སྨན་རྩིས་དྲ་བ། - གསོ་རིག་མཁས་དབང་རིམ་བྱོན།

ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ །

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 19.05.2014
གསོ་རིག་མཁས་དབང་རིམ་བྱོན། >>

 

 

ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ།

བྱམས་པ་འཕྲིན་ལས།

 

    ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ནི། རྒྱ་གར་ཤར་ཕྱོགས་བྷངྒ་ལ་(1)ཞེས་པར་ཟ་ཧོར་གྱི་རྒྱལ་པོ་དགེ་བ་དཔལ་དང་།  ཡུམ་དཔལ་མོ་འོད་ཟེར་གཉིས་ཀྱི་སྲས་སུ་བོད་ཆུ་རྟ་སྤྱི་ལོ་༩༨༢ ལོར་སྐུ་འཁྲུངས། དགུང་ལོ་ཉེར་དགུའི་བར་སྒྱུ་རྩལ་དང་།  སྒྲ་ཚད་སོགས་ལ་མཁས་པར་སྦྱངས། ཡབ་ཡུམ་གྱིས་ཇོ་བོ་རྗེས་རྒྱལ་སྲིད་བསྐྱང་ཕྱིར་སྐྱེད་མོས་ཚལ་ཡིད་དུ་འོང་བའི་ཁྲོད་དུ་བུ་མོ་མཛེས་མ་མང་པོས་མཐའ་བསྐོར་བ་སོགས་འདི་སྣང་སྲིད་པའི་ཕུན་ཚོགས་ལ་ལོངས་སུ་སྤྱོད་པའི་ཐབས་ཤེས་ཅི་འདྲ་གནང་རུང་ཞེན་ཆགས་སྤངས་ཏེ་ཚངས་སྤྱོད་བརྟུལ་ཞུགས་ཀྱི་སྤྱོད་པ་ཁོ་ན་ཐུགས་ལ་དགོངས་ཏེ། མཐར་རྒྱ་གར་རྡོ་རྗེ་གདན་དུ་ཕེབས་ནས་ཕྱི་ནང་གི་རིག་གནས་དང་།  མདོ་སྔགས་ཀྱི་གཞུང་མང་པོར་ཐོས་བསམ་གྱིས་གསེར་གླིང་པ་ལ་སོགས་བླ་མ་སུམ་ཅུ་སོ་བཞི་ཙམ་གྱི་ཞབས་ལ་གཏུགས་པས་པཎྜིཏའི་མཚན་སྙན་ཐོབ། དེ་རྗེས་མངའ་རིས་ཀྱི་ཆོས་རྒྱལ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་གསེར་མང་པོའི་འབུལ་བ་དང་བཅས་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེངྒེ་མངགས་ཏེ་བོད་དུ་ཇོ་བོ་རྗེ་གདན་འདྲེན་པར་བཏང་རུང་གདན་མ་འདྲོངས། སླར་ཡང་ནག་ཚོ་ལོ་ཙཱ་བ་ཇོ་བོ་རྗེ་གདན་འདྲེན་དུ་ཕེབས་སྐབས་རྒྱ་གར་གྱི་རྒྱལ་པོ་དང་།  བི་ཀཱ་མ་(བིཀྲམ)ཤཱི་ལའི་གཙུག་ལག་ཁང་གི་མཁན་པོ་བཅས་པས་ཇོ་བོ་རྗེ་བོད་དུ་ལོ་གསུམ་བཞུགས་ཆོག་པའི་གནང་བ་ཐོབ་སྟེ། དགུང་ལོ་ལྔ་བཅུ་ང་དགུ་རབ་བྱུང་དང་པོའི་ལྕགས་འབྲུག་སྤྱི་ལོ་༡༠༤༠ ལོར་བལ་ཡུལ་བརྒྱུད་མངའ་རིས་དང་།  དེ་ནས་དབུས་གཙང་།  བསམ་ཡས། ཡར་ལུང་།  སྙེ་ཐང་བཅས་སུ་ཕེབས།

    ལོ་ངོ་བཅུ་བདུན་རིང་དམ་ཆོས་གསུངས་པ་དང་།  བསྟན་བཅོས་བརྩམས་པ། རྒྱལ་བའི་བཀའ་བསྒྱུར་པ་སོགས་བསྟན་འགྲོའི་དོན་རྒྱ་ཆེན་པོ་མཛད། སྨན་དཔྱད་སྐོར་ཇོ་བོའི་ལམ་ཡིག་རྙིང་པ་ཁ་ཅིག་ལས། ཇོ་བོ་བོད་དུ་བྱོན་དུས་བོད་ན་སྨན་མེད་པས་ངའི་སྨན་དཔྱད་འདི་ནུབ་འགྲོ་དགོངས་པ་དང་།  བོད་དུ་ཕེབས་རྗེས་སྒྲོལ་མས་ནེ་ཙོར་སྤྲུལ་ཏེ་སྨན་གཟིགས་སུ་གཤེགས་སུ་གསུངས་ནས། བོད་ཀྱི་རི་ཀླུངས་བསྟན་པས་རྒྱ་གར་གྱི་སྨན་ཀུན་ལ་བོད་ན་ཚབ་རེ་འདུག ལྷག་པར་བོད་ཀྱི་སྨན་ནུས་པ་ཆེ་བར་འདུག་ཅེས་གསུངས་པའི་སྐོར་དང་།  སྙེ་ཐང་དུ་ཡན་ལག་བརྒྱད་པ་འཆད་ཉན་མཛད་སྐབས་བྲག་རྒྱབ་ཀྱི་སྨན་པ་ཁ་ཤས་ཀྱིས་ཞུས་པས་ཁོང་རྣམས་རྗེས་སུ་མཁས་པར་གྱུར། དེ་དག་གི་ཟིན་བྲིས་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོའི་ཕྱག་ཏུ་བྱུང་བས་ཇོ་བོའི་སྨན་བརྒྱུད་ཡིན་ཞེས་པ་དང་།  དེ་མིན་《ཤ་སྦྱོར་དར་ཡ་ཀན་》དང་《མགོ་དཔྱད་དྲྭ་བ་སྡོམ་པ་》བཅས་ནག་ཚོ་ལོ་ཙཱ་བ་དང་ལྷན་དུ་བསྒྱུར་གནང་མཛད་པ་སོགས་ཇོ་བོ་རྗེས་བོད་ཀྱི་གསོ་རིག་ཡར་རྒྱས་འགྲོ་བར་མཛད་རྗེས་རླབས་པོ་ཆེ་འཇོག་གནང་མཛད།

    སློབ་མའི་གཙོ་བོར་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་དང་།  རྔོག་ལོ་ཙཱ་བ། འགོས་ལོ་ཙཱ་བ་སོགས་མང་དག་བྱུང་ཡོད། ཇོ་བོ་དགུང་ལོ་བདུན་ཅུ་དོན་གསུམ་ལ་སྙེ་ཐང་ན་མོ་ཆེར་སྐུ་གཤེགས་སོ།།

མཆན་བུ།

(1) བྷངྒ་ལ་(བཾགྰལ་)ཞེས་པ་སྔོན་དུས་རྒྱ་གར་གྱི་ཡུལ་མིང་།  ད་ལྟ་བྷངྒ་ལ་(བཾགྰལ་)རྒྱལ་ཁབ་ཅེས་པ་དེ་ཡིན། ཇོ་བསྟོད། ནང་ཕུན་སུམ་ཚོགས་པ་བྷངྒ་ལ་ཡི་ཡུལ། །ཆོ་རིགས་བཙུན་པ་ཟ་ཧོར་རྒྱལ་པོའི་རིགས། །བྱང་ཆུབ་སེམས་དཔའ་ཞི་འཚོ་འཁྲུངས་པའི་བརྒྱུད། །མར་མེ་མཛད་དཔལ་ཞབས་ལ་གསོལ་བ་འདེབས། །ཞེས་མཁན་ཆེན་ཞི་བ་འཚོ་དང་།  ཇོ་བོ་རྗེའི་འཁྲུངས་ཡུལ་གནའ་དུས་དམ་པའི་ཆོས་དང་།  རིག་གནས་སོགས་དར་ཁྱབ་ཤིན་ཏུ་ཆེ་བའི་ཡུལ་ཁྱད་དུ་འཕགས་པ་ཞིག་ཡིན་ནོ།།


འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་བཏོན་བྱས་པ་ཞིག་ཡིན།

མཐའ་མའི་འདོན་ཐེངས་།: 14.07.2014 ཉིན། 12:18 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།