སྨན་རྩིས་དྲ་བ། - ཆེད་རྩོམ།

ཆགས་པའི་རྩའི་སྐོར་གྱི་བཞེད་ཚུལ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.09.2017
ཆེད་རྩོམ། >>

ཆགས་པའི་རྩའི་སྐོར་གྱི་བཞེད་ཚུལ། 

- སྨན་དགེ་པདྨ་རྒྱལ་མཚན།

 

          ད་རེས་ཕྲན་གྱི་ལས་ཞོར་དང་སྐབས་བབས་བཤད་རྒྱུད་ལེའུ་བཞི་པའི་སློབ་འཁྲིད་དང་འབྲེལ་ནས་སྔར་གྱི་མཁས་པ་གོང་མ་རྣམས་ཀྱིས་ཆགས་པའི་རྩ་དང་སྲིད་པའི་རྩ་རྣམ་གཞག་སྐོར་བཞེད་པ་མི་འདྲ་བ་ཕྲན་བུ་ཡོད་པ་ཁ་གསལ་གོ་བདེའི་ཆེད་ཕྱོགས་གཅིག་ཏུ་ཟིན་བྲིས་སུ་བཀོད་པ་འདིས་བཤད་རྒྱུད་ལེའུ་བཞི་པའི་ནང་གསལ་བའི་རྩའི་རྣམ་གཞག་སྐོར་གྱི་ཤེས་བྱ་ཁ་ཐོར་དུ་གནས་པ་དེ་དག་ཕན་ཚུན་མཚུངས་བསྡུར་དང་བཞེད་པ་མི་འདྲ་བ་ཡོད་པ་དེ་དག་བལྟ་བདེ་གོ་བདེ་ཡོང་ཆེད་དུ་བཀོད་པ་འདིས་རང་མཉམ་གསར་བུ་བ་རྣམས་གཞུང་ཞུགས་ལ་འཇུག་པ་བདེ་བ་སོགས་ཕན་པའི་རྒྱུ་རུ་འགྲོ་བའི་ཀུན་སློང་བཟང་པོས་སྔོན་བསུ་བར་བྱའོ།།
 

སྐྱེམས་པ་ཚེ་དབང་གིས་བཤད་རྒྱུད་འགྲེལ་པ་ཚིག་དོན་ཉི་མ་ལས། ལུས་ཆགས་ཤིང་འཕེལ་བར་བྱེད་པའི་རྩ་ནི། ཟླ་བ་གཉིས་པའི་བདུན་ཕྲག་དྲུག་པ་ལ་ལྟེ་བ་ལ་བརྟེན་ནས་ཆགས་པའི་སྲོག་ཆེན་པོའི་རླུང་གནས་པའི་རྩ་དེ་ལས་རྒྱུ་དུག་གསུམ་དང་འབྲས་བུའི་ཉེས་པ་གསུམ་གྱི་རྟེན་སྟོད་སྨད་བར་གསུམ་དུ་གྱེས་ཏེ། རྩ་གཅིག་པུ་དེའི་རྩེ་མོ་གྱེན་དུ་སོང་བས་ཀླད་པ་ཆགས་སོ།། དེ་ལ་གཏི་མུག་ཀླད་པར་བརྟེན་ནས་གནས་པ་ཡིན་ཏེ། དེ་ལས་ལྕི་རྨོངས་སོགས་ཆོས་མཚུངས་པའི་བད་ཀན་སྐྱེད་ནས་སྟོད་ན་གནས་སོ། །རྩ་གཅིག་པོ་དེའི་ཆ་ཤས་གཅིག་བར་དུ་ཟུག་པས་སྲོག་རྩ་ནག་པོ་ཆགས། ཞེ་སྡང་ནི་སྲོག་རྩ་ནག་པོའི་ཁྲག་ལ་བརྟེན་ནས་གནས་པ་དེ་ལས་མཁྲིས་པ་སྐྱེད་ནས་ཞེས་པ། ཞེ་སྡང་གིས་ཁྲག་འཁྲུག་ན་མཁྲིས་པ་སྐྱེད་པའི་དོན་ནོ། །གནས་ནི་ལྟེ་འོག་ཡན་དང་སྙིང་ག་མན་གྱི་བར་ན་གནས་སོ། །རྩ་གཅིག་པོ་དེའི་རྩ་བ་ཐུར་དུ་ཟུག་པ་གསང་བ་ཆགས་པ་ལ་འདོད་ཆགས་ནི་ཕོ་དང་མོའི་གསང་བར་གནས་པ་སྟེ། དེ་ལས་ཡང་གཡོ་སོགས་དང་ཆོས་མཚུངས་པའི་རླུང་སྐྱེད་ནས་སྨད་ན་གནས་པ་ཡིན་ནོ།། ཞེས་ཁྲག་རྩ་དང་རླུང་རྩ། ཆུ་རྩའམ་རྩ་དཀར་བཅས་གསུམ་གྱི་སྐོར་དངོས་བསྟན་དུ་མ་གསུངས་པར་ནང་དོན་དུ་ཐོག་མར་ལུས་སྐྱེད་གཞིར་གྱུར་པ་རྩ་དབུ་རྐྱང་རོ་གསུམ་དང་མཐུན་པར་སེམས་སོ་གསུངས་པ་དང་། རླུང་མཁྲིས་བད་ཀན་གསུམ་གྱི་སྤྱིའི་གནས་དང་དེ་གསུམ་མངལ་གནས་དེའི་བརྒྱུད་ལ་གྲུབ་ཚུལ་གྱི་གནས་ལུགས་ཞོར་དུ་མདོར་ཙམ་གསུངས་འདུག།

ཟུར་མཁར་བའི་བཤད་པའི་རྒྱུད་ཀྱི་རྣམ་བཤད་ལས། དེ་ཡང་དོན་ཐོབ་ཀྱིས་སྤྱི་བོར་ཀླད་པ་ལ་བརྟེན་ནས་གཏི་མུག་གནས་པ་ནི་དབུ་མའི་རྩེ་ན་རླུང་མུན་ཆེན་སྒྲ་གཅན་གྱི་ཁམས་རྒྱུ་བས་དེས་གཏི་མུག་འཕེལ་བར་བྱེད་པའི་དོན་ཡིན་ཞིང་གཏི་མུག་གིས་བད་ཀན་བསྐྱེད་པར་བྱེད་པའི་རྒྱུ་རྨོངས་པས་འབྲས་བུ་ལྕི་འཐིབས་ཀྱི་ནད་བསྐྱེད་པའི་དོན་ཏོ། །བར་དུ་སོང་བས་སྲོག་རྩ་ཆགས་པ་ནི། སྲོག་རྩ་དཀར་པོའི་བར་གྱི་ཆས་སྲོག་རྩ་ནག་པོ་བསྐྱེད་པ་དང་།  ཞེ་སྡང་སྲོག་རྩ་ལ་བརྟེན་པ་ནི་སྲོག་རྩ་ནག་པོའི་བར་གྱི་ཆ་ལ་བརྟེན་པ་སྟེ། སྲོག་རྩ་ནག་པོ་ཁྲག་རྒྱུ་བས་མེའི་ཁམས་ཀྱིས་ཞེ་སྡང་མེ་ཁམས་ཅན་གྱི་རྟེན་བྱེད་པ་དང་།  ཞེ་སྡང་ལས་མཁྲིས་པ་སྐྱེ་བ་ནི་རྒྱུ་མེའི་ཁམས་ལས་འབྲས་བུ་ཆོས་མཐུན་བསྐྱེད་ཅིང་། ཞེ་སྡང་གིས་མཁྲིས་པ་འཕེལ་བའི་དོན་ཏོ། །འདོད་ཆགས་གསང་བ་ལ་བརྟེན་པ་ནི། སྲོག་རྩ་དཀར་པོའི་མར་སྣས་ཁུ་བ་འཕེལ་འཛིན་བྱེད་པ་དང་།  ཐུར་སེལ་ནད་བའི་ཁམས་འཕེལ་བས་འདོད་ཆགས་འཕེལ་བར་བྱེད་པའི་དོན་ནོ། །ཞེས་གསུངས་ནས་སྐབས་འདིར་དབུ་རྐྱང་རོ་གསུམ་དངོས་བསྟན་གསུངས་མེད་ནའང་ཁོང་གིས་ཆགས་པའི་རྩ་ནི་ལྟེ་བ་ལན་གསུམ་གྱེས་ཞེས་པ་སྟེ། ལྟེ་བ་ཡན་གྱི་དབུ་མ་ནི་གོང་དུ་ལུས་ཆགས་ཚུལ་སྐབས་སུ་རྒྱས་པར་བཤད་པ་ལྟར་ཡིན་ལ། ཚིག་འདི་ནི་རིམ་པ་བཞིན་དུ་རྐྱང་མ་དང་རོ་མ་དང་ལྟེ་འོག་མན་ཆད་ཀྱི་དབུ་མ་རྣམས་སྟོན་པ་ཡིན་ཏེ། བད་ཀན་བསྐྱེད་པ་ལ་སོགས་རྩ་དེ་ནི་ཆུའི་ཁམས་རྒྱུ་བའི་རྐྱང་མ་དང་། མཁྲིས་པ་ལ་སོགས་བསྐྱེད་པར་བྱེད་པའི་རྩ་དེ་དག་ནི་མེའི་ཁམས་རྒྱུ་བའི་རོ་མ་དང་། རླུང་ལ་སོགས་པ་བསྐྱེད་པའི་རྩ་དེ་ནི་རླུང་གི་ཁམས་དང་ལྡན་པའི་རྩ་དེ་ལྟེ་འོག་མན་ཆད་ཀྱི་དབུ་མའི་ཆ་གང་ཡིན་པ་དེ་དག་རྣམས་སོ།། ཞེས་ཕྲ་རགས་གཉིས་ཀའི་སྒོ་ནས་གསུངས་འདུག།

སྡེ་སྲིད་རིན་པོ་ཆེས་བཤད་པའི་རྒྱུད་ཀྱི་རྣམ་བཤད་ལས། ལུས་འདི་ཉིད་མའི་མངལ་དུ་ཆགས་པའི་སྐབས་སུ་རྩ་ཐམས་ཅད་ཀྱི་ཐོག་མ་ཁོ་ནར་ཆགས་པའི་རྩ་ནི་ལྟེ་བའི་དབུས་ཀྱི་རྩ་དེ་ལས་རྩེ་མོ་མི་འདྲ་བ་གསུམ་དུ་གྱེས་པ་ཡིན་ནོ། དེ་ལྟར་གྱེས་པའི་རྩ་དེ་ལས་གཅིག་སྟེ་ཆུ་འམ་ཟླ་བའི་ཁམས་རྒྱུ་བ་ཞིག་ལུས་ཀྱི་གཡོན་ཕྱོགས་ནས་བརྒྱུད་དེ་སྙིང་ག་དང་།  མགྲིན་པ་དང་སྤྱི་བོ་སྟེ་འཁོར་ལོའི་ལྟེ་བ་རྣམས་སུ་འདུས་ཤིང་། གཞན་དག་ཏུ་གྱེས་པའི་ཚུལ་གྱིས་གྱེན་ལ་སོང་བའི་རྩ་དཀར་པོ་དེ་ཉིད་ལ་བརྟེན་ནས་ཀླད་པ་ཆགས་ཤིང་། ཀླད་པ་ནི་གཏི་མུག་དང་བད་ཀན་གཉིས་ཀའི་ཉེར་ལེན་དང་། ལྷན་ཅིག་བྱེད་རྐྱེན་ཡིན་པའི་དོན་གྱིས་གཏི་མུག་ཀྱང་ཀླད་པར་བརྟེན་ནས་གནས་པ་ལྟར་སྣང་བ་ཡིན་ཏེ། རྨོངས་ཤིང་ལྕི་འཐིབས་སོགས་མགོ་བོ་ལས་འབྱུང་བ་ཤས་ཆེར་མྱོང་བའི་ཕྱིར། གཏི་མུག་དེ་ལས་བད་ཀན་བསྐྱེད་པས་ན་རྒྱུ་རྐྱེན་འབྲས་བུ་གསུམ་ག་སྟོད་ན་གནས་པ་གྲུབ་པ་ཡིན་ནོ། །དེ་བཞིན་དུ་རྩ་གསུམ་པོ་དེ་ལས་གཅིག་སྟེ་ཁྲག་གམ་མེའི་ཁམས་རྒྱུ་བ་ཞིག་ལུས་ཀྱི་མཆིན་པའི་ལུང་ཆེན་དུ་དྭངས་མ་ལེན་པའི་རྩ་ལ་ཟུག་སྟེ། དེའི་ཡལ་ག་ཚིགས་པ་བཅུ་པར་སོང་བ་དེ་ལ་བརྟེན་ནས་སྲོག་རྩ་ནག་པོ་ཡན་ལག་དང་བཅས་པ་ཆགས་ལ། ཁྲག་ནི་ཞེ་སྡང་དང་མཁྲིས་པ་གཉིས་ཀའི་ཉེར་ལེན་དང་། ལྷན་ཅིག་བྱེད་རྐྱེན་ཡིན་པའི་དོན་གྱིས་ཞེ་སྡང་ཡང་སྲོག་རྩ་ནག་པོ་དང་ཁྲག་ལ་བརྟེན་ནས་འབྱུང་བའི་ཚུལ་གྱིས་གནས་ཤིང་། ཞེ་སྡང་དེ་ལས་མཁྲིས་པ་བསྐྱེད་པས་དེའི་ཕྱིར་རྒྱུ་རྐྱེན་འབྲས་བུ་གསུམ་ག་བར་ན་གནས་པ་ཡིན་ཏེ། ཞེ་སྡང་གློ་བུར་དུ་སྐྱེ་བའི་ཚེ་ལུས་ཀྱི་བར་ཉིད་ནས་འཁྲུག་ཅིང་སྐྱེ་བར་མཐོང་བས་སོ། །བར་དུ་ཟུག་པའི་རྩ་དམར་པོ་དེ་སྙིང་ག་དང་། མགྲིན་པ་དང་། སྤྱི་བོའི་འཁོར་ལོ་རྣམས་ཀྱི་ལྟེ་བར་འདུས་ཤིང་གཞན་དུ་གྱེས་པའི་ཚུལ་གྱིས་སོང་བ་ཡིན་ནོ། །ཡང་རྩ་དེ་ལས་གཅིག་སྟེ་རླུང་ངམ་ཡེ་ཤེས་ཀྱི་ཁམས་རྒྱུ་བ་ཞིག་ལུས་ཀྱི་དབུགས་དྲང་ཐད་ནས་གྱེན་དུ་སོང་བའི་ཚུལ་དང་། དེའི་རྩེ་མོ་གཅིག་སྟེ་འོག་ནས་ཐུར་དུ་ཟུག་པ་དེ་ལས་བདེ་བའི་ཁམས་རྒྱུ་བའི་དོན་གྱིས་གསང་བའི་གནས་ཆགས་ཏེ། ཁུ་བ་ནི་འདོད་ཆགས་དང་རླུང་གཉིས་ཀའི་ཉེར་ལེན་དང་ལྷན་ཅིག་བྱེད་རྐྱེན་ཡིན་པའི་དོགས་གྱིས། འདོད་ཆགས་ནི་ཕོ་མོའི་གསང་བར་གནས་པའི་ཚུལ་དུ་མཐོང་སྟེ་དེ་ལས་རླུང་སྐྱེད་པའི་ཕྱིར། རྒྱུ་རྐྱེན་འབྲས་བུ་གསུམ་དང་བཅས་པ་གསུམ་ཀ་ལུས་ཀྱི་སྨད་ན་གནས་པ་ཡིན་ལ། དོན་འདི་གནས་དང་བྱེད་པའི་དབང་ཁོ་ན་བཙན་པ་ལས་བྱུང་བར་མངོན་ནོ།། ཞེས་ཚིག་དོན་ཁོ་ནའི་ཐོག་ནས་གསུངས་པ་ཙམ་ལས་རྩ་དབུ་རྐྱང་རོ་གསུམ་སྐོར་དངོས་བསྟན་དུ་མ་གསུངས་ཀྱང་། ཁོང་གིས་རྩའི་རིགས་ཐམས་ཅད་བསྡུ་ན་རླུང་རྩ་དང་ཁྲག་རྩ་ཆུ་རྩ་གསུམ་དུ་འདུས་ཤིང་། དེ་ཡང་རླུང་རྩ་ཐམས་ཅད་དབུ་མ་དང་། ཁྲག་རྩ་ཐམས་ཅད་རོ་མ་དང་། ཆུ་རྩ་ཐམས་ཅད་རྐྱང་མ་ལས་གྱེས་པ་འབའ་ཞིག་ཡིན་ཞེས་དང་། རྒྱུད་སྡེ་ནས་གསུངས་པའི་དབུ་རྐྱང་རོ་གསུམ་དང་རྩ་འཁོར་སོགས་གསོ་བ་རིག་པ་དངོས་སུ་བཤད་ན་འཁྲུལ་དོགས་ཏེ་སྦས་པའི་གཤིས་སྔ་རབས་ཕལ་ཆེར་སྒོམ་དོན་གྱི་དབང་དུ་བྱས་པ་ཡིན་གྱི་ཐ་མལ་གྱི་ལུས་ལ་དབུ་རྐྱང་རོ་གསུམ་མེད་ཟེར་བ་འགོག་ཚུལ་ལ་བསམ་ན་ཆགས་པའི་རྩ་གསུམ་དེ་དབུ་རྐྱང་རོ་གསུམ་དང་འབྲེལ་བ་ཡོད་པ་གསུངས་པ་གསལ་པོ་རེད།

ཚེ་རྣམ་རིན་པོ་ཆེའི་བཤད་རྒྱུད་ཀྱི་འགྲེལ་པ་ལས། ལུས་འདི་ཉིད་མའི་མངལ་དུ་ཆགས་པའི་ཐོག་མ་དེར་ཆགས་ཤིང་འཕེལ་བའི་རྩ་ལྟེ་བའི་གཟུགས་དོད་པ་དང་སྦྲགས་རྩ་དེའང་ལྟེ་བའི་དབུས་ནས་རྩེ་མོ་མི་འདྲ་བ་གསུམ་དུ་གྱེས་པ་སྟེ། ཆུའམ་ཟླ་བའི་ཁམས་ཤས་ཆེར་རྒྱུ་བའི་རྩ་གཅིག་གྱེན་ལ་སོང་བས་གཞི་དེ་ལ་བརྟེན་ནས་ཀླད་པ་གཙོ་བོར་གྱུར་པའི་མགོ་བོའི་ཆ་ཤས་རྣམས་ཆགས་ཤིང་གྲུབ་པ་ཡིན། ཉོན་མོངས་གཏི་མུག་ཀྱང་ཀླད་པ་དེ་ལ་བརྟེན་ནས་གནས་པ་དང་། དེ་ལས་ལུས་ཀྱི་གྲང་བའི་རང་བཞིན་བད་ཀན་སྐྱེད་པ་སྟོད་ན་གནས་པས་རྒྱུ་འབྲས་རྟེན་བཅས་སྟོད་ན་གནས་པ་གྲུབ་པ་སྟེ་རྨོངས་ཤིང་ལྕི་འཐིབ་སོགས་མགོ་བོ་ལས་འབྱུང་བ་མཐོང་བའི་ཕྱིར་རོ། །མེའམ་ཉི་མའི་ཁམས་རྒྱུ་བའི་རྩ་གཅིག་བར་དུ་ཟུག་ཅིང་དེ་ལ་བརྟེན་ནས་སྲོག་པ་རྩ་ཆགས་ཤིང་ཁྲག་མཁྲིས་ཚ་བའི་རྒྱུར་གྱུར་པའི་ཞེ་སྡང་ཡང་སྲོག་རྩའི་ཁྲག་ལ་བརྟེན་ནས་གནས་པ་སྟེ། རྒྱུ་དེ་ལས་མཁྲིས་པ་ཚ་བའི་རང་བཞིན་སྐྱེད་པས་བར་ན་གནས་པས་རྒྱུ་འབྲས་རྟེན་བཅས་བར་ན་གནས་པ་གྲུབ་པ་སྟེ་ཁོང་ཁྲོ་དྲག་པོ་སོགས་ལྡང་བའི་ཚེ་ཤས་ཆེར་ལུས་ཀྱི་བར་སྙིང་ཐད་ནས་འབྱུང་བའི་ཕྱིར་རོ། །ཟུང་འཇུག་རླུང་གི་ཁམས་རྒྱུ་བའི་རྩ་གཅིག་ཐུར་དུ་ཟུག་པས་དེའི་རྩེ་མོ་ཆགས་ཚུལ་ལེའུ་ལས། དྲུག་པ་ལྟེ་བ་ལ་བརྟེན་སྲོག་རྩ་ཆགས་ཞེས་པ་དེ་ཉིད་ཡིན་ཅིང་། དེའི་གཤམ་སྣེ་མན་རྒྱུད་བྱང་ཁོག་རྨ་གསོ་བའི་སྐབས། རྩ་ཡི་རྒྱལ་པོ་སྲོག་རྩ་བཅོས་པ་ནི། །ལྟེ་འོག་སོར་བཞི་མིག་དམར་ལ་སོགས་དང་། ཞེས་སོགས་དེ་ལ་བརྟེན་ནས་གསང་བ་ཆགས་ཤིང་། ཟུང་འཇུག་རླུང་གི་རྒྱུར་གྱུར་པའི་འདོད་ཆགས་ནི་ཕོ་མོའི་གསང་བར་གནས་པ་སྟེ། དེ་ལས་ཚ་གྲང་གཉིས་ཀྱི་རང་བཞིན་རླུང་སྐྱེད་ནས་སྨད་ན་གནས་པ་ཡིན་པས་རྒྱུ་འབྲས་རྟེན་བཅས་སྨད་ལ་གནས་པ་གྲུབ་པ་སྟེ། འདོད་སྲེད་ཤས་ཆེར་སྨད་ནས་འབྱུང་བ་མཐོང་བའི་ཕྱིར། ཞེས་ཉི་ཟླའི་ཁམས་དང་འབྱུང་བའི་ཆ་གང་ལ་གཏོགས་པའི་སྒོ་ནས་གསུངས་གནང་མཛད་པ་མ་གཏོགས། ཁྲག་རྩ་རླུང་རྩ་ཆུ་རྩ་དང་དབུ་རྐྱང་རོ་གསུམ་སྐོར་དངོས་བསྟན་དུ་གསུངས་མེད། གང་ལགས་ཞེ་ན་རིན་པོ་ཆེ་མཆོག་ནས་ཚེ་རྩ་གསུམ་དེ་ཁྲག་རྩ་ཆུ་རྩ་རླུང་རྩ་གསུམ་ལ་བཞེད་འདུག་པ་དང་། དབུ་རྐྱང་རོ་གསུམ་སྐོར་གསུངས་མེད་པ་ནི་ཁོང་རང་ཉིད་སྦོམ་བཤད་མ་ཡིན་པར་མངོན་སུམ་ཚད་གྲུབ་ལ་རྟོགས་འཇུག་གནང་དགོས་ཞེས། དོན་གྱི་གནད་ལ་ཇི་བཞིན་མི་འཁེལ་བའི། །སྦོམ་བཤད་སྟོང་བས་བར་སྣང་མཐོ་བསྙབ་བཞིན། །དངོས་པོའི་གནད་ལ་རག་པ་ཆེས་ཡོད་ཕྱིར། །ཐ་མལ་ལུས་ཀྱི་གནས་ལུགས་འཆད་པར་འདོད། །ཅེས་གསུངས་པ་ལས་རྟོགས་ཐུབ།

མཇུག་བསྡུ་བ། དེ་ལྟར་འགྲེལ་ཆེན་ཁག་བཞི་པོ་སོ་སོར་གསལ་བའི་འགྲེལ་པ་ཁག་ལ་གཞིར་ན་ལུས་ལ་ཕྲ་རགས་ཡོད་པ་སོང་རྩའི་གནས་ལུགས་ཕྲ་རགས་ཀྱི་རྣམ་གཞག་གཉིས་ཀའི་སྒོ་ནས་གསུངས་པ་དང་། ལུས་རགས་པ་རང་ལ་དགོངས་ནས་ཁྲག་རྩ་རླུང་རྩ་ཆུ་རྩ་གསུམ་གཙོ་བཟུང་སྒོ་ནས་གསུངས་འདུག ལྷག་པར་དུ་སྡེ་སྲིད་རིན་པོ་ཆེ་དང་ཟུར་མཁར་ནས་དབུ་རྐྱང་རོ་གསུམ་གྱི་རྣམ་བཞག་དངོས་བསྟན་དུ་གསུངས་འདུག་པ་མ་ཟད་དབུ་རྐྱང་རོ་གསུམ་མི་འདོད་པ་རྣམས་འགག་གནང་འདུག་པ་མ་ཟད་དཔལ་དུས་ཀྱི་འཁོར་ལོ་སོགས་དང་སྦྱར་ནས་གསུངས་འདུག་པ་ནི། སྡེ་སྲིད་རིན་པོ་ཆེར་མཚོན་ན་སྨན་རྩིས་གཉིས་ཀ་མཁྱེན་རྒྱ་ཡངས་པས་དུས་འཁོར་གྱི་གཞུང་སོགས་དང་སྦྲེལ་ནས་འགྲེལ་པ་གནང་སྟངས་དམིགས་བསལ་བ་ཞིག་དུ་སྣང་། གཞན་ཡང་དུང་དཀར་རིན་པོ་ཆེའི་གསུང་འབུམ་ནང་ཆགས་པའི་རྩ་གསུམ་པོ་དབུ་རྐྱང་རོ་གསུམ་རང་ལ་དགོངས་ནས་གསུངས་འདུག་པ་མ་ཟད་ཁོང་གིས་སྨན་གཞུང་དུ་རྩ་ཆགས་སྟངས་བཤད་པ་དང་གསང་སྔགས་ཀྱི་གཞུང་ནང་བཤད་པ་གཉིས་སྤྱིར་ན་གཅིག་མཚུངས་རེད། འོན་ཀྱང་ཁ་ཤས་སར་མི་འདྲ་བ་ཡོད། སྨན་གཞུང་ནང་གི་རྩའི་མིང་དང་གསང་སྔགས་ཀྱི་གཞུང་ནང་ཡོད་པའི་རྩའི་མིང་གི་རྣམ་གྲངས་ཅུང་མི་འདྲ་བ་ཡོད། འོན་ཀྱང་དོན་དག་གཅིག་མཚུངས་ཡིན་གསུངས་འདུག རང་ངོས་ནས་བཤད་ནའང་སྨན་གཞུང་དུ་གསུངས་པའི་ཁྲག་རྩ་རླུང་རྩ་ཆུ་རྩའམ་རྩ་དཀར་གསུམ་དང་གསང་སྔགས་སུ་དབུ་རྐྱང་རོ་གསུམ་གསུངས་པ་གཉིས་ངོ་བོ་དབྱེར་མེད་པ་ལྟ་བུར་གོ་ན། མན་རྒྱུད་རྨའི་ལེའུ་སོགས་སུ་རྩའི་སྦོམ་ཕྲ་དང་གྱེས་ཚུལ་སོགས་འགྲེལ་དཀའ་བ་དང་ལྷག་པར་དུ་རླུང་རྩ་ཐམས་ཅད་དབུ་མར་གོ་ན། མན་རྒྱུད་དུ། དེ་ལ་རླུང་རྒྱུ་བ་ཡི་རྩ་དཀར་ནི། རྩ་དཀར་དེ་ཡང་དབུ་མ་ལ་གོ་དགོས་པ་ལྟ་བུ་འདུག་པ་དོགས་སློང་ཙམ་ཚུལ་དུ་བཀོད་པ་ཡིན།།

 

 

སྲིད་པའི་རྩའི་སྐོར་གྱི་བཞེད་ཚུལ།

༼སྲིད་པའི་རྩ་བོ་ཆེའི་རྣམ་གཞག་སྐོར་མཁས་པ་གོང་མ་རྣམས་ཀྱི་བཞེད་པ་ཕྱོགས་བསྡུས་དོགས་པ་གཅོད་པའི་རལ་གྲི།༽

 སྐྱེམས་པ་ཚེ་དབང་གིས་བཤད་རྒྱུད་འགྲེལ་པ་ཚིག་དོན་ཉི་མ་ལས། སྲིད་ཅེས་འཇིག་རྟེན་ནམ། རྟེན་གྱི་དོན་ཡིན་ལ་འཛིན་པ་ཨ་འཐས་པའི་འཇིག་རྟེན་ལ་སྲིད་པ་ཞེས་པ་ལྟ་བུའོ། །དེས་ན་རྟེན་བྱེད་པའམ། སྲིད་པའི་རྩ་བོ་ཆེ་ནི་རྣམ་པ་བཞི་ཡོད་དེ། དབང་པོ་ཡུལ་ལ་འཆར་བ་བྱེད་པའི་རྩ་ནི། དབང་པོ་མིག་རྣ་བ་སྣ་ལྕེ་ལུས་རྣམས། ཡུལ་གཟུགས་སྒྲ་དྲི་རོ་རེག་བྱ་ལ་འཆར་བར་བྱེད་པའི་རྩ་ནི། རྐྱེན་དང་ཕྲད་པ་དབང་པོས་ལོག་པར་འཛིན་པ་དང་། ཀླད་སྨྱོ་སོགས་བྱེད་པའི་དོན་གྱི་རིག་པས་དཔྱད་ན། ཀླད་པ་རྩའི་རྒྱ་མཚོ་ཆེན་པོ་ལ། ཞེས་ཀླད་པ་སྤྱི་དང་བྱེ་བྲག་ཏུ་དབུ་མའི་ཡར་སྣ་ལ་ཧམ་གྱི་རྣམ་པ་ཅན་སྲིད་དེ། དེ་ལ་རྩ་ཕྲན་ལྔ་བརྒྱས་བསྐོར་ནས་གནས་སོ། །དྲན་པའི་དབང་པོ་གསལ་བར་བྱེད་པའི་རྩ་ནི། སྙིང་ནི་རྒྱལ་པོ་ཚེ་སྲོག་སྲོག་གི་རྟེན་ཞེས་སྙིང་སྤྱི་དང་། བྱེ་བྲག་ཏུ་འབུམ་ནག་ལས།  དྭངས་མ་ལྔ་འདུས་ཀྱི་ཐིག་ལེའི་དབུས་རྩའི་དྭངས་མ་ཤེལ་གྱི་གཉུག་མ་ཞེས་བྱ་བ་ཁ་མདོག་དཀར་པོ་རྟ་ལྔ་ཚལ་ཙམ། ཀུན་གཞིའི་རྟེན་བྱེད་པ་ཞིག་སྲིད་དེ། དེ་ལ་ཉོན་མོངས་ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། སྒོ་ལྔའི་རྣམ་པར་ཤེས་པ་སོགས་རྒྱུ་བའི་རྩ་ཕྲན་ལྔ་བརྒྱས་བསྐོར་ནས་གནས་སོ། །ཞེས་འབྱུང་བས་གཞན་གསུམ་ལའང་བྱེ་བྲག་གི་གནས་རྒྱུད་གཞན་སྦྱར་རུང་ངམ་སྙམ་མོ། །ལུས་ཀྱི་དབང་པོ་འཕེལ་བར་བྱེད་པའི་རྩ་ནི། མངལ་གནས་ལུས་ཀྱི་དང་པོ་ལྟེ་བ་ཆགས་ཞེས་ལྟེ་བ་སྤྱི་དང་། བྱེ་བྲག་དུ་ལྟེ་བའི་དབུས་ན་རྩ་མདུད་གྲུ་གསུམ་གྱེན་དུ་གདེངས་པ་ལ་བ་གླང་མིག་ཅེས་སྲིད་དེ། དེ་ལ་རྩ་ཕྲན་ལྔ་བརྒྱས་བསྐོར་ནས་གནས་སོ། །བུ་དང་ཚ་བོ་མེས་པོའི་ཚུལ་དང་མཐུན་པའི་རིགས་དང་། རྒྱུན་མི་ཆད་པར་བསྐྱེད་པར་བྱེད་པའི་རྩ་ནི། འདོད་ཆགས་ཕོ་མོའི་གསང་བར་གནས་པ་ཡིན་ཞེས་པའི་སྤྱིའི་གནས་པོ་མོའི་རྟགས་སྨ་མཚན་མ་དང་། བྱེ་བྲག་ཏུ་དབུ་མའི་མར་སྣ་ནས་བསམ་སེའུ་དང་མཚན་མ་འབྲེལ་བའི་རྩ་ལ་དུང་ཅན་མ་ཞེས་སྲིད་དེ། དེ་ལ་རྩ་ཕྲན་ལྔ་བརྒྱས་བསྐོར་ནས་གནས་སོ། །དེ་ལྟར་རྩ་བཞི་པོ་འཁོར་རྩ་ཕྲན་ཉིས་སྟོང་དང་བཅས་དེ་རྣམས་རང་རང་གི་སྟེང་དང་། འོག་དང་། ཐད་ཀར་ལུས་ཀུན་རྗེས་སུ་འཛིན་པར་བྱེད་པ་ནི། རང་རང་གི་ནུས་པས་བྱ་བ་བྱེད་ཅིང་ལུས་གནས་པ་དང་འཕེལ་བར་བྱེད་པའི་དོན་ནོ། །སྲིད་པའི་རྩའི་ངོ་བོ་ནི། རྒྱུད་ལས་རྟེན་གཙོ་ཆེ་བ་ལ་དགོངས་ནས་དངོས་བསྟན་དུ་རྩ་ཁོ་ན་བཤད་ཀྱང་། དེ་དག་གི་བྱེད་པ་ལ་ལྟོས་ན་ཤུགས་བསྟན་དུ། ནང་དོན་ལས། རྩ་རླུང་ཐིག་ལེ་སེམས་བཅས་སོ། །ཞེས་པ་ལ་འདོད་དགོས་ཅིང་། འདིར་ནི་སྤྱིའི་གནས་གསོ་རིག་ལྟར་བཤད་ལ། བྱེ་བྲག་གི་གནས་གསང་སྔགས་ལྟར་བཤད་པ་ཡིན་ནོ།། ཞེས་སྐྱེམས་པས་རྩ་འཁོར་སྐོར་དངོས་བསྟན་དུ་མ་གསུངས་པར་སྲིད་པའི་རྩ་བོ་བཞི་པོ་རགས་པ་རྟེན་གཙོ་བོར་བཟུང་ནས་སྨན་གཞུང་དུ་གསལ་བ་ལྟར་དང་། ཕྲ་བ་གསང་སྔགས་ཀྱི་རྩ་རླུང་ཐིག་ལེ་སེམས་བཞི་ལ་བཞེད་པ་གནང་འདུག།

ཟུར་མཁར་བའི་བཤད་པའི་རྒྱུད་ཀྱི་རྣམ་བཤད་ལས། སྤྱིའི་དོན་གསུངས་པའི་སྐབས།སྲིད་ཅེས་པ་དེ་ཉིད་དངོས་པོ་འགའ་ཞིག་ལ་བརྟེན་ནས་གནས་པའི་དོན་ཡིན་ཏེ། དཔེར་ན་རྒྱལ་པོ་རྟག་ཏུ་གནས་པའི་གཞི་དེ་ལ་རྒྱལ་སྲིད་ཅེས་ཟེར་བ་ལྟར། འདིར་ཡང་དབང་པོ་རྣམས་དང་རྣམ་པར་ཤེས་པ་ཚོགས་དྲུག་དང་།  ལུས་ཀྱི་ཕུང་པོ་དང་།  ཕོ་མོའི་དབང་པོ་རྣམས་བསྐྱེད་པའི་རྩ་མཐའ་དག་བརྟེན་པའི་གནས་བཤད་པའི་སྐབས་ཡིན་པའི་ཕྱིར། སྡེ་ཚན་བཞིར་བཅད་པའི་རྩ་བོ་ཆེ་རྣམས་ཀླད་པ་ལ་སོགས་པ་བཞི་ལ་བརྟེན་ཅིང་གནས་ཞེས་བྱ་བའི་དོན་ཏོ། །ཞེས་དང་།  དེས་ན་རྩ་ཐམས་ཅད་དབུ་རྐྱང་རོ་གསུམ་དུ་འདུས་པའི་གནས་དེས་ལྟེ་བ་བྱས་ནས་འཁོར་ལོའི་རྩིབས་དང་མཚུངས་པར་ཕྱོགས་བཞིར་དབུ་མ་ལས་གྱེས་པའི་རྩ་འདབ་བཞི་དང་སྟེང་འོག་ཏུ་རོ་རྐྱང་གཉིས་ལས་གྱེས་པའི་རྩ་འདབ་བཅུ་བཅུ་སྟེ། འཁོར་ལོ་རེ་རེ་ལ་རྩ་འདབ་ཆེ་བ་ཉི་ཤུ་རྩ་བཞི་བཞིར་གནས་ཤིང་། སླར་ཡང་རོ་རྐྱང་གཉིས་ལས་གྱེས་པའི་ཉི་ཤུ་པོ་རེ་རེ་ལ་ཉི་ཤུ་ཉི་ཤུ་དང་དབུ་མ་ལས་གྱེས་པའི་བཞི་པོ་ལ་ཉི་ཤུ་རྩ་ལྔར་གྱེས་པས་དྲེལ་བས་འཁོར་ལོ་རེ་རེ་ལ་ལ་རྩ་ཕྲན་ལང་བརྒྱ་དང་བཅས་ཏེ་རང་རང་གི་སྟེང་དང་འོག་དང་ཐད་ཀ་རྣམས་སུ་ལུས་པོ་གསོ་སྐྱེད་ཀྱི་བྱ་བ་བྱེད་པས་ན་རྗེས་སུ་འཛིན་པ་ཞེས་སྨོས་པ་ཡིན་ནོ། །འདི་ནི་གསང་སྔགས་ཀྱི་རྒྱུད་སྡེ་རྣམས་ནས་འབྱུང་བའི་འཁོར་ལོ་བཞིའམ་དྲུག་གི་རྣམ་པར་གཞག་པ་དང་དོན་གཅིག་ཡིན་ཀྱང་སྦས་པའི་ཚུལ་གྱིས་གསུངས་པའོ། །གཙུག་ཏོར་འཁོར་ལོ་དང་མགྲིན་པའི་འཁོར་ལོ་མི་གསལ་བས་འཁོར་ལོ་དང་སྦྱར་ན་མི་འོས་བསམ་པ་རྣམས་ཀྱི་དོགས་པ་གཅོད་པའི་ཕྱིར།  གཙུག་ཏོར་གྱི་འཁོར་ལོ་ནི་སངས་རྒྱས་ཀྱི་འཁོར་ལོ་ནི་སངས་རྒྱས་ཀྱི་གཙུག་ཏོར་གྱི་རྒྱུ་ལ་དགོངས་ནས་གསུངས་པ་མ་གཏོགས་དོན་ལ་སྨིན་མཚམས་སུ་ཡོད་པར་བཤད་པས་སྤྱི་བོ་བདེ་ཆེན་འཁོར་ལོའི་ཁོངས་སུ་གཏོགས་ལ། མགྲིན་པའི་འཁོར་ལོས་རོ་དྲུག་ལ་ལོངས་སྤྱོད་པ་ཙམ་མ་གཏོགས་ལུས་ཀྱི་ཟུངས་བསྐྱེད་པའི་ལས་བྱེད་པ་ཉུང་བའི་དོན་གྱིས་དངོས་སུ་མ་སྨོས་པ་ཡིན་ཀྱང་ཤུགས་བསྟན་དུ། བཟའ་བཏུང་རོ་ལ་ལོངས་སྤྱོད་བྱེད་པའི་རྩ། །མགྲིན་པ་ལ་སྲིད་རྩ་ཕྲན་ལྔ་བརྒྱས་བསྐོར།།ཞེས་དོན་གྱིས་ཐོབ་ཅིང་གོ་ནུས་པ་ཡིན་ནོ། །དེ་ལྟར་བཤད་པ་རྣམས་རགས་པའི་དབང་དུ་བྱས་མོད། ཞིབ་ཏུ་རྩ་འདབ་ཀྱི་གྲངས་དང་མིང་རྣམས་དུས་ཀྱི་འཁོར་ལོ་ལ་སོགས་རྒྱུད་སྡེ་རྣམས་དང་མཐུན་པར་འཆད་དུ་ཡོད་དོ། །ཞེས་སྲིད་པའི་རྩ་བོ་ཆེ་བཞི་དང་རྩ་འཁོར་རྣམ་པ་ལྔའམ་དྲུག་གི་འབྲེལ་བ་དངོས་བསྟན་དུ་གསུངས་འདུག་གོ།

ཚིག་དོན་གསུངས་སྐབས། "ལུས་འདི་སྲིད་པའི་རྩ་བོ་ཆེ་ཞེས་པ་མིང་གིས་བཏགས་པ་ནི་རྣམ་པ་བཞི་ཡོད་དེ། གང་ཞེ་ན་མིག་ལ་སོགས་པའི་དབང་པོ་རྣམས་རང་རང་གི་ཡུལ་གཟུགས་ལ་སོགས་པ་རྣམས་འཆར་བར་བྱེད་པའི་རྩ་ཉི་ཤུ་རྩ་བཞི་ནི་ཡན་ལག་གི་རླུང་ལྔའི་རྟེན་དུ་ཀླད་པར་འཁྱིལ་བ་ཞེས་པའི་རྩ་ལ་རྒྱལ་པོ་ལྟ་བུར་སྲིད་ཅིང་འཁོར་རྩ་ཕྲན་ལྔ་བརྒྱས་བསྐོར་ཏེ་གནས་པ་ཡིན་ནོ། །དེ་བཞིན་དུ་བདག་འཛིན་དང་དྲན་པ་ལ་སོགས་པའི་རྟེན་དབང་པོ་རྣམས་གསལ་བར་བྱེད་ཅིང་རྣམ་པར་ཤེས་པར་ཚོགས་དྲུག་བསྐྱེད་པའི་རྩ་ཉི་ཤུ་རྩ་བཞི་ནི་སྙིང་གར་ཡིད་བཟང་མ་ཞེས་བྱ་བའི་རྩ་ལ་རྒྱལ་པོ་ལྟ་བུར་སྲིད་ཅིང་འཁོར་རྩ་ཕྲན་ལྔ་བརྒྱས་བསྐོར་ཏེ་གནས་པ་ཡིན་ནོ། །དེ་ཡང་ཡིད་བཟང་མ་ཞེས་དེ་ལས་སྒོ་ལྔའི་རྣམ་ཤེས་རྒྱུ་བའི་རྩ་དམར་པོ་ཞིག་མདུན་ཕྱོགས་སུ་ཟུག ཀུན་གཞིའི་རྣམ་ཤེས་རྒྱུ་བའི་རྩ་སེར་པོ་ཞིག་གཡས་ཕྱོགས་སུ་ཟུག (འདིར་ཀུན་གཞི་བཞེད་པ་དང་གཞུང་གཞན་ལ་ཀུན་གཞིའི་རྣམ་ཤེས་མི་བཞེད་པ། དཔེར་ན་སེམས་ཙམ་པས་རྣམ་ཤེས་ཚོགས་དྲུག་ལས་ངོ་བོ་ཐ་དད་པའི་རྣམ་ཤེས་བདུན་པ་ཡན་གར་བ་ཞིག་མི་འདོད་པ་དང་། དཔལ་ལྡན་ཟླ་བ་གྲགས་པས་ཀུན་གཞི་རྣམ་ཤེས་ཐ་སྙད་དུ་ཡང་མི་བཞེད་པར་ཀུན་གཞི་རྣམ་ཤེས་ཞེས་བྱ་བ་ཡོད་ན་རྣམ་ཤེས་ཚོགས་དྲུག་ལས་ངོ་བོ་ཐ་དད་པའམ་དེ་དག་གང་ཡང་མ་ཡིན་པའི་ཀུན་གཞིའི་རྣམ་ཤེས་ཡོད་དགོས་པའི་ཕྱིར་ཏེ། སེམས་ཅན་ནས་སངས་རྒྱས་ཀྱི་སའི་བར་ཁྱབ་བྱེད་དུ་གནས་པའི་རྣམ་པར་ཤེས་པ་གསལ་རིག་ཙམ་ཞིག་ཡོད་པས་ཀུན་གཞི་ཡོད་པར་འཇོག་དགོས་ན། དེ་ཙམ་ནི་གྲུབ་མཐའ་སྨྲ་བ་བཞི་ཀས་འདོད་པས་རང་སྡེ་གྲུབ་མཐའ་ཀུན་གཞི་ཁས་ལེན་དགོས་པར་ཧ་ཅང་ཐལ་བའི་ཕྱིར། ཞེས་གྲུབ་མཐའ་སོ་སོའི་དབར་ལ་ཀུན་གཞི་བཞེད་དང་མི་བཞེད། གཞན་ཡང་ས་དགེ་བཀའ་རྙིང་སོགས་ཆོས་ལུགས་གཙོ་ཆེ་བཞིའི་ནང་དུའང་ཀུན་གཞི་བཞེད་དང་མི་བཞེད་པའི་ཁྱད་པར་གསལ་བའི་ཕྱག་དཔེ་མཇལ་དུ་འདུག་ལགས་ན་རིགས་མེད་ཀྱི་ཕྱག་དཔེ་ཁག་ལ་གཟིགས་ཐུབ་ན་ཞིབ་ཚགས་ཀྱི་སློབ་སྦྱོང་བྱ་ལུགས་ཞིག་ཏུ་མཐོང་བས་བདེན་མིན་སྤྱོད་ཅིག།) ཡིད་ཀྱི་རྣམ་ཤེས་རྒྱུ་བའི་རྩ་སྔོན་པོ་ཞིག་གཡོན་ཕྱོགས་སུ་ཟུག། ཉོན་མོངས་པའི་ཡིད་རྒྱུ་བའི་རྩ་ལྗང་གུ་ཞིག་རྒྱབ་ཕྱོགས་སུ་ཟུག་ཡོད་པ་ཡོད་དོ། །ལུས་ཀྱི་ཕུང་པོ་འདི་ཉིད་ཐོག་མཐའ་བར་གསུམ་དུ་གས་ཤིང་འཕེལ་བར་བྱེད་པའི་རྩ་ཉི་ཤུ་རྩ་བཞི་ནི་ས་བོན་གྱི་རྟེན་དུ་ལྟེ་བའི་དབུས་ཀྱི་བསྟེན་པ་ཞེས་པའི་རྩ་ལ་རྒྱལ་པོ་ལྟ་བུར་སྲིད་ཅིང་འཁོར་རྩ་ཕྲན་ལྔ་བརྒྱས་བསྐོར་ཏེ་གནས་པ་ཡིན་ནོ། །བུ་ཚ་རིགས་རྒྱུད་མི་ཉམས་པར་བསྐྱེད་ཅིང་འཕེལ་བར་བྱེད་པའི་རྩ་ཉི་ཤུ་རྩ་བཞི་ནི་བདེ་བའི་ཁམས་ཀྱི་རྟེན་དུ་མཚན་མར་མཚན་ཉིད་ཅན་ཞེས་པའི་རྩ་ལ་རྒྱལ་པོ་ལྟ་བུར་སྲིད་ཅིང་འཁོར་རྩ་ཕྲན་ལྔ་བརྒྱས་བསྐོར་ཏེ་གནས་པ་ཡིན་ནོ། །དེ་ལྟར་བཤད་པའི་འཁོར་ལོ་མགྲིན་པ་དང་བཅས་པ་ལྔའི་རྩ་ཕྲ་རགས་རྣམས་ཀྱིས་རང་རང་གི་ལྟེ་བའི་སྟེང་དང་འོག་དང་ཐད་ཀ་རྣམས་སུ་ཁམས་ཐམས་ཅད་ཀྱི་བྱ་བ་ཚུལ་བཞིན་དུ་བྱེད་ཅིང་ཡོངས་སུ་འབྲེལ་བའི་དོན་གྱིས་ན། ལུས་ཀྱི་ཆ་ཤས་ནད་ཟུངས་དྲི་མ་སོགས་ཇི་སྙེད་པ་ཀུན་ཀྱང་དུས་མ་ཡིན་པར་མི་གཏོང་བར་རྗེས་སུ་འཛིན་པ་ཡིན་ནོ།། ཞེས་སྤྱི་དོན་དང་ཚིག་དོན་གཉིས་ཀར་སྲིད་པའི་རྩ་བོ་ཆེ་བཞི་དང་རྩ་འཁོར་དབར་གྱི་འབྲེལ་བ་ཅི་ཡོད་གསལ་སྟོན་གནང་འདུག་པ་ན། སྲིད་པའི་རྩ་བ་ཆེ་བཞི་དང་རྩ་འཁོར་འབྲེལ་མེད་དུ་དོགས་པ་རྣམས་རེ་ཞིག་གོང་གི་མཁས་པའི་དགོངས་པ་ལ་འགལ་བ་བཀོད་རྒྱུ་ཨེ་ཡོད་སྙམ་པ་འདུག་གོ།

 སྡེ་སྲིད་རིན་པོ་ཆེས་བཤད་པའི་རྒྱུད་ཀྱི་རྣམ་བཤད་ལས། སྲིད་ཅེས་པ་དེ་ཉིད་དངོས་པོ་འགའ་ཞིག་ལ་བརྟེན་ནས་གནས་པའི་དོན་ཡིན་ཏེ། དཔེར་ན་རྒྱལ་པོ་རྟག་ཏུ་གནས་པའི་གཞི་དེ་ལ་རྒྱལ་སྲིད་ཅེས་ཟེར་བ་ལྟར།་འདིར་ཡང་དབང་པོ་རྣམས་རྣམ་པར་ཤེས་པའི་ཚོགས་དྲུག་དང་། ལུས་ཀྱི་ཕུང་པོ་དང་། ཕོ་མོའི་དབང་པོ་རྣམས་བསྐྱེད་པའི་རྩ་མཐའ་དག་བརྟེན་པའི་གནས་བཤད་པའི་སྐབས་ཡིན་པའི་ཕྱིར། སྡེ་ཚན་བཞིར་བཅད་པའི་རྩ་བོ་ཆེ་རྣམས་ཀླད་པ་ལ་སོགས་པ་བཞི་ལ་བརྟེན་ཅིང་གནས་ཞེས་བྱ་བའི་དོན་ཏོ། །ཞེས་དང་།  དེས་ན་འཁོར་ཐམས་ཅད་དབུ་རྐྱང་རོ་གསུམ་དུ་འདུས་པའི་གནས་དེས་ལྟེ་བ་བྱས་ནས་འཁོར་ལོའི་རྩིབས་དང་མཚུངས་པར་ཕྱོགས་བཞིར་དབུ་མ་ལས་གྱེས་པའི་རྩ་འདབ་བཞི་དང་སྟེང་འོག་ཏུ་རོ་རྐྱང་གཉིས་ལས་གྱེས་པའི་རྩ་འདབ་བཅུ་བཅུ་སྟེ། འཁོར་ལོ་རེ་རེ་ལ་རྩ་འདབ་ཆེ་བ་ཉི་ཤུ་རྩ་བཞི་བཞིར་གནས་ཤིང་། སླར་ཡང་རོ་རྐྱང་གཉིས་ལས་གྱེས་པའི་ཉི་ཤུ་པོ་རེ་རེ་ལ་ཉི་ཤུ་ཉི་ཤུ་དང་དབུ་མ་ལས་གྱེས་པའི་བཞི་པོ་ལ་ཉི་ཤུ་རྩ་ལྔར་གྱེས་པས་དྲིལ་བས་འཁོར་ལོ་རེ་རེ་ལ་རྩ་ཕྲན་ལང་བརྒྱ་དང་བཅས་ཏེ་རང་རང་གི་སྟེང་དང་འོག་དང་ཐད་ཀ་རྣམས་སུ་ལུས་པོ་གསོ་སྐྱེད་ཀྱི་བྱ་བ་བྱེད་པས་ན་རྗེས་སུ་འཛིན་པ་ཞེས་སྨོས་པ་ཡིན་ནོ། །འདི་ནི་གསང་སྔགས་ཀྱི་རྒྱུད་སྡེ་རྣམས་ནས་འབྱུང་བའི་འཁོར་ལོ་བཞིའམ་དྲུག་གི་རྣམ་པར་གཞག་པ་དང་དོན་གཅིག་ཡིན་ཀྱང་སྦས་པའི་ཚུལ་གྱིས་གསུངས་པའོ། །ལུས་འདི་ལ་སྲིད་པའི་རྩ་བོ་ཆེ་ཞེས་མིང་གིས་བཏགས་པ་ནི་རྣམ་པ་བཞི་འམ་ལྔ་ཡོད་དེ། གང་ཞེ་ན་མིག་ལ་སོགས་པའི་དབང་པོ་རྣམས་རང་རང་གི་ཡུལ་གཟུགས་ལ་སོགས་པ་རྣམས་འཆར་བར་བྱེད་པའི་ལུས་འདི་སྲིད་པའི་རྩ་བོ་ཆེ་ཞེས་པ་མིང་གིས་བཏགས་པ་ནི་རྣམ་པ་བཞི་ཡོད་དེ། གང་ཞེ་ན་མིག་ལ་སོགས་པའི་དབང་པོ་རྣམས་རང་རང་གི་ཡུལ་གཟུགས་ལ་སོགས་པ་རྣམས་འཆར་བར་བྱེད་པའི་རྩ་ཉི་ཤུ་རྩ་བཞི་ནི་ཡན་ལག་གི་རླུང་ལྔའི་རྟེན་དུ་ཀླད་པར་འཁྱིལ་བ་ཞེས་པའི་རྩ་ལ་རྒྱལ་པོ་ལྟ་བུར་སྲིད་ཅིང་འཁོར་རྩ་ཕྲན་ལྔ་བརྒྱས་བསྐོར་ཏེ་གནས་པ་ཡིན་ནོ། །དེ་བཞིན་དུ་བདག་འཛིན་དང་དྲན་པ་ལ་སོགས་པའི་རྟེན་དབང་པོ་རྣམས་གསལ་བར་བྱེད་ཅིང་རྣམ་པར་ཤེས་པར་ཚོགས་དྲུག་བསྐྱེད་པའི་རྩ་ཉི་ཤུ་རྩ་བཞི་ནི་སྙིང་གར་ཡིད་བཟང་མ་ཞེས་བྱ་བའི་རྩ་ལ་རྒྱལ་པོ་ལྟ་བུར་སྲིད་ཅིང་འཁོར་རྩ་ཕྲན་ལྔ་བརྒྱས་བསྐོར་ཏེ་གནས་པ་ཡིན་ནོ། །དེ་ཡང་ཡིད་བཟང་མ་ཞེས་དེ་ལས་སྒོ་ལྔའི་རྣམ་ཤེས་རྒྱུ་བའི་རྩ་དམར་པོ་ཞིག་མདུན་ཕྱོགས་སུ་ཟུག ཀུན་གཞིའི་རྣམ་ཤེས་རྒྱུ་བའི་རྩ་སེར་པོ་ཞིག་གཡས་ཕྱོགས་སུ་ཟུག ཡིད་ཀྱི་རྣམ་ཤེས་རྒྱུ་བའི་རྩ་སྔོན་པོ་ཞིག་གཡོན་ཕྱོགས་སུ་ཟུག ཉོན་མོངས་པའི་ཡིད་རྒྱུ་བའི་རྩ་ལྗང་གུ་ཞིག་རྒྱབ་ཕྱོགས་སུ་ཟུག་པ་ཡོད་དོ། ལུས་ཀྱི་ཕུང་པོ་འདི་ཉིད་ཐོག་མཐའ་བར་གསུམ་དུ་གས་ཤིང་འཕེལ་བར་བྱེད་པའི་རྩ་ཉི་ཤུ་རྩ་བཞི་ནི་ས་བོན་གྱི་རྟེན་དུ་ལྟེ་བའི་དབུས་ཀྱི་བསྟེན་པ་ཞེས་པའི་རྩ་ལ་རྒྱལ་པོ་ལྟ་བུར་སྲིད་ཅིང་འཁོར་རྩ་ཕྲན་ལྔ་བརྒྱས་བསྐོར་ཏེ་གནས་པ་ཡིན་ནོ། །བུ་ཚ་རིགས་རྒྱུད་མི་ཉམས་པར་བསྐྱེད་ཅིང་འཕེལ་བར་བྱེད་པའི་རྩ་ཉི་ཤུ་རྩ་བཞི་ནི་བདེ་བའི་ཁམས་ཀྱི་རྟེན་དུ་མཚན་མར་མཚན་ཉིད་ཅན་ཞེས་པའི་རྩ་ལ་རྒྱལ་པོ་ལྟ་བུར་སྲིད་ཅིང་འཁོར་རྩ་ཕྲན་ལྔ་བརྒྱས་བསྐོར་ཏེ་གནས་པ་ཡིན་ནོ། །དེ་ལྟར་བཤད་པའི་འཁོར་ལོ་མགྲིན་པ་དང་བཅས་པ་ལྔའི་རྩ་ཕྲ་རགས་རྣམས་ཀྱིས་རང་རང་གི་ལྟེ་བའི་སྟེང་དང་འོག་དང་ཐད་ཀ་རྣམས་སུ་ཁམས་ཐམས་ཅད་ཀྱི་བྱ་བ་ཚུལ་བཞིན་དུ་བྱེད་ཅིང་ཡོངས་སུ་འབྲེལ་བའི་དོན་གྱིས་ན། ལུས་ཀྱི་ཆ་ཤས་ནད་ཟུངས་དྲི་མ་སོགས་ཇི་སྙེད་པ་ཀུན་ཀྱང་དུས་མ་ཡིན་པར་མི་གཏོང་བར་རྗེས་སུ་འཛིན་པ་ཡིན་ནོ།། ཞེས་མེས་པོའི་ཞལ་ལུང་དུ་གསལ་བ་དང་དགོངས་པ་གཅིག་མཚུངས་དུ་གསུངས་འདུག་གོ།

ཚེ་རྣམ་རིན་པོ་ཆེའི་བཤད་རྒྱུད་ཀྱི་འགྲེལ་པ་ལས། ལུས་འདིར་སྲིད་པའམ་གནས་ཞིང་རྟེན་པ་རྩ་བོ་ཆེ་གཙོ་ཆེ་བ་བཞི་ལས། དབང་པོ་མིག་རྣ་བ་སྣ་ལྕེ་ལུས་བཅས་རང་རང་གི་ཡུལ་གཟུགས་སྒྲ་དྲི་རོ་རེག་བྱ་འཆར་ཞིང་ཚོར་བ་བྱེད་པའི་རྩ་རླུང་ལྔའི་རྟེན་གཙོ་བོར་གྱུར་པ་ཀླད་པར་རྩ་ཡི་རྒྱ་མཚོ་ཆེན་པོ་འཁྱིལ་བ་ཞེས་བྱ་བའི་རྩ་ལ་སྲིད་ཅིང་གནས་པ་དེ་ཉིད་ལས་འཁོར་རྩ་ཕྲན་དང་།  དེ་ལས་ཡང་ཕྲན། དེ་ལས་དྲྭ་བ་ལྟར་གྱི་རྩ་ཕྲན་ལྔ་བརྒྱས་བསྐོར་བའོ། །དྲན་པའི་དབང་པོའམ་ཡིད་ཀྱི་དབང་པོ་དང་། དབང་པོ་དེ་དག་ལ་བརྟེན་པའི་རྣམ་ཤེས་ཚོགས་དྲུག་གསལ་བར་བྱེད་པའི་རྩ་གཙོ་བོ་སྙིང་གར་ཡིད་བཟང་མ་ཞེས་བྱ་བའི་རྩ་དེ་ལ་སྲིད་ཅིང་གནས་པ་དེ་ཉིད་ལས་འཁོར་རྩ་ཕྲན་དང་དེ་ལས་ཡང་ཕྲན། དེ་ལས་དྲྭ་བ་ལྟར་རྩ་ཕྲན་ལྔ་བརྒྱས་བསྐོར་བའོ། །ལུས་ཀྱི་ཕུང་པོ་སྤྱི་དང་དེའི་རྩ་ཕྲན་རྣམས་ཀྱི་སྡོང་པོ་གསུམ་ཐོག་མར་ཁོ་ནར་ཆགས་པར་བྱེད་པའི་རྩ་གཙོ་བོ་ཇི་སྲིད་སྐྱེད་པའི་བྱ་བ་ཡོངས་སུ་མ་རྫོགས་པའི་བར་དུ་དེ་སྲིད་དུ་ལྟེ་བ་ལ་སྲིད་ཅིང་གནས་པ་དེ་ཉིད་ལས་འཁོར་རྩ་ཕྲན་དང་། དེ་ལས་ཡང་ཕྲན། དེ་ལས་དྲྭ་བ་ལྟར་གྱི་རྩ་ཕྲན་ལྔ་བརྒྱས་བསྐོར་བའོ། །བུ་ཚ་རིགས་རྒྱུད་མི་ཆད་པར་སྐྱེད་ཅིང་འཕེལ་བར་བྱེད་པའི་རྩ་གཙོ་བོ་འདོད་ཆགས་ཕོ་མོའི་མཚན་མའམ་གསང་བར་སྲིད་ཅིང་གནས་པ་དེ་ཉིད་ལས་རྩ་ཕྲན་དང་།  དེ་ལས་ཡང་ཕྲན། དེ་ལས་དྲྭ་བ་ལྟར་གྱི་རྩ་ཕྲན་ལྔ་བརྒྱས་བསྐོར་བའོ། །དེ་ལྟར་སྲིད་ཅིང་རྟེན་པའི་རྩ་བོ་ཆེ་དེ་དག་ལུས་ཀྱི་སྟེང་དང་འོག་དང་ཐད་ཀར་སོགས་ཀུན་ལ་གྱེས་པས་ལུས་ཀྱི་ཕུང་པོ་འདི་རྩ་ཡི་དྲྭ་བས་རྗེས་སུ་འཛིན་ཅིང་མི་འཇིག་པ་རིང་དུ་འཚོ་བར་བྱེད་པ་ཡིན་ནོ།། ཞེས་ཚིག་དོན་གཙོ་བོར་བཟུང་ནས་འགྲེལ་བརྗོད་གནང་འདུག་པ་དང་། རྩ་འཁོར་གྱི་སྐོར་དངོས་བསྟན་དུ་གསུངས་མི་འདུག་གོ།།

 

 

མཐའ་མའི་འདོན་ཐེངས་།: 20.09.2017 ཉིན། 3:38 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།