ཅན་ཌི་སྒར་ཡན་ལག་སྨན་ཁང་གནས་སྤོས་ཀྱིས་དབུ་འབྱེད་མཛད་སྒོ། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 05.10.2023 |
ཅན་ཌི་སྒར་ཡན་ལག་སྨན་ཁང་གནས་སྤོས་ཀྱིས་དབུ་འབྱེད་མཛད་སྒོ།
ཕྱི་ལོ་ ༢༠༢༣ ཟླ་ ༩ ཚེས་ ༣༠ ཉིན་པན་ཇཱཔ་དང་ཧརཡཱཎཱ་མངའ་སྡེ་གཉིས་ཀྱི་ཟུང་སྦྲེལ་རྒྱལ་ས་ཅཎྜཱི་གཌྷ་(Chandigarh)རུ་འགྲོ་ཕན་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་དེ་བཞིན་ས་གནས་གསར་པ་ཞིག་ཏུ་གནས་སྤོས་ཀྱིས་དབུ་འབྱེད་མཛད་སྒོ་སྟབས་བདེ་ཞིག་ཚོགས་གནང་ཡོད། དེ་ཡང་ས་གནས་ཡུལ་མི་སྐུ་ཞབས་དྷརྨ་པཱལ་གུཔྟཱ་ལགས་དང་། ཁོང་གི་ནང་མི་རྣམས་ནས་ཡན་ལག་སྨན་ཁང་ཆེད་དུ་ཁོང་ཚོའི་ཁང་ཁྱིམ་རྙིང་པ་ཞིག་རིན་མེད་ཐོག་མཁོ་འདོན་གནང་བ་རེད།
དེ་ཉིན་ཅན་དྷཱི་སྒར་ཡན་ལག་སྨན་ཁང་དབུ་འབྱེད་མཛད་སྒོར་བཞུགས་སྒར་ནས་འགྲོ་ཕན་སྨན་རྩིས་ཁང་གི་སྤྱི་ཁྱབ་འགན་འཛིན་ཐུབ་བསྟན་ཚེ་རིང་མཆོག་དང་། ཡན་ལག་འགན་འཛིན་ངག་དབང་འཆི་མེད་ལགས་ཆེད་བཅར་ཞུས་ཡོད་ལ། རྒྱུད་སྟོད་གྲྭ་ཚང་ནས་དགེ་འདུན་པ་བཞི་ཆེད་ཕེབས་ཀྱིས་རབ་གནས་སོགས་ཆོས་ཕྱོགས་ཀྱི་ཕྱག་ལེན་ཡང་དག་པ་བསྐྱངས་གནང་། མཛད་སྒོར་དམིགས་བསལ་སྲུང་སྐྱོབ་དམག་ཞབས་བདེ་དོན་གྱི་དྲུང་ཡིག་གཙོ་བོ་ Shri J. M. Balamurugan Ji ལགས་དང་། པན་ཇཱཔ་མངའ་སྡེ་གཞུང་གི་མི་མང་ལས་ཀའི་དྲུང་ཡིག་ཆེ་མོ་ Shri Nilkant Ahvad Ji ལགས་ཆེད་ཕེབས་ཀྱིས་འཚམ་འདྲི་ཞུས་པ་དང་སྦྲགས་སྤྱིར་བོད་ཀྱི་རིག་གཞུང་དང་ཡང་སྒོས་བོད་ཀྱི་གསོ་བ་རིག་པའི་གལ་གནད་སྐོར་གཏམ་བཤད་ཀྱང་གནང་། དེར་འགྲོ་ཕན་སྨན་རྩིས་ཁང་གི་འགན་འཛིན་མཆོག་ནས་ད་ཐེངས་ས་གནས་འདི་རུ་ཡན་ལག་སྨན་ཁང་གསར་པ་དབུ་འབྱེད་ཐུབ་པར་དགའ་སྤོབས་འོས་པ་དང་། ལྷག་པར་ཡན་ལག་སྨན་ཁང་འདིའི་བརྒྱུད་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོའི་དགོངས་གཞི་ལྟར་ཅན་དྷཱི་སྒར་དང་ཉེ་འཁོར་གྱི་མངའ་སྡེའི་ནད་པ་རྣམས་ལ་འཕྲོད་བསྟེན་ཞབས་འདེགས་ལྷད་མེད་ཞུ་རྒྱུ་ཡིན་སྐོར་གསུང་བཤད་གནང་ཡོད།
ད་ལྟའི་ཆར་ཅན་དྷཱི་སྒར་ཡན་ལག་སྨན་ཁང་དུ། སྐབས་བཅུ་དགུའི་སྨན་པ་ཚེ་རིང་བཅོ་ལྔ་ལགས་དང་། ལས་རོགས་ལས་བྱེད་གཞན་གཉིས་ཡོད།
སྨན་ཁང་གསར་པའི་ཁ་བྱང་།
Tibetan herbal Clinic
Men Tsee Khang (Sowa-Rigpa), Chandigarh branch
House No. 2209, Sector 44 C, Behind Labour Chowk,
Chandigarh- 160047
Contact No. 88946-42695
E-Mail: chandi2@men-tsee-khang.org
མཐའ་མའི་འདོན་ཐེངས་།: 05.10.2023 ཉིན། 10:51 AM
<< སྔ་མ།