སྨན་རྩིས་དྲ་བ། - མདུན་ངོས།

ཏོག་དབྱིབས་ ༡༩ སྔོན་འགོག་སྨན་ཁབ་ཐད་སྨན་པར་ལམ་སྟོན།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 24.02.2021
མདུན་ངོས། >>

  

 

 

༄༅། །སྐུ་ངོ་འགན་འཛིན་མཆོག་དབུ་བཞུགས་ཀྱིས་ཏོག་དབྱིབས་གཉན་རིམས་ ༡༩ སྔོན་འགོག་སྨན་ཁབ་ཀྱི་མི་འཕྲོད་པའི་རིགས་

ལ་སྨན་རྩིས་ཁང་གི་སྨན་པ་རྣམས་ནས་སྨན་བཅོས་ཇི་ལྟར་བྱ་དགོས་པའི་ཐད་སྔ་ཕྱི་ཐེངས་གཉིས་

རྒྱས་འཛོམས་ཀྱིས་གོ་བསྡུར་བྱུང་བའི་ལམ་སྟོན་གཤམ་གསལ།

 

 

༡། ཏོག་དབྱིབས་གཉན་རིམས་༡༩ ཡི་སྔོན་འགོག་སྨན་ཁབ་དེ་བཞིན་བརྒྱབ་དང་མ་བརྒྱབ་ཀྱི་ཐག་གཅོད་ཐད་སྨན་རྩིས་ཁང་གི་ཁྱབ་ཁོངས་སྨན་པ་སུ་གང་ཞིག་ལ་ཐེ་ཇུས་བྱེད་ཆོག་པའི་དབང་ཆ་མེད། དེ་ནི་གཙོ་བོ་གང་ཟག་རང་ཉིད་ཀྱི་འདོད་དབང་ལྟར་འགྲོ་དགོས་པ་དང་རྒྱ་གར་དབུས་

གཞུང་དང་མངའ་སྡེ་གཞུང་གི་སྒྲིག་ཁྲིམས་ལྟར་ལག་བསྟར་འགྲོ་དགོས།

༢། རྒྱ་གར་ནང་བེད་སྤྱོད་བྱེད་བཞིན་པའི་སྔོན་འགོག་སྨན་ཁབ་དང་ཕྱི་རྒྱལ་ཁག་ཏུ་བེད་སྤྱོད་བཞིན་པའི་སྨན་ཁབ་གཉིས་ཐ་དད་སོང་། སྨན་རྩིས་ཁང་ངོས་ནས་ཕྱི་རྒྱལ་ཁག་ཏུ་བེད་སྤྱོད་གནང་བཞིན་པའི་སྔོན་འགོག་སྨན་ཁབ་ལ་ཐེ་ཇུས་བྱ་རྒྱུ་མིན།

༣། སྨན་རྩིས་ཁང་ནས་བཟོ་སྐྲུན་གནང་བཞིན་པའི་གསོལ་སྨན་རྣམས་ཀྱི་མ་འཐུས་པ་མེད་པས། སྔོན་འགོག་སྨན་ཁབ་ཀྱི་མི་འཕྲོད་པའི་ནད་རྟགས་རྣམས་བཅོས་ཐབས་སུ་སྨན་རྩིས་ཁང་ནས་གསོལ་སྨན་གསར་བཟོ་གནང་དགོས་པ་མིན་འདུག

༤། ཕྱིས་སུ་མི་མང་ལ་སྔོན་འགོག་སྨན་ཁབ་བརྒྱབ་པའི་སྐབས་སྨན་རྩིས་ཁང་གི་སྨན་པ་རྣམས་ནས་དམིགས་བསལ་དོ་སྣང་བྱ་དགོས་པ་ནི་གཞིས་ཆགས་ཁག་གི་རྒན་བགྲེས་རྣམས་ཡིན། ལྷག་པར་དུ་རྒན་གསོ་ཁང་ཁག་ལ་དམིགས་བསལ་གཟིགས་རྟོགས་གནང་དགོས།

༥། སྔོན་འགོག་སྨན་ཁབ་མ་བརྒྱབ་གོང་དང་བརྒྱབ་པའི་རྗེས་སུ་མི་འཕྲོད་པའི་ནད་རྟགས་གང་ཡང་མེད་པ་ལ་གསོལ་སྨན་རིན་ཆེན་མང་སྦྱོར་ལ་སོགས་པ་མི་འཕྲོད་པ་སེལ་བྱེད་དུ་གཏོང་མི་རུང་བ་དམ་དོན་བྱེད་དགོས། རྒྱུ་མཚན་ནི། བོད་སྨན་ལ་ཟུར་ཟ་བྱེད་མཁན་མང་དག་ཅིག་ཡོད་པ་དང་། སྟབས་མ་ལེགས་པའི་དབང་གིས་ཁུངས་མེད་སྐྱོན་བརྗོད་སོགས་བྱེད་སྲིད་པས་སྨན་རྩིས་ཁང་གི་སྨན་པ་རྣམས་ནས་དེ་དོན་ཡིད་ལ་འཇགས་དགོས།

༦། སྤྱིར་བཏང་མ་ཡིན་པའི་མི་འཕྲོད་པའི་ནད་རྟགས་རྣམས་རྒྱུན་མཐུད་དེ་ཉིན་གསུམ་ལས་མང་བ་གནས་ཚེ་སྨན་པ་རྣམས་ནས་སྨན་བཅོས་བྱ་དགོས་པ་ཡིན། གཙོ་བོ་སྨན་བཅོས་ཀྱི་དགོས་མཁོ་སྨན་པ་ཉིད་ནས་གཟིགས་དགོས།

༧། དམིགས་སུ་ཏོག་དབྱིབས་གཉན་རིམས་༡༩ སྔོན་འགོག་སྨན་ཁབ་ཀྱི་མི་འཕྲོད་པ་རྣམས་བཅོས་ཐབས་ཆེད་གསོལ་སྨན་གཏན་འབེབས་ཞུས་མེད་པ་དང་། སྐབས་ཐོག་མི་འཕྲོད་པའི་ནད་རྟགས་བྱུང་ཚེ་གསོལ་སྨན་གང་ལ་གང་འཚམས་ལམ་སྟོན་ཚུལ་དུ་ནད་རྟགས་ལ་གཞིག་སྟེ་གསོལ་སྨན་གཤམ་དུ་རེའུ་མིག་ནང་བཀོད་ཡོད་པས། གཙོ་བོ་ས་གནས་སྨན་པ་ཉིད་རང་ལ་སྨན་བཅོས་ཀྱི་རང་དབང་ཆ་ཚང་ཡོད་པ་དང་། ཆོས་བཅུ་ལ་དཔག་པས་གང་ལ་གང་འཚམས་ཀྱིས་སྨན་བཅོས་གནང་དགོས་པ་སྐབས་ཐོག་སྨན་པ་ཉིད་ནས་ཤེས་དགོས་པ་ཡིན།

༨། གཤམ་གྱི་རེའུ་མིག་ནང་གསལ་བའི་གསོལ་སྨན་གཏོང་ཚུལ་རྣམས་སྐུ་བཅར་སྨན་པ་རྣམས་དང་། དབུས་སུ་ཡོད་པའི་ནད་བཅོས་དང་ནད་བཅོས་ཉམས་ཞིབ་ཚོགས་ཆུང་དང་། སྨན་སྦྱོར་དང་སྨན་རྫས་ཚོགས་ཆུང་གི་ཚོགས་མི་རྣམས་ནས་རང་ཉིད་ཀྱི་རྣམ་དཔྱོད་ཀྱི་རྩལ་དང་། ནད་ཐོག་ཉམས་མྱོང་གི་དགོངས་འཆར་ཕུལ་བ་ཡིན་སྟབས། སྨན་པ་གཞན་རྣམས་ལ་ཕན་འབྲས་ཡོང་སླད་དང་ལེགས་ཆ་ལེན་རྒྱུའི་ཆེད་བསྒྲིགས་པ་ཡིན།

༩། མི་མང་རྣམས་ཀྱི་ཆེད་སྔོན་འགོག་སྨན་ཁབ་མ་བརྒྱབ་གོང་དང་བརྒྱབ་པའི་རྗེས་སུ་དོ་སྣང་བྱེད་དགོས་པའི་ལམ་སྟོན་ཁག་ལོགས་སུ་ཡོད་པས་སྨན་རྩིས་ཁང་གི་ཁྱབ་ཁོངས་སྨན་པ་རྣམས་ནས་ངེས་པར་ཤེས་དགོས་པ་གལ་གནད་ཡིན།

 

ཨང་།

མི་འཕྲོད་པའི་རྟགས།

གསོལ་སྨན།

༡།

གྲང་ཤུམ་རྒྱག་པ་དང་ཚིགས་གཞི་གཟེར་བ། ཚ་བ་འཕར་བ། ལུས་དྲོད་ཆེ་ལ་ཞེ་མེར་ལངས་པ་སོགས་འབྱུང་ཚེ།

ཟླ་ཤེལ་སོ་བདུན། ཐང་ཆེན་ཉེར་ལྔ། ཚངས་ལྷ་ནོར་བུ་བདུན་ཐང་གི་རྟ་བྱས་ཏེ་གང་འཕྲོད་ཉིན་༣- བར་གཏོང་དགོས།

༢།

རྨེན་བུ་སྐྲངས་པ་དང་། རྩ་དཀར་གཉན་ཤས། ཤ་སྒྲིམ་གཟེར་བ།

བྱང་ཆོས་སོ་བདུན། བསམ་ཁྱུང་། ཚངས་ལྷ་རྣམས་གང་འཕྲོད། ཉིན་༥- བར་གཏོང་དགོས། རཏྣ་བསམ་འཕེལ་སྐབས་མཚམས་གཏོང་དགོས།

༣།

མགོ་ཡུ་འཁོར་བ། ཞེ་མེར་ལངས་པ། རྩ་གྲིབ་ཀྱི་མངོན་ཚུལ་ལུས་ཁྱོམ་པ། བརྒྱལ་བོག ལུས་དར་བ། དངངས་ཚབས་འབྱུང་བར།

རྩ་རླུང་ཉི་ཤུ། མུ་ཏིག་ཉེར་ལྔ། བླ་མེད་ཉེར་ལྔ། སྲོག་འཛིན་བཅུ་གཅིག ཁྲག་སྨན་བཅུ་གཅིག་རྣམས་གང་འཕྲོད། རཏྣ་བསམ་འཕེལ་དང་མང་སྦྱོར་སྐབས་མཚམས་གཏོང་།

༤།

ལུས་ལ་ཟ་འཕྲུག་ལངས་པ། པགས་མདོག་དམར་ཤས་ཆེ་བ། མི་འཕྲོད་པའི་ཆུ་སེར་ཐོར་ལེབ་འདོན་པར།

སྐྱུ་རུ་ཉེར་ལྔ། གུར་གུམ་བཅུ་གསུམ། དངུལ་ཆུ་བཅོ་བརྒྱད། སྤོས་དཀར་བཅུ་པ། ཚངས་ལྷ་རྣམས་གང་འཕྲོད། སྐབས་མཚམས་རིན་ཆེན་མང་སྦྱོར་གཏོང་དགོས།

༥།

སྐྱུགས་ལྡང་ཆེ་བ། དང་ག་ཞན་པ། ཞེ་མེར་ལངས་པ། ལྟོ་བ་གཟེར་བ། ཁ་མངལ་བར།

ཟླ་ཤེལ་སོ་བདུན། ཤིང་མངར་དྲུག་པ། རུ་རྟ་དྲུག་པ། གསེར་མདོག་ལྔ་པ། རིལ་དཀར་པར་སྡོང་རྣམས་གང་འཕྲོད་ཉིན་༥- བར་གཏོང་དགོས།

༦།

ཚ་བ་ཕྲན་བུ་འཕར་བ། གྲང་ཤུམ་རྒྱག་པ། ཐང་ཆད་པ། རུས་ཚིགས་གཟེར་བ། སྨན་ཁབ་བརྒྱབ་གནས་སུ་ན་ཟུག་དང་སྐྲངས་པོ་འབྱུང་བར།

འཕྲུལ་ཐང་། ནོར་བུ་བདུན་ཐང་། མ་ནུ་བཞི་ཐང་། ཟླ་ཤེལ་སོ་བདུན། བསམ་རྒྱན། བསམ་ཁྱུང་རྣམས་གང་འཕྲོད་གཏོང་།

༧།

སྨན་ཁྱབ་བརྒྱབ་ཤུལ་གྱི་ཤ་སྒྲིམ་སྐྲངས་བ་དང་། རྩ་རྒྱུད་ན་བར།

བྱང་ཆོས་སོ་བདུན་དང་ནི་ལ། རྩ་རླུང་ཉི་ཤུ། བསམ་ཁྱུང་རྣམས་གང་འཕྲོད་གཏོང་།

༨།

ཚ་བ་ཤུགས་ཆེར་འཕར་བར།

བསིལ་བཅུད་བཅོ་ལྔ། གཙོ་བོ་བརྒྱད་པ། ནོར་བུ་བདུན་ཐང་། འཕྲུང་ཐང་གང་འཕྲོད།

༩།

ཚ་བ་འཕར་བ་དང་མགོ་ན་བ། ཞེ་མེེར་ལངས་པར།

ཞི་གསེར། གསེར་མདོག་བཅུ་གཅིག རིལ་པད། གསེར་ཏིག་རྣམས་གང་འཕྲོད།

༡༠།

ལུས་ངལ་བ། གྲང་ཤུམ་རྒྱག་པ། རུས་ཚིགས་གཟེར་བར།

ཟླ་བདུད། ཐང་ཆེན་ཉེར་ལྔ། ཚངས་ལྷ་འཕྲུལ་ཐང་གི་རྟ་བྱས་ཏེ་གང་འཕྲོད།

༡༡།

འཁྲུ་བཤལ་རིགས་འབྱུང་བར།

ཟླ་ཤེལ་སོ་བདུན། དྭ་ཏྲིག་ཉེར་ལྔ། འཕྲུལ་ཐང་+བྲག་ཞུན་དགུ་པ།

གསེར་མདོག་ལྔ་པ་རྣམས་གང་འཕྲོད།

༡༢།

ལུས་ལ་ཟ་འཕྲུག་འབྱུང་བར།

སྐྱུ་རུ་ཉེར་ལྔ། ཟླ་ཤེལ་སོ་བདུན། ཐང་ཆེན་ཉེར་ལྔ། དགའ་བ་བཅུ་དྲུག ནི་ལ། དངུལ་རིན་བཅོ་བརྒྱད། གསེར་མདོག་བཅུ་གཅིག སྤོས་ཁྱུང་བཅོ་ལྔ་རྣམས་གང་འཕྲོད།

༡༣།

སྔོན་ཁབ་བརྒྱབ་གནས་སུ་དམར་སྐྲངས་འབྱུང་བར།

བསིལ་དུགས་རྒྱག་དགོས། གུར་གུམ་བཅུ་གསུམ་དང་ནི་ལ།

༡༤།

ལུས་ཟུངས་དང་ཕོ་བའི་འཇུ་སྟོབས་ཞན་པར།

སེ་འབྲུ་དྭངས་གནས། ཞི་གསེར། གསེར་མདོག་ལྔ་པ། ཟླ་ཤེལ་སོ་བདུན་གང་འཕྲོད།

༡༥།

ཚ་བ་འཕར་ཞིང་རུས་ཚིགས་དང་ཤ་སྒྲིམ་ན་བར།

བསམ་ཁྱུང་། སྤང་རྩི་བཅུ་གཉིས། སྤྲིན་ཟླ། བསིལ་བཅུད་བཅོ་ལྔ་རྣམས་གང་འཕྲོད།

༡༦།

གཉིད་ཡེར་ལ་བྲང་བསྡམས་ཤིང་གྲང་ཤུམ་བྱེད་པར།

ཚངས་ལྷ། གཉིད་ཁུག་གསུམ་ཐང་། འཕྲུལ་ཐང་རྣམས་གང་འཕྲོད།

*** གོང་གི་གསོལ་སྨན་རྣམས་གཏན་འབེབས་མ་ཡིན་པས། གཙོ་བོ་སྨན་པ་སོ་སོའི་རྣམ་དཔྱོད་ཀྱིས་མི་འཕྲོད་པར་གསོ་བཅོས་བྱ་དགོས།


མཆན།
བཀའ་འདྲི་གནང་འདུན་མཆིས་ཚེ་ཆེས་མཐོའི་སྨན་རྩིས་རིག་གཞུང་ལྷན་ཚོགས་ཀྱི་ཚོགས་དྲུང་སྨན་པ་ཉི་མ་ཚེ་རིང་ལ་

mac@men-tsee-khang.org ཐོག་འབྲེལ་བ་གནང་རོགས།

  སྨན་རྩིས་ཁང་། (གསོ་བ་རིག་པ་) ནས། ཕྱི་ལོ་ ༢༠༢༡ ཟླ་བ་ ཚེས་ ༡༠ ལ།


 

མཐའ་མའི་འདོན་ཐེངས་།: 24.02.2021 ཉིན། 4:48 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།