརྒྱ་རྩ།》 དྲང་སྲོང་མིའི་ཉི་མའི་《ངོ་མཚར་སྤྱི་སྨན།》 མཚོ་སྨད་མཁན་ཆེན་གྱི་《མན་ངག་ཀུན་གྱི་སྙིང་པོ་བསྡུས་པ་》ལ་སོགས་པ་དང་། ཐ་ན་སྐབས་དེའི་སྨན་པ་མཁས་པ་ཁ་ཤས་ཀྱི་སྨན་སྦྱོར་ཟབ་པ་སྣ་རེ་ཡན་ཆད་དངོས་དང་བརྒྱུད་པའི་སྒོ་ནས་འབད་པ་དུ་མས་དོན་གཉེར་མཛད། དེ་བཞིན་རང་ཉིད་ཀྱིས་ཉམས་སུ་བླངས་པས་ཡིད་ཆེས་ཀྱི་གདེང་འཁེལ་བ་རྣམས་ཕྱོགས་གཅིག་ཏུ་བསྡེབས་ནས་བརྩམས་པར་གསལ།
 

            ཉིད་ཀྱི་གསུང་ལས། གསོ་བའི་གཞུང་ལུགས་གདེངས་ཅན་དབུས། །ཟབ་གནད་མན་ངག་ཀླུ་དབང་གི། །སྙིང་བཅུད་ཕན་བདེའི་སྙིང་པོ་འདི། །བདག་བློ་དེད་དཔོན་གྱིས་བླངས་མོད། །སྨན་པའི་རྒྱུ་དྲུག་ཚང་བ་ཡི། །བློ་གསར་སྐལ་བར་ལྡན་རྣམས་ཀྱིས། །རྣམ་དཔྱོད་བྱི་དོར་ལེགས་བགྱིས་ན། །ཕན་བདེའི་འདོད་རྒུ་སྩོལ་བར་དེས། །ཞེས་གསུང་པ་ལྟར་གཞན་ཕན་སྐལ་བཟང་ནོར་བུའི་དགའ་སྟོན་གྱིས་ཉམས་ཐག་འགྲོ་བའི་སྡུག་བསྔལ་སེལ་ཞིང་ནད་མེད་ལང་ཚོའི་དཔལ་ལ་ཅི་དགར་ལོངས་སུ་སྤྱོད་པའི་ཕན་འབྲས་ཐོན་པར་བརྟེན་《གཅེས་བསྡུས་ཕན་བདེའི་སྙིང་པོ་》འདི་བཞིན་བོད་ལྗོངས་ཀྱི་ས་གནས་མང་པོར་བེད་སྤྱོད་བྱེད་མཁན་རྒྱ་ཆེན་པོ་བྱུང་། ལྷག་པར་འབྲི་གུང་གཅེས་བསྡུས་ཀྱི་《བླ་མའི་ཞལ་རྒྱུན་གྱི་ཟིན་བྲིས།》ཞེས་པ་དང་། 《གཉན་རིམས་མཁྲིས་པ་རྩར་རྒྱུགས་ཀྱི་བཅོས་ཚུལ་མདོར་བསྡུས་ཞལ་ལུང་བདུད་རྩིའི་ཆུ་རྒྱུན།》 《རླུང་ནད་ལྕེ་སྤྱང་མགོའི་བཅོས་ཟབ།》 《འབམ་བཅོས་མན་ངག་ཁྱད་པར་ཅན།》 《འབམ་བཅོ་ཚེ་འཛིན་སྲོག་སྐྱོབ་ཀྱི་ལྷན་ཐབས་གསོ་ཚུལ་གསུམ་ལྡན།》 《འབམ་བཅོས་ཟབ་ཉུང་དོན་དྲིལ་སྙིང་སང་འདྲ་བ།》 《ཕན་བདེའི་སྙིང་པོའི་ཡན་ལག་འབམ་བཅོས་གཅེས་པའི་གནད་བསྡུས།》 《གཅོང་ཆེན་དམུ་ཆུ་གསོ་བའི་གདམས་ངག》སོགས་མང་པོ་ཞིག་བརྩམ་པར་མཛད།
 

            སྐུ་ཚེ་ཇི་ཙམ་བཞུགས་པའི་སྐོར་གསལ་པོ་མ་ཤེས་རུང་། 《རྒྱུ་རྒན་གྱི་བཅོས་འཁྲུལ་གྱི་ཐེམས་ཚང་》ཞེས་པའི་མཇུག་བྱང་དུ། དཀོན་མཆོག་འགྲོ་ཕན་དབང་པོས་རང་ལོ་རེ་གཅིག་པ་རབ་མྱོས་ཞེས་པ་ལྕགས་ཕོ་རྟའི་ལོའི་ཧོར་ཟླ་ལྔ་པའི་ཚེས་བཅོ་བརྒྱད་ཀྱི་ཉིན་གུང་གི་ཐུན་མཚམས་སུ་བྲིས་ཞེས་གསལ་བས་སྐུ་ཚེ་ཅུང་རིང་ཙམ་བཞུགས་པ་འདྲ། སློབ་མའི་གཙོ་བོ་དཔོན་ཚང་ཡེ་ཤེས་ཞེས་པ་སྨན་པ་ཤིན་ཏུ་མཁས་པ་ལ་སོགས་པ་བྱུང་ནས་རྒྱུན་མ་ཆད་པར་འགྲོ་དོན་བསམ་གྱིས་མི་ཁྱབ་པའི་མཛད་པ་བཟང་པོས་དུས་འདའ་བ་བྱུང་ངོ་།།
 

མཆན་བུ།

(1) སྙེ་མོ་རྫོང་གི་གཞུ་ཞེས་པ་དེ་ཡིན།
 

- འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་འདོན་ཞུས།

 

 

 

མཐའ་མའི་འདོན་ཐེངས་།: 20.09.2017 ཉིན། 2:54 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།