སྨན་རྩིས་དྲ་བ། - ཆེད་རྩོམ།

གྲུམ་བུའི་ནད་གཞིར་ཉམས་ཞིབ་གྲུབ་འབྲས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 25.11.2013
ཆེད་རྩོམ། >>

 


༄༅། །གྲུམ་བུའི་ནད་གཞིར་ནད་བཅོས་ཉམས་ཞིབ་བགྱིས་པའི་དཔྱད་རྩོམ་མདོར་བསྡུས་བཞུགས་སོ།།

 

སྨན་རམས་པ་ཟླ་བ་སྒྲོལ་མ།

 

སྲིད་འདིར་བྱམས་དང་སྙིང་རྗེས་ཐུགས་རྒྱུད་ཞི།།

སྙིང་རྗེའི་རང་གཟུགས་འཕགས་མཆོག་སྤྱན་རས་གཟིགས།།

འཛམ་གླིང་ཞི་བདེའི་དེད་དཔོན་གཅིག་ཁོ་ན།།

ྋརྒྱལ་དབང་བསྟན་འཛིན་རྒྱ་མཚོས་དུས་ཀུན་སྐྱོངས།།

 

མཚན་དཔེའི་དཔལ་འབར་ཡོངས་སུ་གང་བའི་སྐུ།།

རྒྱུ་འབྲས་ཉེས་པའི་མུན་པ་ཡོངས་སེལ་བ།།

དུག་གསུམ་ནད་སེལ་སྨན་བླ་གཡུ་ཐོག་སོགས།།

བརྒྱུད་པར་བཅས་པའི་བླ་མ་གུས་པས་མཆོད།།

 

རྣམ་བཀྲ་རིག་པའི་ལྡིང་ཁང་མཛེས་པའི་དབུས།།

རྣམ་མང་ཤེས་བྱའི་ངོ་བོར་དབྱེར་མེད་པ།།

རྣམ་ཀུན་དྲིན་གྱིས་སྐྱོང་མཛད་སློབ་དཔོན་རྣམས།།

རྣམ་འགྱུར་ཙམ་མིན་སྙིང་ནས་རབ་ཏུ་གུས།།

 

རློན་གཤེར་སྣུམ་སོགས་འབྱུང་འཕྲོད་མ་སྙོམས་པས།།

འདུ་འཁྲུགས་ལུས་ནད་ཆུ་སེར་གྲུམ་བུ་ལ།།

འབྱུང་རྫས་སྨན་དཔྱད་ཟས་ཀྱི་གཉེན་པོ་ཡིས།།

ཡུན་དུ་བཅོས་ཤིང་དཔྱད་པའི་མྱོང་ཚོར་བྲིས།།

 

དེ་ཡང་༡༩༩༤ ལོར་རྒྱ་གར་དྷ་རམ་ས་ལ་དྷ་སྟེང་ཡན་ལག་སྨན་རྩིས་ཁང་དུ་(Oxford University, England)དབྱིང་ལེནྜ་གྱི་ཨོགས་ཕོརཌ་ཡུ་ནི་ཝར་སི་ཀྲིའི་སྐྱེ་དངོས་དང་མི་རིགས་དཔྱད་པའི་རིག་པའི་སྡེ་ཚན་གྱི་མཐོ་སློབ་(Institute of Biology Anthropology Oxord University)གཉིས་མཉམ་འབྲེལ་ཐོག་བོད་སྨན་གྱིས་གྲུམ་བུའི་ནད་གཞིར་ཕན་ནུས་བརྟག་དཔྱད་ཞིབ་འཇུག་བགྱིས་པའི་གྲུབ་འབྲས་སྙིང་བསྡུས་ཞུ།


༡། ངོ་སྤྲོད།

གྲུམ་བུའི་ཉམས་ཞིབ་འདི་བཞིན་(Dr. Mary Ryan, Oxford University)ཨོགས་ཕོརཌ་ཡུ་ནི་ཝར་སི་ཀྲིའི་ཌོཀ་ཊར་མེརི་ར་ཡན་དང་།  དྷ་སྟེང་ཡན་ལག་སྨན་རྩིས་ཁང་གི་འགན་འཛིན་སྨན་རམས་པ་ཟླ་སྒྲོན་གཉིས་ནས་༡༩༩༤ ཟླ་༥ ཚེས་༡ ནས་ཟླ་༧ ཚེས་༣༠ བར་ཟླ་བ་གསུམ་རིང་དྷ་ས་ཁུལ་དུ་གནས་སྡོད་བོད་རིགས་གྲུམ་བུའི་ནད་གཞི་ཅན་གྲངས་བརྒྱ་དང་གསུམ་ཙམ་བསྡུ་རུབ་ཀྱིས་བོད་ལུགས་ཐོག་བརྟག་དཔྱད་ཞིབ་འཇུག་དབུ་འཛུགས་ཀྱིས་བོད་ལུགས་སྨན་བཅོས་གཙོ་བོ་ཁ་ཟས་དང་སྤྱོད་ལམ་གདམས་བྱ། སྨན་དང་དཔྱད་(བྱུག་པ་)བཅས་ཀྱི་ཐོག་ནས་སྨན་བཅོས་བགྱིས་པར་ཕན་གནོད་དང་ནུས་པ་མྱུར་མགྱོགས་སོགས་ཀྱི་གྲུབ་འབྲས་དང་།  གཞན་ཡང་བོད་ལུགས་སྨན་བཅོས་དང་ཕྱི་ལུགས་སྨན་བཅོས་གཉིས་དབར་དབྱེ་འབྱེད་དང་གྲུབ་འབྲས་ཇི་བཟང་།  ལྷག་པར་དུ་རང་ཉིད་ཀྱིས་མི་ལོ་ཉི་ཤུ་རྩ་གསུམ་རིང་ནད་བཅོས་ཉམས་མྱོང་ཇི་བྱུང་སོགས་ཀྱི་གྲུབ་འབྲས་བཏོན་ཡོད།


༢། ཉམས་ཞིབ་བྱེད་སྟངས།

དཔྱད་ཞིབ་བྱེད་གཞི་ནི་གྲུམ་ནད་ཆེད་གཉེར་བའམ་གྲུམ་ནད་མཐར་ཕྱིར་ཌོཀ་ཊར་མེཌ་པཀཀེ་ཧེལིན་ (Rheumatologist Dr. Med Pakke Helin) ནས་དཔྱད་རྩོམ་གནང་བའི་དཔྱད་གཞིའི་ཚད་འཛིན་ཡིག་ཆ་གཞིར་བཞག་ཌོཀ་ཊར་མེརི་ར་ཡན་ནས་བརྟག་དཔྱད་ཞིབ་འཇུག་བྱས་ཏེ་གྲུབ་འབྲས་བཏོན་པ་ཞིག་ཡིན་པས་དཔེ་མཚོན་འགའ་ཞིག་ནི།

༡། ལག་པའི་མཛུབ་མོར་ཕོག་པའི་གྲུམ་ནད་ཅན་ཞིག་ལ་ཐོག་མར་སྨན་བཅོས་མ་བྱས་གོང་སྨྱུ་གུ་ལྟ་བུའི་དངོས་རྫས་ཤིག་བཟུང་དུ་བཅུག་ནས་བཟུང་ཐུབ་དང་མི་ཐུབ་བརྟག་པ།

༢། གལ་ཏེ་སྨྱུ་གུ་བཟང་ཐུབ་ན་ཡིག་འབྲུ་འགའ་ཤས་བྲི་རུ་བཅུག་ནས་སྨན་བཅོས་འགོ་བཙུགས་པ་ནས་མཇུག་སྒྲིལ་མབྱས་བར་ཡིག་གཟུགས་ཀྱི་འགྱུར་བ་ལ་བརྟག་པ།

༣། ཡང་ན་ནད་པའི་ལག་པས་སྨན་པའི་ལག་པ་བཟུང་བཅུག་ནས་ལག་པའི་ཤུགས་ཚད་སྒྲིབ་ལྷོད་བརྟག་པ།

༤། མཁྲིག་མའི་ཚིགས་གྲུམ་ལ་སྐྲངས་སྦོས་ཆེ་ཆུང་དང་ཚ་དྲོད་ཆེ་ཆུང་བརྟག་པ།

༥། མཁྲིག་མའི་འགུལ་བསྐྱོད་ཀྱི་ཚད་གཞལ་བ།

༦། ཆུ་རྒྱུས་འཁུམས་པའམ་རེངས་པ་རྣམས་ལ་ཇི་ཙམ་རེངས་མིན་གྱི་ཚད་འཇལ་བ་ལྟ་བུ།

༧། དཔུང་ཚིགས་གྲུམ་བུར་ལག་ངར་སྟོད་སྨད་ཕྱི་ནང་གང་སར་རྐྱང་སྐུམ་ཀྱི་ཚད་གཞལ་བ།

༨། དངོས་པོའི་ལྗིད་ཚད་ཇི་ཙམ་འདེགས་ཐུབ་མིན་བརྟག་པ།

༩། མཇིང་པ་དང་སྒལ་ཚིགས་ནད་པར་དགྱེ་དགུ་དང་གཡས་གཡོན་དུ་ཇི་ཙམ་གཅུས་ཐུབ་མིན་བརྟག་པ།

༡༠། པུས་མོའི་ནད་པར་རྐང་པ་རྐྱང་སྐུམ་ཇི་ཙམ་ཐུབ་མིན་བརྟག་པ།

༡༡། ཆུ་རྒྱུས་རྣམས་རེངས་ཁུམས་ཀྱི་ཚད་འཇལ་བ།

༡༢། པུས་མོའི་ནད་གཞིར་གཡས་གཡོན་གྱི་སྐྲངས་སྦོས་དང་ཚ་དྲོད་འགུལ་བསྐྱོད་བཅས་བརྟག་པ།

༡༣། སྨན་པས་ནད་པའི་པུས་མོ་འགུལ་བསྐྱོད་སྐབས་ཀྱི་སྒྲ་བརྟག་པ།

༡༤། རྐང་ཚིགས་དང་འབོལ་ཚིགས་སོགས་ཀྱི་སྐྲངས་སྦོས་ཆེ་ཆུང་དང་།  འགུལ་བསྐྱོད་སྐབས་ཀྱི་ན་ཟུག་ཆེ་ཆུང་བརྟག་པ།

༡༥། མཁལ་རྐེད་མན་ལ་གྲུམ་ནད་ཕོག་པ་རྣམས་ལ་གོམ་བགྲོད་བརྟག་པ།

༡༦ ནད་པ་ལངས་སྡོད་སྐབས་ཀྱི་ཚུལ་བརྟག་པ།

༡༧། གཞན་ཡང་ན་ཟུག་ཆེ་ཆུང་དང་།  སྐྲངས་སྦོས་ཆེ་ཆུང་།  འགུལ་བསྐྱོད་བདེ་ལོས། གོམ་བགྲོད། ལངས་སྡོད་མགྱོགས་ལོས། ཆུ་རྒྱུས་གྱོང་ལོས་སོགས་ལ་བརྟག་ཞིབ་ནན་ཏན་བྱས།

༡༨། ན་ཟུག་དང་འགུལ་བསྐྱོད་བདེ་ལོས་ཀྱི་ཚད་གཞི་འཇོག་སྟངས་ནི་ནད་མེད་ཐིག་ནས་འགོ་འཛུགས་ཀྱིས་ནད་ཚབས་ཆེ་ཤོས་ཨང་ལྔ་བར་རྩིས།

 

 ཐོབ།

སྐྱོན་མེད་བདེ་ཐང་།

 =0

འགུལ་བསྐྱོད་དང་ན་ཟུག་ཆུང་ངུར།

 =1

འགུལ་བསྐྱོད་དང་ན་ཟུག་འབྲིང་ལ།

 =2

འགུལ་བསྐྱོད་དང་ན་ཟུག་ཆེ་བ་ལ།

 =3

འགུལ་བསྐྱོད་དང་ན་ཟུག་མི་ཟད་པར།

 =4

འགུལ་བསྐྱོད་དང་ན་ཟུག་ཚད་ལས་འདས་པར།

 =5

 

གོང་གསལ་ན་ཟུག་སོགས་ཀྱི་ཚད་ཀྱི་ཐོབ་རྩི་ཚུལ་ནི་རང་ཉིད་ཀྱི་དགེ་ཆེ་བཀའ་དྲིན་ཟླ་མེད་བར་ཞི་ཕུན་ཚོགས་དབང་རྒྱལ་ལགས་ནས་མཛད་པའི་ཕྱི་རྒྱུད་རྩ་ཆུའི་ལྷན་ཐབས་ནང་རྩའི་འཕར་གྲངས་ནས་ཚ་བ་ཆེ་ཆུང་ཚད་གཞལ་བའི་སྐབས་ཀྱི་ཚིག་ལ་དཔེ་མཚོན་ནས་བཞག་པ་ཡིན།

གཞན་ཡང་ནད་པ་རང་ཉིད་ཀྱི་ཉིན་རེའི་བྱེད་སྒོ་བདེ་ལོས་སོགས་དཔེར་ན། ཉམས་ཞིབ་ཁོངས་གཏོགས་ནད་པ་གཅུང་ལགས་ཐོག་མར་སྨན་བཅོས་འགོ་མ་འཛུགས་གོང་ལག་དཔུང་སྐྲངས་སྦོས་དང་ན་ཟུག་གིས་ལག་པ་རྐྱང་སྐུམ་མ་ཐུབ་པར་བརྟེན་མཚན་མོ་མལ་སར་མལ་ཆས་སོ་ཡིས་ཡར་འཐེན་དགོས་པ་ཐ་མ་ཟླ་བ་གསུམ་སྨན་བཅོས་རྗེས་རང་ཉིད་ཀྱི་ལག་པས་སྔར་རྒྱུན་བཞིན་འཐེན་ཐུབ་པ་ལྟ་བུའོ།།

 

༣། བོད་ལུགས་གྲུམ་བུའི་རྒྱུ་རྐྱེན་དབྱེ་བ་བཤད་པ།

གྲུམ་བུ་ཞེས་པ་ནི་རྒྱུད་དུ། རྒྱུ་རྐྱེན་རླན་སྣུམ་ཡུལ་དང་སྣུམ་བཅུད་ཟས། །དྭངས་མ་གནས་སུ་མ་སྨིན་ཆུ་སེར་རྒྱས། །ཤ་རུས་རྩ་རྒྱུས་ལ་གནས་གྲུམ་བུ་སྐྱེ། །ཞེས་པ་རླན་ཞིང་སྣུམ་བག་ཆེ་བའི་ཡུལ་དུ་བསྡད་དྲགས་པ་དང་།  ལུས་ཟུངས་ཀྱི་དྭངས་མ་གནས་སུ་མ་སྨིན་པར་ཆུ་སེར་རྒྱས་ནས་ཤ་རུས་རྩ་རྒྱུས་རྣམས་ལ་གནས་བཅས་ཏེ་ཡུན་ལོན་སྐབས་ཚིགས་གཞི་སོགས་བསྣད་ནས་རང་བཞིན་གྱིས་རིམ་པས་དབྱིབས་སྒྱུར་བའམ་གྲུམ་པ་ལྟར་འགྱུར་བས་ན་གྲུམ་བུ་ཞེས་ཐ་སྙད་དུ་བཏགས། གཞན་ཡང་གསོ་རིག་ཀུན་བཏུས་ལས། ཚད་པའི་ནད་རིགས་གང་ལ་བཅུད་ཤོར་བ། གཏར་ག་སྔས་པ། ལུས་ངག་དྲག་ཤུལ་ཆེས་པ་སོགས་ཀྱིས་ཚ་བའི་ནད་རིགས་བྱེར་ཞིང་སྨད་དུ་ལྷུངས་བ་དེ་ལ་ཆུ་སེར་གྱི་བསྡོངས་ཟླར་བཅས་པ་ཚིགས་ལ་ཞེན་པའམ་ཤ་རུས་རྩ་རྒྱུས་ལ་ཁྱབ་པས་གྲུམ་བུར་འགྱུར་བ་ཡིན་ཞེས་སོ།།

རྒྱུད་དུ་གྲུམ་བུའི་དབྱེ་བ་དྲུག་ཏུ་ཕྱེ་བ།

ཤ་ཏྲེམ།             ཤ་གྲུམ།

རུས་ཏྲེམ།           རུས་གྲུམ།

རྩ་ཏྲེམ།             རྩ་གྲུམ།

ཆུ་ཏྲེམ།             ཆུ་བའི་གྲུམ་བུ།

ཏྲེམ་དཀར།         གྲུམ་དཀར།

ཏྲེམ་ནག              གྲུམ་ནག་སྟེ་དྲུག་ཏུ་དབྱེ་ཡོད།

ཏྲེམ་ཞེས་པ་ནི་ཞང་ཞུང་སྐད་དུ་གྲུམ་བུ་ཞེས་པའི་དོན་ཡིན་པ་དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ནང་གསལ་ཞེས་སྨན་གྱི་ཚིག་མཛོད་དུ་གསལ། ཉམས་ཞིབ་འདིའི་སྐབས་སྨན་བཅོས་ལག་ལེན་ནི་དྷ་ས་སྨན་རྩིས་ཁང་ནས་བཟོ་བསྐྲུན་གནང་བའི་སྨན་སྣེ་ཁག་ལ་བརྟེན་ནས་སྨན་བཅོས་བྱ་དགོས་པར་བརྟེན་གྲུམ་ནད་དབྱེ་བའམ་སྡེ་ཚན་གསུམ་དུ་དབྱེ་ནས་སྨན་བཅོས་ཞུས་པ་གཤམ་གསལ་བཞིན་ནོ།།

 

 

༡ ཚ་གྲུམ།

རུས་གྲུམ།

ཤ་གྲུམ།

གྲུམ་ནག

 

༢ གྲང་གྲུམ།

གྲུམ་དཀར།

ཚ་གྲུམ་ཡུན་ལོན་རྙིང་པ།

 

༣ རྩ་གྲུམ།

ཆུ་བའི་གྲུམ་བུ།

རྩ་གྲུམ།

 

དང་པོ།  དེ་ཡང་ཚ་གྲུམ་གྱི་མངོན་ཚུལ་དང་ཕྱི་རྟགས་ནི།


  •  ཁྲག་མཁྲིས་ཤས་ཆེ་བས་ལུས་ཀྱི་ཤ་དྲོད་ཆེ་བ།
  • རུས་ཚིགས་གང་ཡང་རུང་བ་ཞིག་ལ་སྐྲངས་སྦོས་ཆགས་པ།
  • རྐང་ལག་སོགས་ཚིགས་གང་རུང་གཉན་ཚད་རྒྱས་ནས་དམར་སྐྲངས་ཆགས་པ།
  • ན་ཟུག་ཤིན་ཏུ་ཆེ་བས་འགུལ་བསྐྱོད་སྐབས་སྐད་ངན་ཤོར་བ།
  • ན་ཟུག་ཚིགས་གཞི་གང་རུང་དུ་འཕོ་ལེན་བྱེད་པ།
  • རྐང་ལག་དང་བརླ་ཤ་སོགས་ལ་ཚ་ཁྱུག་དང་ན་ཟུག་སྐམ་འཁོལ་བྱེད་པ།
  • སྐབས་རེ་སྣ་ཁྲག་བརྒྱབ་པ་དང་སྙིང་ཁམས་མི་བདེ་བ།
  • ཁ་ཟས་ཀྱི་དང་ག་ཞན་ཅིང་ཐང་ཆད་པ།
  • འགྲོ་འདུག་འགུལ་བསྐྱོད་སྐབས་ན་ཟུག་བཟོད་བརླག་མེད་པ།
  • ནད་ཡུན་རིང་ཙམ་སོང་སྐབས་ཡན་ལག་ཚིགས་གཞི་རྣམས་རིམ་པས་བཟོ་དབྱིབས་ཤོར་ནས་གྲུམ་རྟགས་གསལ་པོར་མངོན་པ།


གཞན་ཡང་ནད་པའི་ངག་ལས་བྱུང་བ་ཁག

  • དཔྱིད་དུས་དྲོད་སྐྱེ་ནས་ཤིང་རྩེ་ཁ་བུས་དུས་ལྷག་པར་ན་བ།
  • ལུག་ཤ་སོགས་དྲོད་བཅུད་ཀྱིས་གནོད་པར་ཤེས་པ།
  • མཚན་མོ་མལ་སར་དྲོད་སྐྱེ་མཚམས་ལྡང་བ་སོགས་བྱུང་།

རྩ་ཁ་དྲག་གཏིང་ན་རྒྱུགས་པ། གཞན་ཡང་ཆུ་སེར་གྱི་རྩའི་འཕར་ཚུལ་འདར་ལ་རྒྱུ་བ་དཀའ་བའང་ཡོང་སྲིད། ཆུའི་མདོག་ཕལ་ཆེར་དམར་ལ་སེར་ཤས་སམ་ཡང་ན་རྒྱ་ཤལ་ཞེས་པ་དམར་སྐྱའམ་ཟིང་དཀར་ལྟ་བུ་དེ་ནི་ཕྱི་རྒྱུད་ཆུའི་མདོར་རྒྱ་ཤལ་ཆུ་སེར་ཡིན་ཞེས་པ་ཆུ་འགའ་རེ་ཡོང་བཞིན་འདུག་ན་འདི་ནི་གྲུམ་ནད་ཀྱི་རྒྱུ་ཡང་ཆུ་སེར་འཕེལ་བ་ཚིགས་ལ་གནས་པར་བརྟེན་འདིར་འཇུག་ན་འགྲིག་སྙམ།

 

 

གཉིས་པ།  གྲང་གྲུམ་གྱི་མངོན་ཚུལ་དང་ཕྱི་རྟགས་ནི།

  • བད་ཀན་རང་བཞིན་ལྡན་པའི་མི་ལ་དྭངས་མ་གནས་སུ་མ་སྨིན་པའི་རྐྱེན་གྱིས་སྐྱ་བོ་ཆུ་སེར་སྐྱེད་པས་གྲང་གྲུམ་སྐྱེ་བ།
  • ཚིགས་གཞི་རྣམས་ལ་སྐྲངས་སྦོས་ཆེ་ཡང་ན་ཟུག་ཆེར་མེད་པ།
  • མཁལ་སྐེད་པུས་མོ་སོགས་ལ་དྲོད་བཅོས་བྱས་ན་ཕན་པར་ཤེས་པ།
  • ཁ་ཟས་ཀྱི་ནུས་པ་ལྕི་བསིལ་རིགས་གནོད་པར་ཤེས་པ།
  • ནད་འདི་ན་མཁན་ཕལ་ཆེར་ལོ་༥༠ ཡན་ལོན་པ་མང་བ།
  • ན་ཡུན་རིང་ཙམ་ལོན་རྗེས་མཛུབ་མོ་སོགས་ཕྲན་ཚིགས་རྣམས་ཕྱོགས་གཡས་གཡོན་གང་རུང་དུ་འཁྱོགས་པ།
  • ནད་པའི་ངག་ལས་ནད་འདིས་གནམ་གཤིས་ཀྱི་སྔོན་བརྡ་ཐུབ་པ།
  • གནམ་གཤིས་གྲང་ངར་དང་དགུན་དུས་ལྷག་པར་ན་བ།

རྩ་ཡི་འཕར་གྲངས་དལ་བ་དང་ཞན་པ། ཆུ་ཡི་མདོག་སྐྱ་ལ་ཀུ་ཡ་སྲབ་པ། ལྦུ་བ་བརྟན་པ་སོགས་ཕལ་ཆེར་གྲང་རྟགས་བསྟན་པ། པུས་མོས་གཟུགས་པོའི་ལྗིད་ཚད་མ་འཁྱོག་པར་ཐུར་དུ་བབས་པའམ་འགྲོ་དཀའ་བ་སོགས་ཡོད།

 

གསུམ་པ། རྩ་གྲུམ་གྱི་མངོན་ཚུལ་རྟགས།

  • དྭངས་མ་གནས་སུ་མ་སྨིན་པར་ཆུ་སེར་འཕེལ་བ་ཆུ་རྒྱུས་ལ་གནས་པའམ་བབས་པས་ཆུ་རྒྱུས་རྣམས་གྱོང་པོ་ཆགས།
  • མཛུབ་མོ་སོགས་ཀྱི་ཆུ་རྒྱུས་རྣམས་ཕྱིར་རེངས་ཏེ་ནང་དུ་འགུགས་མི་ཐུབ་པའམ་ཡང་ན་ནང་དུ་འཁུམས་ནས་ཕྱིར་བརྐྱང་མི་ཐུབ་པ།
  • ཡན་ལག་དང་ཉིང་ལག་རྣམས་ཀྱི་ཤ་སྐམ་དུ་འགྲོ་བ།
  • ལུས་ཀྱི་བཀྲ་མདངས་ཉམས་པ།
  • ཡན་ལག་སོགས་ཀྱི་ཆུ་རྒྱུས་འདར་བ།
  • དཔྱི་མིག་སྟ་ཟུར་གྱི་ཤ་ཆད་སྙམ་བྱེད་པ།
  • ཡན་ལག་དང་ཉིང་ལག་རྣམས་ཤིང་ལྟར་མཁྲེགས་པོ་ཆགས་པ་མངོན་སུམ་མཐོང་མྱོང་།
  • སྒལ་གཞུང་གི་རྒྱུས་པ་ཁུམ་ནས་སྒུར་པོ་ཆགས་པ་སོགས་ཡོད།
  • རྩ་ཆུ་གཉིས་ཚ་གྲང་གང་ཤས་ཆེ་བ་རིག་པས་དཔྱད་རྒྱུ།

གཞན་ཡང་གྲུམ་བུའི་ནད་གཞིར་རྟེན་གྱི་དབྱེ་བ་སྐྱེས་པ་དང་།  བུད་མེད། མ་ནིང་གསུམ། ན་ཚོད་ཀྱི་དབྱེ་བ་བྱིས་པ་དང་།  དར་མ། རྒན་པོ་གསུམ། རང་བཞིན་གྱི་དབྱེ་བ་རླུང་མཁྲིས་བད་ཀན་ལྡན་འདུས་བཅས་དང་།  ཡུལ་ལུང་མི་རིགས་སོགས་ཀྱི་དབྱེ་བ་མེད་པར་སུ་འདྲ་ཞིག་ལའང་ཕོག་སྲིད། འོན་ཀྱང་གྲང་གྲུམ་གྱི་རིགས་དང་རུས་གྲུམ་གྱི་རིགས་ནི་ན་སོ་རྒན་གྲས་དང་ལྷག་པར་བུད་མེད་རིགས་ལ་མང་བ་སྤྱིར་བཏང་བཤད་སྲོལ་ཡོད་པ་བཞིན་ད་རེས་ཀྱི་གྲུམ་བུའི་ཉམས་ཞིབ་སྐབས་དངོས་གསལ་དོད་པོ་བྱུང་།  གྲུམ་ནད་འདི་རྒན་གྲས་ལ་མང་བ་ཕོག་པའི་རྒྱུ་མཚན་རྒྱུད་སོགས་སུ་རང་ཉིད་མཐོང་རྒྱ་ཆུང་བའི་མ་མཐོང་ཡང་རང་ཉིད་ཀྱི་རྨོངས་འཆར་བྱས་ན་རྒས་པ་རླུང་གི་རང་བཞིན་ཁར་རུས་པ་དང་ཚིགས་གཞི་རྣམས་རླུང་གི་རྒྱུ་ལམ་ཡིན་པ་དང་།  མ་ཟད་བད་ཀན་འབྱོར་བྱེད་ཀྱི་ནུས་པ་ཡང་དབང་པོ་གཞན་མིག་གི་དབང་པོ་ཉམས་པ་བཞིན་ཇེ་ཉམས་སུ་ཕྱིན་སྟབས་པུས་ཚིགས་དང་པུས་ཚིགས་བར་གྱི་རུས་ཀྲུང་ཕན་ཚུན་འདར་ཟད་འགྱུར་བའི་ཁར། ཚིགས་བར་ཆུ་སེར་གྱི་གནས་བཅས་པར་བརྟེན་རྒན་གྲས་ལ་གྲུམ་བུའི་ནད་ལྡང་བ་བྱུང་བར་སྙམ། བུད་མེད་ལ་མང་བའི་རྒྱུ་མཚན་ཡང་བུད་མེད་རྣམས་སྐྱེ་འཕེལ་གྱི་གནས་སྐབས་སུ་རུས་བཅུད་ཟད་པ་མ་ཟད་བུད་མེད་རྣམས་ནང་ལས་འཁྲུ་བཤལ་སོགས་རློན་བཤེར་གྱི་ལས་བབས་མང་བར་བརྟེན་བུད་མེད་གྲུམ་ནད་ཅན་མང་བ་བྱུང་བར་མངོན།

 

༤། སྨན་བཅོས།

སྨན་བཅོས་ཐད་གོང་དུ་ཞུས་པ་བཞིན་འདི་ག་སྨན་རྩིས་ཁང་ནས་བཟོ་སྐྲུན་གནང་བའི་སྨན་སྣེ་ཁག་ལ་བརྟེན་དགོས་པས་སྨན་བཅོས་གཞན་སྣ་ཚོགས་གང་ཡང་མེད། རྩ་བའི་རྒྱུད་དུ་ཐང་དང་།  ཕྱེ་མ། རིལ་བུ། ལྡེ་གུ། སྨན་མར། ཐལ་སྨན། རིན་པོ་ཆེའི་སྨན་སོགས་གསུངས་ཀྱང་ཉམས་ཞིབ་འདིའི་སྐབས་སུ་ཐང་དང་།  ཕྱེ་མ་རིལ་བུ་གསུམ་ལས་ལྷག་པ་གང་ཡང་མེད།

 དེ་ཡང་གྲུམ་ནད་དབྱེ་བ་གསུམ་དུ་ཕྱེ་ནས་ཚ་གྲུམ་རིགས་ལ་ཐོག་མར་སླེ་ཏྲེས་ལྔ་ཐང་དང་སྨད་དུ་བབས་པར་ཨ་རུ་༡༠། ཨ་རུ་༡༨། དངུལ་ཆུ་༡༨། སྤོས་ཁྱུང་༡༥། དངུལ་ཆུ་རིན་ཆེན་༡༨། ན་ཟུག་ཆེ་བ་རྣམས་ལ་ཁྱུང་ལྔ་དང་།  ཁྱུང་ལྔ་ནི་ལ་སོགས་ནད་པའི་གཟུགས་བབས་དང་ནད་ཚབས་ཆེ་ཆུང་སོགས་ལ་བསྟུན་ནས་བཏང་།  

གྲང་གྲུམ་རིགས་ལ་ཐོག་མར་ཕོ་བའི་མེ་དྲོད་གསོ་བ་གནད་ཆེ་བས་སེ་འབྲུ་ཉི་དཀྱིལ་སོགས་སེ་འབྲུའི་རིགས་དང་།  བསམ་འཕེལ་ནོར་བུ། སེང་ལྡེང་༢༣། སྤོས་ཁྱུང་༡༥། སྤོས་དཀར་༡༠། བསམ་ཁྱུང་སོགས་ནད་ཚབས་དང་བསྟུན་ནས་བཏང་།  

རྩ་གྲུམ་རིགས་ལའང་ཕོ་སྨན་ཁག་སྔ་དྲོ་དང་།  གཞན་ཡང་བསམ་འཕེལ་ནོར་བུ། བསམ་ཁྱུང་།  བསམ་རྒྱན། སེང་ལྡེང་༢༥། སེང་ལྡེང་༢༣། དྭ་ལིས་༡༨། གཉེན་པོ་༡༨། ལ་སོགས་ནད་བབས་དང་བསྟུན་ནས་བཏང་བ་མ་ཟད་ཡན་ལག་རྩ་གྲུམ་ནད་ལ་ཕྱེ་མ་རྩ་བྱུག་སྣུམ་ནག་དང་བསྲེས་ནས་བྱུག་ན་ཤིན་ཏུ་ཕན་པར་མཐོང་།  གཞན་ཡང་ལྡན་འདུས་བླ་གཉན་གྱི་ནད་རྣམས་སྐབས་མཚམས་ལྟག་པ་སྤྲད་ཏེ་བཅོས་སོ།།

 

༥། ཕྱི་ལུགས་ནང་གྲུམ་བུ།

ཕྱི་ལུགས་ལྟར་ན་གྲུམ་ནད་ཅེས་པ་ལོ་ན་སོན་སྐབས་ཡན་ལག་ཚིགས་གཞིར་ཕོག་པའི་ནད་ཅིག་ལ་ཟེར་ཞིང་།  དེར་དབྱེ་བ་རྒྱས་པར་ཕྱེ་ན་མང་ཡང་རྩ་བའི་དབྱེ་བ་གཉིས་སུ་ཕྱེ་སྟེ་(Rheumatoid Arthritis)ཞེས་པ་ཚ་གྲུམ་གྱི་རྒྱུ་རྐྱེན་ནད་རྟགས་མངོན་ཚུལ་དང་ཕལ་ཆེར་ཆ་མཐུན་པ་ཞིག་དང་། (Osteoarthritis)ཞེས་པ་གྲང་གྲུམ་གྱི་ནད་རྟགས་མངོན་ཚུལ་དང་ཆ་མཐུན་ཤས་ཆེ་བ་བཅས་གཉིས་ཡོད་འདུག དེ་ཡང་(Rheumatoid Arthritis)ཞེས་པའི་ནད་ཀྱི་རྒྱུ་རྐྱེན་ངེས་ཅན་ཞིག་མེད་པའི་ཚིགས་གཞི་དང་དེ་འབྲེལ་གྱི་ཆུ་རྒྱུས་ལ་སོགས་པ་གཉན་སྐྲངས་ཆགས་པའི་རྐྱེན་གྱིས་རྐང་ལག་ཞ་རིལ་ཆགས་པའི་ནད་ཅིག་ཏུ་ངོས་འཛིན་བྱེད། དེའི་ནད་རྟགས་དང་མངོན་ཚུལ་རྒྱུད་རིམ་སོགས་ནི་བོད་ལུགས་ལྟར་བཤད་པའི་གྲུམ་ནད་ཚ་གྲུམ་དང་ཕལ་ཆེར་ཆ་མཐུན་པར་སྣང་།     (Osteoarthritis)ཞེས་པ་འདི་ཚིགས་གཞིའི་བར་གྱི་རུས་ཀྲུང་སྐུལ་ཟད་དུ་གྱུར་ནས་ཉམས་པའམ་ཡང་རུས་ཀྲུང་གསར་དུ་སྐྱེས་ནས་ནད་དུ་གྱུར་བ་ཞིག་རེད། དེ་ནི་གྲང་གྲུམ་དང་མངོན་རྟགས་ཆ་མཐུན་པ་སྣང་ཞིང་།  བཅོས་ཐབས་ནི་གཉན་ཁ་དང་ཟ་ཟུག་གཅོད་བྱེད་སྨན་Brofine Indocine Steroid ལ་སོགས་པ་ཕན་ནུས་ཆེ་བ་འདྲ་མིན་སྣ་ཚོགས་ཡོད་ལུགས་དང་དེ་དག་གི་ཕན་བསྐྱེད་ཀྱང་ཅི་ཆེ་ཡོད་འདུག་པ་བཅས་མདོར་བསྡུས་སོ།།

 

༦། གྲུབ་འབྲས་རེའུ་མིག

དེ་ལྟར་དྷ་སྟེང་སྨན་ཁང་དུ་གྲུམ་བུའི་ནད་པར་ཉམས་ཞིབ་ཆེད་ཟླ་༣ རིང་སྨན་བཅོས་རིན་མེད་ཞུ་གི་ཡོད་ལུགས་གསལ་བསྒྲགས་ཞུས་པ་བཞིན་གྲུམ་ནད་ཅན་ལོ་ན་ཉི་ཤུ་ནས་བརྒྱད་ཅུ་བར་བྱས་པ་གྲངས་བརྒྱ་དང་གསུམ་འདེམས་མཐར་སྨན་བཅོས་དབུ་འཛུགས་ཞུས་ཤིང་།  སྨན་བཅོས་བྱ་ཡུལ་བརྒྱ་ཆ་༩༠ ཙམ་རྒན་གྲས་ལོ་ན་༥༠ བརྒལ་བ་ཤ་སྟག་དང་བུད་མེད་བརྒྱ་ཆ་བདུན་ཅུ་ཙམ་ཡོད་པ་རེའུ་མིག་དང་པོའི་ནང་གསལ། དེ་ཡང་སྨན་བཅོས་ཞུས་འབྲས་ཕན་བསྐྱེད་སྤྱི་སྙོམས་བརྒྱ་ཆ་བརྒྱད་ཅུ་བརྒལ་བ་ཕན་བསྐྱེད་རེའུ་མིག་གཉིས་པའི་ནང་གསལ་བཞིན་དང་།  སྨན་བཅོས་ཡང་ཐང་དང་།  ཕྱེ་མ། རིལ་བུ་རྐྱང་པ་དང་ཟས་སྤྱོད་ལམ་གྱི་གདམ་བྱ་བཅས་ཀྱི་ཐོག་ནས་གྲུབ་འབྲས་བཏོན་ཡོད།

གཞན་ཡང་རེའུ་མིག་གསུམ་པའི་ནང་གྲུམ་བུའི་ནད་གཞིར་རྒྱ་སྨན་དང་བོད་སྨན་གཉིས་ནས་ཕན་བསྐྱེད་འགྲན་བསྡུར་ཞུ་ཡུལ་ནད་གྲངས་བཅུ་བཞི་ལ་བརྟག་དཔྱད་བགྱིས་པར་ཡན་ལག་འགུལ་བསྐྱོད་ཐད་བོད་སྨན་གྱིས་ཕན་རླབས་ཅི་ཆེ་བྱུང་བ་རེའུ་མིག་གསུམ་པ་དང་།  ན་ཟུག་གཅོག་བྱེད་རྒྱ་སྨན་གྱིས་ཕན་རླབས་ཆེ་བ་བྱུང་ལུགས་རེའུ་མིག་བཞི་པ་ནང་གསལ་བཞིན་གྲུབ་འབྲས་བཏོན་ཡོད་པ་གཤམ་གསལ།

 

སྨན་བཅོས་བདུན་ཁྲག་དང་པོ་ནས་བཅུ་གཉིས་བར་ཡན་ལག་འགུལ་བསྐྱོད་ཀྱི་ཐོབ་ཁྲ། (༣)

ཆ།

གྲུམ་རིགས།

ཡན་ལག

བོད་སྨན།

གཡོན།  གཡས།

རྒྱ་སྨན།

གཡོན།  གཡས།

གྲུབ་འབྲས།

ཐོབ་ཁྱོན།

1

གྲང་གྲམ།

པུས་མོ།

0-0  /  4-1

3-2  /  4-3

- / བ

2

"

"

4-1  /  0-0

4-3  /  0-0

བ / ཅ

3

"

"

3-1  /  3-1

3-2  /  3-2

བ / བ

4

"

"

1-0  /  3-0

3-2  /  3-2

- / ཅ

5

"

"

2-2  /  2-1

2-2  /  2-1

ཅ / ཅ

6

"

"

3-1  /  2-0

3-2  /  2-1

བ / བ

7

"

"

3-1  /  2-1

3-2  /  2-2

བ / བ

8

"

"

2-1  /  2-0

2-2  /  2-1

བ / བ

9

"

"

2-0  /  2-0

2-1  /  2-1

བ / བ

10

"

"

3-2  /  4-2

3-3  /  4-3

བ / བ

11

ཚ་གྲུམ།

ལག་པ།

2-1  /  3-2

2-1  /  3-3

ཅ / བ

12

གྲུང་གྲུམ།

པུས་མོ།

2-1  /  2-1

2-2  /  2-2

བ / བ

13

"

"

2-2  /  1-1

2-2  /  1-1

ཅ / ཅ

14

ཚ་གྲུམ།

ལག་པ།

2-1  /  2-0

2-1  /  2-2

ཅ / བ

 

བ། =  བོད་སྨན་ཐོབ། ཞེས་པ་སྨན་བཅོས་འགོ་བཙུགས་པ་ནས་ཐ་མ་བདུན་ཕྲག་བཅུ་གཉིས་བར་གྱི་ན་ཟུག་ཆེ་ཆང་ཚད་ཀྱི་ཐོབ་གྲངས།

ཅ། =  གཅིག་པ།

རེའུ་མིག་འདིར་བོད་སྨན་ཐོག་ཐོབ་བཅུ་གཉིས་དང་ཐོབ་གཅིག་པ་གཉིས་རྒྱ་སྨན་ཐོབ་མེད་པར་བརྟེན་ཡན་ལག་དང་འགུལ་བསྐྱོད་ཐོག་བོད་སྨན་ཕན་རླབས་ཆེ་བ་བྱུང་བ་གསལ་པོར་མངོན།

 

ནད་པ་ཆ་བཅུ་བཞི་ལ་ན་ཟུག་གི་ཕན་རླབས་ཐོབ་ཁྲ། ༤

ཆ།

ཕོ་མོ།

བོད་སྨན་

ན་ཟུག་ཐོབ།

རྒྱ་སྨན་

ན་ཟུག་ཐོབ།

གྲུབ་འབྲས།

1

མོ།

4 - 4

2 - 2

2

མོ།

4 - 3

3 - 3

3

མོ།

4 - 3

2 - 2

4

མོ།

4 - 3

2 - 2

5

མོ།

2 - 2

1 - 1

6

མོ།

3 - 1

1 - 1

7

མོ།

2 - 1

1 - 1

8

མོ།

3 - 2

0 - 1

9

ཕོ།

2 - 2

1 - 1

10

ཕོ།

3 - 2

2 - 1

11

མོ།

4 - 4

3 - 2

12

ཕོ།

2 - 1

1 - 1

13

མོ།

2 - 2

1 - 1

14

ཕོ།

2 - 2

1 - 1

 

ཕ = རྒྱ་སྨན་ཐོབ། སྨན་བཅོས་མ་བྱས་གོང་ནས་སྨན་བཅོས་བདུན་ཕྲག་བཅུ་གཉིས་རྗེས་ཀྱི་ཐོབ་ཁྲ།

ཅ = གཅིག་པ།

རེའུ་མིག་འདི་ནང་ན་ཟུག་ཀྱི་ཐོབ་ཚད་རྒྱ་སྨན་ལ་ཐོབ་བཅུ་གཅིག་དང་།  ཐོབ་གཅིག་པ་གསུམ་འདུག་པར་རྒྱ་སྨན་གྱིས་ན་ཟུག་ལ་ཕན་རླབས་ཆེན་པོ་བྱུང་བ་དངོས་གསལ་དོད་པོ་བྱུང་བ།

ཐོབ་ཁྲ ༣།༤ གཉིས་མེ་རི་རན་གྱིས་བཟོས་པའི་ཐོབ་ཁྲའི་འདྲ་བཤུས་ཡིན།

 


༧། སེམས་ཕམ་མམ་སེམས་གཅོང་གིས་ནད་གཞི་དྲག་བསྐྱེད་ལ་གནོད་སྐྱོན་བྱུང་བ་གཤམ་གསལ་དཔྱད་ཁྲ་ལྔ།

 བདུན་ཕྲག་དང་པོ་ནས་བཅུ་གཉིས་བར། དེ་ཡང་གྲུམ་བུའི་ནད་བཅོས་ཉམས་ཞིབ་འགོ་འཛུགས་ནས་བདུན་ཕྲག་ལྔ་ཙམ་འགྲོ་མཚམས་དྷ་སར་བོད་ཕྲུག་གཅིག་དང་ཡུལ་མི་གཅིག་འཁྲུགས་བརྫིངས་ཕྲན་བུ་ཤོར་བར་བརྙས་བཏགས་ཀྱིས་ཡུལ་མི་ཁག་གཅིག་ནས་བོད་མིའི་སྡོད་ཁང་ལ་རྡོ་དབྱུག་ཞུས་ནས་ཤེལ་ཁྲ་བཅག་པ་དང་།  ཁྲོམ་གཞུང་དུ་ཚོང་ཁང་མེར་བསྲེགས་པ། ཚོང་ཁང་གི་དངོས་ཆས་འཕྲོག་བཅོམ་བྱས་པ་སོགས་དབང་ཤེད་སྣ་ཚོགས་བྱས་པར་བོད་རིགས་རྣམས་རང་ཡུལ་དགྲ་ལག་ཏུ་ཤོར་ནས་མི་ཡུལ་དུ་ས་ཁང་སྦར་མཐིལ་ཙམ་ཡང་མེད་པར་སྐྱབས་བཅོལ་གནས་སྐབས་སུའང་ཡུལ་མིས་ཐུབ་ཚོད་དབང་ཤེད་འདི་ལྟར་བྱས་པར་འཇིགས་དྭངངས་དང་སེམས་ཕམ་ཚད་མེད་བྱུང་བས་རྒན་རྒོན་ཕལ་མོ་ཆེ་ཤུས་འདེབས་དབུགས་རིང་ནར་ནར་མོར་འཐེན་ཞིང་སྨྲེ་ངག་འདོན་བཞིན་གནས་པ་དང་།  སྨན་བཅོས་མཇུག་སྐྱེལ་ཆེད་སྨན་ཁང་དུ་ཡོང་མ་ཕོད་པར་ཉིན་ཤས་ཀྱི་རིང་སྨན་ཆད་པ་སོགས་ཀྱི་རྐྱེན་པས་ནད་གཞི་དྲག་བསྐྱེད་དམ་བཅོས་བསྐྱེད་ལ་གནོད་སྐྱོན་ཚབས་ཆེ་བྱུང་བ་ནི་དངོས་འབྲེལ་ཡིན་པ་དཔྱད་ཁྲ་འདིར་མངོན་གསལ་དོད་པོར་གསལ་ཡོད།

 

 

༨། རང་གི་མྱོང་ཚོར་ཁག

 གཞན་ཡང་རང་ཉིད་ཀྱི་མི་ལོ་༢༣ ནང་མཐོང་གོམས་མྱོང་བའི་ཉམས་མྱོང་ཁག་གཅིག་ཞུས་ན། སྤྱི་ལོ་༡༩༧༦ ལོར་མ་ན་ལི་ནས་ཁྱོ་ལོ་ན་༥༠ ཙམ་སོན་པ་ཞིག་རྐང་པ་གཉིས་ཀ་རྩ་གྲུམ་གྱིས་ཆུ་རྒྱུས་འཁུམས་པའི་ནད་མནར་ལ་སྨན་རྩིས་ཁང་གི་ནད་གསོ་ཁང་དུ་སྨན་བཅོས་ཆེད་སླེབས་བྱུང་བར་དེ་སྐབས་སྨན་རྩིས་ཁང་གི་བརྟག་དཔྱད་སྨན་རྗེ་ཨ་མ་བློ་བཟང་ཡིན། དེ་དུས་གུས་མོ་ཉམས་གསོག་སྨན་པ་དང་ནད་གསོ་ཁང་གི་སྨན་པའི་ལས་འགན་ཡང་ཞུ་བཞིན་པའི་སྐབས་ཡིན། ནད་པ་དེ་ཐོག་མར་སླེབས་སྐབས་རྐང་པའི་རྟིང་ག་གཉིས་ཀ་འཁུམས་ཤིང་འཕོངས་ལ་འབྱར་ནས་ཉལ་སར་ལུས་ནས་ལོ་གཅིག་ཙམ་སོང་བ་མ་ན་ལི་ཁུལ་རྒྱ་བོད་སྨན་བཅོས་གང་དྲག་བྱས་ཀྱང་ཕན་བསྐྱེད་མ་བྱུང་བར་དྷ་སར་སྨན་རྩིས་ཁང་གི་ནད་གསོ་ཁང་དུ་སླེབས་ཕྲལ་སྨན་རྗེ་ཨ་མ་བློ་བཟང་དེ་ཉིད་ནས་རྐང་པ་རེ་རེ་བཞིན་བཟུང་ནས་ཤུགས་ཀྱིས་འཐེན་སྐབས་ཚག་སྒྲ་དང་བཅས་པ་ཆུ་བ་དང་རྒྱུས་པ་ནར་ནས་རྐུབ་སྟེགས་སྟེང་ལམ་སེང་སྡོད་ཐུབ་ཙམ་བྱུང་བ་དང་།  དེ་རྗེས་རིམ་པས་རྩ་གྲུམ་གྱི་སྨན་ཁག་བཏང་བ་དང་ཉིན་ལྟར་རྩ་བྱུག་གི་བྱུག་པ་བརྒྱབ་ནས་འཐེན་པ་བཅས་ཀྱིས་མཐར་སྨན་བཅོས་ཟླ་ལྔ་ཙམ་རྗེས་སྔར་རྒྱུན་བདེ་ཐང་བཞིན་ལངས་ནས་འགྲོ་བསྐྱོད་འཕེར་བ་བྱུང་སོང་བ་རང་གི་མངོན་སུམ་དུ་མཐོང་།

དྷ་སར་གནས་སྡོད་ཨ་མ་ལགས་ཤིག་ད་ལྟ་རང་ལོ་༦༥ སོན་པ་ཁོ་མོ་རང་ལོ་སུམ་ཅུའི་སྐབས་ནས་གྲུམ་བུའི་ནད་གཞི་ཡོད་བཞིན་པའི་ཁར་སྤྱི་ལོ་༡༩༧༤ ལོར་ཁོ་མོའི་བུ་མོར་ཕྲུ་གུ་བཙས་སྟབས་འཁྲུ་བཤལ་གྱི་ལས་བབས་ཕྲན་བུ་བྱས་དགོས་པར་བརྟེན་ནད་གཞི་ཇེ་སྡུག་ཏུ་སོང་ནས་མཐར་ན་ཟུག་དང་ཡན་ལག་ཚིགས་གཞི་དང་མཁལ་སྐེད་སོགས་སྐྲངས་སྦོས་ཀྱིས་འགུལ་བསྐྱོད་མ་ཐུབ་པར་ཉལ་སར་ལུས་ནས་ལོ་༨ ཙམ་སོང་བར་རྒྱ་བོད་སྨན་བཅོས་གང་དྲག་བྱས་ཀྱང་ཕན་འབྲས་མ་བྱུང་།  མཐར་ཉིན་གཅིག་ཁོ་མོའི་མག་པས་སྒལ་པར་འཁྱེར་ནས་མཇལ་བཅར་ཞུ་སྐབས་ྋགོང་ས་མཆོག་གིས་སྨན་རྩིས་ཁང་ནས་སྨན་བཅོས་ཞུ་རྒྱུ་དང་།  ཆུ་ཚན་བདུག་རྒྱུ་སོགས་གང་དྲག་བྱས་ནས་ཨེ་དྲག་ལྟོས་ཞེས་བཀའ་བཟང་སྤྱི་ཕེབས་བཞིན་དྷ་སྟེང་སྨན་རྩིས་ཁང་དུ་ཐོག་མར་བསྟེན་གཏུགས་སྐབས་གུས་མོས་ཁོ་མོའི་ཉལ་སར་བརྟག་དཔྱད་ཆེད་བསྐྱོད་སྐབས་གཟུགས་པོར་འགུལ་བསྐྱོད་ལྟ་ཞོག་ལག་པའི་བལྟ་(འཕར་)རྩར་འཆང་ནའང་ན་ཟུག་བཟོད་བརླག་མེད་པར་སྐད་ངན་འཆོར་བཞིན་འདུག་པར་ཐོག་མ་ཚ་གྲུམ་དུ་ངོས་འཛིན་གྱིས་གཉན་གཅོག་དང་ན་ཟུག་གཅོག་བྱེད་སྨན་ཁག་ཨ་རུ་༡༠། ཁྱུང་བསྣན་དང་།  སྤོས་ཁྱུང་༡༥། དངུལ་ཆུ་༡༨། དང་ཨ་གར་༣༥ སོགས་བཏང་རྗེས་ཟླ་བ་འགའ་ནས་ན་ཟུག་གང་མཚམས་ཆག་སོང་། ྋསྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་ལགས་བོད་ནས་གསར་ཕེབས་ཀྱིས་དྷ་སྟེང་སྨན་ཁང་དུ་བཞུགས་རིང་གུས་མོས་སྙན་སེང་ཞུས་པར་བླ་སྨན་མཆོག་ནས་གྲུམ་ནད་ཀྱི་གཉན་ཚད་ཆག་མཚམས་མེ་བཙའ་བཞག་པ་ལས་ཕན་རླབས་ཆེ་བ་མེད་ལུགས་ཀྱི་གདམས་ངག་སྤྱི་ཕེབས་བཞིན་ཟླ་ཤས་སྨན་བཅོས་རྗེས་ཁ་ཟས་ཀྱི་དང་ག་ཕྱེ། ན་ཟུག་གང་མཚམས་ཆག་པ་དང་།  རྩ་ཆུའི་ཚད་རྟགས་ནུབ་པར་གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན་ཁོ་མོར་ཐོག་མར་མཁལ་སྐེད་སྟེང་མེ་བཙའ་ཉི་ཤུ་རྩ་གཅིག་བརྒྱབ་པར་དེའི་མཚན་མོ་ཉལ་སར་རང་ཉིད་ནས་ཁ་སྒྱུར་ཐུབ་པ་དང་སང་ཉིན་རོགས་སྐྱོར་གྱིས་ཙོག་བུར་སྡོད་ཐུབ་པ་བྱུང་ཞིང་།  སླར་ཟླ་༣ ཙམ་རྗེས་པུས་མོ་༢ ལ་མེ་བཙའ་བཞི་རེ་བརྒྱབ་པར་ཉིན་ཤས་རྗེས་ཀ་བ་དང་སྒེའུ་ཁུང་སོགས་ལ་བརྟེན་ནས་ལངས་ཐུབ་ཙམ་བྱུང་།  དེ་རྗེས་རྐང་ཚིགས་གཉིས་ལ་མེ་བཙའ་འགའ་ཤས་རེ་བརྒྱབ་རྗེས་རང་ཉིད་ཀྱི་ཁང་པའི་ནང་དུ་ཁར་རྒྱུགས་ལ་བརྟེན་ནས་འགྲོ་བསྐྱོད་ཐུབ་ཙམ་བྱུང་ཞིང་རིམ་པས་ཁར་རྒྱུགས་ལ་བརྟེན་ནས་ཕྱིར་ཐོན་ནང་ཞུགས་ཐུབ་པ་བྱུང་སོང་།  དེ་རྗེས་མ་ན་ལི་ཆུ་ཚན་ཐེངས་བཞི་ཙམ་བརྒྱབ་པ་བཅས་ཀྱིས་དེང་སྐབས་ན་ཟུག་སོགས་མེད་པར་ཁར་རྒྱུགས་ལ་བརྟེན་ནས་ཁྲོམ་དང་གཙུག་ལག་ཁང་སོགས་སུ་འགྲོ་བསྐྱོད་རང་རྐྱ་འཕེལ་བ་བྱུང་ཡོད།།


མཇུག་བྱང་།

གསོ་རིག་གཞུང་ལུགས་བདུད་རྩིའི་ཆབ་བསིལ་གྱིས།།

ནད་ཀྱི་ཟུག་རྔུའི་ཚ་གདུང་རབ་ཞི་ཞེས།།

གསོ་རིག་སྨྲ་བ་ཀུན་གྱིས་གླེང་མོད་ཀྱང་།།

ལོག་རྟོགས་མུན་པའི་སྤྲིན་ནག་ཕྱོགས་ནས་རྒྱས།།

 

དེ་ཕྱིར་ཁ་བཤད་ཆུ་ཡི་ལྦུ་བར་མ་ཡལ་བར།།

དོན་དམ་ལག་ལེན་གསེར་གྱི་ཐིགས་པ་ལེན་འདོད་པས།།

ལུང་དང་རིག་པ་ཚད་མས་དཔྱད་པའི་ཚད་འཛིན་གྱིས།།

དཔྱད་ཅིང་རྩོམ་པའི་སྐྱ་རེངས་སྣང་བ་འདི་ན་གསལ།།

 

མཐོང་གོམས་མྱོང་བའི་ལང་ཚོ་དར་བབས་ཀྱང་།།

གཞུང་ལུགས་སྐྱེས་སྦྱང་ན་ཚོད་རབ་ཕྲ་བས།།

སྐྱོན་དང་ནོར་འཁྲུལ་མ་དག་ཅི་མཆིས་པ།།

ཟུར་གནས་མཁས་པའི་ཚོགས་ཀྱིས་ཡོ་བསྲང་མཛོད།།

སྨོན་པ།                                                   

                                                            འཆད་རྩོད་རྩོམ་དང་གསོ་བ་ལ་འཇུག་པས།།

འབྱུང་འཁྲུགས་ནད་དང་སེམས་འཁྲུགས་འཐབ་རྩོད་ཞི།།

འཛམ་གླིང་ཞི་བདེའི་དཔལ་ལ་སྤྱོད་པ་དང་།།

གངས་ལྗོངས་གསོ་རིག་དར་རྒྱས་ཡུན་གནས་ཤོག། །།

 

 

འདི་ནི་སྤྱི་ལོ་༡༩༩༨ ལོར་བོད་གཞུང་སྨན་རྩིས་ཁང་གིས་པར་བསྐྲུན་ཞུས་པའི་《སྨན་རྩིས་དུས་དེབ། འདོན་ཐེངས་བཞི་པ།》ནང་དུ་བཞུགས་པ་དེ་ནས་ཟུར་བཏོན་ཞུས་པ་ཡིན།། 

མཐའ་མའི་འདོན་ཐེངས་།: 06.12.2013 ཉིན། 3:38 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།