གེ་སར་གསུམ་གྱི་ངོས་འཛིན་ལ་དཔྱད་པ། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 31.01.2015 |
༄༅། །གེ་སར་གསུམ་གྱི་ངོས་འཛིན་དངོས་ལ་དཔྱད་པ་བློ་མུན་སེལ་བའི་ཟླ་ཟེར།
སྨན་རམས་པ་སྦྲ་གཉིས་ཟླ་བ་ཚེ་རིང་།
ཝཱཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་།
སྔོན་གླེང་།
ཨོཾཨཱཐཿ དེ་ཡང་བོད་ཀྱི་སྲོལ་རྒྱུན་གསོ་རིག་གི་མ་ཕྱི་དཔལ་ལྡན་རྒྱུད་བཞི་འདིའི་ནད་གསོ་བྱེད་ཀྱི་གཉེན་པོའི་སྨན་རྒྱུའམ་སྨན་རྫས་ལ་ཆ་མཚོན་ན། མཐོ་སྒང་བོད་ཀྱི་ཐུན་མོང་མ་ཡིན་པའི་སྔོ་སྨན་དང་། རང་བྱུང་རིན་ཆེན་ས་རྡོའི་རིགས། རྩི་སྨན་སྲོག་ཆགས་ལ་སོགས་པའི་སྨན་རྫས་རྣམས་དང་། ད་དུང་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་སྨན་གཞུང་རྣམས་ལས་ལེགས་ཆའི་ཁ་གསབ་ཀྱིས་ཁྲོག་སྨན་རྩི་སྨན་ལ་སོགས་པ་མི་ཉུང་བ་ཞིག་བླངས་ཏེ་བོད་ཀྱི་གསོ་བ་རིག་པའི་སྨན་རྫས་ཕུན་སུམ་ཚོགས་པ་དང་། སྨན་རྒྱུ་སྤུས་ཚད་གོང་མཐོར་བཏང་ཡོད། དེ་དག་ལས་མང་པོ་ཞིག་བོད་རང་གི་སྐད་དུ་སྒྲ་སྒྱུར་དོན་སྒྱུར་བྱས་པ་དང་། ཁག་ཅིག་ཆོས་རྒྱལ་གྱི་བཀས་བཅད་བཞིན་རྒྱལ་ཁབ་དེ་དང་དེའི་སྐད་རང་སོར་བཞག་པ་སོགས་སྣ་ཚོགས་ཤིག་ཡོད། བློ་ཕམ་པ་ཞིག་ལ་རྒྱུད་བཞི་མཛད་པ་པོའི་རྒྱུད་ཀྱི་རང་འགྲེལ་ཞིག་མཐོང་ཐོས་སུ་མེད་པའི་དབང་གིས་ཕྱིས་ཀྱི་འགྲེལ་པ་མཛད་མཁན་འགས་སྨན་རྫས་ཁག་ཅིག་གི་མིང་དང་ཐ་སྙད་རྣམས་རྒྱུད་ཀྱི་དགོངས་པ་ཇི་བཞིན་མ་ལོན་པའམ། ལོན་ཀྱང་ཇི་བཞིན་རྟོགས་མ་ཐུབ་པ་དང་། ཡང་འགའ་ཞིག་གིས་གཞུང་གི་དགོངས་པ་དང་། དེ་བཞིན་རོ་ནུས་ཞུ་རྗེས་སོགས་གང་ཡིན་ལ་མ་བསམ་པར་རང་ལུགས་གཞན་ལུགས་ཟེར་ནས་རང་ཕོར་གཙང་འཛིན་དང་། རང་སྣང་གང་དྲན་གྱིས་ངོས་འཛིན་མི་འདྲ་བ་རེ་མཛད་པའི་ཉེར་ལེན་གྱིས། དུས་ཕྱིས་བྱུང་གི་སྨན་གཞུང་འཁྲུངས་དཔེ་ལ་སོགས་པའི་ཡིག་ཆ་མང་པོ་ཞིག་ཏུ་སྨན་རྫས་ངོས་འཛིན་ཐད་ནོར་བ་རྒྱུན་འབྱམས་སུ་སོང་བ་མི་ཉུང་བ་ཞིག་དར་ཁྱབ་ཏུ་འགྲོ་དང་འགྲོ་མུས་སུ་ལགས་པ་ནི་བོད་ཀྱི་གསོ་བ་རིག་པའི་ཡར་རྒྱས་ལ་བར་དུ་གཅོད་པའི་འགོག་རྐྱེན་ཆེན་པོ་ཞིག་རེད་སྙམ།
སྤྱིར་ནད་གསོ་ཐབས་ཀྱི་རིག་པ་གང་འདྲ་ཞིག་ཡིན་རུང་དེ་ནི་འགྲོ་བ་མིའི་ཚེ་སྲོག་དང་ཐད་ཀར་འབྲེལ་བ་ཡོད་པས་ན་གནད་དོན་ཆུང་བ་ཏིལ་འབྲུ་ཙམ་ལ་ཡང་གལ་འགངས་ཆེ་བ་རི་རབ་ལྟར་བལྟ་དགོས་ལ། སྒོས་སུ་ནད་གསོ་བྱེད་ཀྱི་གཉེན་པོ་སྨན་རྣམས་སྤུས་ཚད་ལྡན་པ་མ་ཟད་དེང་སྐབས་ཆེས་ཡར་ཐོན་ཅན་གྱི་སྨན་སྦྱོར་རིག་པའི་ལག་རྩལ་དང་ཐབས་ལམ། ཞིབ་འཇུག་ཚད་ལྡན་བཅས་ཀྱི་རིག་པ་དགོས་པ་ནི་དེ་བས་ཀྱང་གལ་གནད་ཆེ་བ་ཡིན། རྒྱུ་མཚན་དེའི་ཕྱིར་བོད་ཀྱི་གསོ་བ་རིག་པའི་མ་འོངས་མདུན་ལམ་ཐོག་བསམ་ཤེས་ཀྱིས་དེ་སྔ་ནོར་བ་ཡོ་སྲོང་དང་། མེད་པ་གསར་སྣོན། ད་ལྟ་མི་འོས་པ་རྣམས་གསར་བཅོས་དགོས་པ་ནི་གསོ་བ་རིག་པའི་འབྱུང་འགྱུར་ཡར་རྒྱས་ཀྱི་ཕྱོགས་སུ་བསྐྱོད་པའི་གོམ་སྟབས་ཆེན་པོ་ཞིག་རེད་ལ། ད་ལྟ་གསོ་རིག་རྒྱུན་འཛིན་པ་རྣམས་ཀྱི་སྐབས་ཐོག་འོས་འགན་ཞིག་ཀྱང་ལོས་ཡིན། དེས་ན་སྐབས་དོན་བོད་ཀྱི་གསོ་བ་རིག་པའི་སྨན་རྫས་གེ་སར་གསུམ་གྱི་ངོས་འཛིན་ནོར་བ་རྒྱུན་འབྱམས་སུ་སོང་བ་དེ་ཉིད་དོན་དུ་གང་ཡིན་མིན་སྐོར་《གེ་སར་གསུམ་གྱི་ངོས་འཛིན་དངོས་ལ་དཔྱད་པ་བློ་མུན་སེལ་བའི་ཟླ་ཟེར།》ཞེས་བྱ་བ་འདི་ཡིག་ནག་ཏུ་བཀོད་ནས་ཕྱི་རབས་པ་རྣམས་ཀྱི་དཔྱད་གཞིར་འབུལ་བར་སྤྲོའོ།།
དང་པོ། བོད་སྔ་རབས་པའི་གེ་སར་གསུམ་གྱི་ངོས་འཛིན།
གེ་སར་གསུམ་གྱི་ངོས་འཛིན་སྐབས་བོད་ཀྱི་གསོ་བ་རིག་པའི་སྔོན་བྱོན་མཁས་པ་ཕལ་ཆེར་ཞལ་གཅིག་གྲགས་ཀྱིས་ཤིང་ལོ་སྡོང་སྟར་ག་འདྲ་བའི་ཐོག་རྐང་ལ་ཚེར་མ་ཡོད་པ། དེའི་སྡེབས་སུ་ཐོག་བུ་རྣམས་ཁ་ཕྱོགས་གཅིག་ཏུ་བལྟས་ནས་སྐྱེས་པའི་ཐོག་བུ་ཁ་བྱེ་བ་སྐམ་ནས་ཟངས་ཁོག་བཅོམ་པ་འདྲ་བ་དེ་ལ་ནཱ་ག་པུཥྤེ་དང་། མེ་ཏོག་ཁ་བྱེ་ཚར་ནས་ནང་གི་ཟེ་བ་རྟ་རྔ་བསྒྲིམས་པ་འདྲ་བ་དེ་ལ་(༡)ནཱ་ག་གེ་སར་རམ། (༢)ཨུཏྤལ་གེ་སར་ཟེར། བར་རམ་མེ་ཏོག་གི་འདབ་མ་དམར་པོ་དེ་ལ་(༣)པདྨ་གེ་སར་ཞེས་ཕྱི་ནང་གྱི་ཁྱད་པར་མ་གཏོགས་གཞན་ནས་མི་འཚོལ་བར་གེ་སར་སུམ་ལྡན་དུ་བཞེད།(01)
དེ་ཡང་གེ་སར་གསུམ་འདི་བོད་དུ་དུས་ནམ་ཞིག་ནས་བེད་སྤྱོད་བྱས་པ་དང༌ཐོག་མར་གཞུང་གང་དུ་གསལ་བ་སོགས་ཁ་ཚོན་གཅོད་དཀའ་ཡང་། ད་ལྟ་དངོས་སུ་མཇལ་རྒྱུ་ཡོད་པའི་གསོ་བ་རིག་པའི་སྨན་རྫས་ངོས་འཛིན་སྟོན་པའི་ཡིག་ཆ་རྙིང་ཤོས་སུ་གྲགས་པ་《འཇམ་དབྱངས་སྔོ་འབུམ་》དང་《སྒྲོལ་མའི་སྔོ་འབུམ།》 《གཡུ་ཐོག་སྔོ་འབུམ་》གསུམ་དུ་སྨན་རྫས་རིགས་མི་འདྲ་བ་ཁྱོན་བསྡོམས་དྲུག་བརྒྱ་བཅུ་དགུ་ཙམ་གསུངས་ཡོད་ཀྱང་དེ་དག་ཏུ་ཨུཏྤལ་གྱི་ཐ་སྙད་སྐབས་རེ་གཉིས་སུ་རྣམ་གྲངས་ཀྱི་ཚུལ་དུ་བཀོད་པ་ཙམ་ལས་གེ་སར་གསུམ་སྐོར་གསུངས་པ་མཐོང་རྒྱུ་མེད། དེ་ལ་སྡེ་སྲིད་(༡༦༥༣ - ༡༧༠༥)ཀྱིས། ནཱ་ག་ཞེས་པ་ཀླུ་དང༌། པུཥྤ་མེ་ཏོག་ལའང་འཇུག་པས་ན་འཁྲུངས་དཔེའི་ཁུངས་མ་མཐོང་(02)ཞེས་གསུངས་པའི་འཁྲུངས་དཔེ་ནི་སྔོ་འབུམ་གསུམ་ལ་གསུངས་པ་ནི་བདེན་པར་སྣང་།
ནཱ་ག་གེ་སར་རམ་ནཱ་ག་པུཥྤ། པདྨ་གེ་སར་དང་། ཨུཏྤལ་གེ་སར་ཞེས་པའི་ཐ་སྙད་འདི་གསུམ་ལེགས་སྦྱར་གྱི་སྐད་དོད་ཡིན་པ་སྨྲོས་མི་དགོས་ཏེ། འདི་ནི་སྔ་རབས་ཙམ་དུ་མ་ཟད་དུས་ད་ལྟའང་རྒྱ་གར་སྨན་རྫས་རིག་པའི་ནང་ཡོངས་གྲགས་སུ་བེད་སྤྱོད་བྱེད་བཞིན་ཡོད། བོད་ཀྱི་གསོ་བ་རིག་པའི་ནང་དུ་གེ་སར་གསུམ་འདི་ཐོག་མ་ཡན་ལག་བརྒྱད་པ་དང་སྦྱོར་བ་བརྒྱ་པ་ལ་སོགས་པ་རྒྱ་འགྱུར་གསོ་རིག་གི་གཞུང་གང་རུང་ཞིག་ལས་བྱུང་ཡོད་པ་ཐག་གིས་ཆོད། ད་ཡོད་གསོ་བ་རིག་པའི་འཁྲུངས་དཔེ་ཁག་དང་རྒྱུད་འགྲེལ་ཁག་ཏུ་ངོས་འཛིན་དཔེ་རིས་བཅས་བཀོད་ཡོད་པ་དེ་ནི་ཤིང་ཤལ་མ་ལིའི་(དཔེ་རིས་དང་པོ།)མེ་ཏོག་ཡིན་ལ། དེ་ལ་རྩི་ཤིང་རིག་པས་Bombaxceiba Linn. (མིང་གཞན།Salamaliamalabarica Schott &Endl.,Bombaxmalabaricum DC.) སྡེ་ཁོངས་ Bombacaceae རྒྱ་གར་ལེགས་སྦྱར་སྐད་ཀྱི་ཤཱལྨལི།(शाल्मलि) དབྱིན་སྐད་དུ་Silk Cotton Tree ཡུལ་སྐད་དང་ཡུནཱནི(Unani)ལུགས་ཀྱིས་སེམལ།(सेमल) སིདྡྷ་(Siddha)ལུགས་ཀྱི་མུལ་ཨེལཱཝམ་(MulIlavam)བཅས་ཟེར།(03) དེ་ནི་གེ་སར་གསུམ་ག་ལྟ་སྨོས་གཅིག་ཙམ་ཡང་མིན་པས་ནོར་བ་རྒྱུན་འབྱམས་སུ་སོང་བ་ཡིན་ནོ།།
གཉིས་པ། གེ་སར་གསུམ་གྱི་ངོས་འཛིན་ནོར་བའི་དོགས་སློང༌དང་དོགས་གཅོད།
ཤིང་ཤལ་མ་ལིའི་མེ་ཏོག་གེ་སར་གསུམ་དུ་ངོས་འཛིན་པ་དེ་ནོར་བ་རྒྱུན་འབྱམས་སུ་སོང་བའི་དོགས་སློང་ཁ་གསལ་ཞིག་དུས་རབས་བཅོ་བརྒྱད་པའི་འགོ་ཙམ་ནས་སི་ཏུ་པཎ་ཆེན་བསྟན་པའི་ཉིན་བྱེད་(༡༧༠༠ - ༡༧༧༤)ཀྱིས་མཛད་ཟིན་ཀྱང་ད་བར་ནོར་བ་རང་སོར་ལུས་པ་དེ་ཡ་མཚན་ཆེ་བར་མཐོང་། སི་ཏུས། ནཱ་ག་པུཥྤ་ནི་ཀླུ་ཤིང་མེ་ཏོག་སྟེ་ད་ལྟའི་ནག་རྡོག་ཤལ་མ་ལིའི་འབྲས་བུ་ཚབ་རུང༌། ཞེས་དང༌ཡང༌། སྔར་ཨ་ཙ་ར་བདུད་སྤྲུལ་ཞིག་གིས་ཤིང་ཤལ་མ་ལིའི་འབྲས་བུ་ནག་རྡོག་འདི་ལ་གསུམ་ཀ་ཚང་བ་ཡིན་བྱས་ནས་ཚོང་དུས་སུ་བཙོངས་པ་ནོར་བ་རྒྱུན་འབྱམས་པའི། ཕྱིས་སུ་དངོས་སུ་སོ་སོར་འབྱོར་ཡང་མིན་རྒྱུར་བྱས་ནས་ཉོ་མཁན་མེད་པས་རྒྱུན་ཆད་པ་ཡིན་(04) ཞེས་ཐག་ཆོད་པོར་གསུངས་ཡོད། དེ་བཞིན་མཁས་དབང་སྐྱེམ་པ་ཚེ་དབང་(དུས་རབས་༡༥)དང་། དར་མོ་སྨན་རམས་པ་བློ་བཟང་ཆོས་ཀྱི་གྲགས་པས།(དུས་རབས་༡༦)ཤལ་མ་ལིའི་མེ་ཏོག་ལ་ཕྱི་ནང་བར་གསུམ་དབྱེ་བས། ཕྱི་པདྨ་གེ་སར། ནང་ན་ག་གེ་སར། དཀྱིལ་པུཥྤ་གེ་སར་ཞེས་གེ་སར་གསུམ་ཀ་འདི་ལ་འདོད་པ་དེ་ཡང་མི་འཐད་དེ། མེ་ཏོག་གི་ཕྱི་ནང་ལ་གེ་སར་གྱི་སྒྲ་མི་འཇུག་ཅིང༌། བརྒྱད་པའི་རང་འགྲེལ་དུ། པད་མ་གེ་སར་པད་མའི་ཟེ་བ་དང་ཞེས་འབྱུང་བས་སོ།།(05)(06) ཞེས་ལུང་འདྲེན་དང་བཅས་གསུངས་ཡོད། ཕྱོགས་མཚུངས་འཇམ་དབྱངས་མཁྱེན་བརྩེ་དབང་པོས(༡༨༢༠ - ༡༨༩༢)། ནཱ་ག་པུཥྤ་ནི་ཀླུ་ཡི་མེ་ཏོག ནཱ་ག་གེ་སར་ནི་དེའི་ཟེ་འབྲུའོ།། དེ་ལ་ཤིང་སྡོང་ཆེན་པོ་ལོ་མ་ཕྲ་ཞིང་ཕྱི་ལྗང་ནག་ཤིང་དངོས་སྐྱ་ནག་ཤིན་ཏུ་མཁྲེག་པ་སྟེ་བལ་ཡུལ་སོགས་སུ་སྐྱེ། ད་ལྟ་བོད་རྣམས་ཀྱིས་གེ་སར་སུམ་ལྡན་དུ་བྱེད་པ་འདི་ནི་ཤིང་ཤལྨ་ལིའི་གེ་སར་རོ།།(07) ཞེས་ནོར་བ་གསལ་བར་གསུངས་ཡོད།
གསུམ་པ། ནོར་བ་རྒྱུན་འབྱམས་སུ་སོང་བའི་སྒྲུབ་བྱེད།
༡། ནོར་བ་རྒྱུན་འབྱམས་སུ་སོང་བའི་སྒྲུབ་བྱེད་ཁུངས་ལྡན་ནི་ནཱ་ག་གེ་སར་གྱི་མིང་གི་རྣམ་གྲངས་རྣམས་ལས་ཤེས་ཏེ། གསོ་བ་རིག་པའི་འཁྲུངས་དཔེ་རྣམས་སུ་འཁོད་པའི་ནཱ་ག་སེར་གྱི་མིང་གི་རྣམ་གྲངས་རྣམས་དང་། རྒྱ་གར་གྱི་ནཱག་ཀེསར་གཉིས་ཀྱི་མིང་རྣམས་གཅིག་མཚུངས་སུ་ཆུ་ལ་ཆུ་བཞག་པ་ལྟར་ཡོད། ཕྱོགས་མཚུངས་རྒྱུད་ཀྱི་ནཱ་ག་གེ་སར་ཡོད་པའི་སྦྱོར་སྡེ་ཕལ་མོ་ཆེ་ཡན་ལག་བརྒྱད་པ་དང་། སྦྱོར་བ་བརྒྱ་པ་ལ་སོགས་པ་རྒྱ་འགྱུར་གསོ་རིག་ལས་བཏུས་པ་ཤས་ཆེ་བ་དང་དེ་དག་གི་རྒྱ་དཔེར་ཡང་ནཱག་ཀེསར་(नागकेसर)ཞེས་གསལ་ཡོད་དོ།།
གསོ་རིག་འཁྲུངས་དཔེའི་ནཱ་ག་གེ་སར་གྱི་མིང་རྣམས་རྒྱ་གར་ནཱག་ཀེསར་མིང་དང་མཚུངས་བསྡུར་བྱས་པ།
བོད་ལུགས་གསོ་བ་རིག་པའི་སྨན་གྱི་འཁྲུངས་དཔེ་ཁག |
རྒྱ་གར་སྨན་གཞུང་གི་སྔོ་འབུམ། |
མངོན་བརྗོད་མཆི་མེད་མཛོད། |
||
ཤེལ་ཕྲེང་། |
འཁྲུངས་དཔེ་དྲེ་མེད ཤེལ་གྱི་མེ་ལོང་། |
བདུད་རྩི་སྨན་གྱི་འཁྲུངས་དཔེ།(08) |
भावप्रकाशनिघण्टु(09) |
རྒྱ་དཔེ།(10) བོད་འགྱུར།(11) |
ཙཱཾ་སེ་ཡ། |
ཙཱཾ་སེ་ཡ། |
|
चाम्पेय ཅཱམྤེཡ། ཙཱམྤེཡ། ཙཱམྤ་སྐྱེས། |
चाम्पेय ཅཱམྤེཡ། ཙཱམྤ་སྐྱེས། |
ཀེ་སར། ཀེ་ས་ར། གེ་སར། |
ཀེ་སར། |
ཀེ་ས་ར། གེ་སར། |
केशर ཀེ་ཤར། |
केसर ཀེ་སར། གེ་སར། |
ནཱ་ག་ཀེ་སར། ཀླུའི་ཀེ་སར། ཀླུའི་གེ་སར། |
ནཱ་ག་ཀེ་སར། ཀླུའི་གེ་སར། |
|
नागकेसर ནཱགཀེསར། नागेसर ནཱགེསར། |
नागकेसर ནཱགཀེསར། གླང་པོའི་གེ་སར། |
གེ་སར་ཅན། |
གེ་སར་ཅན། |
|
|
|
ཀཱཉྩ་ར་ནཱ་ཧཱ་ལ། གསེར་མིང་ཅན། |
ཀཱཉྩ་ར་ནཱ་ཧཱ་ལ། གསེར་མིང་ཅན། |
གསེར་མིང་ཅན། |
काञ्चनाह्वय ཀཱཉྕནཱཧྦྱ། གསེར་མིང་ཅན། |
काञ्जनाह्वय ཀཱཉྗནཱཧྦྱ། གསེར་མིང་ཅན། |
ནཱ་ག་པུཥྤེ། |
|
ཀླུའི་མེ་ཏོག |
नागपुष्प ནཱགཔུཥྤ། |
|
|
|
|
पीलानागकेशर པིལཱནཱགཀེཤར། |
|
|
|
|
नागचम्पा ནཱགཅམྤྰ། |
|
|
|
|
नागकिञ्जल्क ནཱགཀིཉྗལྐ |
|
༢། སྤྱིར་སྨན་རྫས་གང་ཡང་རུང་བ་ཚབ་དུ་བྱེད་པ་ལ་སྨན་རྫས་དེ་དང་དེའི་དབྱིབས་ཁ་དོག་སོགས་ལ་ལྟོས་པ་མིན་པར་རོ་ནུས་ཞུ་རྗེས་སྤྱི་དང་། ཁྱད་པར་སྨན་སོ་སོའི་ངོ་བོའི་ནུས་པ་ཁོ་ན་དབང་བཙན་པའི་ལུགས་དགོས་པ་ནི་སྨྲོས་མི་དགོས། ད་ལྟ་ནཱ་ག་གེ་སར་དུ་ངོས་འཛིན་བྱེད་བཞིན་པའི་ཤིང་ཤལ་མ་ལིའི་མེ་ཏོག་འདི་ལ་ནཱག་ཀེསར་དངོས་ཀྱི་རོ་ནུས་ཞུ་རྗེས་དང་། ཡོན་ཏན་རྣམས་མཚུངས་པ་ལྟ་ཞོག་ཐམས་ཅད་གོ་ལྡོག་ཏུ་ཡོད་པས་ཚབ་དུ་གཏོང་བ་ལ་ཡང་ལུང་རིགས་གཉིས་ཀའི་རྒྱུ་མཚན་བཀོད་རྒྱུ་ཡང་ཤིན་ཏུ་དཀའ་བར་སྣང་ངོ་།།
ཤཱལྨལི་དང་ནཱག་ཀེསར་གཉིས་ཀྱི་རོ་ནུས་ཞུ་རྗེས་མཚུངས་བསྡུར་བྱས་པ།(12)
|
ནཱག་ཀེསར། (नागकेसर) |
ཤཱལྨལི། (शाल्मलि) |
རོ་དང་ཞུ་རྗེས། |
རོ་བསྐ་བ། ཁ་བ། ཞུ་རྗེས་ཚ་བ། |
རོ་མངར་བ། ཞུ་རྗེས་མངར་བ། |
ནུས་པ། |
ཚ་བ། |
བསིལ་བ། |
ཡོན་ཏན། |
ཡང་བ། རྩུབ་པ། |
ཡང་བ། སྣུམ་པ། |
ཕན་ནུས། |
བད་མཁྲིས་སེལ། |
རླུང་མཁྲིས་སེལ། བད་ཀན་སྐྱེས། |
སྨན་རྫས་ཞིབ་འཇུག་ཕན་ནུས།
|
Antibacterial, Antifungal, Anthelmintic, Hypotensive, Antispasmodic, Antianaphylactic, Antiasthmatic, Antiimplantation, Anti-inflammatory, Juvenomimetic, Insecticidal. |
Hypotensive,Hypoglycaemic, Antidiarrhoeal, Moderate oxytocic, Muscolotropic, Cardiac stimulant. |
བཞི་པ། ཤིང་ཤཱལྨ་ལིའི་མེ་ཏོག་འདི་ནཱགཀེསར་གྱི་ཚབ་ཏུ་སྤྱོད་རུང་ངམ་མི་རུང་།
སྐབས་འདིར་ནཱ་ག་གེ་སར་བོད་དུ་མི་རྙེད་པས་ཤིང་ཤལ་མ་ལིའི་མེ་ཏོག་འདི་ཚབ་དུ་བྱས་པ་ཡིན་ན། མི་འཐད་དེ་ལོ་རྒྱུས་སུ་གྲགས་ཆེ་བའི་ཚབ་ཡིག་གསུམ་དུ་མི་གསལ་བའི་ཕྱིར་དང་། དེ་ལས་གཞན་པར་ནཱ་གེ་སར་གྱི་ཚབ་ཏུ་ཏང་ཀུ་(ལྕ་རྒོད་)དཀར་པོའི་མེ་ཏོག་(13) དང་ཨུཏྤལ་སྔོན་པོ། ལྡུམ་གེ་སར། འོད་ལྡན་དང་སྤྱན་གཟིགས་རྟག་ངུ་(14)བཅས་གཏོང་བ་གསུངས་ཡོད། ལྷག་པར་དུ་སྨན་གྱི་《ཚབ་ཡིག་ཡོངས་ཀྱི་བཅུད་བསྡུས་སྨན་དབུལ་སེལ་བའི་ནོར་བུ》ར་ན་ག་པུཥྤའི་ཚབ་དུ་ཨ་ཀྲོང་སྤོ་ཐོའི་རིགས་ཀྱིས་རུང་བ་གསུངས་པ་ཙམ་མ་ཟད། བོད་སྔ་མ་དག་རྒྱ་གར་གྱི་ཤལ་མ་ལིའི་འབྲས་བུ་ལ་འདོད་པ་ནི་ཆེས་ནོར་ཞིང་ཚབ་ཀྱང་མི་རུང་(15)ཞེས་མཐའ་གཅིག་ཏུ་བཀག་ཡོད།
ལྔ་པ། ནཱ་ག་གེ་སར་དང་ནཱ་ག་པུཥྤ་དངོས་ཀྱི་ངོས་འཛིན།
འཁྲུངས་དཔེའི་མིང་གི་རྣམ་གྲངས་དང་རྒྱུད་ཀྱི་སྦྱོར་སྡེ་རྣམས་ལ་ཞིབ་པར་དཔྱད་ན་ནཱ་ག་གེ་སར་འདི་ནི་རྒྱ་གར་གྱི་ནཱགཀེསར་(དཔེ་རིས་གཉིས་པ།) དེ་རང་ཡིན་པ་ཐེ་ཚོམ་མེད་ཅིང་། རྒྱ་གར་སྐད་དུ་ནཱག་(नाग)ཅེས་པ་ཀླུར་གོ་བ་དང༌། སྦྲུལ་ལ་གོ་བ། གླང་པོ་ལ་གོ་བ་སོགས་སྐབས་མང་ཡང་འདིར་སྒྲ་དོག་པའི་དབང་གིས་སྦྲུལ་རང་ལ་གོ་བ་བདེ། ཀེསར་(केसर)ཞེས་པ་སྐྲ་དང་ཟེ་བ་དང་། ཟེའུ་འབྲུ་སྤྱི་ལ་འཇུག་པས་འདིར་མེ་ཏོག་གི་ཟེ་བ་རང་ལ་གོ་དགོས་ཤིང་། སྒྲ་ཐད་བསྒྱུར་བྱས་ན་སྦྲུལ་(འདྲ་བའི་)ཟེའུ་འབྲུ་ཞེས་གོ། དེའི་མིང་ཐོགས་ཚུལ་ལ་ཡང་མེ་ཏོག་གི་ཟེའུ་འབྲུ་མོ་དེའི་དབྱིབས་དུག་སྦྲུལ་ཁྲོ་བ་ལངས་བ་དང་འདྲ་བས་དེ་ལྟར་ཐོགས་པ་ཡིན་ནོ།། དེ་ལ་ནཱག་པུཥྤ་(नागपुष्प)མེ་ཏོག་དང་། དེའི་ཟེའུ་འབྲུ་ལ་ནཱག་ཀེསར་(नागकेसर)ཞེས་རྩི་ཤིང་རིག་པ་ལ་མཁས་པ་རྣམས་ལ་ཡོངས་སུ་གྲགས། འདི་ལ་ཡུནཱནཱིས་(Unani)ནཱར་མུཤཀ(Naarmushk) སིདྡྷའི་(Siddha)ལུགས་ཀྱིས་ནཱག་ཀེསཱརམ་(Nagakesaram)ཟེར་ཞིང་། རྩི་ཤིང་རིག་པའི་སྡེ་ཁོངས་Clusiaceaeཀྱི་Mesuaferrea Linn.(མིང་གཞན།Mesuanagassarium (Burm.f.) Kosterm, M. roxburghii Wight, CalophyllumnagassaricumBurm.f.) དུ་ངོས་འཛིན་བྱས་ཡོད་ལ་དབྱིན་སྐད་ཡོངས་གྲགས་སུ་Cobra's Saffronཟེར་བ་འདི་རང་ནཱ་ག་གེ་སར་འཁྲུལ་མེད་ཡིན།
ནཱ་ག་གེ་སར་ནི་རྒྱུན་ལྗང་གནས་པའི་ལོ་སྡོང་ཆེ་ཆུང་སྙོམས་ལ་མཛེས་སྡུག་ལྡན་པ་ཞིག་ཡོད་ལ། ཡལ་ག་འཇམ་ཞིང་ཕྱི་པགས་དམར་སྨུག ལོ་མ་ལྗང་ནག་དཀྱུས་སུ་ཚོན་2-6བར་དང་ཞེང་སོར་1½-1¾ལོ་མ་གསར་པ་རྣམས་ཅུང་ཟད་དམར་བ། མེ་ཏོག་དཀར་པོ་ཆུང་བ་ཁ་ཞེང་སོར་3-4བར་དྲི་བཟང་འཐུལ་བ་གཅིག་གམ་གཉིས་གསུམ་མཉམ་དུ་དཔྱིད་དུས་ཟླ་བ་ལྔ་པ་ཙམ་ལ་བཞད། ཟེ་བ་ཕོ་སེར་པོ་ཤིན་ཏུ་མང་བའི་དཀྱིལ་དུ་ཟེའུ་འབྲུ་མོ་དེ་ཅུང་ཟད་རིང་བ། རྐང་སྦོམ་ལ་དཀར་བ་དུག་སྦྲུལ་ཁྲོ་བ་ལངས་པ་ལྟར་མངོན། འབྲས་བུ་སྒོང་དབྱིབས་ཅན་ཅུང་ནར་མོ་ཆེ་ཆུང་སོར་གཅིག་ཙམ་གྱི་ནང་ཤིན་ཏུ་འཇམ་པའི་འབྲུ་གུ་1-4རེ་ཡོད། ཐོན་ཁུངས་གཙོ་བོ་བྷཾགལཱ་དེཤ།(Bangladesh) མཱ་ཡན་མར་(Myanmar)ཏེ་འབར་མ།(Burma) སི་ལོན་(Ceylon)ཏེ་ཤྲྰི་ལངྐྰ།(Sri Lanka) མཱ་ལེ་ཤིཡ།(Malaysia) ཨིནཌོ་ནེཤིཡ།(Indonesia) ཝེཊ་ནམ།(Vietnam) ཀེམ་བོ་ཌིཡ།(Cambodia) ཐཡ་ལེནྜ།(Thailand)དང་། མཱལཱཀ་ཀ(Malacca)སོགས་(16)རྒྱ་མཚོའི་སྟེང་གི་མཐོ་ཚད་ཁྲུ་5000 བར་དང་། རྒྱ་གར་ནང་ཤར་ཕྱོགས་ཧིམཱལཡའི་རི་རྒྱུད་ཨསམ།(Assam) དང་ཤར་བྷཾགཱལ།(East Bengal)གྱི་རི་རྒྱུད་སོགས་སུ་སྐྱེས་པ་མང༌། དེང་སང་ས་ཕྱོགས་མང་པོའི་ལྡུམ་རྭར་འདེབས་འཛུགས་བྱེད་པའང་ཡོད་དེ་དཔེར་ན་ཤྲྰི་ལངྐྰའི་རྒྱལ་ཡོངས་ནཱ་ག་གེ་སར་གྱི་སྐྱེད་ཚལ་(National Iron-wood Garden, Sri-Lanka)ལྟ་བུའོ།།
ནཱ་ག་གེ་སར་ནི་རོ་བསྐ་ལ་ཁ་ཞིང་ཞུ་རྗེས་ཚ། ཡང་ལ་རྩུབ་པས་བད་མཁྲིས་འཇོམས། དེ་བཞིན་འཇུ་སྟོབས་ཞན་པ། ཁྲག་ཤོར་བ། འཁྲུ་བ་སྤྱི་དང་རྒྱ་བཤལ། སྐྱུགས་པ་སོགས་ལ་ཕན་ཞིང་དུག་ནད་དང་། ཚད་པ། རླུང་དང་མཁྲིས་པ་འཁྲུགས་པ། དབུགས་མི་བདེ། གློ་ལུ་བ། སྐྱིགས་བུ། ཁ་དྲི་ངན་པ། གཞང་འབྲུམ། ཤུ་བ་སོགས་ལའང་ཕན། ཆོ་ག་ཡང་ལོ་མས་ཆམ་རིམས་གྱིས་མགོ་གཟེར་བ་ལ་སྦྱར་བྱས་ན་ཕན་ཅིང་། འབྲུ་གུའི་སྣུམ་གྱིས་རླུང་འཁྲུགས་པ་དང་པགས་ནད་རིགས་ལ་ཕན། གྲུམ་བུའི་སྐྲངས་སྦོ་དང་ཟུག་གཟེར་རིགས་འཇོམས། གེ་སར་རམ་ཟེ་བའི་བྱུག་པས་རྨ་གསོ་ཞིང་རྔུལ་འདོན་པར་བྱེད། ཟེའུ་འབྲུ་ཕོ་ལས་བྱུང་བའི་སྣུམ་ལ་ཞིབ་འཇུག་བྱས་པས་རྒྱུ་སྲིན་རིགས་ལ་ཤིན་ཏུ་ཕན་པར་བཤད། ཡུནཱནཱི་ལུགས་སུ་འདིས་ཤུ་བ་དང་གཞང་འབྲུམ། དབུགས་མི་བདེ་བ་སོགས་སེལ་བ་དང༌། སྐྲངས་སྦོ་འཇོམས་པ་དང༌། ཁྲག་སོགས་སྡོམ་པ། སྙིང་སྟོབས་རྒྱས་པ། རྔུལ་འདོན་པར་བྱེད་པའི་ནུས་པ་ཡོད་པར་བཤད།
དེང་སྐབས་སྨན་རྫས་ཕན་ནུས་ལ་ཞིབ་འཇུག་བྱས་པར་ནཱ་ག་གེ་སར་ལ་Antibacterial, Antifungal, Anthelmintic, Hypotensive, Antispasmodic, Antianaphylactic, Antiasthmatic, Antiimplantation, Anti-inflammatory, Juvenomimetic, Insecticidal(17)སོགས་ཀྱི་ཕན་ནུས་ཡོད་པ་ཤེས་རྟོགས་བྱུང་ཡོད།
དྲུག་པ། ནཱ་ག་གེ་སར་འདི་ཤིང་ཤལ་མ་ལི་ལ་ངོས་འཛིན་པའི་སྐྱོན།
༡། འཁྲུངས་དཔེ་ཁག་གི་ངོས་འཛིན་གཞིར་བཞག་གི་ལོ་སྡོང་སྟར་ག་འདྲ་བ་རྐང་ལ་ཚེར་མ་ཡོད་པ། ལོ་མ་སྦར་དབྱིབས་ཅན་ལ་མེ་ཏོག་དམར་པོ་བཞད་པ་ཞིག་ལ། ཙཱཾ་སེ་ཡ། ཀེ་སར། ནཱ་ག་གེ་སར། ཀླུའི་ཀེ་སར། གེ་སར་ཅན། ཀཱཉྩ་ར་ནཱ་ཧཱ་ལ། གསེར་མིང་ཅན་(18)(19) ལ་སོགས་པའི་མིང་གྱི་རྣམ་གྲངས་ཡོད་པའི་རྩི་ཤིང་ཞིག་བཙལ་ན་འཇིག་རྟེན་ན་རྙེད་རྒྱུ་ལྟ་ཞོག་ཐོས་པ་ཡང་དཀའ་བའི་སྐྱོན་འཇུག
༢། ལོ་སྡོང་སྟར་ག་འདྲ་བ་ཚེར་མ་ཅན་གྱི་ཤིང་ཤལ་མ་ལི་འདི་ནཱ་ག་གེ་སར་དངོས་ཡིན་ན། སྤྱོད་འཇུག་བསྔོ་བའི་ལེའུར། ཤཱལ་མ་ལི་ཡི་སྡོང་པོ་ཡང༌། །དཔག་བསམ་ཤིང་དུ་འཁྲུངས་བར་ཤོག།(20)ཅེས་དང༌། རྒྱུད་ཀྱི་གཞང་འབྲུམ་གསོ་བའི་སྐབས། ཁྲག་གྱུར་དྲི་མནམ་ཟུངས་བསྲུང་མི་བཅད་བཞག། མཚལ་འདྲ་བཅད་དེ་ཤལ་མ་ལི་ཡི་ཤུན། །སེང་ཕྲོམ་བཙོད་དང་ཧོང་ལེན་དུག་མོ་ཉུང༌། །ཙན་དན་ཤིང་མངར་པུ་ཤེལ་ནཱ་གེ་སར། །ཞིབ་བཏགས་འབྲས་བཀྲུས་ཆུ་དང་སྦྱར་ལ་བླུད།།(21)ཞེས་པ་ལ་སོགས་པ་གསོ་རིག་གཞུང་དུ་མར་གསལ་བའི་ཤལ་མ་ལི་དང་ནཱ་ག་གེ་སར་གཉིས་སྦྱོར་སྡེ་གཅིག་ཏུ་གཉིས་ག་བྱུང་བ་དེ་དག་གི་ངོས་འཛིན་ཚུལ་བཞིན་བྱེད་མི་ཐུབ་པའི་སྐྱོན་འཇུག
༣། ནཱ་ག་གེ་སར་དེ་ཤལ་མ་ལི་ལ་ངོས་བཟུང་སྟབས། གཞན་དུ་ཤལ་མ་ལི་ཞེས་ལོགས་སུ་འབྱུང་སྐབས་ཁ་ཅིག་གིས་མོན་ཆ་ར་(22)(23)(24)དང་། ཁ་ཅིག་གིས་ཤིང་གི་མིང་ཅན་དང་འཁྲུ་གཅོད་དང་འདྲ་(25)ཟེར་བ་དང་། ཡང་ཁ་ཅིག་གིས་ཤིང་ཚེར་མ་ཆེན་པོ་ཅན་རྩ་རི་སྐོར་ཤིང་ཚ་ཚ་ཟེར་བ་དེ་ཡིན་(26) ཟེར་བ་སོགས་ཚུལ་ལྡན་མིན་པའི་ངོས་འཛིན་གསར་པ་རེ་མཛད་པས་ནོར་བ་རྒྱུན་འབྱམས་ཡང་འབྱམས་སུ་འགྲོ་ཐལ་བའི་སྐྱོན་འཇུག་གོ། །
བདུན་པ། པདྨ་གེ་སར་དངོས་ཀྱི་ངོས་འཛིན།
པདྨ་གེ་སར་ནི་ཆུ་སྐྱེས་མེ་ཏོག་པདྨའི་ཟེ་བ་ཡིན་ཏེ། ཡན་ལག་བརྒྱད་པའི་སྣ་སྨན་གྱི་ཆོ་གར། ཧ་རེ་ནུ་ཀ་པདྨ་ཡི། །གེ་སར་དང་ནི་བ་ལ་སྟེ།།(27)ཞེས་པའི་འགྲེལ་པར། པདྨ་གེ་སར་ནི་པདྨའི་སྙིང་པོའི་གེ་སར་རོ་ཞེས་གསུངས། དེའི་མིང་གི་རྣམ་གྲངས་སུ། ཀེ་ས་ར་དང༌། པདྨ་ཀིཉྫ་ལ་ཀ་དང༌། ཨ་པི་ཏ་དང༌། པདྨ་ཀེ་ས་ར་དང༌། མ་ག་རན་ད་དང༌། པར་ག་དང༌། རུང་ག་དང༌། གའུ་ར་དང༌། གན་ཚ་ན་ལ་སོགས་པ་ཡོད།(28)དེ་ལ་རྒྱ་གར་ལེགས་སྦྱར་སྐད་དུ་པདྨ་(पद्म)ཡུལ་སྐད་ཡོངས་གྲགས་སུ་ཀམལ།(कमल) ཡུནཱནིས་ཨུཏྤལ་གྱིས་ཚབ་དུ་བྱེད་ལ། སིདྡྷས་ཏཱ་མཱ་རྱི་(Thaamarai) འམ་ཨམ་བལ་(Ambel) ཞེས་འབོད། དབྱིན་སྐད་དུ་Lotus དང་། ལེ་ཊིན་དུ་Nelumbonucifera Gaertn.(མིང་གཞན། N. speciosumWilld., N. nelumboDruce.) སྡེ་ཁོངས་Nelumbonaceaeབྱས་པ་འདི་རང་(དཔེ་རིས་གསུམ་པ།)དུ་ངོས་འཛིན་དགོས། རིགས་ཡོངས་གྲགས་དཀར་དམར་གཉིས་ལས་མེད།
བརྒྱད་པ། ཨུཏྤལ་གེ་སར་དངོས།
གེ་སར་གསུམ་གྱི་ཨུཏྤལ་གེ་སར་འདི་ནི་ཡོངས་གྲགས་གསོ་རིག་འཁྲུངས་དཔེ་ཁག་ཏུ་རི་སྐྱེས་ཨུ་དཔལ་སྔོ་སེར་དམར་གསུམ་(Meconopsis)(29)(30)(31)དུ་ཡོད་པ་དེ་དང་མིང་གཅིག་པར་བྱུང་བས་འཁྲུལ་སོ་ཆེ། རི་སྐྱེས་ཨུ་དཔལ་ལ་ཨུཏྤལ་གྱི་སྒྲ་བྱུང་བ་རྒྱ་སྐད་རང་སོར་བཞག་པ་མིན་པར། སྔོན་བྱོན་གསོ་རིག་མཁས་པའི་ཕྱག་རྒྱུན་གྱིས་རོ་ནུས་ཞུ་རྗེས་སམ་འདྲ་བ་དཔེའི་སྒོ་ནས་སམ། ཡང་ན་གསར་དུ་ངོས་འཛིན་གྱིས་མིང་བཏགས་པ་ཞིག་ཡིན་ནམ་སྙམ།
སྐབས་འདིའི་ཨུཏྤལ་གེ་སར་ནི་ཡོངས་གྲགས་ཆུ་སྐྱེས་མེ་ཏོག་ཀུམུད་(དཔེ་རིས་བཞི་པ།)དུ་གྲགས་པ་འདིའི་ཟེའུ་འབྲུ་ཡིན། རིགས་དཀར་དམར་སྔོ་གསུམ་དུ་ཡོད། རང་རིགས་ཕལ་མོ་ཆེས་འདི་ལ་པདྨ་ཞེས་འབོད་དེ་པདྨ་ལ་རིགས་དཀར་དམར་སྔོ་གསུམ་དུ་ཡོད་པར་གྲགས། བཤད་སྲོལ་དུ་པདྨ་ཉི་ཤར་དུས་ཁ་འབུས་པས་ཉི་མའི་གཉེན་དང༌། ཀུམུད་ཟླ་འོད་ལ་འཚོ་བས་ཟླ་བའི་གཉེན་ཟེར་བ་ནི་སྙན་ངག་གི་ཟེར་འགྲོས་ཙམ་ལས། དཀར་པོ་ཉི་ཟླ་གཉིས་ཀའི་འོད་ལ་འཚོ་བ་དང༌། དམར་སྔོ་གཉིས་ནི་ཉི་འོད་ཙམ་ལས་ཟླ་འོད་སྐབས་བཞད་པ་དཀོན། འདི་ལ་ལེགས་སྦྱར་སྐད་དུ་ཨུཏྤལ་(उत्पल)དང་ཡུལ་སྐད་དུ་ཀུམུད།(कुमुद) ཡུནཱནཱིས་ནིལོ་ཕར།(Nilofar) སིདྡྷས་ཨལལཱི།(Alli) དབྱིན་སྐད་དུ་Water Lilyཞེས་ཡོངས་སུ་གྲགས། འདི་ནི་སྡེ་ཁོངས་Nymphaeaceaeཡིན་པ་རིགས་དཀར་པོར་ལེ་ཊིན་དུNymphaea alba Linn.དང་། རིགས་དམར་པོར་N. nouchali Burm.f .དང་། སྔོན་པོར་N. stellata Wild.བཅས་དེང་རབས་རྩི་ཤིང་རིག་པས་ངོས་འཛིན་བྱས་ཡོད། འདིར་ཆུ་སྐྱེས་ཀུམུད་འདི་ལ་རྒྱ་སྐད་རང་སོའི་ཨུཏྤལ་དང་། རི་སྐྱེས་ཅན་ལ་ཨུ་དཔལ་ཞེས་འབྲི་ན་ནོར་སོ་ཆུང་བ་མ་ཟད་རྒྱ་བོད་ལུགས་སོ་སོར་ཤེས་པའི་དགོས་པ་ཡང་ཆེ་བར་འདུག་སྙམ་མོ།།
དགུ་པ། རྒྱུད་ཀྱི་དགོངས་པ་བཀྲལ་བ།
བཤད་རྒྱུད་སྨན་གྱི་ནུས་པ་བསྟན་པའི་སྐབས། ནཱ་ག་པུཥྤ་ན་ག་གེ་སར་དང༌། །པདྨ་གེ་སར་གློ་མཆིན་སྙིང་ཚད་སེལ།། ཞེས་གསུངས་པས། ནཱག་པུཥྤ་མེ་ཏོག་དང་། ནཱག་ཀེསར་ཟེའུ་འབྲུ་ཡིན་ལ་འདི་གཉིས་ཀྱིས་གློ་བ་དང༌མཆིན་པ། སྙིང་གི་ཚད་པ་རྣམས་སེལ་བ་ཡིན། པདྨ་ཀེསར་གྱི་ནུས་པ་ཡང་དེ་དང་འདྲ་བས་གློ་མཆིན་སྙིང་ཚད་རྣམས་སེལ་བ་ཡིན། དེ་ལ་རོ་སྐོར་ལས། པདྨ་གེ་སར་བསིལ་ལ་རྩུབ་པས་མཁྲིས་ནད་སེལ། །ནཱ་ག་གེ་སར་ཡང་ནི་དེ་དང་འདྲ་ཞེས་སོ།།
མཐའ་བསྡོམས།
༡། ད་ཡོད་སྔོ་སྨན་འཁྲུངས་དཔེ་འགར་ནཱ་ག་གེ་སར་དུ་ངོས་འཛིན་པ་འདི་ནི་ཤཱལྨལི་ཡིན་ཅིང་། དེ་ལ་གེ་སར་གསུམ་དུ་འདོད་པ་ནི་ནོར་བ་རྒྱུན་འབྱམས་སུ་སོང་བའོ།།
༢། ནཱ་ག་གེ་སར་ཞེས་པ་རྒྱ་སྐད་ཡིན་ལ། སྒྲ་སྒྱུར་བྱས་ན་ནཱག་ཀེསར་ཞེས་འབྲི་དགོས། ནཱག་ཀེསར་ཟེའུ་འབྲུ་དང༌ནཱག་པུཥྤ་དེའི་མེ་ཏོག་ལ་གོ།
༣། ནཱག་པུཥྤི་ཞེས་དབྱངས་ཨི་ལྡན་བྱུང་ན། དེ་ནི་ནཱག་ཀེསར་གྱི་མེ་ཏོག་མིན་པར་ནགས་སུ་སྐྱེ་བའི་འཁྲི་ཤིང་རིགས་ཤིག་ཡོད་པས་སྨན་དུ་བཀོལ་བ་ཆེར་མེད།
༤། པདྨ་གེ་སར་ནི་ཆུ་སྐྱེས་མེ་ཏོག་པདྨའི་ཟེ་བ་ཡིན། མེ་ཏོག་ལ་ལེགས་སྦྱར་གྱིས་པདྨ། རྒྱ་གར་ཡུལ་སྐད་དུ་ཀམལ། དབྱིན་སྐད་དུ་ལོ་ཊས་ཞེས་ཡོངས་སུ་གྲགས།
༥། ཨུཏྤལ་གེ་སར་ནི་ཆུ་སྐྱེས་མེ་ཏོག་ཀུམུདའི་ཟེའུ་འབྲུ་ཡིན། ཀུམུདར་ལེགས་སྦྱར་གྱི་ཨུཏྤལ་དང་དབྱིན་སྐད་དུ་ཝཱ་ཊར་ལི་ལི་ཟེར། འདི་གསོ་རིག་ལུགས་ཀྱི་རི་སྐྱེས་ཨུ་དཔལ་དང་མིང་གི་འཁྲུལ་སོ་ཆེ་བས། ཆུ་སྐྱེས་ཀུམུད་ལ་ཨུཏྤལ་དང་། རི་སྐྱེས་རིགས་ལ་ཨུ་དཔལ་ཞེས་འབྲི་ན་ལེགས་སོ།། །།
སརྦམངྒལཾ།།
དཔེ་རིས་ཀྱི་ལམ་ནས་ནཱགཀེསར་དང་ཤཱལྨལི་གཉིས་ཀྱི་ཁྱད་པར་དབྱེ་བ།
དཔེ་རིས་དང་པོ། ཤྰལྨལི།
དཔེ་རིས་ཀྱི་ལམ་ནས་པདྨ་དང་ཀུམུད་(ཨུཏྤལ་)གཉིས་ཀྱི་ཁྱད་པར་དབྱེ་བ།
དཔེ་རིས་གཉིས་པ། ནྰག་ཀེསར།
དཔེ་རིས་གསུམ་པ། པདྨ།
पद्म, कमल Latin:Nelumbonucifera Gaertn. (Family: Nelumbonaceae) Common name: Lotus
དཔེ་རིས་བཞི་པ། ཀུམད། (ཨུཏྤལ།)
उत्पल, कुमुद Latin: Nymphaea nouchaliBurm.F. (Family: Nymphaeaceae) Common name: Water lily
ལུང་འདྲེན་ཡིག་ཆ།
01 དེའུ་དམར་བསྟན་འཛིན་ཕུན་ཚོགས།《ཤེལ་གོང་ཤེལ་ཕྲེང་།》 ཤོག216 ཤེལ་ཕྲེང་ །༥༠ བ།༥ SMANRTSIS SHESRIG SPENDZOD Vol.6, Principles of Lamaist Pharmacognosy, Reproduced from Lhasa Chakpori block by Tashi Yangphel Tashigang, Published by S.W.Tashigangpa, Leh, Ladakh 1970
02 སྡེ་སྲིད་སརྒྱས་རྒྱ་མཚོ།《གསོ་བ་རིག་པའི་བསྟན་བཅོས་སྨན་བླའི་དགོངས་རྒྱན་རྒྱུད་བཞིའི་གསལ་བྱེད་བཻཌཱུརྱ་སྔོན་པོ་མལླི་ཀ》སྟོད་ཆ། ཤོག༢༦༥ བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་། ༡༩༨༢
03 C.P.Khare, Indian Medicinal Plants; An Illustrated Dictionary, pp573, Springer, New Delhi, 2007
04 སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་སློབ་མས་ཟིན་ཐོར་བཏབ་པ།《ནུས་པ་རྐྱང་སེལ་གྱི་སྨན་ངོ་གསལ་བྱེད།》 དཔེ་གཟུགས།ཤོག༢༦ (ལྡེབ་མ་༡༣ན) SMANRTSIS SHERIG SPENDZOD Vol-145, J.P Tashi Gang, Leh, Ladakh, 1986
05 སྐྱེམ་པ་ཚེ་དབང།《སྐྱེམ་པའི་རྒྱུད་བཞིའི་འབྲུ་འགྲེལ།》 སྟོད་ཆ། ཤོག༤༢༦ བོད་ཀྱི་གསོ་བ་རིག་པའི་གནའ་དཔེ་ཕྱོགས་བསྒྲིགས་དཔེ་ཚོགས། དེབ།041 མི་རིགས་དཔེ་སྐྲུན་ཁང་། ༢༠༠༤
06 དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས།《གསེར་མཆན་རྣམ་བཀྲ་གན་མཛོད་།》 བཤད་རྒྱུདལེའུ།༢༠ ཤོག༦༤༧ བོད་ཀྱི་གསོ་བ་རིག་པའི་གནའ་དཔེ་ཕྱོགས་བསྒྲིགས་དཔེ་ཚོགས། དེབ།035 མི་རིགས་དཔེ་སྐྲུན་ཁང་། ༢༠༠༦
07 འཇམ་དབྱངས་མཁྱེན་བརྩེ་དབང་པོ། སྨན་མིང་དང་ངོས་འཛིན་ཐོར་བུ་མཁས་པའི་ངག་གི་བདུད་རྩིའི་ཟེག་མ། 《མཁྱེན་བརྩེའི་དབང་པོའི་སྨན་ཡིག་དང་བླ་མ་ཟབ་དོན་སྙིང་ཐིག་ལས་འགྲོ་བའི་སྲོག་འཛིན་བདུད་རྩིའི་ཆར་རྒྱུན།》 ཤོག༡༣༥ བོད་ཀྱི་གསོ་རིག་དཔེ་རྙིང་ཕྱོགས་སྒྲིག་གངས་རི་དཀར་པོའི་ཕྲེང་བ། དེབ་ཕྲེང་།08 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༣
08 ཀརྨ་ཆོས་འཕེལ།《བདུད་རྩི་སྨན་གྱི་འཁྲུངས་དཔེ།》 ཤོག༨༡ བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༩༣
09 भावमिश्र, भावप्रकाशनिघण्टु,प्रथम भाग, पृष्ठ 230, व्याख्याकार श्री ब्रह्मशंकर मिश्र, वीवरणकार रूपलाल जी वैश्य, चौखम्भा संस्कृत संस्थान, वाराणसी 2003
10 अमरासिंह, अमरकोष, पृष्ठ 81, श्रीमन्नालाल अभिमन्यु एम ए, चौखम्भा विद्यभावन, वाराणसी 2003
11 སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས། Edited by Dr. Lokesh Chandra《འཆི་མེད་མཛོད་ཀྱི་གཞུང་ལ་བརྟེན་ནས་ལེགས་པར་སྦྱར་བའི་སྐད་ཀྱི་མིང་དང་རྟགས་ཀྱི་འཇུག་པ་གསལ་བར་བྱེད་པའི་བསྟན་བཅོས་ལེགས་བཤད་སྒོ་བརྒྱ་བྱེད་པའི་ལྡེ་མིགThe Amarakosa in Tibet 》ཆམཛོད་འགྲེལ། སོ་དྲུག International Academy of Indian Culture, N.Delhi, 1965
12 प्रियव्रत शर्मा, द्रव्यगुण विज्ञान, पृष्ठ 784, 492, 583, चौखम्भा भारती अकादमी, वाराणसी 2003
13 ཡོན་ཏན་རྒྱ་མཚོ།《ཚབ་ཡིག་ཕྱོགས་བསྡུས་དཔྱད་བསྒྲིགས་མ།》གླེང་བརྗོད། ཤོག xiii བོད་ཀྱི་དཔེ་མཛོད་ཁང་། རྡ་ས། ༢༠༠༨
14 ཡོན་ཏན་རྒྱ་མཚོ།《ཚབ་ཡིག་ཕྱོགས་བསྡུས་དཔྱད་བསྒྲིགས་མ།》 ཤོག༧༥ བོད་ཀྱི་དཔེ་མཛོད་ཁང་། རྡ་ས། ༢༠༠༨
15 དེའུ་དམར་བསྟན་འཛིན་ཕུན་ཚོགས།《ཚབ་ཡིག་ཡོངས་ཀྱི་བཅུད་བསྡུས་སྨན་དབུལ་སེལ་བའི་ནོར་བུ།》 ཤོག༨༧༢ དེའུ་དམར་གསོ་རིག་གཅེས་བཏུས། སྨད་ཆ། བོད་ཀྱི་གསོ་བ་རིག་པའི་གནའ་དཔེ་ཕྱོགས་བསྒྲིགས་དཔེ་ཚོགས། དེབ།044 མི་རིགས་དཔེ་སྐྲུན་ཁང་། ༢༠༠༧
16 T. Pullaiah, Encyclopaedia of World Medicinal Plants, Vol-3, pp.1341, Regency Publications, New Delhi, 2006
17 CCRAS, Database of Medicinal Plants used in Ayurveda & Siddha, Vol.1, pp.282, Deptt. of Ayush, New Delhi, 2008
18 དགའ་བའི་རྡོ་རྗེ།《འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་།》 ཤོག༡༣༦ མི་རིགས་དཔེ་སྐྲུན་ཁང་། ༢༠༠༢
19 སྨན་རམས་པ་ཟླ་བ།《བོད་ཀྱི་གསོ་བ་རིག་པའི་སྨན་རྫས་དཔེ་རིས་གསལ་བའི་མེ་ལོང་བློ་གསར་དགྱེས་པའི་ཉིན་བྱེད།》 དེབ་དང་པོ། ཤོག༡༡༦ བོད་གཞུང་སྨན་རྩིས་ཁང་། ༡༩༩༤
20 རྫོགས་ཆེན་མཁན་ཆེན་གཞན་དགའི་གསུང་འབུམ།《གཞུང་ཆེན་བཅུ་གསུམ་གྱི་མཆན་འགྲེལ།》 ཤོག༢༤༣ སྔ་འགྱུར་༸རྒྱལ་བ་རྫོགས་ཆེན་པའི་དཔེ་ཚོགས། དེབ་བཅུ་པ། སི་ཁྲོན་དཔེ་སྐྲུན་ཚོགས་པ་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༦
21 གཡུ་ཐོག་ཡོན་ཏན་མགོན་པོ། 《གྲྭ་ཐང་རྒྱུད་བཞི།》 མན་རྒྱུད་ལེའུ།༦༤ ཤོག༣༨༢ བོད་ཀྱི་གསོ་རིག་པའི་གནའ་དཔེ་ཕྱོགས་བསྒྲིགས་དཔེ་ཚོགས། དེབ།020 མི་རིགས་དཔེ་སྐྲུན་ཁང་། ༢༠༠༥
22 བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་།《བོད་ལུགས་གསོ་རིག་ཚིག་མཛོད་ཆེན་མོ།》 ཤོག༩༠༧ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧
23 བསེ་མཁར་ཀུན་དགའ་ཚེ་རིང་།《སྨན་མིང་གི་མཛོད། A Dictionary of Tibetan Medicine》 ཤོག༢༣༦ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༧
24 ཨརྱ་པ་སངས་ཡོན་ཏན།《བོད་ཀྱི་སྨན་རྫས་རིག་པའི་ཚིག་མཛོད་གཡུ་ཐོག་སྔོ་འབུམ་དགོངས་རྒྱན།》ཤོག༢༡༩LGWPF, Italy 1994
25 ཚེ་རིང་ནོར་བུ། 《སྨན་མིང་ཚིག་མཛོད་བློ་གསར་སྒོ་འབྱེད་ལྡེ་མིག》 ཤོག༢༢༡ རྡ་ས། བོད་གཞུང་སྨན་རྩིས་ཁང་། ༡༩༩༨
26 སོག་པོ་ལུང་རིགས་བསྟན་དར། 《རྒྱུད་བཞིའི་བརྡ་བཀྲོལ་རྣམ་རྒྱལ་ཨ་རུ་རའི་ཕྲེང་བའི་མཛེས་རྒྱན།》 ཤོག༢༨༦ མི་རིགས་དཔེ་སྐྲུན་ཁང་། ༡༩༨༦
27 ཕ་ཁོལ། རྡོ་རྗེ་རྒྱལ་པོས་བསྒྲིགས། 《གསོ་བ་རིག་པའི་རྩ་འགྲེལ་བདམ་བསྒྲིགས།》 དེབ་དང་པོ། ཤོག༢༡༤ བསྟན་འགྱུར་ནང་གི་གསོ་བ་རིག་པའི་སྐོར་གྱི་དཔེ་ཚོགས། མི་རིགས་དཔེ་སྐྲུན་ཁང་། ༡༩༩༨
28 ཟླ་བ་མངོན་དགའ། སྨན་མིང་སྒྲ་སྦྱོར་ངེས་པ། 《སྦྱོར་བ་བརྒྱ་པ་དང་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་སོགས།》 ཤོག༥༡ བོད་ཀྱི་གསོ་བ་རིག་པའི་གནའ་དཔེ་ཕྱོགས་བསྒྲིགས་དཔེ་ཚོགས། དེབ།028 མི་རིགས་དཔེ་སྐྲུན་ཁང་། ༢༠༠༦
29 Yeshi Choden Lama, Suresh K. Ghimire&YidisAumeeruddy Thomas, Medicinal Plants of Dolpo; Amchis' knowledge and Conservation, People and Plants Initiative, WWF, Nepal, 2001.
30 ITMS, Pharmaceutical & Research Unit, Monograph on Medicinal Plants of Bhutan, Vol-1 pp73, Thimphu, Bhutan, 2009
31 བསྟན་འཛིན་གྲགས་པ།《བོད་ལུགས་སྨན་རྫས་ཀྱི་དཔར་རིས་དང་ལག་ལེན་ངོ་སྤྲོད།》 ཤོག༢༤༠ བྱང་པ་དཔར་སྐྲུན་ཁང་། ༢༠༠༣
མཐའ་མའི་འདོན་ཐེངས་།: 02.02.2015 ཉིན། 12:13 PM
<< སྔ་མ།