ཆུ་ཡི་འཕྲུལ་འཁོར་གྱི་ཟིན་བྲིས། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 26.05.2014 |
༄༅། །ཆུ་ཡི་འཕྲུལ་འཁོར་གྱི་རྣམ་བཞག་ལ་དཔྱད་པ་ཟིན་བྲིས་ཐོར་བུ།
སྨན་རམས་པ་དབང་འདུས།
བོད་ཀྱི་སྨན་རྩིས་མཐོ་སློབ་ཁང་གི་སྨན་དགེ།
གང་གི་མཚན་ཙམ་ཡིད་ལ་དྲན་པ་ཡིས། །དུག་གསུམ་རྒྱུ་འབྲས་རྩད་ནས་འཇོམས་བྱེད་ཅིང་།།
དལ་འབྱོར་དོན་ལྡན་བདེ་གཞིར་འགོད་བྱེད་པའི། །བདེ་གཤེགས་སྨན་གྱི་བླ་མར་གུས་ཕྱག་འཚལ།།
གངས་ཅན་མེས་པོའི་རྣམ་དཔྱོད་ལས་འཁྲུངས་པའི། །བདུད་རྩི་སྙིང་པོ་གསོ་བ་རིག་པའི་གཞུང་།།
ཉམ་ཐག་ནད་པའི་སྲོག་གི་མགོན་འགྱུར་བ། །དཔལ་ལྡན་རྒྱུད་བཞི་འདི་ལ་ཕྱག་འཚལ་ལོ།།
བལྟ་རེག་དྲི་བས་ལྐོག་གྱུར་ནད་རིགས་རྟོགས། །གཉེན་པོ་བཞི་ཡིས་ལུས་སེམས་བདེ་ལ་སྦྱོར།།
ཕུལ་བྱུང་བྱམས་བརྩེས་ནད་པ་བུ་ལྟར་སྐྱོང་། །གངས་ཅན་སྨན་པ་རྣམས་ལ་རབ་ཏུ་འདུད།།
ཅེས་ཡུལ་གོང་མ་རྣམས་ལ་དང་བ་དང་དད་པའི་ཀུན་སློང་སྔོན་དུ་འཆར་ནས་རང་གི་ཡིད་ལ་གང་ཤར་ཡི་གེར་ཕབ་སྟེ་ཚིགས་བཅད་ཀྱི་ལམ་ནས་བསྟོད་པའི་མཆོད་སྤྲིན་གྱི་བསུ་བ་དང་བཅས། སྐབས་དོན་གླེང་བར་བྱ་བ་ནི། ཆུ་ཡི་འཕྲུལ་འཁོར་གྱི་རིག་པའི་ཐབས་ལམ་འདི་ཉིད་ཀྱི་སྐོར་ཡིན། དེ་ལ་ནང་གསེས་དབྱེ་བ་རྣམ་པ་ལྔ་ཡི་སྒོ་ནས་འཆད་པར་བྱའོ།།
དང་པོ། ཆུ་ཡི་འཕྲུལ་འཁོར་གྱི་ཐ་སྙད་ལ་དཔྱད་པ།
དེ་ཡང་ཆུ་ནི་འབྱུང་བ་ལྔའི་ནང་ཚན་གྱི་ཆ་ཤས་གལ་ཆེ་བ་ཞིག་ཡིན། སྤྱིར་མིང་བཏགས་དགོས་དོན་ནི། ལང་ཀར་གཤེགས་པའི་མདོ་ལས། མིང་དུ་གདགས་པར་མ་མཛད་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། །དེ་བས་རྨོངས་པ་སེལ་བའི་ཕྱིར། །མགོན་པོས་མིང་དུ་གདགས་པར་མཛད། །ཅེས་གསུངས་པ་ལྟར་འདིར་འབྱུང་བ་ཆུའི་ཁམས་འདི་ཉིད་ལ་མིང་ཆུ་ཞེས་བཏགས་པ་དེ་ནི་རྗེས་གྲུབ་གྱི་ཐ་སྙད་རང་བཞིན་ཞིག་ཡིན་ལ། དེ་ཡང་གདོད་མ་ཉིད་ནས་མི་རྣམས་ལ་རང་བཞིན་ནམ་རང་ཆས་སུ་གྲུབ་པའི་རང་ཉིད་ཀྱི་ཚོར་བ་ཕྱིར་མངོན་པའི་རྟགས་སམ་ངག་གི་སྒྲ་དེ་ལས་འབྱུང་སྟེ། དེ་ཡང་མི་རྣམས་སྤྱིར་བཏང་གཟུགས་པོ་འཁྱགས་པའི་གནས་སྐབས་སུ་ཁ་ནས་ཆུ་ཆུ་དང་ཤུ་ཤུའི་སྒྲ་དོན་ཅིང་ལྷག་པར་དུ་ཆུ་གྲང་མོར་གཟུགས་པོ་འཁྲུད་སྐབས་རང་དབང་མེད་པར་ཁ་ནས་ཆུ་ཆུ་འམ་ཤུ་ཤུ་ཞེས་པའི་སྒྲ་ཞིག་རང་ཤུགས་ཀྱི་དོན་པར་སྒྲ་དེ་ལ་གཞིགས་ནས་འདིར་ཆུ་ཞེས་པའི་ཐ་སྙད་འདི་བྱུང་བ་ཡིན། སྤྱིར་ཆུ་འདི་ངོ་བོ་གྲང་བའི་ཆར་རྟོགས་ཅིང་ཆུ་ཞེས་པའི་ཐ་སྙད་ཐོས་པ་ཙམ་གྱིས་སེམས་གཏིང་ངམ་ངོས་སུ་བསིལ་བའི་ཚོར་བ་སྟེར་བ་དང་། མ་ཟད་ཆུ་སྒྲ་ཤང་ཤང་དང་གཙང་ཆབ་སྔོན་མོ་ཤང་ཤང་རྒྱུགས་པའི་སྒྲ་རྣ་བར་ཐོས་པ་དང་མིག་གིས་མཐོང་བ་ཙམ་གྱི་ང་ཚོའི་ལུས་སེམས་ལ་ཚོར་བ་སྔར་མེད་པའི་གྲང་སི་ལེ་ཞིག་དེ་མ་ཉིད་དུ་སྐྱེད་པ་བཅས་ནི་ཐ་སྙད་ཀྱི་ཡོན་ཏན་སམ་ཁྱད་ཆོས་ཞིག་ཡིན་པ་མ་ཟད་དེས་ཕྱི་འབྱུང་བ་དང་ནང་སེམས་ཀྱི་འབྲེལ་བ་དང་རྟེན་གཡོའི་གཞི་མ་རྟེན་འབྲེལ་གྱི་རྣམ་གཞག་མཚོན་པ་ཡིན།
འཕྲུལ་འཁོར་ཞེས་པ་ནི། རྣམ་དཔྱོད་བརྩལ་དུ་སྟོན་ཏེ་ཐབས་ཤེས་ཕུལ་དུ་བྱུང་བའི་གནས་ལུགས་ཞིག་ལ་གོ་དགོས་ལ། དེ་ཡང་དེ་ལྟ་བུའི་ཐབས་ཤེས་འདི་དག་ནམ་རྒྱུན་སྤྱི་ཚོགས་ནང་དུ་གོམས་འདྲིས་ཞེ་དྲག་མེད་པ་དང་། རིག་ལམ་གསར་པ་དེས་མི་རྣམས་ཀྱི་བློ་ཡུལ་དུ་མི་ཆུད་པ་རིག་པ་འཕྲུལ་བ་དང་མགོ་ཐོམ་པ་འམ་འཁོར་བར་འཇུག་པ་ལགས་ན་འཕྲུལ་འཁོར་ཞེས་བྱ་བ་ཡིན་ཅིང་། མདོར་ན་རིག་པས་བརྡར་ཤ་བཅད་དེ་དགེ་ཕན་ལེན་པའི་རྣམ་དཔྱོད་གསར་པ་ཡ་མཚན་པ་ཞིག་ལ་འཕྲུལ་འཁོར་ཞེས་བྱ། འཕྲུལ་འཁོར་ལ་ཡང་རིགས་མང་པོ་ཡོད་དེ། ཆུ་ཡི་འཕྲུལ་འཁོར། མེ་ཡི་འཕྲུལ་འཁོར། ལུས་ཀྱི་འཕྲུལ་འཁོར། སེམས་ཀྱི་འཕྲུལ་འཁོར། རྩའི་འཕྲུལ་འཁོར། རླུང་གི་འཕྲུལ་འཁོར། ཐིག་ལེའི་འཕྲུལ་འཁོར། དེང་དུས་ཚན་རིག་གི་འཕྲུལ་འཁོར་སོགས་མདོར་ན་སྐབས་འདིར་གླེང་བར་བྱ་བ་ནི་ཆུ་ཡི་འཕྲུལ་འཁོར་ཞེས་པ་དེ་ཡིན། འབྱུང་བ་ཆུ་ཉིད་བེད་སྤྱད་དེ་རིག་པའི་རྣམ་དཔྱོད་ཀྱི་ནད་རིགས་སྤྱི་དང་བྱེ་བྲག་ལ་བཅོས་ཐབས་ཀྱི་ཐབས་ལམ་མམ་གཉེན་པོ་ཞིག་ལ་གོ་དགོས་སོ།།
གཉིས་པ། ཆུ་ཡི་རང་བཞིན་དང་ངོ་བོའི་སྐོར།
ཆུ་ཡི་རང་བཞིན་ནམ་མཚན་ཉིད་ནི་བརླན་ཞིང་གཤེར་བ་ཡིན་པ་དང་ངོ་བོ་བསིལ་བའི་ཆ་ཤུགས་ཆེ་བ་སྟེ་དེ་ཡང་བརླན་པ་ནི་སྐམ་པའི་ལྡོག་ཕྱོགས་ཡིན་ཅིང་ཆུ་དང་ཕྲད་པའི་དངོས་པོ་གང་ཡང་བརླན་པའི་ཆར་འགྱུར་ཐུབ་པ་དང་། གཤེར་བ་ནི་ཟླུམ་པ་དང་འདྲིལ་བའི་ལྡོག་ཕྱོགས་ཏེ་ཆུ་རང་གི་རང་གཟུགས་ཀྱི་ཁྱད་ཆོས་སམ་གཞི་གྲུབ་གྱི་མཚན་ཉིད་ཅིག་ཡིན། བསིལ་བ་ནི་ངོ་བོ་འམ་ཡོན་ཏན་གྱི་ཆར་གཏོགས་ཏེ་ཚ་དྲོད་ཀྱི་ལྡོག་ཕྱོགས་སུ་གྲུབ་ཅིང་དེ་ཡང་མེ་དགྲ་ཆུ་ཡི་ཚུལ་དུ་གནས་པ་ལྟར་ཡིན། སྤྱིར་བཤད་རྒྱུད་དུ་འབྱུང་བ་སོ་སོའི་རང་བཞིན་དང་། ཁམས་དང་། ངོ་བོ། བྱེད་ལས་ལ་སོགས་པར་རྒྱས་པར་འགྲེལ་བརྗོད་བྱས་ཡོད་ཅིང་སྐབས་འདིར་ཆུའི་སྐོར་ལ་མདོར་ཙམ་ཞུས་ན་དེ་ཡང་རྒྱུད་དུ། ས་མེད་མི་འགྲུབ་ཆུ་མེད་སྡུད་མི་ནུས།། ཞེས་གསུངས་པ་ལྟར་འབྱུང་བ་ཆུའི་ནུས་པ་མེད་ཚེ་དངོས་པོ་རྣམས་གཞི་གཅིག་གམ་མཉམ་དུ་གནས་གཅིག་དུ་སྡུད་པ་འམ་རྡོག་རྡོག་གི་རྣམ་པར་འགྱུར་མི་སྲིད་པ་དང་། དེ་བཞིན་དུ་ཆུ་ལས་ཁྲག་དང་ལྕེ་རོ་རླན་པ་སྐྱེད།། ཅེས་པ་ཡང་འབྱུང་བ་ཆུའི་ཡོན་ཏན་ཇི་ལྟ་བ་བཞིན་དུ་ང་ཚོའི་ཕུང་པོའི་སྟེང་དུ་ཡང་རང་ཉིད་ཀྱི་མཚན་ཉིད་ལྟར་ཆ་མཚུངས་སུ་ལྡན་པའི་ནུས་པ་ཞིག་སྐྱེད་པར་བྱེད་པ་ཡིན། དེ་བཞིན་དུ། ཆུ་སྨན་སླ་བསིལ་ལྕི་རྟུལ་སྣུམ་ལ་མཉེན།། ཞེས་པ་ལྟར་ཆུ་རང་ཉིད་ལ་ཡོད་པའི་མཚན་ཉིད་དྲུག་ལྡན་དེ་ཤེས་དགོས་པ་དེ་ཡང་གལ་ཆེར་གནས་པ་ལགས།
དེ་ལྟ་བུའི་ཁྱད་ཆོས་སམ་ཡོན་ཏན་དེ་ལ་ཡང་བཟང་ངན་གྱི་དབྱེ་བ་ཡོད་དེ། བསིལ་བ། ཞིམ་པ། ཡང་བ། འཇམ་པ། དྭངས་པ། དྲི་མ་མེད་པ། ལྟོ་བ་ལ་མི་གནོད་པ། མགྲིན་པར་མི་གནོད་པ་བཅས་ཡོན་ཏན་བརྒྱད་དང་ལྡན་པའི་ཆུ་དེ་བཟང་བ་ཡིན། ཆུ་ངན་པ་ནི་གོང་གི་དེ་ལས་ལྡོག་པ་ལུས་ཟུངས་ལ་གནོད་པའི་ཆུ་སྟེ་བཤད་རྒྱུད་དུ། བརྟན་གཡུང་སྲིན་བུ་རྐང་བམ་སྙིང་ནད་སྐྱེད། །འདམ་རྫབ་ཉ་ལྕིབས་རྩ་ལོ་ཤིང་གྲིབ་ཕོག །བ་ཚྭ་སྲོག་ཆགས་ཁུ་བས་ཉེས་ཀུན་སྐྱེད། །ཅེས་པ་དང་། མདོར་ན་བཤད་རྒྱུད་དུ་ཆུ་ཡི་སྡེ་བསྟན་པའི་སྐབས། ཆུ་ནི་ཆར་ཆུ་གངས་ཆུ་ཆུ་ཀླུང་ཆུ། །ཆུ་མིག་ཁྲོན་པ་བ་ཚྭ་ཤིང་གི་ཆུ། །རིམ་པས་དང་པོ་མཆོག་ཡིན་ཕྱི་མ་དམན། །ཞེས་པ་ལྟར་ཆུ་ཡི་དབྱེ་བ་བཟང་ངན་ལེགས་པར་དཔྱད་དེ་གང་བཟང་བ་དང་ལེགས་པའི་ཆ་དེ་ཆུ་ཡི་འཕྲུལ་འཁོར་གྱི་བཅོས་ཐབས་ལ་བེད་སྤྱོད་བྱེད་དགོས་པ་ཡིན།
དེ་ཡང་མཱ་ཡང་རྟ་མགྲིན་སྐྱབས་ཀྱི་ཆུ་དཔྱད་འཕྲུལ་འཁོར་ལས། ངེས་ཚིག་ཆུ་ཁམས་མེར་རྒྱས་པའི། །རླན་གཤེར་ཆུ་ཡི་དངོས་པོ་ལ། །ཚ་དབལ་མེ་ཡི་ངད་ལྡན་པའི། །ཆུ་ཉིད་ཚ་དབལ་ལྡན་ཕྱིར་རོ། །དབྱེ་བ་ཆུ་དང་རྡོ་སོལ་གཉིས། །མེད་པའི་ཆུ་ཚན་འབྱུང་མི་སྲིད། །དེ་ལ་སྨན་གཞན་གྲོགས་ཀྱིས་བསྒྱུར། །རྣམ་པ་ལྔ་རུ་ཡོངས་སུ་གྲགས། །ཞེས་དང་། བསྟེན་ཐབས་དང་པོ་གྲང་བར་ཞུགས། །དེ་ནས་རིམ་པས་ཇེ་ཆེར་བཏང་། །བཀྲུ་ཞིང་ནད་ཡོད་ས་དེར་མཉེ། །ལྷག་པར་ཁོང་འབྲས་སྐྲན་ཡོད་ན། །དལ་བུས་འཐུང་ཞིང་ཕོ་བསྐོར་བྱ། །ཤེས་ན་རླུང་བཟུང་འཕྲུལ་འཁོར་རྒྱག །ཟས་སྐོམ་སྤྱོད་ལམ་ནད་དང་བསྟུན། །དྲོད་ལ་བསྐོར་ཞིང་རླན་གྲང་སྤང་། །ཆུ་ནས་ཐོན་མ་ཐག་པ་ལ། །དྲོ་བའི་གོས་ཀྱིས་མལ་དུ་བྱིབས། །ཐུག་ཚན་ཡུག་འཐུང་པུས་བྲང་སྦྱར། །རྔུལ་ཐོན་གོས་བརྗེ་རླན་རྣམས་ཕྱི། །ཞལ་གདམས་ཐབས་མཆོག་འདི་མེད་ན། །ལུས་ནད་བ་སྤུར་མི་འདྲོངས་པས། །ལག་ལེན་སྙིང་གི་བུ་ལ་བསྟན། །ཞེས་དང་ཡང་། བདུད་རྩི་ལྔ་ལུམས་བྱ་ཐབས་ལ། །ཆུ་ཚན་རིགས་ལྔ་མ་འཛོམས་ན། །མི་ཡི་བདུད་རྩི་བ་ལུ་སྟེ། །པགས་པ་མཉེན་པར་བྱེད་པ་ཡིན། །ཤུག་པ་ལྷ་ཡི་བདུད་རྩི་ཡིན། །ཡོན་ཏན་མངོན་པར་ལྡན་པར་ཡིན། །མཚེ་ལྡུམ་བཙན་གྱི་བདུད་རྩི་ཡིན། །ལུས་ཟུངས་བརྟས་པར་བྱེད་པ་ཡིན། །འོམ་བུ་ཀླུ་ཡི་བདུད་རྩི་ཡིས། །རུས་དུག་འབྱིན་ལ་མཁན་སྐྱ་ནི། །སྡེ་བརྒྱད་བདུད་རྩིས་འབྱུང་པོ་འདུལ། །འདི་ལྔ་ཁྲམ་ཁྲུམ་བརྡུང་བྱས་ལ། །ཆང་ལ་ནུབ་ཙམ་བྱས་པའི་ནང་། །ཕབས་བཏབ་བསྙལ་ལ་སྐྱུར་ལངས་ནས། །ཆུ་དང་ཆང་གི་བསིངས་ཁུ་བླངས། །སྙིགས་མ་སླར་བརྡུང་བཙོས་ཁུ་བསིངས། །བསྡོམས་ལ་བསྲོས་པ་ཚུགས་ཙམ་དུས། །ལུམས་ཀྱིས་འགྲམས་འཁྲུགས་ཚད་རྙིང་བྱེར། །ལུས་པོ་དགྱེ་སྒུར་ཡན་ལག་ནི། །རེངས་ཁུམས་རྨ་རྒན་སུརྱ་དང་། །ཤ་སྐམ་ལ་སོགས་ནད་རྙིང་པ། །གཏིང་ནས་འདོན་ཞིང་ཕན་པར་བྱེད། །ཞེས་གསུངས་ལ་དེ་བཞིན་དུ། སྨན་ཆུ་དང་ནི་ཆུ་ཚན་གྱི། །ནུས་པ་སོས་དང་དགུན་སྟོད་ཆེ། །དེ་ཡི་རྒྱུ་མཚན་འབྱུང་བ་གཞན། །མ་འདྲེས་རང་ཁམས་རྒྱས་ཕྱིར་རོ། །ཞེས་སོགས་རྒྱ་ཆེར་གསུངས་པ་ལས་རྟོགས་དགོས་པ་ལགས་སོ།།
གསུམ་པ། ཇི་ལྟ་བུ་ཞིག་ལ་ཆུ་ཡི་འཕྲུལ་འཁོར་ཟེར་རམ།
ཆུ་ཡི་འཕྲུལ་འཁོར་ཞེས་པ་ནི་ཆུ་ཡི་སྒོ་ནས་ནད་རིགས་བཅོས་ཐབས་ཀྱི་ཐབས་ལམ་མམ་ཐབས་ཤེས་ཞིག་ལ་གོ་དགོས་པ་ཡིན། དེ་ལྟ་བུའི་ཆུ་ཡི་འཕྲུལ་འཁོར་དེ་ཡང་རང་གི་རྣམ་དཔྱོད་ཀྱིས་ལེགས་པར་སྐོར་ཤེས་ན་ནད་རིགས་བཞི་བརྒྱ་རྩ་བཞི་སོགས་ཚ་གྲང་གང་ལ་ཡང་གཉེན་པོའི་བཅོས་སུ་འགྱུར་ཅིང་སྟབས་བདེ་རང་བཞིན་ལྡན་པའི་གསོ་ཐབས་ཀྱི་ཆ་ཤས་ཞིག་ཏུ་བརྩི་ཆོག་པ་ཡིན།
དེ་ཡང་སྤྱིར་རང་རེའི་སྨན་གཞུང་ནང་དུ་འབྱུང་བ་ཆུ་ལ་བརྟེན་ནས་ནད་རིགས་བཅོས་ཐབས་ཇི་སྙེད་གཅིག་བསྟན་ཡོད་ཅིང་། ཡིན་ཡང་སྐབས་དོན་གྱི་ཆུ་ཡི་འཕྲུལ་འཁོར་གྱི་ཚིག་དོན་ཁྱབ་ཚད་ལ་གཞིག་ན་རང་རེའི་སྨན་གཞུང་དུ་ཆུ་ཡི་འཕྲུལ་འཁོར་གྱི་ལྟ་བ་དང་ཁྱབ་ཚད་ལ་ཅུང་ཟད་གཞི་རྒྱ་ཆུང་བ་དང་ཁྱབ་ཚད་ཆུང་དྲག་པའི་རང་ལ་ཚོར་བ་ཞིག་སྐྱེད་ལ། དེ་ཡང་རང་རེའི་སྨན་གཞུང་དུ་ཆུ་ཡི་འཕྲུལ་འཁོར་དེ་ཉིད་ཀྱིས་ནད་གཞི་ཚ་བ་གཅིག་པུ་འཇོམས་པའི་གཉེན་པོ་ལས་གྲང་བའི་ནད་གཞིའི་གཉེན་པོར་མི་འགྲོ་བ་ལྟ་བུར་བསྟན་ཡོད་པ་ནི་དེ་ཡང་རྩ་རྒྱུད་དུ། རྔུལ་དབྱུང་གཏར་ཁ་ཆུ་ཡི་འཕྲུལ་འཁོར་དང་། །ཞེས་པ་མཁྲིས་པའི་གཉེན་པོར་བསྟན་པ་དང་དེ་བཞིན་འགྲེལ་བ་ཁག་ཏུ་ཡང་། ཆུ་ཡི་འཕྲུལ་འཁོར་ཞེས་པ་ནི་གཟེར་སྟེང་དུ་ཆུ་ལྕག་བརྡེག་པ་ལྟ་བུ་ནད་རང་རང་གི་སྐབས་ཐོབ་ལྟར་གྱི་ཁ་བསྒྱུར་བྱ་དགོས་པའི་འབྱུང་བ་ཆུའི་ནུས་པར་བརྟེན་ནས་ཚ་བའི་ནད་སེལ་བར་བྱེད་པའི་དཔྱད་ཀྱི་མིང་སྟེ།
དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། ཆུ་ཡི་འཕྲུལ་འཁོར་ནི་ཐོ་རེངས་སྐར་མ་མ་ཡལ་གོང་དུ་ཆུ་གྲང་མོ་བླངས་ལ་ནད་པ་ཉི་མ་དྲོ་སར་གཅེར་བུར་ཕུད་ནས་ཤིང་ལེབ་ཀྱི་ཁར་ཙོག་བུར་བཞག་ཅིང་ཁོང་དུ་ཆུ་གྲང་ཕོར་བ་གང་བཏང་བས་ཚ་བ་ཁོང་དུ་མི་འཆོར། དེ་ནས་ལུས་བྱིང་ལ་ཁ་ཕྲུ་གཏབ་ནས་སྐམ་པོ་མི་ལུས་པ་བྱ་ཞིང་རིམ་བཞིན་ཆུ་གྲང་མོ་ལུས་སྟོད་ནས་མར་བྲན། གཟེར་མིག་ཡོད་ན་གཟེར་གྱི་སྟེང་དུ་ཆུ་ལྕག་བརྡེག ཁོང་སྨད་དུ་གྲང་བའི་ནད་གཞི་ཡོད་པའི་མི་ལ་སྨད་དུ་གོས་གྱོན་དུ་བཅུག་ནས་རྐེད་རགས་ཀྱིས་རྐེད་པར་བསྡམས་ལ་ལུས་སྒུར་བའི་རྒྱབ་ཏུ་ཆུས་བྲན། དེ་ནི་རྒྱས་ཚད་ཀྱི་སྐབས་སུ་བྱ་རྒྱུའི་ལག་ལེན་ཡིན། སྟོབས་ཆུང་གི་ཚ་བ་ལ་བྱ་སྤུར་བརྒྱད་པའི་ཐང་བཏང་སྟེ་རྔུལ་དབྱུང་རྗེས་གོང་ལྟར་ལུས་སྟེང་དུ་ཆུས་བྲན། བྱེར་བའི་ཚ་བ་ལ་བིག་པན་ཆང་སྦྱར་ཕུལ་གང་ཁོང་དུ་བཏང་རྗེས་ཉྭ་གཞི་དང་། དཔྱིད། དཔུང་པ་བཅས་ཀྱི་མཐའ་ནས་རིམ་བཞིན་ཆུས་བྲན། སྙིང་ཚད་རླུང་མེད་ལ་རྒྱས་ཚད་དང་འདྲ་ཞིང་རླུང་ལྡན་ལ་ཐོ་རེངས་དུས་ཆང་ཕུལ་གང་བཏང་ཞིང་ཉི་དྲོས་དུས་སུ་ཆུས་བྲན། གཞན་ཡང་ཤ་དུག་གྲེ་བར་བབས་པའི་ཚ་བ་ལ་བོང་ང་དཀར་པོའི་ཕྱེ་མ་དང་གངས་ཆུ་གཉིས་ལྷན་དུ་སྦྱར་ནས་གྲོད་པར་བླུགས་པའི་དུགས་བདུག་པ་སོགས་ཚ་བ་ཁྲག་མཁྲིས་ཀྱི་ནད་གང་དང་གང་ལ་དེ་དང་དེར་འཚམས་པའི་རིག་པས་འཕྲུལ་འཁོར་བསྐོར་ནས་ཁ་བསྒྱུར་སྣ་ཚོགས་བྱ་དགོས་པའི་དཔྱད་དེ་ལ་ཆུ་ཡིི་འཕྲུལ་འཁོར་ཞེས་ཟེར་བ་ཡིན་ནོ་ཞེས་གསུངས་སོ།
དེ་ལྟར་ཆུ་ཡི་འཕྲུལ་འཁོར་འདི་ཉིད་ཚ་བའི་ནད་གཞི་གཅིག་པུར་བཅོས་པའི་ཐབས་ལམ་ཙམ་དང་དེ་ཙམ་ལ་གོ་བ་བྱས་ན་རང་རེའི་སྨན་གཞུང་དུ་ཆུ་ཡི་འཕྲུལ་འཁོར་རམ་ཆུ་བཅོས་ཐད་ཀྱི་སྐོར་ལ་མི་ཚང་བའམ་མི་ལྡང་བ་ཞན་ཆའི་གནས་སུ་འགྱུར་བ་བསྙོན་མེད་དུ་འགྱུར། ཆུ་ཡི་འཕྲུལ་འཁོར་རམ་ཆུ་ཡིས་བཅོས་ཐབས་རིག་པ་འདི་ཉིད་རང་རེའི་སྨན་གཞུང་གཅིག་པུ་མ་ཡིན་པར་འཛམ་གླིང་སྨན་གཞུང་མང་པོའི་ནང་དུ་ཆུ་ཡིས་བཅོས་ཐབས་ཀྱི་རིག་པ་ཇི་སྙེད་ཅིག་ཡོད་ཅིང་ཕྱི་ལུགས་ཀྱི་ཐ་སྙད་དུ་ཡང་ Hydrotherapy ཧེ་དྲོའོ་ཐཱ་རཱཕྷི་ཞེས་སྡེ་ཚན་ཡང་ལོགས་སུ་ཕྱུང་སྟེ་འགྲེལ་བརྗོད་གདེང་འཁེལ་རྒྱག་རྒྱུ་ཡོད་པ་ལགས་ན། ང་ཚོས་ཀྱང་ཆུ་ཡི་འཕྲུལ་འཁོར་གྱི་བཅོས་ཐབས་རིག་པ་འདི་ཉིད་ཚ་བ་བཅོས་པའི་གཉེན་པོ་གཅིག་པུར་ངོས་མ་འཛིན་པར་དེ་ལས་དགོངས་པ་རྒྱ་ཆེ་ཙམ་བཞེས་ནས་གཞན་རྗེས་སུ་འཛིན་པའི་རང་རེའི་གསོ་བ་རིག་པའི་ཁྱད་ཆོས་རྣམ་པ་འབུར་དུ་དོན་པ་དང་། གདེངས་དང་བཅས་པའི་སྒོ་ནས་རང་རེའི་གསོ་བ་རིག་པར་ཡང་ཆུ་བཅོས་སམ་ཆུ་ཡི་འཕྲུལ་འཁོར་གྱི་རིག་པའི་རྣམ་གཞག་ཚད་དུ་ལོན་པ་རང་རྐྱ་འཕེར་བ་ཡོད་ཚུལ་གཞན་ལ་སྤོབས་པ་དང་བཅས་འགྲེལ་བརྗོད་བྱེད་ཐུབ་པར་དགོས་པ་ནི་དེང་གི་དུས་འདིར་ཤིན་ཏུ་ནས་གལ་གནད་དུ་མངོན།།
བཞི་པ། ཆུ་ཡི་འཕྲུལ་འཁོར་འདི་དར་ཚུལ།
ཆུ་ཡི་འཕྲུལ་འཁོར་གྱི་རིག་པ་འདི་ཉིད་དུས་ནམ་ཞིག་ནས་དར་རམ་ཞེས་ན། དེ་ཡང་མིའི་འགྲོ་བ་ཆགས་པའི་གདོད་མའི་དུས་ནས་དར་བར་ངོས་འཛིན་དགོས་པ་དང་། མིའི་འགྲོ་བ་དང་། སྤྱི་ཚོགས་ཀྱི་འཕེལ་རིམ། ལོ་རྒྱུས་ཀྱི་འཕོ་འགྱུར་བཞིན་ཆུ་ཡི་འཕྲུལ་འཁོར་གྱི་རིག་པའི་འཕེལ་རིམ་དང་རྒྱུད་རིམ་དེ་ཡང་མིའི་སྤྱི་ཚོགས་ཀྱི་ལོ་རྒྱུས་འཕེལ་རིམ་དང་ཡ་བྲལ་ཐབས་མེད་པ་ཞིག་ཡིན། དེ་ཡང་མིའི་འགྲོ་བ་ཆགས་པ་ནས་བཟུང་ལྷན་སྐྱེས་ཀྱི་རིག་པའམ་མྱོང་གོམས་ཀྱི་རྒྱུད་རིམ་ལ་བརྟེན་ནས་རང་འབྱུང་དངོས་ཁམས་བེད་སྤྱད་དེ་རང་ཉིད་ཀྱི་ལུས་ཟུངས་འཚོ་བའི་ཐབས་ཤེས་དང་། ཚེ་སྲོག་སྲུང་བའི་རིག་ལམ་བརྙེས་པ་ཡིན། རིག་ལམ་དེའི་ནང་དུ་གསོ་ཐབས་རིག་པའི་ཆ་ཤས་ཆུ་ཡི་འཕྲུལ་འཁོར་གྱི་རིག་རྩལ་དེ་ཡང་ཚུད་ཡོད། དེ་ལྟར་ཡིན་པ་ནི་མི་རྣམས་ལུས་ཀྱི་རྩོལ་བས་ངལ་བ་དང་སྐོམ་པའི་དུས་སུ་ཆུ་བཏུང་བས་ངལ་བ་སེལ་བ་དང་སྐོམ་པ་ངོམས་པར་བྱེད་པ་ཡིན། ཡང་ལུས་ཚ་བས་གདུང་པ་དང་། རྔུལ་དྲི་འབྱུང་བའི་ཚེ་ཆུ་ནང་འཛུལ་བ་དང་། ཆུ་རྐྱལ་རྒྱག་པ་ལུས་འཁྲུད་པ་སོགས་བྱེད་པ་ཡིན། མ་ཟད་རང་རེའི་སྨན་གྱི་ལོ་རྒྱུས་ནང་དུ་ཡང་ནད་ལ་སྔ་བ་མ་ཞུ་བ་དང་། སྨན་ལ་སྔ་བ་ཆུ་སྐོལ་ཞེས་གསུངས་པ་ལྟར་ཆུ་བེད་སྤྱོད་ཀྱི་རིག་པ་འདི་ཉིད་ཆེ་སྔ་མོ་ནས་འབྱུང་བ་སྨྲོས་མི་དགོས།
དུས་རབས་བདུན་པའི་སྐབས་གཏན་འབེབས་མཛད་པའི་དཔལ་ལྡན་རྒྱུད་བཞིའི་གླེང་གཞི་སྐབས་སུ་སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་གི་ནུབ་ཕྱོགས་སུ་རི་བོ་མ་ལ་ཡ་ཞེས་བྱ་བ་ལ་སྨན་ཆུ་རིགས་ལྔ་དང་། ཆུ་ཚན་རིགས་ལྔ་ཡོད་པར་བསྟན་ཅིང་། དེ་ཡང་སྨན་ཆུ་རིགས་ལྔ་ནི། འཚོ་བྱེད་གྲུབ་པས། སྨན་ཆུ་རིགས་ལྔ་ཞེས་བྱ་བ། །ཅོང་ཞི་རིགས་ལྔ་དག་ལས་འབྱུང་། །སྐྱུར་ཞིང་ལན་ཚས་བད་རླུང་སེལ། །སྐྱུར་མངར་ལྡན་པས་བད་མཁྲིས་སེལ། །སྐྱུར་ཚས་བད་ཀན་རྐྱང་པ་སེལ། །སྐྱུར་ཁས་བད་ཀན་ཁྲག་ནད་འཇོམས། །དེ་བཞིན་སྐྱུར་བསྐས་བད་སྨུག་སེལ། །ཞེས་དང་། ཀོང་རོང་སྨན་བླ་དོན་གྲུབ་ཀྱིས། ངེས་ཚིག་ནད་རྣམས་ཞི་བ་དང་། །ལུས་ལ་ཕན་ཕྱིར་སྨན་ཞེས་བྱ། །བརླན་གཤེར་དངོས་པོ་གྲུབ་ཕྱིར་ཆུ། །དབྱེ་བ་འབྱུང་ཆེན་རྣམས་ལྔ་ཡི། །ནང་ནས་ཆུ་ཉིད་གཅིག་པོ་ལ། །འབྱུང་བ་ལྔ་ཡི་བདག་ཉིད་ཚང་། །ཆ་ཤས་ནུས་པའི་ཁྱད་པར་གྱིས། །རྣམ་པར་ལྔ་རུ་ཡང་དག་བཤད། །ཞེས་གསུངས།
ཆུ་ཚན་རིགས་ལྔ་ནི། བྱང་པ་མི་ཡི་ཉི་མས། རླན་གཤེར་ཆུ་ཡི་དངོས་པོ་ལ། །རེག་བྱ་མེ་ཡི་རང་བཞིན་ཅན། །དེས་ན་ཆུ་ཚན་ཞེས་བརྗོད་དོ། །ཞེས་དང་། རྗེ་ཟུར་མཁར་བས། ཆུ་ཚན་རིགས་ལྔའི་ནུས་པ་ནི། །རྡོ་སོལ་མེད་པར་མི་འབྱུང་སྟེ། །རྡོ་སོལ་ཅོང་ཞི་འདྲེས་པའི་ཆུ། །རབ་ཏུ་ཚ་བའི་ནད་རྣམས་སེལ། །རྡོ་སོལ་མུ་ཟི་འདྲེས་པའི་ཆུ། །ཁྱད་པར་གྲང་བའི་ཆུ་སེར་འཇོམས། །ཅུང་ཟད་རྩུབ་པས་རླུང་ལ་གནོད། །རྡོ་སོལ་བྲག་ཞུན་འདྲེས་པའི་ཆུ། །བསིལ་དྲོད་སྙོམས་པས་ལྡན་འདུས་སེལ། །དེ་བཞིན་རྡོ་སོལ་ཅོང་ཞི་དང་། །མུ་ཟི་གསུམ་འདྲེས་ཆུ་ཚན་ནི། །ཀུན་ལ་ཡོད་དེ་གྲང་རྐྱང་སེལ། །རྡོ་སོལ་མུ་ཟི་བྲག་ཞུན་དང་། །ཅོང་ཞི་ལྡོང་རོས་འདྲེས་པའི་ཆུས། །ཆུ་སེར་ཚ་བ་ལ་སོགས་སེལ། །ཞེས་གསུངས་པ་ལ་སོགས་པ་གོང་གི་སྨན་ཆུ་རིགས་ལྔ་དང་ཆུ་ཚན་རིགས་ལྔ་དེ་དག་གི་སྒོ་ནས་ནད་བཅོས་པ་དེ་ཡང་ཆུ་ཡི་འཕྲུལ་འཁོར་གྱི་རིག་པ་ཡིན། མདོར་ན་འགྲོ་བ་མིའི་རྣམ་དཔྱོད་ཀྱི་རིག་པ་རིམ་པས་ཡར་རྒྱས་ཕྱིན་པ་དང་ཆབས་ཅིག་ཆུ་ཡི་འཕྲུལ་འཁོར་གྱི་རིག་པ་འདི་ཡང་དེ་བཞིན་གོང་འཕེལ་དུ་སོང་སྟེ་འགྲོ་བ་མིའི་ཉིན་རེའི་འཚོ་བའི་ནང་ནམ་ཡང་ཁ་བྲལ་ཐབས་སུ་མེད་པའི་གནས་སྟངས་ཞིག་ཏུ་གྱུར་ཡོད།།
ལྔ་པ། ཆུ་ཡི་འཕྲུལ་འཁོར་གྱིས་ནད་རིགས་བཅོས་ཐབས།
ཆུ་ཡི་འཕྲུལ་འཁོར་གྱིས་ནད་རིགས་བཅོས་པར་ཐོག་མར་ཆུ་ཡི་ཡོན་ཏན་ནམ་ནུས་པ་སྤྱིར་བརྗོད་པར། དེ་ཡང་སྨན་རྩིས་ཚེས་བཅུའི་སློབ་དཔོན་སྨན་པ་བསྟན་འཛིན་དཔལ་མཆོག་གམ་ཨེམ་ཆི་རྒྱའུ་དམ་པ་ལགས་ཀྱིས་ནམ་རྒྱུན་འདི་ལྟར་གསུངས་ཏེ། ཆུ་ཡི་ཡོན་ཏན་སྐོམ་པ་སེལ་བ་དང་། །ལུས་ཤེད་སྐྱེད་ཅིང་ཚད་པ་འཇོམས་པར་བྱེད། །ཅེས་གསུངས་པ་ལྟར་ཆུ་ལ་ཁྱད་ཆོས་སམ་ཡོན་ཏན་གཙོ་བོ་གསུམ་ཁྱབ་ཡོད་པ་ང་ཚོས་རྟོགས་དགོས། དེ་ཡང་སྐོམ་པ་སེལ། ཞེས་པ་འདིས་སྐོམ་པ་སེལ་བ་གཅིག་པུ་མ་ཡིན་པར་ཟས་སྐོམ་གྱི་གཡོས་སྦྱོར་སོགས་ལ་ཆུ་མེད་དུ་མི་རུང་བ་བསྟན་པ་དང་། ལུས་ཤེད་སྐྱེད། ཅེས་པ་འདིས་ཆུའི་ནུས་པའི་རང་བཞིན་དང་མཚན་ཉིད་འདྲ་བ་ལུས་ཁམས་ཀྱི་ཁྲག་འཕེལ་བར་བྱེད་པ་ཡིན། ཁྲག་ནི་ལུས་ཟུངས་ཀྱི་སྟོབས་སམ་ཤེད་འཕེལ་བར་བྱེད་པའི་རྒྱུའི་གཙོ་བོར་གྱུར་པ་དང་། སྲོག་ཀྱང་ཁྲག་ལ་བརྟེན་ནས་གནས་ཡོད་པ་ཡིན། ཚད་པ་འཇོམས། ཞེས་པ་འདིས་རིག་པས་དཔྱད་དེ་ཆུ་ཡི་འཕྲུལ་འཁོར་གྱི་སྒོ་ནས་ནད་གཞི་ཚ་བ་འཇོམས་པར་བྱེད་པ་ན་བཅོས་ཐབས་ཀྱི་ནུས་པ་ཞིག་ཀྱང་ཡོད་པ་ཤེས་ཐུབ།
དེ་ལྟར་ན་ཆུ་ཡི་འཕྲུལ་འཁོར་གྱིས་ནད་ཚ་གྲང་ཇི་ལྟར་འཇོམས་ཚུལ་འཆད་པར། དང་པོ་ཚ་བའི་ནད་རིགས་ལ་ཆུ་ཡི་འཕྲུལ་འཁོར་གྱི་སྒོ་ནས་ཇི་ལྟར་བཅོས་ཐབས་བསྟན་པར་བཤད་རྒྱུད་དུ། ཆུ་བསིལ་བརྒྱལ་ངལ་ཆང་ནད་མགོ་འཁོར་སྐྱུག །སྐོམ་དད་ལུས་ཚ་ཁྲག་མཁྲིས་དུག་ནད་སེལ། །ཞེས་དང་། བསྐོལ་གྲང་བད་ཀན་མི་སྐྱེད་མཁྲིས་པ་སེལ། །ཞེས་དང་དེ་བཞིན་མན་རྒྱུད་དུ། ཤ་ལྤགས་ཚ་བ་རྔུལ་དང་ཆུ་ཡིས་བཅོས། །ཆུ་ལྕག་སྐར་ཆུ་ཉི་མ་ཁ་དྲོས་ལ། །སྤང་ལེབ་ཐོག་ཏུ་གཅེར་བུ་ཙོག་པུར་འདུག །ཕུལ་ཕྱེད་ཁོང་གཏང་ལུས་ཀུན་ཁ་ཆུས་བྲན། །མི་དངངས་པ་ཡི་ཆུ་རྒྱུན་ཚུགས་ཚད་བླུག །དེ་ཡིས་ཚ་བའི་རླངས་འདོན་ཚད་འགོ་གཅོག །ཞེས་དང་། ཆུ་ཡི་འཁོར་ལོས་ཕྱི་ཚད་བཅག་པ་ནི། སྟོབས་ཆུང་ཚ་བ་ལམ་ནས་བཟློག་པ་དང་། །བྱེར་བའི་ཚ་བ་ཁོང་དུ་བསྡུ་བ་དང་། །རྒྱས་པའི་ཚ་བ་མེ་དབལ་བསད་པ་དང་། །རྙིང་པའི་ཚ་བ་ཞེན་པ་གདོན་པར་བྱ། །ཆུ་ཡིས་ཕྱི་ཚད་མེ་དབལ་བཅག་པ་དང་། །ཅེས་དང་། རྒྱས་པའི་ཚ་བ་འབར་བའི་མེ་དཔུང་བསད། །ཅེས་པ་འབར་བའི་མེ་དཔུང་ཇི་ལྟར་བསད་ཅེས་ན། དེ་ཡང་། གངས་ཅན་ལས་འབྱུང་ཤུགས་དྲག་བརྡབས་པའི་ཆུ། །ཤིན་ཏུ་བཟང་བསིལ་མེ་ཡིས་ཐུབ་པར་དཀའ། །ཞེས་པ་ཤིན་ཏུ་བསིལ་བ་མེས་ཀྱང་མི་ཐུབ་པ་འམ་ལས་སླ་པོར་འཁོལ་བར་དཀའ་བ་དེ་ལྟ་བུའི་རྦབ་ཆུའི་འོག་ལུས་བཟེད་པ་དང་། དེ་ལྟ་བུའི་ཆུ་གྲང་ཁོང་དུ་བཏང་བས་རྒྱས་ཚད་གཅོག་ཐུབ་པ་ཡིན།
དེ་བཞིན་ཕྱི་མ་རྒྱུད་ལས། འགྲམས་འཁྲུགས་ཚ་བས་གཟེར་བ་ལ། །སྐར་ཆུ་བརྡེག་གམ་གྲོད་པར་བླུགས་པས་བདུག །རིམས་འཁྲུགས་ཚ་བ་བྱེར་རྙིང་སྐར་ཆུས་བྲན། །མིག་ལ་མཚོན་ཕོག་བཙན་སྐྲངས་ཆུ་གྲོད་བདུག །ཤ་དུག་གྲེ་བ་འགགས་ཤིང་ཚ་བ་ལ། །བོང་ང་དཀར་པོ་གངས་ཆུ་གྲོད་བཀང་བདུག །རྒྱུ་གཟེར་བོང་ང་ཞུ་མཁན་ཆུ་སྦྱར་བདུག །ཞེས་དང་། དེ་བཞིན་ཉིན་རེའི་འཚོ་བའི་ནང་གི་ཉམས་མྱོང་དུ་སྣ་ཁྲག་མི་ཆོད་ན་མགོར་ཆུ་འཁྱགས་གཏོར་བ་དང་། དམིགས་དབྲག་ཏུ་འཁྱགས་པ་སྦྱར་བ་དང་ཆུ་འཁྱགས་རས་བལ་སོགས་ཀྱི་སྦངས་ནས་ཐོད་པར་སྦྱར་བས་ཕན་པ་དང་། ཉི་མ་ཚ་བོའི་དཀྱིལ་དུ་འགྲོ་བའི་སྐབས་མགོ་ན་བ་དང་གཟེར་བ་སོགས་འབྱུང་ན་ཡང་ཆུ་འཁྱགས་གིས་བདུག་པ་དང་ཆུ་གྲང་མོས་མགོ་བོ་སྦང་བ། ཡང་ཉི་མ་ཚ་བོའི་དབང་གིས་ཁྲག་དྲོད་འབར་ནས་མི་ཁ་ཤས་དྲན་མེད་དུ་བརྒྱལ་འགྲོ་བ་དེ་ཚོར་ཆུ་གྲང་མོ་གཏོར་བས་དྲན་པ་སླར་གསོ་བར་བྱེད་པ་དང་། མདོར་ན་ཁྲག་མཁྲིས་ལས་གྱུར་ཚ་བའི་ནད་གཞི་འདི་དག་ལ་རང་གི་མཚན་ཉིད་དང་མི་མཐུན་པའི་གཉེན་པོ་ཆུ་གྲང་མོའི་འཕྲུལ་འཁོར་གྱི་སྒོ་ནས་རིག་པས་དཔྱད་དེ་བཅོས་ཐབས་གང་ལེགས་སུ་འབད་དགོས་པ་ཡིན།
གཉིས་པ་གྲང་བའི་ནད་རིགས་འཇོམས་པར་ཆུ་ཡི་འཕྲུལ་འཁོར་ནི་དེ་ཡང་བཤད་རྒྱུད་ལས། ཆུ་སྐོལ་དྲོད་སྐྱེད་ཟས་འཇུ་སྐྱིགས་བུ་སེལ། །བད་ཀན་ལྟོ་སྦོས་དབུགས་མི་བདེ་བ་དང་། །ཆམ་པ་རིམས་གསར་འཕྲལ་དུ་ཟློག་པར་བྱེད། །ཞེས་དང་། དེ་བཞིན་མན་ངག་རྒྱུད་དུ། ཆུ་སྐོལ་འཕུལ་བས་སྐྲན་དེ་འཇུ་ཞིང་སྐེམ་ཞེས་དང་། མ་ཞུ་ཆུང་ངུ་ཟས་ཀྱིས་བཀྲེས་སྐོམས་བྱ། །ནང་ནུབ་དུས་ན་རྒྱམ་ཚའི་ཆུ་སྐོལ་བཏུང་། །སྙིགས་མ་རང་སར་ལས་པའི་མ་ཞུ་འཇུ། །བད་ཀན་བེ་སྣབས་རྩ་སྦུབས་འགགས་པ་སྦྱོང་། །ཞེས་དང་། ཆུ་སྐོལ་འཕུལ་བས་ཕོ་བའི་མེ་དྲོད་སྐྱེད། །མ་ཞུའི་ནད་འབྱང་དྭངས་མ་རང་གནས་འཇོག །ཅེས་སོགས་ཆུ་བསྐོལ་གྱི་ཕན་ཡོན་ཤིན་ཏུ་རྒྱ་ཆེ་བ་ཡོད་ཅིང་། དེ་མཚུངས་གསོ་བ་རིག་པ་མི་ཡུལ་དུ་ཐོག་མར་དར་བའི་སྐབས་སུ་ནད་དང་པོ་མ་ཞུ་བ་དང་དེའི་བཅོས་ཐབས་ཀྱི་སྨན་དང་པོ་ཆུ་སྐོལ་ཉིད་ཡིན་པར་འདོད་པ་དང་། ཆུ་སྐོལ་གྱིས་ནད་མ་ཞུ་བ་གཙོས་བད་རླུང་གྲང་བའི་ནད་གཞི་འཇོམས་པར་བྱེད་པར་གསུངས། དེ་བཞིན་དུ་ཆུ་ཡི་འཕྲུལ་འཁོར་གྱི་ཁོངས་སུ་འདུ་བའི་ལུམས་ཀྱིས་ཀྱང་གྲང་གྲུམ་གྱི་ནད་དང་བད་རླུང་གྲང་བའི་ནད་གཞིས་ཚིག་མིག་སྐྲངས་པ་དང་། ཆུ་སེར་འཕེལ་བ་སོགས་ལ་རང་འབྱུང་གི་ཆུ་ཚན་དང་བཅོས་པའི་ཆུ་ཚན་གྱིས་ནད་གཞི་རྣམ་གྲངས་མང་པོ་སེང་དྲག་ཏུ་གཏོང་བར་བྱེད་པ་སོགས་དགེ་ཕན་ཤིན་ཏུ་ཆེ་བ་ལགས།
དེ་བཞིན་བོད་ཀྱི་གསོ་བ་རིག་པའི་སྨན་རྟར་ཡང་ཆུ་ཁོལ་དེ་ཉིད་དེང་ཡོངས་གྲགས་ཡིན་པ་དང་། སྤྱིའི་སྨན་རྟ་ལྟ་བུར་ཆགས་པ་སོགས་ཆུ་ཁོལ་ནི་སྨན་རྟའི་མཆོག་ཏུ་གྱུར་ཏེ་རང་རེའི་སྨན་གཞུང་ནང་དུ་ཡང་འདི་ལྟར་གསུངས་པ་ནི། རྒྱ་རུ་བཅུ་བཞི་ཆུ་སྐོལ་དབུལ། །སྤོས་དཀར་བཅོ་བརྒྱད་པ་ནིས་ཕུལ། །གྲུབ་ཐོབ་རིལ་དཀར་ཆུ་སྐོལ་ཚ་མོས་ཕུལ། །ལི་ཤི་དྲུག་པ་ཆུ་སྐོལ་ཚ་མོས་དབུལ། །སེང་ལྡེང་ཉེར་ལྔ་ཆུ་སྐོལ་ཚ་མོས་ཕུལ། །ཨ་རུ་བཅོ་བརྒྱད་ཆུ་ཚན་ཕུལ་བཏང་བས། །ཞེས་པ་ལ་སོགས་པ་ཆུ་བསྐོལ་ནི་སྨན་རྟ་མེད་དུ་མི་རུང་བ་ཞིག་དང་། ཆུ་བསྐོལ་གྱི་ཕན་ཡོན་ཡང་བརྗོད་ཀྱི་མི་ལང་པ་ཡོད་ཅིང་། དཔེར་མཚོན་ཙམ་ཞུས་ན་བཤད་པའི་རྒྱུད་དུ། ཆུ་སྐོལ་དྲོད་སྐྱེད་ཟས་འཇུ་སྐྱིགས་བུ་སེལ། །བད་ཀན་ལྟོ་སྦོས་དབུགས་མི་བདེ་བ་དང་། །ཆམ་པ་རིམས་གསར་འཕྲལ་དུ་ཟློག་པར་བྱེད། །བསྐོལ་གྲངས་བད་ཀན་མི་སྐྱེད་མཁྲིས་པ་སེལ། །ཞེས་གསུངས་པ་ལྟར་མ་ཞུ་བད་རླུང་ལས་འགྱུར་བའི་གྲང་བའི་ནད་གཞི་འདི་དག་ལ་རང་གི་མཚན་ཉིད་དང་ལྡོག་པའི་གཉེན་པོ་ཆུ་ཚ་བོ་འམ་ཆུ་ཁོལ་མའི་འཕྲུལ་འཁོར་གྱི་རིག་པའི་སྒོ་ནས་རྣམ་དཔྱོད་དཀྲུགས་ཏེ་བཅོས་ཐབས་གང་ལེགས་གང་བཟང་དུ་འབད་དགོས་སོ། །མདོར་ན་ཆུ་ཡི་འཕྲུལ་འཁོར་གྱི་རིག་པའི་བཅོས་ཐབས་དེས་སྤྱི་ཚོགས་ཀྱི་འཕྲོད་བསྟེན་ལ་ཞབས་ཞུ་དང་གཞོགས་འདེགས་རིན་ཐང་གཞལ་དུ་མེད་པ་བསྒྲུབས་དང་སྒྲུབ་བཞིན་ཡོད་དོ།།
སྐྱུ་རུའི་འཕྲུལ་འཁོར་རིག་པས་བསྐོར་ཤེས་ན། །ནད་དོ་ཅོག་གི་གཉེན་པོ་ཨ་ཙར་ལུགས།།
ཆུ་ཡི་འཕྲུལ་འཁོར་རིག་པས་བསྐོར་ཤེས་ན། །ནད་དོ་ཅོག་གི་གཉེན་པོ་ཨ་ཙར་ལུགས།།
མཐའ་མའི་འདོན་ཐེངས་།: 26.05.2014 ཉིན། 3:47 PM
<< སྔ་མ།