ཏེལ་བའམ་ཚུག་གི་བཅོས་ཐབས། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.09.2013 |
༄༅། །ཏེལ་བའམ་ཚུག་གི་བཅོས་ཐབས་འཁྱེར་བདེ་རུ་བཀོད་པ་བཞུགས་སོ། །
དང་པོ། ནད་ཀྱི་རིགས།
རྒྱུ་རྐྱེན་བརྡབ་འགྲམས་ལ་སོགས་པའི་རྐྱེན་གྱིས་བྱུང་བའི་རྩ་དཀར་དང་གྲིབ་སྐྱོན་གྱི་ནད་རིགས་རྣམས་སོ། །
གཉིས་པ། གནས་ས་ནི།
ལུས་པོ་སྤྱི་དང་། ཁྱད་པར་དུ་མགོ་དང་། ལག་པ་གཉིས། རྐང་པ་གཉིས་བཅས་ཡན་ལག་ལྔ་ཡི་གནས་རྣམས་སོ། །
གསུམ་པ། ཆ་བྱད་ཀྱི་རྒྱུ་ཆ།
ཏེལ་བ་ལ་རྒྱུ་ཆའི་དབང་གིས་གསེར་དངུལ་ཟངས་ལྕགས་རྭ་ཤིང་སོགས་རིགས་མང་པོ་ཡོད་ལ། དེ་དག་གི་དབང་གིས་ནད་ཁམས་དང་བཀོལ་སྤྱོད་ཕན་ནུས་སོགས་ཀྱང་མ་འདྲ་བ་འབྱུང་གི་ཡོད་པ་རེད། དཔེར་ན། རླུང་ལ་ཨ་གར་དང་། མཁྲིས་པར་སྐྱེར་པ། བད་ཀན་ལ་སྒྲོན་ཤིང་། ཆུ་སེར་ལ་སེང་ལྡེང་། ཁྲག་ལ་ཙན་དན་སོགས། འོན་ཀྱང་སྔགས་བཅོས་དང་འབྲེལ་ནས་ནུས་པའི་ངར་ཆེ་བར་འགྱུར་བ་ནི་རྒྱུ་གྲི་ལྕགས་*ལས་བརྡུངས་པའི་ཏེལ་བ་བྱུང་ན་རབ་དང་། དེ་མ་བྱུང་ཡང་གཞན་རྣམས་ཀྱིས་ཀྱང་རུང་ངོ་། །
མཆན། *གྲི་ལྕགས་ཞེས་པ་ནི་གྲིས་དམིགས་བསལ་གྱི་ལས་ཤིག་བྱས་པའི་གྲི་ཞིག་ལ་གོ་དགོས་པ་ལས་གྲི་ཡིན་ཚད་ཀྱིས་མི་རུང་ངོ་། །
བཞི་པ། གྲ་སྒྲིག་སྟ་གོན།
ཏེལ་བའམ་ཚུག་གང་དགོས་ནད་ཁམས་དང་བསྟུན་ནས་གྲ་སྒྲིག་སྔོན་སོང་དགོས་ལ། བྱབས་ཁྲུས་ཆེད་དཀར་ཡོལ་ལམ་སྣོད་ཆུང་ངུ་ཞིག་ཏུ་ཆུ་གཙང་རན་ཙམ་བླུག་ནས་བཞག དེ་བཞིན་དུ་མེ་ཤུལ་ལ་གཉན་ཁ་དང་རྣག་སྲུང་ཆེད་བྱུག་རྒྱུའི་ཚྭ་མར་བསྲེས་པ་ཉུང་ཙམ་བཅས་དགོས་ངེས་སྐབས་བསྟུན་གྱིས་གྲ་སྒྲིག་བྱ་དགོས་སོ། །
ལྔ་པ། གདབ་ཐབས།
ཐོག་མར་བཅོས་པ་པོ་རང་ཉིད་ཀྱིས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻཌཱུརྱའི་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། ཞེས་ལན་གསུམ་དང་། དེ་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་བསྒྲགས་རྒྱ་མཚོའི་དབྱངས་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། ཞེས་ལན་གསུམ་བརྗོད་ནས་གོང་དུ་གྲ་སྒྲིག་ཟིན་པའི་ཏེལ་བ་དང་ཆུ་དེ་ལ་ཕུ་ཞིག་བཏབ་ནས་བཞག་གོ།
དེ་ལ་རྩ་ནད་ཀྱི་རིགས་ལ་དཔེར་ན་ལག་པ་ཡར་བཀྱག་མ་ཐུབ་པར་བཤུལ་འདྲུད་ཟེར་བ་ལྟ་བུ་དེ་འདྲའི་རིགས་ལ་ཕྱི་ལུགས་སྨན་དང་བོད་སྨན་སོགས་སྨན་གང་གིས་ཀྱང་མ་ཕན་པ་ལ་ཚུག་རྒྱག་དགོས་པ་ལྟ་བུ་དང་། ཚུག་བརྒྱབ་པའི་ཚེ་ཕན་པ་འབྱུང་བ་དེ་འདྲ་དུས་དེང་སང་སྔར་ལས་མང་པོ་ཡོང་བསྡད་པ་དང་། དེ་དག་ནི་དུས་སྙིགས་མ་ལྔ་བདོ་བའི་དུས་ངན་གྱི་དབང་གིས་གདོན་སོགས་ཀྱིས་གནོད་པ་ནས་བྱུང་བ་ཞིག་ཡིན།
དེ་ལྟ་བུའི་རིགས་ལ་ནད་བདག་ཞི་བའི་དབང་གིས་བྱུང་བ་ན། དམིགས་པ་སྐྱོང་ཚུལ་ནི། སྨན་པ་རང་ཉིད་གཡུ་ཐོག་ཡོན་ཏན་མགོན་པོར་བསྒོམ། དེའི་ཐུགས་ཀ་ལ་ཡེ་ཤེས་སེམས་དཔའ་དེ་སྨན་བླར་བསྒོམ། རང་ཉིད་ཀྱི་ཚུག་དེ་ཡེ་ཤེས་ཀྱི་བྱ་ཁྱུང་ལ་བསྒོམས་ནས་ནད་བདག་ཐམས་ཅད་བཞོག་ཐབ་ཏུ་བསྲེག་པར་བསམས་ནས། ཏངྱཐཱ། ཨོཾ་བྷཻཥཛྱེ་བྷཻཥཛྱེ། མཧཱ་བྷཻཥཛྱེ། བྷཻཥཛྱེ་རཱཛཱཡ། སམུདྒཏེ་སྭཱཧཱ། ནད་གདོན་སྡིག་སྒྲིབ་ཐམས་ཅད་སརྦ་རོག་ཤྰནྟིང་ཀུརུཡེ་སྭཱཧཱ། ཞེས་བརྗོད་དེ་ཚུག་དམར་སང་ངེར་གྱུར་པ་དེ་ཉིད་ལ་ཕུ་ཞིག་བཏབ་ནས་ནད་དམིག་སྟེང་དུ་གདབ་དགོས་སོ། །
ཡང་ན་ནད་བདག་དྲག་པོས་དབང་གིས་བྱུང་ཚེ། རྩ་ཆུའི་བརྟག་པ་ལ་ཀླུ་གདོན་གྱི་ངོ་འདྲ་ཡོད་ན་རང་ཉིད་ཕྱག་ན་རྡོ་རྗེར་བསྒོམ། དེའི་ཐུགས་ཀའི་ཡེ་ཤེས་སེམས་དཔའ་དེ་སྨན་བླ་ཆོས་བསྒྲགས་རྒྱ་མཚོ་སྐུ་མདོག་དཀར་པོ་ཅན་ལ་བསྒོམ། ཆ་བྱད་ཀྱི་ཚུག་དེ་ཡེ་ཤེས་ཀྱི་བྱ་ཁྱུང་གི་མཆུ་ལ་བསྒོམས་ནས། གོང་གི་གཟུངས་སྔགས་ངག་ཏུ་བཟླས་ཏེ་ཏེལ་བ་མེ་ལ་བསྲེག་པ་དེར་ཕུ་ཞིག་བཏབ་ནས་མེ་སྟག་ཚ་ཚ་འཕྲོ་བའི་དམིགས་པ་དང་བཅས་ནད་དམིག་སྟེང་གདབ་དགོས།
དེ་བཞིན་དུ་རྒྱལ་འགོང་གི་ཆོ་འཕྲུལ་གྱི་ངོ་འདྲ་ཡོད་ན་རང་ཉིད་ཁྲོ་རྒྱལ་རྟ་མགྲིན་ལ་བསྒོམ། དེའི་ཐུགས་ཀའི་ཡེ་ཤེས་སེམས་དཔའ་དེ་སྨན་བླ་ཆོས་བསྒྲགས་རྒྱ་མཚོ་སྐུ་མདོག་དཀར་པོ་ཅན་ལ་བསྒོམ། ཆ་བྱད་ཀྱི་ཚུག་དེ་ཡེ་ཤེས་ཀྱི་བྱ་ཁྱུང་གི་མཆུ་ལ་བསྒོམས་ནས་ནད་བདག་ཐམས་ཅད་བཞོག་ཐབ་ཏུ་བསྲེག་པའི་དམིགས་རིམ་དང་བཅས་ནད་སྟེང་དུ་གདབ་དགོས་སོ། །
དེ་ལྟར་གདབ་པའི་རྗེས་སོར་དུ་གོང་གི་གཟུངས་སྔགས་བརྗོད་དེ་ཏེལ་བ་དེ་ཉིད་གོང་གི་དཀར་ཡོལ་ནང་གི་ཆུ་དེར་གཏུག་ནས་སིར་སྒྲ་རླངས་པ་དང་བཅས་ནད་པའི་མགོ་སྟེང་ནས་བསྐོར་བ་ལན་གསུམ་བརྒྱབ་དགོས། དེ་བཞིན་དུ་ཏེལ་བས་ཆུ་བླངས་ཏེ་ནད་པའི་སྟེང་དུ་གཏོར་བར་བྱ་བའོ། །ཏེལ་བ་རླངས་བཅས་མགོ་ལ་བསྐོར་བས་ལུས་ཀྱི་སྲུང་འཁོར་དུ་འགྱུར་ཞིང་རྨའི་གཉན་དང་རྣག་ཐབ་འགོག་ནུས་ལ། སྔགས་ཆུ་གཏོར་བས་མི་གཙང་གྲིབ་སོགས་དག་པའི་བྱབས་ཁྲུས་སུ་འགྱུར་བས་ཕན་ཡོན་ནུས་མཐུ་ཁྱད་པར་ཅན་ཡོད་དོ། །
དེ་ལྟར་ཏེལ་བའམ་ཚུག་ཀྱི་ལས་གྲུབ་པའི་མཇུག་ཏུ་བདེན་ཚིག་སྨོན་ལམ་འདི་བཞིན་བྱ་དགོས་ཏེ། བཅོམ་ལྡན་སྨན་བླས་སྔོན་ཚེ་སེམས་དཔའ་ཡིས། །སྨོན་ལམ་བཅུ་གཉིས་བཏབ་པའི་བདེན་པའི་མཐུས། །བདག་དང་སྲུང་བྱ་ཀུན་གྱི་ནད་དང་གདོན། །ཐམས་ཅད་ད་ལྟ་ཉིད་དུ་སངས་གྱུར་ཅིག །ཅེས་བརྗོད་དེ་སྨོན་ལབ་གདབ་པོ། །
དེ་འདྲ་བའི་བཅོས་ཐབས་དེ་ནི་ནམ་རྒྱུན་གྱི་ཏེལ་བའི་བཅོས་ཀ་ལས་ཕན་ནུས་ཆེ་བ་ཞིག་ཡིན་པས། ངེད་ནས་ཡང་ཡང་ལག་ཏུ་བླངས་ཤིང་མྱོང་བཅོས་ངེས་པ་གདེང་བརྙེད་པ་མང་དུ་བྱུང་། དུས་དེང་སང་གི་སྨན་པ་རྣམས་ཀྱིས་ཀྱང་དེ་ལྟར་ལག་ཏུ་བླང་ཐུབ་ན་ཕན་རླབས་དང་དགེ་མཚན་ཆེ་བ་ཞིག་ཡིན།
ྋསྐྱབས་རྗེ་གཏེར་སྟོན་རྫོགས་ཆེན་དགའ་ནོར་རིན་པོ་ཆེའི་ཞལ་ཁྲིད་བཞིན་སྨན་རམས་པ་འཇམ་དབྱངས་རྒྱ་མཚོ་དང་སྨན་རམས་པ་སྟོན་པ་སྐྱབས་གཉིས་ཀྱིས་ཟིན་བྲིས་སུ་བཀོད།
མཐའ་མའི་འདོན་ཐེངས་།: 25.11.2013 ཉིན། 2:52 PM
<< སྔ་མ།