སྨན་རྩིས་དྲ་བ། - ཆེད་རྩོམ།

གྲངས་ཀྱི་མངོན་བརྗོད་ཀྱི་བརྡ་ཆད་གསར་བུའི་མིག་འབྱེད།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 01.02.2017
ཆེད་རྩོམ། >>

 

གྲངས་ཀྱི་མངོན་བརྗོད་ཀྱི་བརྡ་ཆད་གསར་བུའི་མིག་འབྱེད།

- ལྷ་དབང་ཚེ་རིང་།


ནམོ་ཤྲྰི་ཀཱལ་ཙཀྲཡ། དཔལ་ལྡན་ཁྱབ་བདག་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ།། དེ་ཡང་རང་ཅག་བོད་ཁ་བ་ཅན་གྱི་ཞིང་དུ་སྔོན་བྱོན་མཁས་གྲུབ་ཀྱི་མེས་པོ་གོང་མ་རྣམས་ཀྱིས་མཛད་རྗེས་བཀའ་དྲིན་གཞལ་བར་དཀའ་བ་ལས་གཞན་ལ་རེ་མི་དགོས་པར་མཐུན་མིན་བཅུ་ཕྲག་རིག་པའི་གནས་ཀྱི་ཕོངས་པ་མེད་ཅིང་། སྤོབ་པ་སྐྱེད་འོས་པ་ཞིག་ཡོད་པར་བརྟེན། དེ་དག་ལས་འདིར་ཁོ་བོས་བོད་ཀྱི་སྐར་རྩིས་རིག་པའི་གྲངས་ཀྱི་མིང་གི་བརྡ་ཆད་དམ། གྲངས་ཀྱི་མིང་གི་མངོན་བརྗོད་ཀྱི་འགྲེལ་བཤད་རིམ་པར་བཀོད་པ་ལ། གྲངས་ཀྱི་མངོན་བརྗོད་ཀྱི་རྩ་བ་བཻ་དཀར་སྔོན་འགྲོ་ལས། ༈ གྲངས་ཀྱི་མངོན་བརྗོད་མཐའ་ཀླས་ཀྱང་། རྩིས་ལ་ཉེར་མཁོ་རི་བོང་དང་། །ཟླ་བ་གཟུགས་དང་འོད་དཀར་ཅན། །བསེ་རུ་རྣམས་ནི་གཅིག་གི་མིང་། །འཁྲིག་བགྲོད་མཚེ་མ་ཐབས་ཤེས་དང་།། ལག་མིག་ཟུང་རྣམས་གཉིས་ཀྱི་མིང་། །འཇིག་རྟེན་ཚ་བ་རྩེ་མོ་མེ། །ཡོན་ཏན་སྲིད་པ་གསུམ་གྱི་མིང་། །རྒྱ་མཚོ་ཆུ་བོ་རིག་བྱེད་དང་། །བདུད་དང་སྡེ་པ་ཆུ་གཏེར་བཞི། །འདོད་ཡོན་ཉེར་སྤྱོད་དབང་པོ་དང་། །མདའ་དང་འབྱུང་བ་ལྔ་ཡི་མིང་། །རོ་དུས་མཚམས་དང་བྲོ་བ་དང་། །རྒྱན་དང་བཟང་པོ་དྲུག་ཏུ་གྲགས། །རིན་ཆེན་ས་འཛིན་ཐུབ་པ་དང་། །རི་བོ་དྲང་སྲོང་གཟའ་རྟ་བདུན། །བཀྲིས་ལྷ་ཀླུ་ནོར་གདེང་ཅན། །སྲིད་པ་ལྟོ་འགྲོ་བརྒྱད་ཀྱི་མིང་། །རྩ་དང་སྲིན་པོ་བུ་ག་དང་། །གཏེར་རྣམས་དགུ་ཡི་མིང་ཡིན་ལ། །ཁྲོ་བོ་འབྱོར་བ་ཕྱོགས་འཇུག་པ།། སྟོབས་དང་སོར་མོ་བཅུ་རུ་འདོད། །བདེ་བྱེད་བདེ་འབྱུང་དབང་ཕྱུག་དྲག །བྱེད་པ་བཅུ་གཅིག་མིང་ཡིན་ལ།། ཉི་མ་རྟེན་འབྲེལ་ཁྱིམ་བཅུ་གཉིས། །འདོད་པ་ལུས་མེད་མྱོས་བྱེད་དང་། །གདུགས་རིམ་སྣ་ཚོགས་བཅུ་གསུམ་གྲགས། །སྲིད་ཡིད་མ་ནུ་ཤེད་བུ་རྣམས། །བཅུ་བཞིའི་མིང་དུ་མཁས་རྣམས་སྨྲ། །ཚེས་དང་ཉིན་ཞག་བཅོ་ལྔར་གྲགས། །མི་བདག་རྒྱལ་པོ་བཅུ་དྲུག་ལ། །ཉེས་སྐྱོན་ཁམས་རྣམས་བཅོ་བརྒྱད་མིང་། །རྒྱལ་བ་ཡུལ་ནི་ཉེར་བཞིར་བརྗོད། །དེ་ཉིད་ཉི་ཤུ་རྩ་ལྔ་སྟེ། །སྐར་མ་འཁོར་ལོ་ཉེར་བདུན་མིང་། །སོ་དང་གཉིས་སྐྱེས་སུམ་ཅུ་གཉིས། །སྟོང་པ་ནམ་མཁའ་རྣམས་ནི་ཐིག །
 

ཅེས་གསུངས་པ་ལྟར་སྐར་རྩིས་རིག་པའི་ཨང་གྲངས་རྣམས་ལ་གབ་ཚིག་གི་ཐོག་ནས་མིང་ཡོད་ཅིང་། མིང་དེ་རྣམས་ཐོབ་ཚུལ་གྱི་རྒྱུ་མཚན་གང་ཡིན་པ་ཞིག་ངེས་པར་ཤེས་དགོས་པར་མཐོང་ནས་མ་འོང་བོད་ཀྱི་སྐར་རྩིས་རིག་པར་སྦྱང་འདོད་ཡོད་མཁན་རྣམས་ལ་ཕན་པ་ཡོང་ཆེད་བརྡ་ཆད་འདི་དག་ལ་རང་གི་ཐོས་བྱུང་དུ་སྨྲས་པས་མི་འགྲིགས་པར་སྔོན་བྱོན་མཁས་པའི་རྩིས་གཞུང་མཁས་པ་དགའ་བྱེད་ནང་གྲངས་ཀྱི་བརྡ་ཆད་ཀྱི་རྒྱུ་མཚན་ཞིག་འདུག་ནའང་ཐར་ཐོར་ལས་མི་འདུག་ཅིང་། ཡང་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་རྩིས་གཞུང་བཻཌཱུར་དཀར་པོར་སྐར་རྩིས་སྔོན་འགྲོའི་ནང་མིང་རྐྱང་གོང་གསལ་ཙམ་ལས་འགྲེལ་བཤད་ཞལ་གསལ་མེད་པར་བརྟེན། སྡེ་སྲིད་རང་ནས་བསྟན་བཅོས་བཻཌཱུར་དཀར་པོ་ལས་དྲི་ལན་འཁྲུལ་སྣང་གཡའ་སེལ་དོན་གྱི་བཞིན་རས་སྟོན་བྱེད་ཅེས་བྱ་བའི་གླེག་བམ་དང་པོའི་སྟོད་ཆའི་ཤོག་གྲངས་༡༢༦ ཡིག་ཕྲེང་༤ ནས་མངོན་བརྗོད་ཀྱི་འགྲེལ་བཤད་དམ་བརྡ་ཆད་དེ་དག་འདོགས་དགོས་པའི་རྒྱུ་མཚན་གསལ་བར་གསུངས་འདུག་པར་བརྟེན་དེ་དག་རྩ་གཞུང་བཞིན་རིམ་པར་བཀོད་པ་ལ། དང་པོ་གཅིག་གི་མིང་ལ་འཇུག་པ་ནི། བདག་ཅག་གི་སྟོན་པས་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པའི་ཚེ་རི་བོང་དུ་སྐྱེ་བ་བཞེས་པས་གཟུགས་སྐུའི་བཀོད་པ་ངོ་མཚར་བའི་ཁྱད་པར་ལྷའི་བུ་ཟླ་བས་རང་ཉིད་ཀྱི་གཞལ་མེད་ཁང་དུ་དེའི་བཀོད་པ་བཀོད་པའི་གཞལ་མེད་ཁང་ཡོངས་སུ་གྲགས་པ་དེ་གཅིག་པུར་གྱུར་བ་ཅན་ནས་རི་བོང་ཅན་དེ་འདིར་ཚིག་སྡུད་ཀྱི་དབང་གིས་རི་བོང་ཞེས་དང་། རྒྱུད་ལས་ཟླ་བའི་རང་བཞིན་གཅིག་སྟེ་ཞེས་པ་ལ་ཟླ་བའི་རང་བཞིན་གཅིག་ལས་མེད་པའི་ཕྱིར་གཅིག་གི་བརྡའོ་ཞེས་བུ་སྟོན་གྱི་བཞེད་པ་དང་། རཱ་འགྱུར་ལས་གཟུགས་ཞེས་བསྒྱུར་ཏེ། འདི་ལྟར་ན་རཱུ་པ་ཞེས་པ་གཟུགས། རང་བཞིན། ངོ་བོ་ཚུལ་རྣམས་ལ་འཇུག་པའི་དབང་གིས་ཟླ་བ་དང་། གཟུགས་གཅིག་གི་བརྡ་དང་། ཡང་ན་གཟུགས་ཀྱི་ཕུང་པོ་གཅིག་ཏུ་ངེས་ཕྱིར་དང་། འོད་དཀར་ཅན་ནི་ཟླ་བའི་མིང་གི་རྣམ་གྲངས་གཞན་གྱི་ཕྱིར་རམ། གླིང་མིང་དེ་ལྟ་བུ་གཅིག་ཏུ་གྲགས་པའི་དབང་གིས་དང་། བསེ་རུ་ནི་གོ་སླ་སྟེ་རི་དྭགས་བསེ་རུ་ལ་རྭ་གཅིག་ལས་མི་སྐྱེ་བའི་དབང་གིས་སོ།།
 

གཉིས་ལ་འཇུག་པ། འཁྲིག་པ་ནི་ཕོ་མོ་འདོད་པས་འཁྲིག་པ་གཉིས་ཅན་གྱི་ཕྱིར་དང་། བགྲོད་པ་ནི་ཉི་མས་ལོ་གཅིག་ལ་ལྷོ་བྱང་བགྲོད་གཉིས་དང་། མཚེ་མ། ཐབས་ཤེས། ལག མིག ཟུང་རྣམས་ནི་གོ་སླ་སྟེ་དེ་ཀུན་གཉིས་ཅན་གྱི་མིང་ངོ་ཞེས་དང་།
 

གསུམ་ལ་འཇུག་པ། འཇིག་རྟེན་ནི་ས་འོག ས་སྟེང་། ས་བླ་གསུམ་དང་། དེ་ཡང་པདྨ་ཅན་ནས་འདོད་པ་ན་སྤྱོད་པའི་ལྷ་འཇིག་རྟེན་དང་ཞེས་ཀྱང་འབྱུང་ཞིང་། ཚ་བ་ནི་ཡོངས་སུ་གྲགས་པའི་སྨན་གྱི་བྱེ་བྲག་ལས་མཚོན་པའམ། ཡང་ན་ཚ་བའི་ངད་ལྡན་གྱི་མེ་གསུམ་གྱིས་ཀྱང་མཚོན་ནུས་པ་ཅན་གྱིས་བཅུག་པ་དང་། མེ་ནི་ལྷོ་ཕྱོགས་རྟ་གདོང་གི་མེ་དང་། ཁྱིམ་གྱི་ཉི་མ་དང་བསྲེག་བྱ་ཟ་བའི་མེའོ། རྩེ་མོ་ནི་ཏྲི་ཤུལ་ལའི་རྩེ་མོས་མཚོན་པ་དང་། ལ་ལ་ནི་མེའི་མིང་གཞན་དུ་འདོད། ཡོན་ཏན་ནི་རྡུལ་དང་། མུན་པ་དང་། སྙིང་སྟོབས་གསུམ་དང་། སྲིད་པ་ནི་འཇིག་རྟེན་གསུམ་པོའི་མིང་གཞན་དུ་སྲིད་པ་གསུམ་ཡང་གྲགས་པ་ལྟར་དང་།
 

བཞི་ལ་འཇུག་པ། རྒྱ་མཚོ་ཕྱོགས་བཞིའི་དབྱེ་བས་བཞི་དང་། ཆུ་བོ་ནི་གངྒ། སིན་དྷུ། སི་ཏཱ། པག་ཁྱུ་བཞི་དང་། རིག་བྱེད་ནི་མཆོད་སྦྱིན། ངེས་བརྗོད། སྲིད་བསྲུང་། སྙན་ངག་བཞི་དང་། བདུད་ནི་ལྷའི་བུ་བདུད། མྱོན་རྨོངས་པའི་བདུད། འཆི་བདག་གི་བདུད། ཕུང་པོའི་བདུད་བཞི་དང་སྡེ་པ་ནི་གནས་བརྟན་པའི་སྡེ་པ། ཐམས་ཅད་ཡོད་སྨྲའི་སྡེ་པ། ལེགས་དཔོན་གྱི་སྡེ་པ། ཕལ་ཆེན་པའི་སྡེ་པ་བཅས་ཉན་ཐོས་སྡེ་པ་བཞི་དང་། ཆུ་གཏེར་ནི་རྒྱ་མཚོའི་མིང་གི་རྣམ་གྲངས་ཏེ་ཕྱོགས་ཀྱི་དབྱེ་བས་གོང་དུ་བརྗོད་པ་ལྟར་གྱི་མིང་གཞན་དང་།
 

ལྔར་འཇུག་པ། འདོད་ཡོན་ནི། གཟུགས། སྒྲ། དྲི། རོ། རེག་བྱ་ལྔ་དང་། ཉེར་སྤྱོད་ནི་མཆོད་པའི་རྫས་ལྔ་དང་། དབང་པོ་ནི། རྣ་བ། སྣ། མིག ལྕེ། ལུས་དབང་དང་ལྔའོ། མདའ་ནི་པདྨ་ཅན་སོགས་ལས་གཟུགས་ལ་སོགས་པའི་མདའ་ཞེས་དང་། རཱ་འཆན་ལས་སྐྱུར་བ། ཙནྡན་ཟླ་བའི་འོད་ཟེར། མ་ལ་ཡའི་རླུང་། ཁུ་བྱུག་དང་ལྔས་འདོད་པ་བསྐྱེད་པར་འདོད་པ་མཁས་པ་དག་གི་བཀག་ཅིང་། གསང་བ་འདུས་པའི་འགྲེལ་པ་སྒྲོན་གསལ་ལས། སྲེད་པར་བྱེད་པ་རྨོངས་པར་བྱེད་པ་དང། ཀུན་རྨོངས་པར་བྱེད་པ་དང་། རྒྱལ་བར་བྱེད་པ་དང་། སེམས་མེད་པར་བྱེད་པ་ལྔར་བཤད། གཤིན་རྗེ་གཤེད་ནག་པོའི་འགྲེལ་པ་སློབ་དཔོན་དཔལ་འཛིན་གྱིས་མཛད་པ་མྱོས་བྱེད་འདར་བྱེད། རྨོངས་བྱེད། ལྟུང་བྱེད། བརྒྱལ་བྱེད་ཅེས་བཤད་པ་དང་། འཆི་མེད་མཛོད་ཀྱི་འགྲེལ་པར་མྱོས་བྱེད་ཀྱི་མདའ་དང་། སྲེད་བྱེད་དང་། ཡང་དག་རྨོངས། སྐེམ་བྱེད། འཆི་བྱེད་ཀྱི་མདའ་ལྔ་ཞེས་འབྱུང་བ་ལྟར། གང་ལྟར་མདོར་བསྡུ་ན་བདུད་ཀྱིས་འདོད་ལྷ་འཕེན་པའི་མེ་ཏོག་མདའ་ལྔ་པ་དེའོ།།
 

དྲུག་ལ་འཇུག་པ། རོ་ནི་མངར་བ། སྐྱུར་བ། ཁ་བ། བསྐ་བ། ཚ་བ། ལན་ཚ་བ་དྲུག་དང་། དུས་ནི་དཔྱིད་དང་། སོ་ཀ་དང་། དབྱར་དང་། སྟོན་དང་། དགུན་སྟོད་དང་། དགུན་སྨད་སྟེ་མཚམས་ཞེས་ཀྱང་དེ་ཉིད་དོ། གཞན་ཡང་འདས། མ་འོངས། ད་ལྟའི་དུས་ཏེ་གསུམ་ལ་འཇུག་པ་དང་། རྫོགས་ལྡན། གསུམ་ལྡན། གཉིས་ལྡན། རྩོད་ལྡན་བཅས་དུས་བཞིར་འཇུག་པའི་བརྡ་ཡང་འབྱུང་ཞིང་སྐབས་ཐོབ་འབྱེད་དགོས་ཤིང་། བྲོ་བ་ནི་གོང་གི་ཏོ་དྲུག་ལ་མྱོང་བྱ་མྱོང་བྱེད་ཀྱིས་མཚོན་མིང་གི་རྣམས་གྲངས་དང་། རྒྱན་ནི་འཛམ་གླིང་མཛེས་པའི་རྒྱན་དྲུག་སྟེ། ཀླུ་སྒྲུབ། ཨརྱ་དེ་བ། ཐོགས་མེད། དབྱིག་གཉེན། ཕྱོགས་ཀྱི་གླང་པོ། ཆོས་ཀྱི་གྲགས་པ་བཅས་རྣམ་པ་དྲུག་གམ། ཡང་ན་བླ་མེད་ཀྱི་སྤྱོད་རྫས་རུས་པའི་རྒྱན་དྲུག་སོགས་ཀྱིས་མཚོན་བརྡར་བཞག་ཆོག་ཅིང་། བཟང་པོ་ནི་སྨན་གྱི་མཆོག་གམ་རོ་ནུས་ཀྱི་ཁྱད་དུ་ཡུལ་དྲུག་ནས་ཆེ་བ། ཛ་ཏི། སུག་སྨེལ། ཀ་ཀོ་ལ། ཅུ་གང་། ལི་ཤི། གུར་གུམ་དྲུག་གོ།
 

བདུན་ལ་འཇུག་པ། རིན་ཆེན་ནི་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན། འཁོར་ལོ། ནོར་བུ། བཙུན་མོ་སོགས་ཡོངས་གྲགས་བདུན་དང་། ཡང་ན་རལ་གྲི། པགས་པ། ནགས་གོས། ལྷམ་ཁང་ཁྱིམ་མལ་ཆས་ཏེ་ཉེ་བའི་རིན་ཆེན་བདུན་ཡང་མཚོན་བརྡར་རུང་ཞིང་། ས་འཛིན་རི་བདུན་ཞེས་དུས་མངོན་མིང་གི་རྣམ་འགྱུར་མི་འདྲ་ཙམ་ལས་དོན་གྱི་གྲངས་བདུན་མཚུངས་ཞིང་། ཐུབ་པ་རྣམ་པར་གཟིགས་སོགས་སྐལ་པ་གོང་མའི་སངས་རྒྱས་གསུམ་དང་བཟང་པོའི་ཤཱཀྱ་ཐུབ་པ་ཡན་གྱི་བཞི་བཅས་རྣམ་པ་བདུན་དང་། རི་བོ་ཞེས་པ་གོང་གི་ས་འཛིན་གྱི་མིང་གི་རྣམ་གྲངས་ཉིད་དང་། དྲང་སྲོང་ནི། རྟོག་གི་འབར་བ་ལས། དབང་པོ་དང་གསལ་བ་དང་། སྡེ་ཅན་དང་། བདེ་ལྡན་དང་། གསར་ཅན་དང་། ཕྱོགས་ཅན་དང་། ཤ་ཀུན་ཞེས་བདུན་ནམ། འཆི་མེད་མཛོད་འགྲེལ་ལས། འོད་ཟེར་ཅན་དང་། ཉི་མ་དང་། རྒྱུན་ཤེས་དང་། འོད་ཡངས་དང་། ལྷ་མིན་འཇོམས་དང་། མཆོད་སྦྱིན་ཅན་དང་། གནས་འཇོག་སྟེ་དྲང་སྲོང་སྣ་བདུན་ནོ། གཟའ་ནི་ཉི་མ་ལ་སོགས་པའི་རེས་གཟའ་བདུན་དང་། འདི་སྟེང་རཱ་ཧུ་དང་མཇུག་རིང་བསྣན་པའི་དགུར་འཇུག་པ་ཡང་ཡོད་དོ། རྡ་བདུན་ནི་ཉི་མ་འདྲེན་བྱེད་ཀྱི་རླུང་གི་རྟ་བདུན་ནོ།།
 

བརྒྱད་ལ་འཇུག་པ། བཀྲིས་ཞེས་བཀྲིས་པའི་རྟགས་རྫས་རྣམ་པ་བརྒྱད་དང་། ལྷ་མིན་བརྒྱ་བརྒྱད་དེ། ཚངས་པ། བྷྲིང་གི་རི་ཏི་དྲག་པོ། དབང་ཕྱུག སྨིན་དྲུག ཚོགས་བདག ལེགས་ལྡན་ནག་པོ། བི་ཏྲི་བ་ཏྲ་སྟེ་བརྒྱད་དོ། ཀླུ་ནི་མཐའ་ཡས་དང་། འཇོག་པོ། སྟོབས་རྒྱུ། རིགས་ལྡན། ནོར་རྒྱས་བུ། དུང་སྐྱོང་། པདྨ། ཆུ་ལྷ་སྟེ་ཀླུ་ཆེན་བརྒྱད་དང་། ནོར་ནི་ཤར་གྱི་ལྷ་སོགས་བརྒྱད་དང་། རྭ་པས་ཛཾ་བྷ་ལ་སོགས་ནོར་ལྷ་བརྒྱད་སོགས་འདོད་པ་མཁས་(བུ་སྟོན)་པ་དག་གིས་བཀག་སྟེ། འཆི་མེད་མཛོད་འགྲེལ་བཞིན་བཞེད་ལྟར། ཆུ་དང་། བརྟན་པ་དང་། ཟླ་བ། འཛིན་བྱེད་དང་རླུང་། མེ་དང་། ནམ་ལངས་དང་། འོ་བྱེད་དང་བརྒྱད་པོ་ནོར་གྱི་ལྷར་བཤད་པ་ལྟར་རོ།། གདེང་ཅན་ནི་སྦྲུལ་གྱི་གདེང་ཀ་དང་ལྡན་པའི་ཀླུ་བརྒྱད་ཀྱི་མིང་དང་། སྦྲུལ་ལམ་ལྟོ་འགྲོ་ནི་ཀླུ་ཆེན་བརྒྱད་ཀྱིས་ཕྱེ་བའི་སྦྲུལ་གྱི་བྱེ་བྲག་པ་བརྒྱད་དོ།།
 

དགུ་ལ་འཇུག་པ། རྩ་ནི་རྭ་པས་སྙིང་གའི་རྩ་བརྒྱད་དང་། ལྟེ་བ་དང་དགུར་བཤད་པ་མཁས་བུས་དཔྱད་བྱར་གནང་ཞིང་། ལ་ལ་དག་ནཱ་ཊི་ཞེས་པ་འཛག་པའམ་བུ་ག་ཅན་ཏེ་བུག་པ་དང་། དོན་གཅིག་ཅེས་མིག་སོགས་བུག་པ་དགུའི་རྩར་བཞེད་ཀྱང་། རྩ་ཉིད་ཀྱང་བུག་པ་ཅན་དེ་དེའི་ཤེས་བྱེད་ཁྱད་དུ་མ་ཕྱེ་བས་རྒྱས་འགྲེལ་པདྨ་ཅན་ལས་ཨ་ཝ་དྷུ་ཏཱི་ལ་སོགས་པའི་རྩ་དང་ཞེས་འབྱུང་བ་ལྟར་དང་། སྲིན་པོ་ནི་ཨ་མར་ཀོ་ཁྱའི་རྒྱ་དཔེར་པུཎྱ་ཛ་ཎ་ཨིརཤྭ་ཏཱ་ཞེས་འབྱུང་བས་བསོད་ནམས་སྐྱེ་བོ་སྲིན་པོའི་མིང་དང་། དེའི་དབང་ཕྱུག་ནི་དེའི་རྒྱལ་པོ་ཞེས་པའི་དོན་ཅན་དེ་སྲིན་པོ་རྣམས་རྣམ་སྲས་ཀྱི་འཁོར་ཡིན་པས་སྲིན་པོ་རྣམས་ལ་གསང་བར་ཡང་གྲགས་ཤིང་འདོད་འཇོར་ཡང་བསོད་ནམས་སྐྱེས་ནི། སྲིན་པོ་སྡེ་དེ་རྣམས་ཀྱི་དབང་ཕྱུག་གོ བསྲུང་བས་ན་སྲིན་པོ་སྟེ་ཞེས་དང་། ཚིག་གཏེར་འགྲེལ་པར་གཏེར་སྲུང་བའི་དོན་གྱི་ཡིན་ནོ་ཞེས་པས་འོག་གི་གཏེར་དགུའི་བསྲུང་བ་སོ་དགུའོ། བུ་ག་ནི། སྣ། མིག རྣ་བ་གསུམ་ལ་གཉིས་རེའི་ཁར། འོག་སྒོ་གཉིས་དང་ཁ་བཅས་བུ་ག་དགུའོ། གཏེར་ནི་ཨ་མར་ཀོ་ཁྱའི་འགྲེལ་པར། པདྨ་ཅན་དང་དུང་ཅན་དང་། པདྨ་ཆེན་པོ་ཆུ་སྲིན་ཅན། རུས་སྦལ་ཅན་དང་རྔ་ཅན་དང་། དགའ་བ་ཅན་དང་སྔོན་པོ་དང་། འཛིན་བྱེད་ཅེས་བྱ་གཏེར་དགུའོ། །ཞེས་པའི་དབང་གིས་དང་།
 

བཅུར་འཇུག་པ། ཁྲོ་བོ་ནི་སྟེང་འོག་ཕྱོགས་མཚམས་ཀྱི་ཁྲོ་བོ་ཧཱུཾ་མཛད་སོགས་བཅུ་དང་། འབྱོར་བ་ནི། སྐྱེས་གནས་མི་ཉིད། ཡུལ་དབུས། དབང་པོ་ཚང་བ། ལས་མཐའ་མ་ལོག གནས་ལ་དད་པ་བཅས་རང་འབྱོར་ལྔ་དང་། སངས་རྒྱས་བྱོན་དང་དེའི་ཆོས་གསུངས། བསྟན་པ་གནས་དང་དེར་རྗེས་འཇུག གཞན་ཕྱིར་རྙིང་བརྩེ་བ་བཅས་གཞན་འབྱོར་ལྔ་བསྡོམས་པའི་འབྱོར་བ་བཅུ་དང་། ཕྱོགས་ནི་ཕྱོགས་མཚམས་བརྒྱད་སྟེང་འོག་བཅུའོ། འཇུག་པ་ནི་ཁྱབ་འཇུག་གི་འཇུག་པ་སྡེ། ཉ། རུས་སྦལ། ཕག མིའི་སེངྒེ་། མིའུ་ཐུང་། མི་སྡུག་པ། ནག་པོ། དགའ་བྱེད་ར་མ་ཎ། སངས་རྒྱས། ཀིརྟི་ཙེ་སྟེ་བཅུ་དང་། སྟོབས་ནི་རྒྱལ་བའི་ཁྱད་ཆོས་གནས་དང་གནས་མ་ཡིན་པ་མཁྱེན་པ་ལ་སོགས་པའི་སྟོབས་བཅུའོ། སོར་མོ་ནི་རྐང་ལག་སོ་སོར་བཅུ་རེ་བ་དེ་སོ་སོའི་དབང་གིས་སོ།།
 

བཅིུག་ལ་འཇུག་པ། བདེ་བྱེད། བདེ་འབྱུང་། དབང་དྲག་ཅེས་པ་རྣམས་དབང་ཕྱུག་གི་མིང་གི་རྣམ་གྲངས་སུ་མུ་ཏིག་ཕྲེང་བ་ལས་བཤད་པ་དང་། དེར་བཅུ་གཅིག་ནི་འཆི་མེད་མཛོད་འགྲེལ་ལས་མ་སྐྱེས་རྐང་གཅིག་འཕེལ་བ་དང་། དྲག་པོ་དང་ནི་བརྩོན་འགྲུས་ལྡན། འཕྲོག་བྱེད་དེ་ནས་བདེ་འབྱུང་དང་། སྤྱན་གསུམ་གཞན་ལས་རྒྱལ་བ་དང་། དབང་ལྡན་དང་ནི་ས་གསུམ་པ། དྲག་པོ་བཅུ་གཅིག་ཤེས་པར་བྱ། ཞེས་པར་ལྟར་རོ། བྱེད་པ་ལ་ནི་འཕོ་བ་བདུན་དང་མི་འཕོ་ཁྱད་པར་བ་བཞི་བཅས་བཅུ་གཅིག་གོ།
 

བཅུ་གཉིས་ལ་འཇུག་པ། པདྨ་ཅན་དང་རཱ་པས་ཁྱིམ་བཅུ་གཉིས་ལ་འཆད་པ་མཁས་བུས་བཀག་སྟེ་འདོད་འཇོའི་ལུང་དུ་འདྲེན་པ་ལྟར། དབང་པོ་བྱེད་པོ་ལམ་པ་དང་། ཆར་འབབ་བསྟོད་བྱེད་སྔོན་མི་འཕགས། མིག་གཟུགས་ཁྱབ་འཇུག་འོད་ཅན་དང་། ཆུ་བདག་བཤེས་གཉེན་འོད་ཀྱང་ངོ་། ཞེས་དང་། རྟེན་འབྲེལ་ནི་མ་རིག་པ་ནས་རྒ་ཤིའི་བར་བཅུ་གཉིས་དང་། ཁྱིམ་ནི་ལུག་སོགས་གོ་སླའོ།།
 

བཅུ་གསུམ་ལ་འཇུག་པ། འདོད་པ་ནི། འདོད་འཇོར་གློག་གི་འོད་ཅན་ནམ། ཐིག་ལེ་མཆོག་མའམ། ཏིལ་འཇོག་མ། པད་དཀར་མ། ལག་བཟང་མོ། དགའ་བའི་ཤིང་རྟ་མ། རབ་ཏུ་མྱོས་བྱེད་མ། མེ་ན་ཀཱ་དང་། སྐྲ་འདྲེས་མ་དང་། ལེགས་རྒྱན་མ་དང་མུཉྫ་སྐྱེས་མ་དང་། ཨ་ལམྦུ་ཥཱ་དང་། ཆུ་ཤིང་བརླ་ཅན་མ་དང་། སྐད་ལེགས་མ་ཞེས་བྱ་བ་རྣམས་སོ། ཞེས་འདོད་པའི་རྒྱུ་ལྷའི་སྨད་འཚོང་མ་བཅུ་གསུམ་དང་། ལུས་མེད་ནི། དབང་ཕྱུག་གི་མིག་གསུམ་ནས་མེ་བྱུང་ནས་བསྲེགས་པའི་ལུས་མེད་ཅེས་བྱ་བ་ཁྱབ་འཇུག་གི་བུ་འདོད་པའི་མིང་སྟེ། དེ་ལ་སྦྱོར་བར་འདོད་པ་སོགས་བྱེད་ལས་བཅུ་གསུམ་དུ་བཞག་པའམ། མྱོས་བྱེད་ནི། འདོད་པས་མྱོས་པར་བྱེད་པའི་རྒྱུ་སྨད་འཚོང་བཅུ་གསུམ་གོང་དུ་བགྲང་པ་ལྟར་གྱིས་སོ། གདུགས་རིམ་ནི། དེ་བཞིན་གཤེགས་པའི་ཐུགས་རྟེན་ཆོས་འཁོར་གྱི་གདུགས་རིམ་པ་བཅུ་གསུམ་ཅན་དང་། སྣ་ཚོགས་ནི་བཅུ་གསུམ་གྱིས་བསྒྱུར་བ་ལ་ཕྱི་རོལ་པའི་རྩིས་སུ་སྣ་ཚོགས་ཀྱིས་བསྒྱུར་ཞེས་པའི་བརྡ་བྱུང་བ། འཆི་མེད་མཛོད་འགྲེལ་དུ་འདོད་པ་དང་། དུས་དང་གང་བ་ལ་སོགས་པ་བཅུ་གསུམ་འབྲངས་པའི་དེ་རྣམས་སྣ་ཚོགས་ཞེས་པར་གྲགས་ཞེས་ལོ་ཆེན་ནམ་བཟང་བཞེད་པ་ལྟར་དང་།
 

བཅུ་བཞི་འཇུག་པ། སྲིད་པ་ནི། ནང་ལེའི་ཚིགས་བཅད་དགུ་བཅུ་རྩ་བཞི་པར། གསུངས་པའི་ཟད་པར་འབྱུང་ལྔ་ཟླ་ཉི་སྒྲ་གཅན་སྒོམ་པའི་འབྲས་བུ་འདོད་གཟུགས་ལ་ཕྱེ་བའི་ལྷ་བརྒྱད། དུད་འགྲོ་ལ་སྐྱེ་གནས་ཀྱི་དབྱེ་བས་བཞི། མི་དང་དམྱལ་བ་སྟེ་བཅུའོ། ལྷ་མིན་དང་ཡི་དྭགས་དམྱལ་བའི་རིགས་སུ་བསྡུས་པ་སྟེ་སྲིད་པ་བཅུ་བཞིའོ། པདྨ་ཅན་ལས་དྲང་སྲོང་ཤེད་བུ་ལ་སོགས་པ་དང་། ས་འོག་སའི་སྲིད་པ་བཅུ་བཞིའོ་ཞེས་པ་འདོད་འཇོར་དྲང་སྲོང་ཤེད་བུ་ལ་སོགས་བཅུ་གཉིས་སུ་བཤད་པ་དང་འགལ་བས་མཁས་བུས་བཀག་ཅིང་། མ་ནུ་ནི་ཡིད་དེ་སེམས་ཅན་མཚོན་པ་ཡིན་པས་གོང་གི་སྲིད་པ་བཅུ་བཞི་པོའི་དབྱེ་བ་ཅན་གྱི་ཕྱིར་ན། དེ་གཉིས་བཅུ་བཞིའི་བརྡར་བཞེད་ལ། ཡང་མ་ནུ་མིར་ཡང་འཇུག་པས། དཔང་ལེ་ལས་རིགས་དབྱེ་བ་རྒྱལ་རིགས་ལ་བཞི་སྟེ། རྐང་ཐང་། རྟ་པ། གླང་ཆེན། ཤིང་རྟ་བ་དང་བྲམ་ཟེའི་རིགས་གསུམ་སྟེ། ནགས་གནས། ཁྱིམ་གནས། དཀའ་ཐུབ་དང་། རྗེ་རིགས་གསུམ་སྟེ། ཡིག་མཁན། ཚོང་པ། སྨན་པ་དང་། དམངས་རིགས་བཞི་སྟེ་ས་གཞི་རྨོ་བ། བ་གླང་སྐྱོང་བ།    ཁྱིམ་གནས་བྱེད་བཞི་སྟེ་མི་རིགས་བཅུ་བཞིའི་དབང་གིས་སོ། ཤེད་བུ་བུ་སྟོན་གྱིས་བཀག་ཀྱང་དེས་ན་ཤེད་བུ་སྔོན་གྲགས་མང་པོར་འབྱུང་ཕྱིར་དཀྱུས་སུ་བཞག་གོ།
 

བཅོ་ལྔར་འཇུག་པ་ནི། ཚེས་ནི། དཀར་ནག་གི་ཆ་རེར་བཅོ་ལྔ་རེ་ཡོད་པས་དང་ཉིན་ཞག་ཀྱང་རང་གི་ཟླ་རེར་སྟོད་སྨད་ཀྱི་དབྱེ་བས་བཅོ་ལྔ་རེ་ཚེས་མཚུངས་སུ་བཞག་པའི་ཕྱིར་རོ།།
 

བཅུ་དྲུག་ལ་འཇུག་པ་ནི། མི་བདག་གམ་རྒྱལ་པོ་ནི་པདྨ་ཅན་ལས་རྒྱལ་པོ་ཤིང་རྡ་བཅུ་པ་སོགས་པ་བཅུ་དྲུག་གོ ཞེས་བུ་སྟོན་རིན་པོ་ཆེས་བརྟགས་གནས་སུ་གནང་མེད། དེས་ན་རྒྱ་ཆེ་རོལ་པ་ལས། འཛམ་བུའི་གླིང་གི་ཡུལ་ཆེན་པོ་བཅུ་དྲུག་པོ་ཐམས་ཅད་ན་རྒྱལ་པོའི་རིགས་མཐོན་པོ་གང་ཇི་སྙེད་ཡོད་པ་ཞེས་གསུངས་ལྟར་བཞེད་པ་ཉིད་འཐད་དེ། དེ་ཡང་ཡུལ་བཅུ་དྲུག་པོ་དེ་འདི་ཡིན་པར་སེམས་ཏེ། གནས་འཇོག་གི་མདོ་ལས་བྱུང་བ། ཨངྒ། མངྒ་རྡ། ཀོ་ས་ལ། ཀ་ཤི་ཀ། བྲི་ཇི་མལ། སུནྟྲ། སྲེག་བ། ཀཱ་མ། ཨ་བིནྟ། ཀུ་རུ། ལྔ་ལེན། བཏྤ། དཔལ་རྡེ། ཡ་བ་ན། ཀམྤོ་ཞེས་འབྱུང་བའི་ཡུལ་ཆེན་བཅུ་དྲུག་པོ་དེའི་མི་བདག་བཅུ་དྲུག་བགྲངས་པའི་ཕྱིར་རོ།།
 

བཅོ་བརྒྱད་ལ་འཇུག་པ་ནི། ཉེས་པའམ་སྐྱོན་ནི། ལུས་ལ་མི་སྡུག་པའི་སྐྱོན་བཅོ་བརྒྱད་དང་ལྡན་པ་ཞེས་མདོ་ལས་འབྱུང་བ། ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ཚུལ་ཁྲིམས་བསྐྱངས་ཀྱིས་མཛད་པ་ལས་མི་སྡུག་པ་དག སྐྲ་བྱི་བ་ངན་པ་དང་། དཔྲལ་བ་ཆུང་བ་དང་། མདོག་སེར་སྐྱ་དང་། མིག་སེར་བ་དང་། སྨིན་མཚམས་མ་སྦྱར་བ་དང་། སྣ་ལེབ་པ་དང་། སོ་སྟོ་བ་དང་། དིག་པ་དང་། མིག་ཟླུམ་པ་དང་། མིག་ཆུང་བ་དང་། སྤུ་ཅན་དང་། ཕྱི་ནང་དུ་སྒུར་པ་དང་། ལྟོ་བ་ཆེ་བ་དང་། དཔུང་པ་རྗེ་ངར་ཐུང་བ་དང་། ལག་པ་དང་རྐང་པ་མི་མཉམ་པ་དང་། ཚིགས་སྦོམ་པ་དང་། འདིའི་ཁ་དང་ལུས་ལ་དྲི་ངན་པ་འབྱུང་བའོ། ཞེས་པ་ལྟར་དང་། ཁམས་ནི་མིག། སྣ། རྣ་བ། ལྕེ། ལུས་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སོགས་བཅོ་བརྒྱད་དོ།།
 

ཉེར་བཞིར་འཇུག་པ་ནི། རཱ་པས་རང་བཞིན་ཉེ་བཞིར་འཆད་པ་བུ་སྟོན་གྱིས་བཀག་ཏེ། ལང་ཀར་གཤེགས་པ་ལས་གསུངས་པའི་སངས་རྒྱས་ཉི་ཤུ་རྩ་བཞི་ཡིན་ཞེས་པར་བཞེད་ལ། སྟག་སྟོན་གཞོན་ནུ་དཔལ་གྱིས་ཕྱིལ་རོལ་བའི་རྩིས་སུ་འབྱུང་བས་བརྟགས་གནས་སུ་བཤད་ཀྱང་དེ་ཉིད་འཐད་པར་བསམ་མོ། ཡུལ་ཉི་ཤུ་རྩ་བཞི་ཡོངས་གྲགས་ལྟར་རོ།།
 

ཉེར་ལྔ་ལ་འཇུག་པ་ནི། དེ་ཉིད་ནི་རང་བཞིན་ཉི་ཤུ་རྩ་བཞི་ཞེས་དེ་ཡང་རྣ་བ་པགས་པ། མིག ལྕེ། སྣ་བཅས་ནང་བློན་དབང་པོ་ལྔ། ལག་པ། རྐང་པ། འཕོངས། འདོམས། ངག་བཅས་ཕྱི་རོལ་གྱི་ལས་ཀྱི་དབང་པོ་ལྔ། གཉིས་ཀ་ཡིད་བཅས་དབང་པོ་བཅུ་གཅིག་དང་། ཡུལ་དེ་ཙམ་ལྔ་ཞེས་སྒྲ། རེག གཟུགས། རོ། དྲི་ལྔ་དང་། ནམ་མཁའ། ས། ཆུ། མེ། རླུང་བཅས་འབྱུང་བ་ལྔ། གཙོ་བོ། ཆེན་མོ། ང་རྒྱལ་རྣམ་པ་གསུམ། ཤེས་རིག་སྐྱེས་བུ་བདག་དང་བཅས་ཉེར་ལྔ་པོ་གྲངས་ཅན་པ་དེ་ཉིད་ཉེར་ལྔ་ཞེས་པ་ལྟར་རོ།།
 

ཉེར་བདུན་ལ་འཇུག་པ། འཁོར་ལོ་ནི་རྒྱུ་སྐར་ལོངས་སྤྱོད་མཚུངས་པའི་འཁོར་ལོ་ཉེར་བདུན་དང་། སྐར་མ་ཡང་གྲོ་བཞིན་བྱི་བཞིན་གཅིག་ཏུ་ལོངས་སྤྱོད་དབང་གིས་བྱས་པའི་ཉེར་བདུན་ནོ།།
 

སོ་གཉིས་ལ་འཇུག་པ་ནི། སོ་ནི་སངས་རྒྱས་འཕགས་པ་མ་གཏོགས་དཀྱུས་ཐང་སྐྱེས་བུའི་སྟེང་འོག་མཐའ་འགྲམ་རྫོགས་སྐབས་བཅུ་དྲུག་རེ་བཅས་ཁྱོན་སོ་གཉིས་འབྱུང་བའི་དབང་གིས་དང་། གཉིས་སྐྱེས་ཀྱང་དེའི་མིང་གཞན་ནོ།།
 

སྟོང་པ་ནམ་མཁའ་རྣམས། གནས་འཛིན་ཐིག་གཟུགས་ཀྱི་མིང་བརྡར་བཏགས་པའོ།།
 

དེ་ལྟར་གྲངས་ཀྱི་བརྡ་ཆད་འདི་བཞིན་རང་ཉིད་རྩིས་སློབ་ཏུ་ཐོག་མར་སླེབས་དུས་གོ་དོན་མ་ཤེས་པའི་མིང་ཙམ་དུ་མཐོང་ནས་གང་ཡིན་གྱི་གསལ་བཤད་ཅིག་མཇལ་ན་བསམ་ད་བར་བརྩོན་པའི་འཚོལ་ཞིབ་བྱེད་སྐབས་གོང་གསལ་མཁས་པ་དགའ་བྱེད་ནས་ཀྱང་ཆ་ཚང་མེད་པ་མ་གཏོགས་རོབ་ཙམ་རྙེད་པ་དང་། གཡའ་སེལ་ནས་གོང་འཁོད་རྣམས་མཇལ་བས་དེ་དག་ཟུར་འདོན་ཞུས་པ་ལགས་ཤིང་ད་དུང་དཔེར་ན་གོང་གི་ཉེར་བཞིའི་མིང་རྒྱལ་བ་ལྟ་བུར་སངས་རྒྱས་ཉེར་བཞི་ཞེས་གསུངས་ཀྱང་རེ་རེ་ནས་མཚན་མེད་པས་འདི་སོགས་ལ་གཞུང་གཞན་དུ་འཚོལ་ཞིབ་ཀྱིས་རེ་རེ་ནས་ཆ་ཚང་བ་ཞིག་ཁ་འགེངས་དགོས་འདུག་པ་ཡང་ལམ་འདིར་འཇུག་པ་པོ་རྣམས་ལ་གསལ་འདེབས་སུ་བསྐུལ་བ་བཅས་ལགས་སོ།།

 

མཆན་བུ།

༡། ཕུག་ལུགས་རྩིས་ཀྱི་ལེགས་བཤད་མཁས་པའི་མགུལ་རྒྱན་བཻཌཱུར་དཀར་པོའི་དོ་ཤལ་དཔྱོད་ལྡན་སྙིང་ནོར། སྡེ་སྲིད་སངས་རྒྱས་རྒྱ་མཚོ། ལྷ་ས་ཞོག་པར་ཁང་། ༡༩༠༩ ཤོག་གྲངས། ༡༦

༢། རྩིས་གཞུང་མཁས་པ་དགའ་བྱེད། བུ་སྟོན་ཐམས་ཅད་མཁྱེན་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༧


 

 

མཐའ་མའི་འདོན་ཐེངས་།: 01.02.2017 ཉིན། 4:52 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།