སྨན་རྩིས་དྲ་བ། - གསོ་རིག་མཁས་དབང་རིམ་བྱོན།

ཆུ་བཟང་བློ་བཟང་བསྟན་པའི་རྒྱལ་མཚན།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 21.08.2017
གསོ་རིག་མཁས་དབང་རིམ་བྱོན། >>


ཆུ་བཟང་བློ་བཟང་བསྟན་པའི་རྒྱལ་མཚན།

- བྱམས་པ་འཕྲིན་ལས།

            ཆུ་བཟང་བློ་བཟང་བསྟན་པའི་རྒྱལ་མཚན་ཞེས་པ་ནི། རབ་བྱུང་བཅུ་གཅིག་པའི་དགའ་བ་ཞེས་པ་ཆུ་འབྲུག་ (སྤྱི་ལོ་1652) ལོར་སྐུ་འཁྲུངས། བཙན་པོ་དོན་གྲུབ་རྒྱ་མཚོ་ཡོངས་འཛིན་དུ་བསྟེན་ནས་སྐུ་འབུམ་དུ་གསན་སྦྱོང་དང་། དེའི་རྗེས་དབུས་སུ་ཐུགས་གཉེར་ལ་ཕེབས་རྗེས་རྩེད་ཐང་དུ་གྲྭ་སྐོར་མཛད། སྐུ་འབུམ་མཁན་ཁྲིར་བཞུགས་སྐབས་ཁོང་གི་ཐུགས་དགོངས་ལ་གདན་ས་ཆེན་པོ་འདིར་རྗེ་རྒྱལ་བ་གཉིས་པས་ཉམས་སུ་བསྟར་བའི་མདོ་སྔགས་རབ་འབྱམས་ཀྱི་གཞུང་ལུགས་ལ་བཤད་དང་སྒྲུབ་པའི་འཆད་ཉན་གྱི་སྲོལ་བཟང་ཚུགས་ནས་དར་རྒྱས་སུ་ཡོད་ཐོག སྒྲ་སྙན་ངག་ས་རིས་སོགས་དུས་འཁོར་གྲྭ་ཚང་གི་ཁོངས་སུ་འདུས་པ་ཡིན་མོད། འོན་ཀྱང་གསོ་རིག་གི་ཕྱོགས་སུ་སྔར་རྗེ་བླ་མ་མཆོག་གིས་སྨན་བླ་གཉིས་པ་ཚལ་པ་དཀོན་ཅོག་སྐྱབས་དྲུང་ནས་སྨན་དཔྱད་ཡན་ལག་བརྒྱད་པ། རྒྱུད་བཞི་གསན་སྦྱོང་གནང་བའི་རྣམ་ཐར་དེ་མ་ཉམས་པར་ཕྱི་རབས་རྣམས་ཀྱི་བརྒྱུད་འཛིན་བྱེད་རྒྱུ་གལ་ཆེ་ཞིག་རེད་དགོངས་ནས་རབ་བྱུང་བཅུ་གཉིས་པའི་བོང་བུ་ཞེས་པ་ལྕགས་ཡོས་ (སྤྱི་ལོ་1711) ལོ་ལ་ཆུ་བཟང་རིན་པོ་ཆེའི་བཀའ་ལས། དོན་དུ་གསོ་རིག་གྲྭ་ཚང་བཙུགས་པ་ཡིན་ཀྱང་རེ་ཞིག་མིང་ལ་སྔགས་པ་གྲྭ་ཚང་ཞེས་ཐོགས་གསུངས།

            འདུས་ཚོགས་དང་ལས་སྣེ་རྣམས་དང་གྲོས་མཐུན་བྱུང་སྟེ་ཞབས་དྲུང་ཆེ་བ་ངག་དབང་བློ་བཟང་པ་ཁྲིར་བསྐོས་གནང་མཛད། དེ་དུས་མཚོ་སྔོན་གྱི་དཔོན་ཁག་དུ་མས་སྦྱིན་བདག་བྱས་ཏེ་སྔགས་པ་གྲྭ་ཚང་འདུ་ཁང་བརྒྱན་གྲངས་ཉེར་ལྔ་སྟེང་ཤོད་དང་བཅས་པ་གསར་བསྐྲུན་བྱས། ཆུ་བཟང་རིན་པོ་ཆེས་བཅའ་ཡིག་བརྩམས་ནས་གནང་བ་སོགས་སྨན་དཔྱད་ཀྱི་བསྟན་པ་དར་རྒྱས་ཡོང་བར་ཐུགས་བསྐྱེད་བཟང་པོའི་སྒོ་ནས་འཕྲིན་ལས་བསྐྱངས་པ་སོགས་དང་། ཆུ་བཟང་སྐུ་ཕྲེང་གཉིས་པ་འདི་སྤྱིར་རིག་གནས་མཐའ་དག་དང་། ཁྱད་པར་གཞུང་རབ་འབྱམས་ལ་མཁྱེན་པའི་ཕུལ་དུ་ཕྱིན་པར་བརྟེན་རྒྱལ་བ་སྐུ་ཕྲེང་བདུན་པ་སྐལ་བཟང་རྒྱ་མཚོའི་ཡོངས་འཛིན་ཡང་མཛད་མྱོང་།

            རྗེས་སུ་གསེར་ཁོག་དགོན་པའི་ཁྲི་པ་ལས་ཐོག་ཡིན་སྐབས་ཆུ་སྟག་ (སྤྱི་ལོ་1722) ལོ་དང་ཆུ་ཡོས་ (སྤྱི་ལོ་1723) ལོར་མཚོ་སྔོན་དུས་ཟིང་འཛོམས་པར་བརྟེན། ཆུ་བཟང་རིན་པོ་ཆེ་ཁོང་གིས་འཁྲུགས་ལོང་གི་ནང་ལ་མི་ལེགས་པའི་ཉེས་པ་ཅུང་ཟད་ཙམ་ཡང་བསགས་མེད་ཀྱང་། བཀྲ་མི་ཤིས་པར་བྱ་རྡོག་དགོན་གྱི་བླ་མ་གསེར་ཏོག་པ་གླིང་ཏ་ཡེ་ཆོས་རྗེ་སོགས་ཀྱིས་དམག་དཔོན་བྱས་པས་རྒྱ་ལ་འཁྲུག་པ་བསླངས་སྟབས། དེ་ཚོའི་ཉེས་པ་རྣམས་དགོན་གྱི་ཁྲི་པ་ལས་ཐོག་པར་ཕོག་ནས་སྐུ་འདས། འཇམ་དབྱངས་བཞད་པ་སྐུ་ཕྲེང་གཉིས་པ་ཀུན་མཁྱེན་འཇིགས་མེད་དབང་པོས་མཛད་པའི་སྐུ་འབུམ་གདན་རབས་མུ་ཏིག་ཕྲེང་བར། ཆུ་བཟང་གོང་མ་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་སྨན་པ་གྲྭ་ཚང་འཛུགས་པར་མཛད་ཀྱང་། བར་སྐབས་སུ་མཚོ་སྔོན་གྱི་འཁྲུག་པའི་དབང་གིས་མ་གནས་སོ་ཞེས་པའང་རྒྱུ་མཚན་དེ་ལྟར་ཡིན།

            དེ་རྗེས་དུས་རེ་ཞིག་གི་རྗེས་སུ་ཟི་ལིང་ཏོར་གེ་ཨམ་བན་གྱིས་སྔར་གྱི་སྔགས་པ་གྲྭ་ཚང་དེ་དོན་དུ་ཨེམ་ཆི་གྲྭ་ཚང་ཡིན་པ་དེའི་ཕྱིར་སྔགས་གྲྭའི་མིང་བསྒྱུར་ཏེ་སྨན་པ་གྲྭ་ཚང་ཟེར་ན་བཙུགས་ཆོག་པའི་བཀའ་གནང་བ་ལྟར། སྐུ་འབུམ་མཁན་པོ་ལས་ཐོག་པ་སེར་བྱས་ཚུལ་ཁྲིམས་རིན་པོ་ཆེ་ནས་རབ་ཉིའི་སྣ་ཚོགས་དབྱིག་ཅེས་པ་ཤིང་སྦྲུལ་ (སྤྱི་ལོ་(1725) ལོར་ཨེམ་ཆི་སྙན་གྲགས་ཅན་སྨན་པའི་སློབ་དཔོན་དུ་བསྐོ་བཞག་དང་། སྔར་གྱི་བཅའ་ཡིག་གི་དགོངས་དོན་བཞིན་སྨན་པ་གྲྭ་ཚང་གསར་འཛུགས་གནང་། དེ་ནས་སྒོ་མོ་ཚོ་འགུ་རྟག་ཕྱུག་འཕྲིན་ལས་རྒྱ་མཚོ་སོགས་སྨན་པའི་ཁྲི་རབས་ཁ་ཤས་སོང་བའི་རྗེས་སུ་ཆུ་བཟང་བསྟན་པའི་རྒྱལ་མཚན་གྱི་སྐུ་སྐྱེ་ཆུ་བཟང་སྐུ་ཕྲེང་གསུམ་པ་ངག་དབང་ཐུབ་བསྟན་དབང་ཕྱུག་ཅེས་པ་གསོ་རིག་ལ་མཁྱེན་རྒྱ་ཡངས་པ་དང་། སྐུ་འབུམ་སྨན་པ་གྲྭ་ཚང་སླར་འཛུགས་ཕྱོགས་སུའང་ཁོང་གི་བཀའ་དྲིན་ལྷག་པར་ཆེ་བའི་སྐོར་རྣམ་ཐར་དཔག་བསམ་ལྗོན་བཟང་ནང་དུ་གསལ། ཁོང་གི་གསུང་རྩོམ་པོད་གཅིག་གི་ནང་སྨན་གྱི་བཀའ་རྩོམ་ཡང་ཡོད་པར་སྣང་། ཆུ་བཟང་སྐུ་ཕྲེང་བཞི་པ་ལྕང་སྐྱའི་སྐུ་མཆེད་དུ་འཁྲུངས་པ་བློ་བཟང་ཐུབ་བསྟན་རབ་རྒྱས་འདི་པས་ཀྱང་སྨན་གྱི་གཞུང་ལ་ཐོས་བསམ་མཛད་པའི་ལོ་རྒྱུས་མཆིས། ཆུ་བཟང་སྐུ་ཕྲེང་ལྔ་པ་བློ་བཟང་ཐུབ་བསྟན་བཤད་སྒྲུབ་ཉི་མ་ཞེས་པས་མ་ཡང་པཎྟིཏ་ནས་གསོ་རིག་གསན་ཞིང་སྨན་གྱི་ལག་ལེན་རིན་ཆེན་སྦྱོར་བ་སོགས་ཕྱག་བཞེས་དང་འབྲེལ་སྔོན་གྱི་སྨན་ཐང་དང་། རོ་བཀྲའི་དཔེ་རིས་རྣམས་ལ་ཁ་སྐོང་དང་གསར་བཟོ་གནང་། གསུང་རྩོམ་པོད་བཞིའི་ནང་དུ་སྨན་གྱི་ངོས་འཛིན་དང་། འཁྲུངས་དཔེ། ལུས་ཐིག་གི་དཔེ་རིས་སོགས་གསལ་པོར་བསྟན་པའི་བརྩམས་དཔེ་མང་པོ་བཞུགས། ཁོང་གི་སློབ་བརྒྱུད་བྲ་ཏི་བློ་གསལ་དང་། པ་རི་བླ་མ་སོགས་གྲགས་ཆེ་བའི་སྨན་རམས་པ་དུ་མ་བྱུང་ཞིང་། དེའི་ནང་ནས་དགེ་བཤེས་དམ་ཆོས་རྒྱ་མཚོ་སོགས་གསོ་རིག་ཕྱོགས་ཀྱི་གསུང་རྩོམ་ཅན་ཡང་མང་དག་བྱོན་ནོ།། །།

- འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་འདོན་ཞུས།



མཐའ་མའི་འདོན་ཐེངས་།: 12.12.2017 ཉིན། 3:42 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།