ད་ལྟའི་འཛམ་གླིང་གི་ཉེན་ཁ། གཉན་ནད་ཨི་བོ་ལཱ། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 11.08.2014 |
ད་ལྟའི་འཛམ་གླིང་གི་ཉེན་ཁ། གཉན་ནད་ཨི་བོ་ལཱ།
འདི་ལོའི་ཕྱི་ཟླ་གསུམ་པའི་ནང་ནུབ་ཨ་ཧྥི་རི་ཁའི་རྒྱལ་ཁབ་གསུམ་ནང་ཧ་ཅང་ཉེན་ཚབས་ཆེ་བའི་གཉན་ནད་ཨི་བོ་ལཱ་(Ebola virus disease ) ཡང་ན་གཉན་ནད་ཚ་རྡོལ་(Ebola hemorrhagic fever)ཞེས་བྱུང་ནས་ད་བར་མི་༢༡༢༧ ལ་འགོས་ཁྱབ་བྱུང་སྟེ། ཚད་ལྡན་གྱི་སྨན་བཅོས་མེད་པའི་དབང་གིས་ནད་པ་༡༡༤༥ འདས་གྲོངས་སུ་གྱུར་ཡོད་པ་འདི་ཟླའི་ཚེས་༡༥ ཉིན་འཛམ་གླིང་འཕྲོད་བསྟེན་ལས་ཁུངས་ཀྱི་དྲ་བར་གནས་ཚུལ་སྤེལ་འདུག
ད་ལྟའི་ཆར་དུད་འགྲོའི་ལུས་ཐོག་ལ་ཚོད་ལྟ་བྱས་པའི་སྨན་ཉུང་ངུ་མ་གཏོགས་འགྲོ་བ་མིའི་ལུས་ཐོག་ལ་ཚོད་ལྟ་བྱས་ནས་དངོས་སུ་ཕན་སྐྱེད་ཡོད་པའི་སྨན་ཞིག་མེད་པར་བརྟེན། སྨན་དེ་དག་གཏང་བ་ཡིན་ན་མིའི་ལུས་པོར་ཕན་གནོད་ཇི་ཡོང་ཚོད་དཔག་བྱ་དཀའ་བའི་གནས་སུ་ལྷུང་ཡོད་པ་མ་ཟད། སྨན་ཉུང་དུ་ལས་མེད་པས་སུ་དང་སུ་ལ་གཏོང་དགོས་མིན་ཐག་གཅོད་བྱ་དཀའ་བའི་གནས་སུ་གྱུར་ཡོད།
འདི་ཟླའི་ཚེས་༨ ཉིན་འཛམ་གླིང་འཕྲོད་བསྟེན་ལས་ཁུངས་ཀྱིས་ཡོངས་ཁྱབ་གསལ་བསྒྲགས་གནང་དོན། ནུབ་ཨ་ཧྥི་རི་ཁའི་ནང་གཉན་ནད་ཨི་བོ་ལཱ་འགོས་ཁྱབ་བྱུང་ཡོད་པ་ནི་རྒྱལ་སྤྱིའི་ངོས་ནས་ཐུགས་འཁུར་བྱེད་དགོས་པའི་རྫ་དྲག་གི་གནད་དོན་གལ་ཆེ་ཞིག་ཡིན་པའི་སྐོར་གནས་ཚུལ་སྤེལ་བ་དང་། ནཱ་ཇི་རི་ཡ་སྲིད་འཛིན་མཆོག་ནས་ནད་ཡམས་འདི་རྒྱལ་ཁབ་ཀྱི་རྫ་དྲག་གནད་དོན་ཞིག་ཡིན་པའི་གསལ་བསྒྲགས་ཀྱང་སྤེལ་འདུག
ནད་གཞི་འདི་ནུབ་ཨ་ཧྥི་རི་ཁའི་རྒྱལ་ཁབ་གྷའི་ནི་(Guinea)ནང་འདི་ལོའི་ཕྱི་ཟླ་༣ པའི་ནང་བྱུང་བའི་གནས་ཚུལ་ཐོན་འདུག དེ་ཡང་རྒྱལ་ཁབ་འདིའི་ཤར་ལྷོའི་མཐའ་མཚམས་སུ་གནས་པའི་གེག་ཀེ་དོ་(Guéckédou) ཞེས་པའི་གྲོང་གསེབ་གཅིག་ཏུ་བྱུང་བ་དང་། དེ་ནས་ཁྱིམ་མཚེས་རྒྱལ་ཁབ་སེ་རཱ་ལེའོ་ནའ་(Sierra Leone) དང་ལའི་བྷ་རེཡ་(Liberia) ནང་འགོས་ཁྱབ་བྱུང་བར་བརྗོད། ད་ཆར་ན་ཇི་རི་ཡ་(Nigeria) རྒྱལ་ཁབ་ནང་འགོས་ཁྱབ་བྱུང་བའི་གནས་ཚུལ་ཐོན་འདུག
མཚོན་སེར་པོ་བཏང་བའི་ས་ཁུལ་དེར་ནད་ཡམས་ཁྱབ་ཟིན་པའི་མཚོན་རྟགས་ཡིན།
ནད་གཞི་འགོས་ཁྱབ་བྱུང་ནས་ཉུང་མཐར་ཉིན་གཉིས་ནས་མང་མཐར་བདུན་ཕྲག་གསུམ་གྱི་ནང་ཚུད་དུ་ནད་ལྡང་བ་ཡིན། དེའི་རྟགས་སུ་གློ་བུར་དུ་ཚ་བ་འབར་བ་དང་། གཟུགས་སྟོབས་ཧ་ཅང་ཉམས་པ། ཤ་གནད་གཟེར་བ། མགོ་ན་བ། མིད་པ་ཚ་བ་སོགས་ཀྱི་ཐོག་མའི་མངོན་ཚུལ་དང་། དེ་ནས་འཁྲུ་སྐྱུག་བྱེད་པ་དང་། ཐོར་སིབ་ཐོན་པ། མཁལ་མ་དང་མཆིན་པའི་བྱེད་ལས་ཉམས་པ། ཁྲག་རྩ་རྡོལ་བ། ཁ་དང་སྣ། མིག གཞང་སོགས་བུ་ག་དག་ནས་ཁྲག་འཛགས་པ་སོགས་ཀྱི་རྟགས་ཐོན་གྱི་ཡོད།
ནད་འདི་ཐོག་མར་མི་རྒོད་སོགས་གཅན་གཟན་ནས་བྱུང་བར་འདོད་ཀྱང་ད་ལྟའི་ཆར་ཚན་རིག་པ་ཚོས་ཞིབ་འཇུག་བྱས་པ་བརྒྱུད་ཕ་ལྦང་ནི་ནད་གཞི་འདིའི་འབྱུང་ཁུངས་ཡིན་པའི་ངོས་འཛིན་གཅིག་མཐུན་གནང་གི་འདུག དེ་ནས་རིམ་པར་འགྲོ་བ་མི་ལ་འགོས་ཁྱབ་བྱུང་སྟེ་མི་ནས་མི་བར་ཁྲག་དང་ཆུ་སེར་སོགས་ལུས་ཀྱི་གཤེར་གཟུགས་བརྒྱུད་ནས་འགོས་འགྲོ་གི་ཡོད་པས། ནད་པའི་ལུས་ལ་ཐད་ཀར་རེག་པའམ། ལུས་ནས་འཛགས་པའི་ཁྲག་དང་བཤང་གཅི་སོགས་སྙིགས་མའི་རིགས་རང་ཉིད་ལ་འགོས་པ་ཡིན་ན་ནད་གཞི་འདི་འགོས་ཁྱབ་བྱུང་གི་ཡོད། གལ་ཏེ་ནད་ཡམས་འདི་རང་རེའི་ས་ཁུལ་ག་གེ་མོར་ཁྱབ་བརྡལ་བྱུང་བའི་གནས་ཚུལ་ཐོན་པ་ཡིན་ན། ཁུལ་དེར་འགྲོ་བསྐྱོད་གཏན་ནས་བྱེད་མི་རུང་ལ། ཁུལ་དེ་ནས་སླེབ་པའི་མི་ལའང་འབྲེལ་བ་མ་བྱས་ན་ནད་ཡམས་འདི་སྔོན་འགོག་ཐུབ།
ནད་འདིར་སྔོན་འགོག་གི་སྨན་ཁབ་མེད་ལ་ཡོངས་གྲགས་ཀྱི་བཅོས་ཐབས་ཀྱང་མེད་མོད། སྨན་དང་ཆུ་སོགས་བེད་སྤྱད་ནས་ནད་པའི་ཁྲག་རླུང་གི་རྒྱུ་བ་རྒྱུན་གཏན་དུ་གནས་ཐབས་བྱ་རྒྱུ་དང་། གཉན་ནད་རིགས་གཞན་དུས་ཐོག་སྨན་བཅོས་བྱེད་ཐུབ་པ་ཡིན་ན། ནད་པ་ཁ་ཤས་ཀྱི་གཟུགས་པོའི་ནང་ཨི་བྷོ་ལཱ་ནད་སྲིན་འཇོམས་ཐུབ་པའི་ནུས་པ་ལྡན་པས་འཚོ་སྲིད་པ་ཡིན།
ནད་གཞི་འདི་ཕྱི་ལོ་༡༩༧༦ ལོར་ཨ་ཧྥི་རི་ཁའི་རྒྱལ་ཁབ་ཀོན་གོ་ (Congo) དང་སུ་དྷན་(Sudan) ནང་ཐོག་མར་བྱུང་བར་བརྗོད་ལ། དེ་ཡང་ཀོན་གོ་རྒྱལ་ཁབ་ནང་གི་ཆུ་བོ་ཨི་བོ་ལཱའི་(Ebola) ཉེ་འཁྲིས་སུ་གནས་པའི་གྲོང་གསེབ་ཅིག་ནང་བྱུང་བར་བརྟེན། ཆུ་བོའི་མིང་ནད་ལ་བཏགས་པ་ཞིག་ཡིན་འདུག
ནད་ཡམས་འདི་སྔར་བྱུང་མྱོང་མེད་པའི་ས་ཁུལ་དུ་བྱུང་བ་མ་ཟད་ནད་ཕོག་མཁན་དང་དེའི་རྐྱེན་གྱིས་གྲོངས་མཁན་མང་ཤོས་ཆགས་ཡོད་པས་ནད་ཚབས་ཆེ་ཤོས་སུ་ངོས་འཛིན་བྱེད་ཀྱི་ཡོད། དེ་ནས་ཕྱི་ལོ་༡༩༧༦ ལོར་ནད་ཕོག་མཁན་གྲངས་༦༠༢ བྱུང་བ་ལས་༤༣༡ འདས་གྲོངས་སུ་གྱུར་ཡོད་པས་ཚབས་ཆེ་ཤོས་གཉིས་པ་ཆགས་ཡོད། ཕྱི་ལོ་༢༠༠༠ ལོར་ནད་ཕོག་མཁན་གྲངས་༤༢༥ བྱུང་བ་ལས་༢༢༤ འདས་གྲོངས་སུ་གྱུར་ཡོད་པས་ཚབས་ཆེ་ཤོས་གསུམ་པ་ཆགས་ཡོད། ཕྱི་ལོ་༢༠༠༧ ལོར་ནད་ཕོག་མཁན་གྲངས་༤༡༣ བྱུང་བ་ལས་༢༢༤ འདས་གྲོངས་སུ་གྱུར་ཡོད་པས་ཚབས་ཆེ་ཤོས་བཞི་པ་ཆགས་ཡོད།
འབྲེལ་ཡོད་ཀྱི་རྩོམ་ཡིག་གཞན།
1. གཉན་རིམས་ཨི་བོ་ལཱ་ཐོག་གསོ་རིག་སྨན་པར་བཅར་འདྲི།
མཐའ་མའི་འདོན་ཐེངས་།: 04.09.2014 ཉིན། 11:31 AM
<< སྔ་མ།