སྨན་རྩིས་དྲ་བ། - ཆེད་རྩོམ།

ངོ་མཚར་རྩ་བདུན་བརྟག་པའི་ཚུལ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 14.10.2017
ཆེད་རྩོམ། >>


ངོ་མཚར་རྩ་བདུན་བརྟག་པའི་ཚུལ།
 

 

༄༅། །ངོ་མཚར་རྩ་བདུན་བརྟག་པའི་ཚུལ། །རབ་གསལ་འཚོ་བྱེད་ཞལ་ལུང་ཡོད། །

- མཁན་ཆེན་ཚུལ་ཁྲིམས་རྒྱལ་མཚན།

 

འདིར་ཕྱི་མ་རྒྱུད་ཀྱི་བརྟག་པ་རྩ་ཆུའི་མདོ་ལས་བཤད་པའི་ངོ་མཚར་རྩ་བདུན་བརྟག་ཚུལ་ཅུང་ཟད་བཤད་པ་ལ། ཐོག་མར་རྩ་བལྟ་ཡུལ་དེའི་རྒྱུན་རྩ་ཕོ་རྩ་སོགས་གང་ཡིན་ཤེས་པར་བྱས་ནས་རྒྱུན་རྩའི་འཕར་ཚུལ་གཞིན་བྱས་པའི་སྟེང་དུ། དུས་ཁམས་ཀྱི་འཕར་ཆུལ་གྱི་འགྱུར་བ་ཕྲ་མོ་འོང་བར་རྟོགས་དགོས་སོ། །དེ་ཡང་། ངོ་མཚར་རྩ་བདུན་ནད་མེད་མི་ལ་བལྟ། །ཞེས་གསུངས་པས་ནད་མེད་པའི་རྩ་ལ་དུས་རྩའི་འཕར་ཆུལ་ལས་བླང་དོར་དཔྱད་དུ་ཡོད་ཀྱི། ནད་ཡོད་ན་ནད་ཁམས་ཀྱིས་བསྒྱུར་བས་ངེས་པ་མེད་དོ། །ལྷག་པར་ཕྱི་ནམ་ཟླ་དུས་བཞི། ནང་དོན་སྣོད། བར་དོན་སྣོད་ཀྱི་རྩ་གསུམ་འབྱུང་བ་ལྔ་ཡི་རང་བཞིན་དུ་སྦྱར་ཚུལ་དང་། དེ་དག་གི་དར་གུད་ཤེས་པའི་ཕྱིར་དུ་རང་དང་མ་བུ་དགྲ་གྲོགས་ཀྱི་བསྐོར་མགོ་བརྩི་ཚུལ་བཅས་བྱང་ཆུབ་པ་ཞིག་མེད་ཐབས་མེད་དོ། །འོ་ན་རྩ་བདུན་པོ་གང་ཞེ་ན། ཁྱིམ་མགྲོན་དགྲ་གྲོགས་གདོན་དང་ནི། །མེ་ཆུ་གོ་ལྡོག་སྦྲུམ་མ་འོ། །ཞེས་པ་དེའོ།།
 

དང་པོ། ཁྱིམ་ཕྱྭ།

            དང་པོ་ཁྱིམ་ཕྱྭ་ནི། རྩ་གང་ཡང་ཤ་ཡི་གཏིང་དུ་མར་བྱིང་ཞིང་འདི་ཞེས་ངེས་པ་མི་སྐྱེ་བས་འཐིབས་པོ་ཞིག་བྱུང་ན་གྲིབ་དང་མི་གཙང་བའི་ངོ་། །དེ་ལྟར་བྱིང་བ་མིན་ཡང་རང་བཞིན་གྱིས་མི་གསལ་བ་ནི་རྨུགས་འཐིབས་ཅན་ཞིག་མྱ་ངན་འོང་། ཆུ་ལྟར་འབྲུབ་ཅིང་རེས་བརྒྱལ་བ་ལྟར་སྡོད་ན་སྐྲག་དངངས་དྲག་པོ་འོང་བའི་ངོ་། །རྩ་སྐྱེར་ཚེར་འདྲ་བ་སོར་མོའི་ཞབས་ནས་ཡར་རྣོ་ཀ་རེ་བྱུང་བ་ནི་སྡུག་བསྔལ་ལས་ཐར་པ་མེད་པའི་རྩའོ། །ཆུ་ཚན་ཁོལ་བ་མཐའ་དབུས་ངེས་མེད་འབར་འབུལ་བྱེད་ཅིང་མྱུར་དུ་གཡོ་བ་ལྟར་རྩ་རྒྱུད་འབར་འབུར་ངེས་མེད་དང་འདར་སིལ་སིལ་ཁོལ་བ་ལྟར་བྱེད་ན་མི་ཁ་དྲག་པོ་འོང་བའི་རྩའོ། །མེ་ལྕེ་ཆད་པ་རེས་ཆེ་རེས་ཆུང་ལྷབ་ལྷབ་བྱེད་པ་ལྟར་རྩ་ཆེ་ཆུང་ངེས་མེད་ལྷབ་ལྷབ་བྱེད་པ་ནི་ནོར་ལ་གོད་ཁ་འོང་བའི་རྩའོ། །དེ་ལྟར་རྩ་ངན་དྲུག་པོ་དེའི་འབྲས་བུ་མི་འདོད་པ་དེ་དག་དུས་གང་ཡིན་དེའི་རང་གི་རྩ་ལ་བྱུང་ན་རྩ་བལྟ་ཡུལ་ཁོ་རང་ལ་འབྱུང་། མ་རྩའི་ནང་དུ་བྱུང་ན་མ་དང་ཞང་པོར་འབྱུང་། བུ་རྩ་ལ་བྱུང་ན་བུ་དང་ཚ་བོ་ལ་འབྱུང་། གྲོགས་རྩ་ལ་བྱུང་ན་ནོར་ལ་འབྱུང་། དགྲ་རྩ་ལ་བྱུང་ན་སྐྱོན་དེ་དག་དགྲ་ལ་འབྱུང་བས་ལེགས་སོ། །གོང་མི་འདོད་པ་དེ་དག་ལ་གནས་བཞིན་པ་ལ་རྩ་བལྟས་ན་རྩ་རྟགས་དེ་དག་གང་རུང་འབྱུང་ལ། ད་ལྟ་མྱ་ངན་སོགས་མེད་ཅིང་ནད་མེད་པ་ལ་རྩ་ངན་དེ་དག་གང་བྱུང་བ་ན། དེ་བཞིན་མི་འདོད་པ་དེ་འབྱུང་བར་འགྱུར་རོ།།
 

གཉིས་པ། མགྲོན་ཕྱྭ།

            གཉིས་པ་མགྲོན་ཕྱྭ་ནི། བྱེས་སུ་སོང་བ་དེས་གང་བརྩེ་ཞིང་ཡོད་ལ་བཅགས་པའི་གཞིས་པ་ཞིག་ལ་བརྟག་དགོས་ལ། ཉེའི་རྩ་ནི། དེའི་མཆིན་རྩ། གློ་རྩ། སྙིང་རྩ། མཆེར་རྩ། མཁལ་རྩ་ལྔ་པོ་དེ་ནང་གསེས་གང་མཐོ་ཞིང་ཤེད་ཆེ་བ་ཡིན་དཔྱད་པ་ན། མཆིན་རྩ་དྲག་ན་ད་ལྟར་གང་དུ་སོང་བའི་བྱེས་པའི་གཞི་ལ་ཡོད་པ་དང་། གློ་རྩ་དྲག་ན་ཚུར་ལམ་དུ་ཞུགས་ཚར་བ་སོགས་རིམ་པར་སྦྱར་རོ། །དགྲ་གྲོགས་བརྩི་བ་ན། དུས་དེའི་མ་དང་རང་རྩ་དར་ན་གཞི་ལ་གནས། བུ་རྩ་དར་ན་ཚུར་ལམ་དུ་ཞུགས་པ་དང་། དགྲ་རྩ་དར་ན་ད་ལྟར་སླེབས་པ་ཡིན་ནོ། །མགྲོན་པོ་དེས་དོན་གཉེར་འགྲུབ་མི་འགྲུབ་དཔྱད་ན། ལ་ཉེའི་རྩ་ནི། སྙིང་མཆིན་མཁལ་རྩ་གསུམ་གང་དྲག་པར་འཕར་བ་ལ་དཔགས་ནས་དགྲ་འོང་སོགས་རིམ་པ་བཞིན་དུ་སྦྱར་བར་བྱའོ། །དགྲ་གྲོགས་བརྩི་བ་ནི། དགྲ་རྩ་དར་བ་དང་རང་རྩ་སོགས་ལ་སོ་སོའི་དགྲ་རྩ་བྱུང་བ་ལྟ་བུ། དགྲ་རྩ་བྱུང་ན་དོན་མི་འགྲུབ་ལ། གྲོགས་རྩ་དར་བ་དང་རང་མ་བུ་རྩ་ལ་སོ་སོའི་གྲོགས་རྩ་བྱུང་བ་སྟེ། དེ་དག་རང་གི་གྲོགས་རྩ་ལྟར་འཕར་ན་དེའི་ཚོད་ཀྱིས་དོན་འགྲུབ་པ་སྟེ། ཞིབ་པར་ཕྱེ་ན་གྲོགས་ཆེ་ཆུག་སོགས་ཀྱི་ཁྱད་པར་དུ་མའང་དཔྱད་དུ་ཡོད་དོ།།
 

གསུམ་པ། དགྲ་ཕྱྭ།

            གསུམ་པ་དགྲ་ཕྱྭ་ནི། དགྲ་དང་རྩོད་པོ་དེ་དང་། དམག་ཆེན་སོགས་ལ་དམག་དཔོན་ལྟ་བུར་བརྟག ལ་ཉེའི་རྩ་ནི། དེ་དག་གི་གློ་རྩ་རང་ས་དང་། མཆེར་རྩ་དགྲ་སར་བྱས་ཏེ་དེ་གཉིས་གང་དྲག་པ་ལས་ཁ་དམར་གདགས་པའོ། །དགྲ་གྲོགས་ལྟར་ན། དུས་གང་ཡིན་དེའི་དགྲ་རྩ་ལ་བརྟག དགྲའི་རྩ་ལ་དགྲ་རྩ་བྱུང་ན་དགྲ་ཐུབ་བོ། །རང་རྩ་ལ་དགྲ་རྩ་བྱུང་ན་རང་ལ་དགྲས་ཚུར་རྒོལ་ན་རང་ཕམ།  རང་གིས་ཕར་དགྲ་ལ་རྒོལ་ན་དགྲ་མི་ཐུལ་ལོ། །དུས་ཀྱི་མ་རྩ་དང་རང་རྩ་དར་ན་དགྲ་ཡིས་ཚུར་རྒོལ་ཡང་རང་ལ་མི་ཚུགས་སོ།།
 

བཞི་པ། གྲོགས་ཕྱྭ།

            བཞི་པ་གྲོགས་ཕྱྭ་ནི། ནོར་གྱི་བདག་པོ་དེའི་མཆིན་རྩ་ནོར་གྱི་བང་མཛོད་དུ་དཔྱད་ནས། དེ་དྲག་ན་ནོར་འཕེལ་གོད་མི་འོང་། དེ་བཞིན་དུ་སྙིང་རྩ་མཆེར་རྩ་ཡང་དྲག་ན་ནོར་ལ་བཟང་། དེ་ནི་ལ་ཉེའི་རྩའོ། །དགྲ་གྲོགས་ལྟར་ན། དུས་ཀྱི་རྩ་གང་ཡིན་དེའི་གྲོགས་རྩ་ལ་བརྟག འཕར་ཚུལ་ལྔའི་ནང་གི་གྲོགས་རྩ་བྱུང་ན་གྲོགས་ཀྱི་རྩ་ལ་གྲོགས་རྩ་བྱུང་བས་གྲོགས་རབ་གཅིག་འབྱུང་བ་སོགས། མུ་ལྔ་པོ་ཚང་བར་དཔྱད་དགོས་སོ།།
 

ལྔ་པ། གདོན་ཕྱྭ།

            ལྔ་པ་གདོན་ཕྱྭ་ནི། ཤིང་རྩ་མཆིན་པ། མེ་རྩ་སྙིང་ལ་སོགས་པ་ཤེས་པར་བྱས་ནས་དོན་ལྔའི་རྩ་དེ་དག་ཏུ་གཞན་མི་འདྲ་བ་ལྷག་པར་དལ་བའམ་བྲེལ་བ་སྡོད་འཐེན་སོགས་མི་སྙོམས་པ་ཞིག་བྱུང་ན་གཉན་དང་རྒྱལ་པོ། རྒྱལ་པོ་དང་དཀོར་བདག་ཀླུ་དཀྱུས་མ་དང་། ཀླུ་མ་རུང་པ། ཀླུ་སྲིན་སོགས་ཀྱིས་གནོད་པར་ངོས་འཛིན་པ་ནི་དུས་ལ་མི་ལྟོས་པར་དོན་ལྔའི་རྩའོ། །གཞན་ཡང་། ཤིང་ཁམས་ཀྱི་རྩའི་འཕར་ལུགས་ཕྲ་གྲིམས་དེ་རྒྱུད་ཀུན་ལ་ཤས་ཆེ་ན་ཤིང་གི་རྩ་ལ་གཉན་དང་རྒྱལ་པོ་ལས་གནོད་པ་སོགས་སུའང་དོན་ཀྱིས་གོ་རུང་ངོ་། །དགྲ་གྲོགས་ལྟར་ན་དུས་ཀྱི་མ་རྩའི་ནང་དུ་མི་སྙོམས་པ་བྱུང་ན། ཕ་མའི་རིང་ནས་ཆགས་པའམ་ཕ་མ་ཤི་ཟིན་ན་དེ་དག་གི་ཡིད་ཆགས་ཞེན་ཡོད་པ་ཡང་བཤད་འདུག  བུ་རྩའི་ནང་དུ་བྱུང་ན་བུ་ཚའི་ཞང་པོའི་རྒྱུད་ནས་བྱུང་བའི་འདྲེ་ནས་གྲོགས་ཀྱི་རྒྱུད་ནས་འགོས་པའི་འདྲེ་ཡི་བར་སྦྱར་རོ། །ཡང་དུས་ཀྱི་མ་ཁམས་ཀྱི་རྩའི་མཚན་ཉིད་རྩ་རྒྱུས་ཀུན་ལ་ཤས་ཆེར་བྱུང་བ་ལ་ཡང་ཁ་དམར་འདིར་སྦྱར་རུང་ངོ་། །ཞེས་མི་ཕམ་པས་གསུངས་སོ།།
 

དྲུག་པ། མེ་ཆུ་གོ་ལྡོག་གི་རྩ།

            དྲུག་པ་མེ་གོ་ལྡོག་གི་རྩ་ནི། ཕ་ན་ན་བུ་ནད་མེད་ལ་རྩ་བལྟས་ནས་འཚོ་འཆི་བརྟག་པ་སོགས་སོ། །དེ་ཡང་བུ་ཡི་མཆིན་རྩ་དང་དུས་ཀྱི་མ་རྩ་དེ་ཕ་ཡི་ས་དང་། ཕ་ཡི་སྙིང་རྩ་དང་ཕ་དེའི་དུས་ཀྱི་བུ་རྩ་དེ་བུ་ཡི་སོ། །མ་དང་བུ་མོའང་ཕ་བུ་བཞིན་ནོ། །ཁྱོ་གའི་མཁལ་རྩ་དང་དེའི་དུས་ཀྱི་དགྲ་རྩ་དེ་ཆུང་མའི་ས་ཡིན། ཆུང་མའི་མཆིན་རྩ་དང་དུས་ཀྱི་གྲོགས་རྩ་དེ་ཁྱོ་གའམ་སྐྱེས་པའི་སར་བརྩི་དགོས། ལ་ཉེའི་རྩ་དེ་དག་ཚང་ཞིང་སྐྱོན་མེད་པ་དང་། དགྲ་གྲོགས་ལྟར་ན་སོ་སོའི་ས་མལ་གྱི་རྩ་དེ་འཕར་ཚུལ་སྔར་ལྟར་གྱི་དར་ན་འཚི་ཞིང་དགེ། གཞན་མ་ཚང་ཞིང་རྒུད་ན་འཆི་བ་ཡིན་ནོ།།
 

བདུན་པ། མངལ་དུ་ཆགས་པ་སྦྲུམ་མའི་རྩ།

            བདུན་པ་མངལ་དུ་ཆགས་པ་སྦྲུམ་མའི་རྩ་ནི། འབུལ་ལ་འདྲིལ་བ་ཁྲག་གི་རྩ་ལས་བྲེལ་ཙམ་འོང་། དེ་ཡང་བུད་མེད་དེའི་མཁལ་རྩ་གཡས་གཡོན་གཉིས་ལས་གཡས་པ་དྲག་ན་མངལ་གནས་དེ་བུ་ཕོ་ཡིན་ལ། གཡོན་པ་དྲག་ན་བུ་མོ་སྐྱེ་གསུངས་སོ། །ཉམས་མྱོང་ལྟར་ན་སྦྲུམ་མའི་ལག་རྩ་གཉིས་རྩ་དཔངས་མཐོ་དམའ་འམ་དྲག་ཞན་ངེས་པར་འགྱུར་ཞིང་། དེ་ཡང་ལག་གཡས་ཀྱི་རྩ་དམའ་བའམ་ཞན་ན་བུ་དང་། གཡོན་ལ་དེ་འདྲ་བྱུང་ན་བུ་མོ་སྐྱེ་བར་མངོན། དགྲ་གྲོགས་ཀྱི་རྩ་ལྟར་ན་བུད་མེད་དེའི་དུས་ཀྱི་རྩ་གང་ཡིན་པ་དེའི་བུ་རྩ་ལ་བརྟག  མ་རྩ་བྱུང་ན་སྐྱེ་སླ། བུ་རྩ་བྱུང་ན་བུ་ཚ་གསོ་བ་སླ། །དགྲ་རྩ་བྱུང་ན་གསོ་བར་དཀའ། རང་གྲོགས་ནི་འབྲིང་དུ་ཤེས་པར་བྱའོ།།

            དེ་ལྟར་ངོ་མཚར་རྩ་བདུན་ལ། མངལ་དུ་ཆགས་པ་སྦྲུམ་མའི་རྩ། །འདི་ཉིད་མཁོ་གལ་ཆེ་བས་ན། །ཅུང་ཟད་གསལ་བར་བཤད་པར་བྱ། །རྩ་ནི་འབུར་འདྲིལ་གཡས་གཡོན་གཉིས། །དྲན་ཞན་མི་མཚུངས་སྦྲུམ་མའི་རྩ། །ཆུ་ནི་མཚོ་བཞིན་སྔོན་པོ་ཞེས། །བཻ་ཌཱུར་སྔོན་པར་ལེགས་པར་བཤད། །ཕྱི་ཡུལ་ན་ལུགས་མངལ་ཆགས་སྐབས། །འཁྲི་ནས་སྐྱུགས་དང་ཞེན་པ་ལྡོག །ཞག་ཚེ་མི་འདོད་སྐྱུར་ལ་དགའ། །དེ་རྗེས་ཟླ་མཚན་མི་འབྱུང་སོགས། །མདོག་ན་མངལ་དུ་སྦྲུམ་པ་ནས། །ཟླ་དུས་ཚང་ཞིང་བཙའ་བའི་བར། །བུ་ཡི་སྐྱེ་འཕེལ་མའི་ན་ཚུལ། །ཕན་ཚུལ་སྦྱར་ཞིང་རྗེས་སུ་དཔག །གཞན་ཡང་གཟུགས་སྟབས་གདོང་གི་མདོག །འོ་འཛིན་ཆུ་འཛིན་རྒྱས་མ་རྒྱས། །ན་སོ་ཡུལ་དུས་སྤྱོད་ལམ་ལའང་། །རྟགས་པས་སྦྲུམ་དང་བཙའ་དུས་ཤེས། །མངལ་གནས་ཕོ་མོ་བརྟག་པ་ལ། །རྩ་ནི་གོང་དུ་བཤད་པས་ཤེས། །དཀུ་གཡས་མཐོ་ཞིང་གཡས་ལོགས་བརྟེན། །ནུ་ཞོ་གཡས་པ་སྔོན་བྱུང་དང་། །རྐང་རྗེས་གཡས་པ་ཟབ་སོགས་བུ། །དེ་ལས་ལྡོག་པ་བུ་མོ་སྐྱེ། །རྟགས་གཉིས་ཀུན་ཚང་མཚེ་མ་སྟེ། །དེ་ཡི་རྒྱུ་མཚན་བུ་བུ་མོ། །མ་དེའི་མངལ་གྱི་གཡས་གཡོན་ལ། །གནས་ཕྱིར་རྟགས་ཀྱང་དེ་མཚུངས་ངོ་། །གཞན་ཡང་རྨི་ལམ་སྐྱེས་པ་མཐོང་། །རྟ་དང་གླང་པོ་སོགས་རྨིས་བུ། །བུ་མོ་གླུ་ལེན་སོགས་རྨི་བ། །བཤད་རྒྱུད་ལས་གསུངས་དྲན་པར་བྱ། །ཁྱད་པར་བཟའ་ཟླ་དེ་གཉིས་ཀྱི། །རྒྱུན་རྩའི་འབྲས་བུ་དྲག་པ་གནད། །རྒྱས་པར་རྒྱུད་དང་པད་འཕྲེང་སོགས། །ཁུངས་ལྡན་ལེགས་བཤད་གཟིགས་པར་ཞུ། །གོང་གསལ་སྦྲུམ་མའི་དུས་ཀྱི་རྩར། །རང་དང་མ་བུ་དགྲ་གྲོགས་ཀྱི། །བསྐོར་མགོ་ཇི་ལྟར་བརྩི་བའི་ཚུལ། །དཔེར་བརྗོད་གསལ་བར་བཀོད་པར་བྱ། །དཔེར་ན་དཔྱིད་ཞག་དོན་གཉིས་རིང་། །སྦྲུམ་མ་ཞིག་ལ་རྩ་ལྟ་ན། །དུས་ཀྱི་རྩ་ནི་མཆིནརྩ་སྟེ། །དེ་ཡི་བུ་རྩ་སྙིང་རྩ་ཡིན། །དེ་ཕྱིར་སྙིང་གི་རྩ་ལ་བརྟག །རང་དང་མ་བུ་དགྲ་གྲོགས་བརྩི། །དར་གུད་འབྲས་བུ་གོང་དུ་བཤད། །དེ་བཞིོན་དབྱར་ཞག་དོན་གཉིས་རིང་། །མཚེར་པའི་རྩ་ལ་བརྟག་པར་བྱ། །སྟོན་ཞག་དོན་གཉིས་མཁལ་རྩར་བརྟག །དགུན་ཞག་དོན་གཉིས་མཆིན་རྩར་བརྟག །མཚམས་ཞག་དོན་གཉིས་གློ་རྩར་བརྟག །རེག་པ་རྩ་ལ་བརྟག་པ་ཡི། །སྲིད་པའི་བདེ་སྡུག་ལུང་སྟོན་པ། །བདེན་རྫུན་འབྱེད་ཕྱིར་ལག་ལེན་གྱིས། །ངོ་མཚན་ཆེ་བ་མངོན་སུམ་གྲུབ། །རྒྱུད་གཞུང་མན་ངག་ཟབ་མོའི་དོན། །མ་སླབས་འདི་འདྲའི་དཀའ་གནད་ལ། །ཞུགས་ཀྱང་འབྲས་བུ་མངོན་དཀའ་བས། །སློབ་དཔོན་བསྟེན་ཅིང་ཐོས་པ་ཚོལ། །འདི་འདྲ་རྟེན་འབྲེལ་ཟབ་མོའི་དོན། །རྒྱལ་བའི་སྲས་པོའི་བགོ་སྐལ་རེད། །སྐལ་མེད་རྣམསཀྱི་སྤྱོད་ཡུལ་མིན། །སྙིང་ལ་ཆོངས་ཤིག་སྙིང་གི་གྲོགས། །ཟབ་ཅིང་རྒྱ་ཆེའི་རིག་གཞུང་ལ། །ལྐོག་གྱུར་མངོན་སུམ་ཤེས་པ་ཡི། །ངོ་མཚར་ཁྱད་ཆོས་བསམ་ལས་འདས། །བསྟན་འགྲོའི་དཔལ་དུ་འཕེལ་བར་ཤོག །ཅེས་པའང་ཤཱི་ལས་སོ།། །།

 

 

མཐའ་མའི་འདོན་ཐེངས་།: 14.10.2017 ཉིན། 2:36 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།