སྨན་རྩིས་དྲ་བ། - བོད་ཀྱི་སྨན་སྦྱོར་རིག་པ།

གསོ་རིག་སྨན་སྦྱོར་ངོ་སྤྲོད་མདོ་ཙམ་བཤད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 11.02.2011
བོད་ཀྱི་སྨན་སྦྱོར་རིག་པ། >>


བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་སུ་སྨན་སྦྱོར་གྱི་རིག་པའི་འགྲོ་ལུགས་ཚུལ་ཇི་འདྲ་ཡིན་མིན་སྐོར་གྱི་ངོ་སྤྲོད།

གསོ་རིག་ཀུན་འདུས་ལས།

སྦྱོར་བ་སྨན།
སྦྱོར་བ་སྨན་ཞེས་པ་རོ་ནུས་ཞུ་རྗེས་ལ་སོགས་པ་བསྡེབས་ནས་སྦྱོར་བ་བྱས་ཏེ་ནད་ཀྱི་རིགས་མཐའ་དག་སེལ་བར་བྱེད་པས་ན་སྦྱོར་བ་སྨན་ཞེས་སྨོས་པ་ཡིན་ལ། དེ་ཡང་ནད་ཀྱི་ངོ་བོ་ལུས་དང་སྲོག་ལ་གནོད་ཅིང་གདུང་བར་བྱེད་པ་དེ་ཉིད་གསོ་བར་བྱེད་པའི་གཉེན་པོ་ལ་ཟས་སྤྱོད་སྨན་དཔྱད་བཞི་ཡོད་པ་ལས། །འདིར་སྦྱོར་བ་སྨན་གྱི་གནས་བསྟན་པར་སྨན་གྱི་རོ་དང། ཞུ་རྗེས། ནུས་པ། སྦྱར་ཐབས་བཅས་རྣམ་པ་བཞིའི་སྒོ་ནས་བསྟན་ཡོད།
སྨན་གྱི་རོ།
སྨན་གྱི་རོ་བཤད་པ་ལའང་རོ་དེ་གང་ལ་བརྟེན་ནས་སྐྱེད་པར་བྱེད་པའི་གཞི་བསྟན་པ་དང། རོ་རང་ལའང་བྱེ་བྲག་ཏུ་དབྱེ་བ་བསྟན་པ། རོའི་ངོ་བོ་ངོས་བཟུང་བ། རོ་དེ་དག་སོ་སོའི་སྡེ་ཚན་བསྟན་པ། རོ་སོ་སོའི་ལས་བསྟན་པ་བཅས་རྣམ་པ་ལྔ་ཡོད།
རོའི་རྟེན།
མངར་བ་ལ་སོགས་པའི་རོ་རྣམས་ཀྱི་རྟེན་དུ་གྱུར་པའི་སྨན་ཀུན་ཀྱང་ས་ལ་སོགས་པའི་འབྱུང་བ་ཆེན་པོ་ལྔ་ཆར་འདུས་པ་ལས་ཡིན་ཏེ། དེ་ཡང་ཇི་ལྟར་ཞེ་ན། སྨན་ཚང་མ་རང་རང་གི་རྒྱུའམ་ས་བོན་ཉིད་ས་ཡིས་གཞི་རྟེན་ནས་ཆགས་པར་གྱུར་པ་ལ་ཆུས་བརླན་པར་བྱེད་ཅིང། མེ་ཡིས་དྲོད་སྐྱེད་པ་དང་རླུང་གིས་གཡོ་ཞིང་བསྐྱོད་པར་བྱས་པས་ཆེས་ཆེར་འཕེལ་བར་བྱེད་ཅིང། ནམ་མཁས་ཆེར་སྐྱེ་བའི་གོ་སྐབས་ཕྱེ་ཞིང། དེ་ཡང་སྨན་ཀུན་ཀྱང་རྐྱེན་དེ་ལྟ་བུས་བསྐྱེད་པར་འགྱུར་བའི་ཚུལ་མཚུངས་ཀྱང་ས་བོན་ཉིད་ཀྱི་རང་བཞིན་དང་འབྱུང་བ་ཕན་ཚུན་ཤས་ཆེ་ཆུང་གི་དབང་གིས་རོ་གཅིག་ཁོ་ནར་ངེས་པ་ནི་མ་ཡིན་ནོ། །
རོ་དྲུག་གི་རྟེན་དུ་གྱུར་པའི་སྨན་ཀུན་ཀྱང་འབྱུང་བ་ཆེན་པོ་ལྔ་ཚོགས་པ་ལས་འབྱུང་བ་ཡིན་ཀྱང་འབྱུང་བ་ཆེན་པོ་ཕན་ཚུན་གཅིག་ཏུ་འདུས་པའི་ཚེ་ཤས་ཆེ་ཆུང་གི་དབང་གིས་རོ་གཅིག་ཏུ་མ་ངེས་པ་དེ་ཡང་ས་དང་ཆུ་ཤས་ཆེ་བ་ལས་རོ་མངར་བ་དང་།མེ་དང་ས་ཤས་ཆེ་བ་ལས་རོ་སྐྱུར་བ། ཆུ་དང་མེ་ཤས་ཆེ་བ་ལས་རོ་ལན་ཚྭ་བ་དང་། ཆུ་རླུང་ཤས་ཆེ་བ་ལས་རོ་ཁ་བ། མེ་དང་རླུང་ཤས་ཆེ་བ་ལས་རོ་ཚ་བ། ས་དང་རླུང་ཤས་ཆེ་བ་ལས་རོ་བསྐ་བ་བཅས་འབྱུང་བ་གཉིས་གཉིས་ཤས་ཆེ་བའི་དབང་གིས་རོ་དྲུག་པོ་དེ་དག་སོ་སོར་སྐྱེད་པར་བྱེད་པ་ཡིན་ནོ།།
འབྱུང་བ་ལྔ་ལས་རེ་རེ་ཤས་ཆེ་བའི་བདག་ཉིད་ཅན་གྱི་སྨན་དེ་དག་ཀུན་ཀྱང་ཡོན་ཏན་དང་ལས་གཉིས་ཀྱི་སྒོ་ནས་སྟོན་ཅིང་། དེ་ཡང་སའི་རང་བཞིན་ཤས་ཆེ་བའི་སྨན་རྣམས་ཀྱི་ཡོན་ཏན་ནི་ལྕི་བརྟན་རྟུལ་འཇམ་སྣུམ་ལ་སྐམ་པ་དང་ལྡན་པ་ཡིན་ལ། ལས་ནི་ཡན་ལག་ལ་སོགས་པ་བརྟན་ཞིང་མཁྲང་ལ་ལུས་བརྟས་པ་དང་མི་འཐོར་བ་ཕྱོགས་གཅིག་ཏུ་སྡུད་པར་བྱེད་ཅིང་། གཙོ་བོར་རླུང་གི་ནད་སེལ་བ་དང་། ཆུའི་རང་བཞིན་ཤས་ཆེ་བའི་སྨན་རྣམས་ཀྱི་ཡོན་ཏན་ནི་སླ་བསིལ་ལྕི་རྟུལ་སྣུམ་འཇམ་མཉེན་པ་དང་ལྡན་པ་ཡིན་ལ། ལས་ནི་ཁོང་པ་ལ་སོགས་པ་བརླན་ཅིང་གཤེར་བ་དང། ལུས་འཇམ་ལ་ཕྱོགས་གཅིག་ཏུ་སྡུད་པར་བྱེད་ཅིང་གཙོ་བོར་མཁྲིས་པའི་ནད་སེལ་བ། མེའི་རང་བཞིན་ཤས་ཆེ་བའི་སྨན་རྣམས་ཀྱི་ཡོན་ཏན་ནི་ཚ་རྣོ་སྐམ་རྩུབ་ཡང་སྣུམ་གཡོ་བ་དང་ལྡན་པ་ཡིན་ལ། ལས་ནི་ལུས་ཀྱི་དྲོད་སྐྱེད་པ་དང་ཁ་ཟས་དང་ལུས་ཟུངས་ལ་སོགས་པ་སྨིན་ཅིང་མདོག་གསལ་བར་བྱེད་ལ། གཙོ་བོར་བད་ཀན་གྱི་ནད་སེལ་བ། རླུང་གི་རང་བཞིན་ཤས་ཆེ་བའི་སྨན་རྣམས་ཀྱི་ཡོན་ཏན་ནི་ཡང་གཡོ་གྲང་རྩུབ་སྐྱ་ལ་སྐམ་པ་དང་ལྡན་པ་ཡིན་ལ། ལས་ནི་ལུས་སྲ་ཞིང་བསྒུལ་བསྐྱོད་དང་དྭངས་མ་ལ་སོགས་པ་ལུས་ལ་ཁྱབ་པར་བྱེད་ཅིང། གཙོ་བོར་བད་མཁྲིས་ལྡན་པའི་ནད་སེལ་བ་ཡིན། ནམ་མཁའ་ནི་འབྱུང་བ་གཞན་བཞི་གས་བསྐྱེད་པའི་སྨན་ཀུན་ལ་སྤྱིར་རིས་སུ་མ་ཆད་པར་ཁྱབ་པ་ཡིན་ཀྱང་དེ་ཉིད་ནམ་མཁའི་རང་བཞིན་ཤས་ཆེ་བའི་སྨན་ཡང་མང་དུ་སྲིད་པས་ན་དེའི་ཡོན་ཏན་ནི་ཁོང་སྟོང་པ་དང་ལྡན་པ་ཡིན་ལ། ལས་ནི་ཡངས་པའི་གོ་སྐབས་འབྱེད་པར་བྱེད་ཅིང། ཉེས་པ་གསུམ་ག་འདུས་པ་ལས་བྱུང་བའི་ནད་སེལ་བ་ཡིན་ནོ།།
མངར་བ་ལ་སོགས་པའི་རོ་དང་ལྡན་པའི་སྨན་ཀུན་ཀྱང་འབྱུང་བ་འདུས་པ་ལས་སྐྱེ་ཞིང་། འབྱུང་བ་སོ་སོ་བ་རྣམས་ཀྱང་ལྕི་བ་སོགས་ཀྱི་ཡོན་ཏན་དང་ལྡན་པས་མཁྲང་བ་ལ་སོགས་པའི་བྱེད་ལས་ཅན་ཁོ་ན་ཡིན་པ་དེ་བས་ན་སྨན་དངོས་ཡིན་པ་རྣམས་དང་དངོས་མིན་པའི་བཙན་དུག་ལ་སོགས་པ་རྣམས་ཀྱང་གཉེན་པོ་དང་བཅས་ཏེ་ཕན་ཚུན་སྦྱར་བའི་དབང་དུ་གྱུར་པ་ལས་ཀྱང་སྨན་དུ་འགྱུར་བ་དེའི་ཕྱིར་ས་སྟེང་འདི་ན་སྨན་མ་ཡིན་པའི་དངོས་པོ་ཅི་ཡང་ཡོད་པ་མ་ཡིན་ཏེ། དུག་ཀུན་ཀྱང་སྨན་དུ་བསྒྱུར་ནུས་ན་གཞན་རྣམས་སྨོས་ཅི་དགོས། དེ་ལྟ་བས་ན་ལུས་ཀྱི་སྟོད་ནད་སེལ་ཞིང་གྱེན་དུ་སྐྱུགས་འདྲེན་པར་བྱེད་པའི་སྨན་རྣམས་ནི་འཐུ་དུས་ལ་སོགས་པའི་དབང་གིས་མེ་དང་རླུང་གི་ཡོན་ཏན་དང་ལྡན་པ་ཡིན་ཏེ། དེ་གཉིས་ཀའང་གྱེན་དུ་འགྲོ་བའི་རང་བཞིན་དུ་དངོས་པོའི་སྟོབས་ཀྱིས་གྲུབ་པ་ཡིན་ལ། དེ་བཞིན་དུ་ཐུར་ཕྱོགས་སུ་གཞོལ་ཞིང་འགྲོ་བ་ནི་ས་དང་ཆུའི་རང་བཞིན་ལས་བྱུང་བ་དེའི་ཕྱིར་སྨན་གྱིས་ནད་སེལ་ཞིང་ཉེས་པ་བཀྲུ་བའི་སྨན་ཨ་རུ་ར་མཆུ་རིང་གི་མཆུ་ལ་སོགས་པ་ཕལ་ཆེར་ནི་རོ་དྲུག་གི་དང་པོ་མངར་བའི་རོ་ལས་འབྱུང་བ་ཡིན་ནོ།།
རོའི་དབྱེ་བ།
སྨན་གྱི་རོ་ལ་དབྱེ་ན་མངར་བ་དང། སྐྱུར་བ། ལན་ཚ་བ། ཁ་བ། ཚ་བ། བསྐ་བ་སྟེ་དྲུག་ཡོད་ལ། དེ་ལས་འཕྲོས་ནས་རོ་སྦྱོར་ལྔ་བཅུ་རྩ་བདུན་སོགས་མང་དུ་འབྱུང་ཞིང། སྨན་གྱི་རྣམ་པ་གྲངས་མེད་པ་འབྱུང་བ་ལྔས་བསྐྱེད་པར་མཐུན་ནའང་འབྱུང་བ་རྣམས་ཤས་ཆེ་ཆུང་གི་དབང་ལས་རོ་མི་འདྲ་བ་དྲུག་ཏུ་འགྱུར་ལ་རོ་ཀུན་ཀྱང་རོ་དྲུག་པོ་འདིར་འདུ་བས་དེ་ལས་མང་མི་དགོས་ཤིང་ཉུང་ན་མི་འདུ་བའི་ཕྱིར་གྲངས་ངེས་ཀྱང་གྲུབ་ལ། །དེ་བཞིན་དུ་རྒྱུའི་ཡོན་ཏན་གྱི་དབང་གིས་དེ་རྣམས་ཀྱང་གོ་རིམ་བཞིན་དུ་གཙོ་བོར་རོ་མངར་བས་ལུས་འཚོ་བར་བྱེད་ཅིང་སྟོབས་ཆེ་བ་ཡིན་ལ། སྐྱུར་བས་ཀྱང་དེའི་འོག་ནས་ལུས་འཚོ་ཞིང་སྟོབས་སྐྱེད། ལན་ཚས་དེའི་འོག་ནས་ལུས་འཚོ་ཞིང་སྟོབས་སྐྱེད། ཁ་བས་ཀྱང་དེའི་འོག་ནས་སྟོབས་ཅུང་ཟད་སྐྱེད་ཅིང་འཚོ་བར་བྱེད། དེའི་འོག་ནས་ཚ་བས་ཀྱང་ལུས་འཚོ་ཞིང་སྟོབས་ཅུང་ཟད་སྐྱེད། དེའི་འོག་ནས་བསྐ་བས་ཀྱང་ལུས་འཚོ་བ་དང་སྟོབས་ཅུང་ཟད་སྐྱེད་པ་ནི་གོ་རིམ་བཞིན་དུ་བསྐ་བ་ལས་ཚ་བ་འཚོ་བྱེད་ཀྱི་སྟོབས་ཆེ། ཚ་བ་ལས་ཀྱང་ཁ་བ་སྟོབས་ཆེ། ཁ་བ་ལས་ཀྱང་ལན་ཚ་སྟོབས་ཆེ། ལན་ཚ་ལས་ཀྱང་སྐྱུར་བ་སྟོབས་ཆེ། སྐྱུར་བ་ལས་ཀྱང་མངར་བ་སྟོབས་ཆེ་བ་ཡིན།

རོའི་ངོ་བོ།
འབྱུང་བ་ལྔའི་བདག་ཉིད་ཅན་གྱི་རྫས་རག་པ་སྨན་ཞེས་གྲགས་པ་རྣམས་ལ་བརྟེན་ཅིང་གནས་པའི་རོའི་ངོ་བོ་ནི་གང་ཡིན་ཟེར་ན། ལྕེའི་དབང་ཤེས་དང་ཕྲད་པའི་ཚེ་དེའི་བྲོ་བ་གསལ་བར་འགྱུར་བས་ན་རོ་ཞེས་བྱ་སྟེ། དེ་ལ་ཡང་བྱེ་བྲག་ཏུ་ཕྱེ་ན་རྣམ་པ་དྲུག་ལས། མངར་བའི་རོ་དེ་ལྕེ་དང་ཕྲད་ཅིང་མྱངས་པའི་ཚེ་ན་ཁ་ལ་ཡུན་རིང་དུ་ཆགས་ཤིང་ཞིམ་པས་སླར་ཡང་སྲེད་པ་སྐྱེད་པར་བྱེད་པ་དེ་ཉིད་ཡིན་ཞིང། སྐྱུར་བའི་རོ་ནི་ཁ་ལ་ཟོས་པའི་ཚེ་སོ་བརྩེ་ཞིང་བཞིན་གྱི་ཆ་ཤས་ཕལ་ཆེར་སྡུད་པ་དང་ཁ་ཆུ་འཛག་པར་བྱེད་པ་དང། ལན་ཚྭའི་རོ་ནི་ལྕེ་དང་རེག་པས་ཚ་ཞིང་མཆིལ་མ་འདུ་བར་བྱེད་པ། ཁ་བའི་རོ་ནི་གང་དག་ཁའི་དྲི་མ་རྣམས་སྦྱོང་ཞིང་ཡི་ག་ལྡོག་པར་བྱེད་པ། ཚ་བའི་རོ་ནི་ཟོས་མ་ཐག་ཏུ་ཁ་ལྕེ་བསྲེག་ཅིང་མིག་ཆུ་སོགས་འཛག་པར་བྱེད་པ། །བསྐ་བའི་རོ་ནི་ཟོས་པས་ལྕེ་དང་རྐན་ལ་ཡུན་རིང་དུ་ཆགས་ཤིང་སྔར་བས་རྩུབ་སྙམ་བྱེད་པ་གང་ཡིན་པ་རྣམས་སོ།།
རོའི་སྡེ་ཚན།
མངར་བ་ལ་སོགས་པ་རྐྱང་པའི་རོ་དྲུག་སོ་སོར་བསྟན་པའི་སྨན་རྣམས་ཀྱི་སྡེ་ཚན་བསྟན་པ་ནི། ཤིང་མངར་དང། རྒུན་འབྲུམ། གུར་གུམ། ཅུ་གང། དོང་ག ར་མཉེ། ཉེ་ཤིང། ལྕ་བ། ཀ་ར། བུ་རམ། སྦྲང་རྩི། ཤ། མར་ལ་སོགས་པ་རྣམས་དང། གཞན་ཡང་རོ་དེ་དང་དེ་འདྲ་བ་ཇི་སྙེད་ཅིག་ཡོད་པ་ཀུན་ཀྱང་རོ་མངར་བའི་སྨན་གྱི་སྡེ་ཚན་ཡིན་པ་དང། སེ་འབྲུ་དང། སྟར་བུ། བསེ་ཡབ། སྐྱུ་རུ་ར། རྒྱ་ཤུག་གི་ཚི་གུ། ད་ཏྲིག ཞོ། དར་བ། ཆང་དང་ཞོ་སྐྱུར་སོགས་རྩབས་རིགས་རྣམས་དང་། གཞན་ཡང་དེ་དང་དེ་འདྲ་བ་ལ་སོགས་པ་ཀུན་རོ་སྐྱུར་བའི་སྨན་གྱི་སྡེ་ཚན་ཡིན་ནོ། །རྒྱམ་ཚྭ་དང་། རྒྱ་ཚྭ། ལྕེ་མྱང་ཚྭ། རྭ་ཚ། ཁ་རུ་ཚྭ། རྩབས་རུ་ཚྭ། ཟེ་ཚྭ། ཝ་ཚྭ། མཛེ་ཚྭ། ཐལ་ཚྭ། ཤིང་ཚྭ། ཡ་བཀྵ་ར། བུལ་ཏོག་རྣམས་དང་། གཞན་ཡང་དེ་དང་དེ་འདྲ་བ་ལ་སོགས་པ་ཀུན་ཀྱང་རོ་ལན་ཚྭ་བའི་སྨན་གྱི་སྡེ་ཚན་ཡིན་ནོ། །ནིམ་པ་དང་། ཏིག་ཏ། བོང་ང་དཀར་པོ། ཧོང་ལེན། གསེར་གྱི་མེ་ཏོག དུག་མོ་ཉུང་། གླ་རྩི། མཁྲིས་པའི་རིགས་ཀུན། སྐྱེར་པ། བ་ཤ་ཀ བྲག་ཞུན། ཀྱི་ལྕེ། རེ་སྐོན་རྩི་དམར་རྣམས་དང་། གཞན་ཡང་དེ་དང་དེ་འདྲ་བ་ལ་སོགས་པ་ཀུན་ཀྱང་རོ་ཁ་བའི་སྨན་གྱི་སྡེ་ཚན་ཡིན་ནོ། །ན་ལེ་ཤམ་དང་། བཅའ་སྒ། པི་པི་ལིང་། སྒེ་གཤེར། ཤིང་ཀུན། སྲུབ་ཀ ལྕེ་ཚ། དྭ་བ། བཙོང་། སྒོག་སྐྱ་རྣམས་དང་། གཞན་ཡང་དེ་དང་དེ་འདྲ་བ་ལ་སོགས་པ་ཀུན་ཀྱང་རོ་ཚ་བའི་སྨན་གྱི་སྡེ་ཚན་ཡིན་ནོ། །ཙན་དན་དཀར་དམར་དང་། ཨ་རུ་ར། བ་རུ་ར། ཨུཏྤལ་སྔོན་པོ། ལི་ག་དུར། སྨག མོན་ཆ་ར། འོམ་བུ་རྣམས་དང་། གཞན་ཡང་དེ་དང་དེ་འདྲ་བ་ལ་སོགས་པ་ཀུན་ཀྱང་རོ་བསྐ་བའི་སྨན་གྱི་སྡེ་ཚན་ཡིན་ནོ། ལྡན་པའི་རོའི་སྡེ་ཚན་བསྟན་པ་ནི། ཁ་བའི་ཁ་བ་ཚ་བ་བསྐ་བ་སྟེ་རོ་བཞི་དང་ལྡན་པའི་ག་བུར་དང་། སྐྱུར་བའི་མངར་བ་བསྐ་བ་གསུམ་དང་ལྡན་པའི་ཆུ་མ་རྩི། མངར་སྐྱུར་ཁ་བ་གསུམ་དང་ལྡན་པའི་ཆང་ལ་སོགས་པའི་སྨན་རོ་གཉིས་ནས་དྲུག་གི་བར་དུ་ལྡན་པའམ་དེ་ལས་ཀྱང་ཤིན་ཏུ་མང་བར་ལྡན་པའི་རོ་རྣམས་ནི་རྐྱང་པའི་རོ་དེ་རྣམས་ལས་རིགས་བསྒྲེས་ཏེ་ཞིབ་ཏུ་དཔྱད་པས་རྟོགས་ནུས་པ་ཡིན་ནོ།།
རོའི་ལས།
རོའི་ལས་ལའང་སྤྱི་དང་བྱེ་བྲག་གཉིས་ལས། སྤྱིའི་ལས་ནི་རོ་མངར་བ་དང་། སྐྱུར་བ། ལན་ཚྭ་བ། ཚ་བ་བཞིས་རླུང་འཇོམས་ཤིང་། དེ་བཞིན་དུ་རོ་ཁ་བ་དང་། མངར་བ། བསྐ་བ་གསུམ་གྱིས་མཁྲིས་པ་སེལ་བར་བྱེད་ལ། རོ་ཚ་བ་དང་། སྐྱུར་བ། ལན་ཚྭ་གསུམ་གྱིས་བད་ཀན་སེལ་བར་བྱེད་པ་ཡིན་ནོ།།
བྱེ་བྲག་རོ་སོ་སོའི་བྱེད་ལས་ནི་མངར་བས་ལུས་ཁམས་ལ་ལྷག་པར་དུ་འཕྲོད་ཅིང་ལུས་ཟུངས་དང་སྟོབས་སྐྱེད་པར་བྱེད་པ་དང་། ལོ་རྒས་པ་དང་། བྱིས་པ། ཤ་སྐེམ་པོ། གྲེ་བ་འགགས་པ། གློ་རྡོལ་གྱི་ནད་བཅས་ལ་ཕན་ཞིང་། ལུས་བརྟས་པར་བྱེད་པ་དང་། རྨ་འབྱོར་ཞིང་མྱུར་དུ་འཚོ་བར་བྱེད་པ། ལུས་ཁམས་ཀྱི་མདངས་བཀྲག་ཅིང་དབང་པོ་རྣམས་གསལ་བར་བྱེད་པ། དེ་བཞིན་དུ་ཚེ་རིང་ཞིང་ལུས་ཁམས་འཚོ་བར་བྱེད་པ། དུག་ལས་གྱུར་པའི་ནད་དང་ རླུང་དང་མཁྲིས་པ་སེལ་བར་བྱེད་པ་ཞིག་ཡིན་ཀྱང་། མངར་བ་དེ་ཉིད་ཧ་ཅང་བསྟེན་དྲགས་པར་གྱུར་ན་བད་ཀན་དང་ཚིལ་བུ་སྐྱེད་ཅིང་མེ་དྲོད་འབྲི་བ་དང་། ལུས་ཀྱི་ཤ་ཚད་ལས་ལྷག་པའི་སྦོམ་པོར་བྱེད་པ། གཅིན་ནད་དང། ལྦ་བ། རྨེན་བུ་ལ་སོགས་པའི་ནད་སྐྱེད་པར་བྱེད་པ་ཡིན་ནོ། །
རོ་སྐྱུར་བས་ནི་ལུས་ཀྱི་དྲོད་སྐྱེད་ཅིང་ཡི་ག་འབྱེད་པ་དང་། ཡིད་ཚིམ་པར་བྱེད་པ། ཁ་ཟས་འདྲུལ་ཞིང་སླ་བར་བྱེད་པ། བད་ཀན་ལ་སོགས་པ་གཅོད་པར་བྱེད་པ། ཟས་འཇུ་བར་བྱེད་ཅིང་སྨིན་པར་བྱེད་པ། ལུས་ལ་བསྐུས་ན་རེག་བྱ་བསིལ་བར་བྱེད་པ། རླུང་འགགས་ནས་འཁྱིལ་བ་རྣམས་བདེ་བར་རྒྱུ་བ་སོགས་བྱེད་ལ། དེ་ཉིད་ཧ་ཅང་བསྟེན་དྲགས་པར་གྱུར་ན་ཁྲག་དང་མཁྲིས་པ་སྐྱེད་ཅིང་ལུས་ངལ་བར་འགྱུར་བ་དང་། མིག་རབ་རིབ་བྱེད་པ། མགོ་ཡུ་འཁོར་བ། སྐྱ་རྦབ་དང་འོར་གྱི་ནད། མེ་དབལ་གྱི་ནད། གཡན་པའི་ནད། ཁྲག་མཁྲིས་ལས་གྱུར་པའི་འབྲུམ་ཐོར་འབྱུང་བ། སྐོམ་ནད། རིམས་ཀྱི་ནད་བཅས་སྐྱེད་པར་བྱེད་དོ།།
་ལན་ཚྭ་བས་ནི་ལུས་སྲ་བར་རེངས་ཤིང་། བཤང་བ་དང་རླུང་འཁྱིལ་བ། རྩ་སྦུབས་འགགས་པ་རྣམས་ཕྱིར་འབྱིན་པ། ལན་ཚྭ་དེ་ཉིད་བསྲོས་པའི་དུགས་ཀྱིས་རྔུལ་འབྱིན་པ། མེ་དྲོད་སྐྱེད་ཅིང་ཡི་ག་འབྱེད་པར་བྱེད་པ་དང་། དེ་ཡང་ཧ་ཅང་བསྟེན་དྲགས་པར་གྱུར་ན་སྐྲ་དང་བ་སྤུ་འབྱི་འགྲོ་ཞིང་སྐྲ་དཀར་དང་གཉེར་མ་མང་དུ་འཕེལ་བ། ལུས་ཀྱི་ཟུངས་སྟོབས་རྣམས་འབྲི་ཞིང་། སྐོམ་དད་དང་། མཛེ། མེ་དབལ། ཁྲག་དང་མཁྲིས་པའི་ནད་ལ་སོགས་པ་སྐྱེད་པར་བྱེད་དོ།།
རོ་ཁ་བས་ནི་ཡི་ག་འཆུས་པ་དང། སྲིན་བུའི་ནད། སྐོམ་དད། དུག་ནད། མཛེ་ནད། དྲན་མེད་དུ་བརྒྱལ་བ། རིམས་ནད། སྐྱུག་པའི་ནད། མཁྲིས་ནད་རྣམས་འཇོམས་པར་བྱེད་ཅིང་། ཧ་ཅང་ཚོ་ཆེས་པས་ལུས་འདྲུལ་བའི་རྣམ་པ་དང། ཚིལ་དང་ ཞག རྐང་མར། བཤང་གཅི་ལ་སོགས་པ་སྐེམ་པར་བྱེད་པ། ལས་དང་བྱ་བ་གང་ལའང་རྗེས་སུ་འཇུག་ནུས་པའི་བློ་དང་ལྡན་པར་བྱེད་པ། བུད་མེད་ཀྱི་ནུ་མའི་ནད། སྐད་འགགས་པ་སོགས་སེལ་བ་དང་། དེ་ཉིད་ཧ་ཅང་བསྟེན་དྲགས་པར་གྱུར་ན་ལུས་ཟུངས་འཛད་ཅིང་རླུང་དང་བད་ཀན་སོགས་སྐྱེད་པར་བྱེད་དོ།།
རོ་ཚ་བས་ནི་ལྐོག་མའི་ནད་དང་། གག་པའི་ནད། མཛེ་ནད། འོར་ནད་ལ་སོགས་པ་སེལ་ཞིང་ལྷན་སྐྱེས་དང་གློ་བུར་གྱི་རྨའི་རིགས་རྣམས་འཇིག་པར་བྱེད་པ་དང་། ཕོ་བའི་མེ་དྲོད་ལ་སོགས་པ་ལུས་ཀྱི་དྲོད་སྐྱེད་ཅིང་ཁ་ཟས་འཇུ་བར་བྱེད་པ། ཡི་ག་འབྱེད་པ། ཚིལ་དང་འདྲུལ་བག་སྐེམ་པ། ཐུར་དུ་སྦྱོང་ཞིང་རྩ་སྦུབས་འབྱེད་པར་བྱེད་པ་ཡིན་ལ། དེ་ཡང་ཧ་ཅང་བསྟེན་དྲགས་པར་གྱུར་ན་ཁུ་བ་དང་ལུས་ཀྱི་སྟོབས་ཟད་ནས་ལུས་འཁུམས་ཤིང་འདར་བ་དང་། དྲན་མེད་དུ་བརྒྱལ་བར་བྱེད་ཅིང་རྐེད་པ་དང་རོ་རྒྱབ་ལ་སོགས་པ་ན་བར་བྱེད་དོ།།
རོ་བསྐ་བས་ནི་ཁྲག་མཁྲིས་དང་ཚིལ་བུ་དང་ལུས་འདྲུལ་བག་ཏུ་གྱུར་པ་རྣམས་སྐེམ་པར་བྱེད་ཅིང་། རྨའི་རིགས་རྣམས་འཚོ་ཞིང་ལུས་བསིལ་བ་དང་། པགས་པའི་མདོག་དང་གཟི་མདངས་ལེགས་ཤིང་དྭངས་པར་བྱེད་པ་ཡིན་ལ། དེ་ཉིད་ཧ་ཅང་བསྟེན་དྲགས་པར་གྱུར་ན་ཕོ་བའི་ནང་སུལ་ལ་བད་ཀན་བེ་སྣབས་འཁྱིལ་བ་དང་། བཤང་བ་སྲི་བ། ལྟོ་བ་སྦོ་བ། སྙིང་གི་ནད་རྣམས་སྐྱེད་ཅིང་དྭངས་མ་ལ་སོགས་པ་སྐེམ་པ་དང་། བུ་གའི་ལམ་དང་རྩ་སྒོ་རྣམས་འགེག་པར་བྱེད་པ་ཡིན་ནོ།།
གོང་དུ་བཤད་པ་དེ་རྣམས་ཀྱི་དོན་མདོར་བསྡུས་ན་མངར་བའི་རོ་ཕལ་ཆེར་གྱིས་རླུང་མཁྲིས་གཉིས་སེལ་བར་བྱེད་མོད་ཀྱང་ནས་རྙིང་པ་དང་སྐམ་ས་ལ་གནས་པའི་སྲོག་ཆགས་ཀྱི་ཤ་ལ་སོགས་པ་འགའ་ཞིག་ཙམ་མ་གཏོགས་པ་ཕལ་ཆེར་གྱིས་བད་ཀན་སྐྱེད་པར་བྱེད་པ། ཡིན་ན་ཡང་མངར་བའི་རོ་དང་ལྡན་པ་འབྲོང་གི་ཤ་དང་། ཉ་ཤ། ལུག ཤ། སྦྲང་རྩི་རྣམས་ནི་འབྱུང་བའི་རྟེན་སྟོབས་དང་ངོ་བོའི་ནུས་པས་བད་ཀན་ལ་ལྷག་པར་དུ་ཕན་པ་ཡིན་ལ། དེ་བཞིན་དུ་སྐྱུར་བས་རོའི་དབང་དུ་བྱས་ན་བད་ཀན་དང་རླུང་གཉིས་སེལ་ཞིང་མཁྲིས་པ་སྐྱེད་པར་བྱེད་པ་ཡིན་མོད་ཀྱང་སྐྱུ་རུ་ར་ཡིས་ནི་རྟེན་སྟོབས་ངོ་བོའི་ནུས་པས་ཁྲག་མཁྲིས་དང་ཚ་བའི་ནད་སེལ་ཞིང་། ལན་ཚྭ་ཕལ་ཆེར་གྱིས་རླུང་དང་བད་ཀན་སེལ་བར་བྱེད་ལ་ལྕེ་མྱང་ཚྭ་དང་རྒྱམ་ཚྭ་གཉིས་ཞུ་རྗེས་ཆེས་མངར་བས་རོ་བཞིན་དུ་མི་གནོད་པ་མ་གཏོགས་གཞན་རྣམས་ཀྱིས་མཁྲིས་པ་སྐྱེད་པར་བྱེད་པ་དང་། དེ་གཉིས་ཀྱང་ཧ་ཅང་ཐལ་དྲགས་པར་གྱུར་ན་ནུས་པ་ལྕི་བས་བད་ཀན་སྐྱེད་པར་བྱེད་པ། ཁ་བ་ཕལ་ཆེར་གྱིས་མཁྲིས་པ་སེལ་ཞིང་བད་རླུང་སྐྱེད་པར་བཤད་མོད་ནའང་ངོ་བོའི་ནུས་པ་དྲོ་བ་དང་རྟེན་སྟོབས་ཀྱིས་ཀ་རཛྙ་དང་སླེ་ཏྲེས་གཉིས་ཀྱིས་བད་རླུང་སེལ་བར་བྱེད་པ། ཚ་བས་ནི་རླུང་དང་བད་ཀན་སེལ་བར་བྱེད་ལ། དེའི་ནང་ནས་སྒོག་སྐྱ་དང་པི་པི་ལིང་གཉིས་ཀ་ཞུ་རྗེས་ཆེས་ཁ་བ་དང་། སྒོག་སྐྱ་ངོ་བོའི་ནུས་པ་ཡོད་པ་གཉིས་མ་ཡིན་པ་གཞན་རྣམས་ཀྱིས་མཁྲིས་པ་སྐྱེད་པར་བྱེད་པ། ཚ་བ་དེ་ཡང་ཧ་ཅང་ཐལ་དྲགས་པར་གྱུར་ན་ནུས་པ་ཡང་རྩུབ་དང་ལྡན་པས་རླུང་ཡང་ཅུང་ཟད་སྐྱེད་པར་བྱེད་པ། བསྐ་བས་ནི་མཁྲིས་པ་སེལ་ཞིང་དེའི་ནང་ནས་ཨ་རུ་ར་དང་བ་རུ་ར་གཉིས་ངོ་བོའི་ནུས་པས་མ་གཏོགས་པ་ཕལ་ཆེར་ནི་བད་རླུང་གཉིས་ལ་གནོད་པར་བྱེད་པ་ཡིན་ནོ།།
ཞུ་རྗེས།
ཞུ་རྗེས་ཞེས་པ་རོ་གང་རུང་ཞིག་ཕོ་བའི་མེ་དྲོད་གསུམ་གྱིས་མྱག་བཞུས་དྭངས་སྙིགས་ཕྱེས་པའི་གནས་སྐབས་དེའི་རོ་ཇི་ལྟར་གྱུར་པ་ལས་དེ་དང་ལྷན་ཅིག་འབྱུང་བའི་མཚན་ཉིད་ཀྱི་ལས་བྱེད་པའི་ནུས་པ་སྟོབས་ཆེན་དེ་ལ་བྱ་སྟེ།་སྨན་གྱི་རོ་རྣམས་ཞུ་བར་གྱུར་པའི་རྗེས་ལ་སྨན་གྱི་སྟོབས་ཀྱིས་ལས་བྱེད་པ་དེ་ལ་ཞུ་རྗེས་ཟེར་ཞིང་དེ་ལའང་དུས་དང་རོ་ལས་བཅས་རྣམ་པ་གསུམ་གྱིས་བསྟན་ནོ།།
ཞུ་རྗེས་ཀྱི་དུས། སྨན་ཟོས་པ་རྣམས་ཕོ་བའི་མེ་དྲོད་རྣམ་པ་གསུམ་པོ་དང་ཕྲད་པ་དེའི་ཚེ་ཕོ་བའི་སྟོད་དུ་བད་ཀན་མྱག་བྱེད་ཀྱི་མེ་དྲོད་ཀྱིས་ལེགས་པར་མྱག་པར་བྱེད་ཅིང་། དེ་ནས་ཕོ་བའི་བར་དུ་མཁྲིས་པ་འཇུ་བྱེད་ཀྱི་མེ་དྲོད་ཀྱིས་ལེགས་པར་བཞུ། དེ་ནས་ཕོ་བའི་སྨད་དུ་རླུང་མེ་མཉམ་གྱི་མེ་དྲོད་ཀྱིས་དྭངས་སྙིགས་ལེགས་པར་ཕྱེ་ཞིང་རིམ་པར་ཞུ་བ་དང་རྗེས་ལའང་འདི་ལྟར་འབྱུང་ངོ་།།
ཞུ་རྗེས་ཀྱི་རོ། སྨན་རོ་མངར་བ་དང་ལན་ཚྭ་བའི་རིགས་རྣམས་ཤས་ཆེར་ཟོས་པའི་ཞུ་རྗེས་ཀྱི་རོ་ནི་རང་རང་གི་རྒྱུ་དང་རྗེས་སུ་མཐུན་པའི་གནས་ཀྱི་ཁྱད་པར་གྱིས་ཐོག་མའི་སྐབས་སུ་ཞུ་རྗེས་ཀྱང་མངར་བར་ཞུ་ཞིང་། བར་གྱི་དུས་སུ་སྐྱུར་བའི་རིགས་རྣམས་རོ་དང་མཚུངས་པ་ཞུ་རྗེས་ཀྱང་སྐྱུར་བར་འཇུ་ལ། གནས་སྐབས་ཐ་མར་བབས་པའི་ཚེ་རོ་ཁ་ཚ་བསྐ་གསུམ་ནི་ཞུ་རྗེས་ཀྱང་ཁ་བ་ཉིད་དུ་ཞུ་ཞིང་། རོ་ཚ་བ་འགའ་ཞིག་ནི་ཞུ་རྗེས་ཚ་བར་འབྱུང་བར་ཡང་བཤད་དོ།།
ཞུ་རྗེས་ཀྱི་ལས། ཉེས་པ་གསུམ་པོ་ལས་ཞུ་རྗེས་མངར་བས་ནི་རླུང་མཁྲིས་གཉིས་སེལ་ཞིང་། སྐྱུར་བས་བད་རླུང་གཉིས་སེལ། ཁ་བས་བད་མཁྲིས་གཉིས་ཏེ་ཉེས་པ་གསུམ་པོ་གཉིས་གཉིས་ཞུ་རྗེས་རེ་རེས་སེལ་བར་བྱེད་པ་འདི་ནི་ཞུ་རྗེས་ཀྱི་ལས་བྱེད་པའི་དབང་དུ་བྱས་པ་ཡིན་ནོ།།
སྨན་གྱི་རོའི་ནུས་པ།
རྫས་གང་ཞིག་ཚུལ་ལྡན་དུ་བསྟེན་ན་བདེ་བ་སྐྱེད་པའི་ཕྱིར་སྨན་ཞེས་འབྲས་བུའི་མིང་རྒྱུ་ལ་བཏགས་པ་དེའི་གཞན་ཕྱོགས་འཇོམས་ཤིང་རང་ཕྱོགས་འཕེལ་བྱེད་ཀྱི་དོན་བྱེད་ནུས་པ་ནི་རོ་དྲུག་ལྷན་ཅིག་ཏུ་གནས་པའི་རོའི་ནུས་པ་དང་ངོ་བོའི་ནུས་པ་གཉིས་ལས་རྫས་ཐམས་ཅད་རོ་དྲུག་ལས་མི་འདའ་བས་སྤྱི་ལ་ཁྱབ་ཅིང་། རོ་སྤྱིའི་རང་རྒྱུད་ལ་ཡོད་པའི་འབྱུང་བའི་རང་བཞིན་ལྕི་བ་སོགས་ཕན་གནོད་ནུས་པ་ལ་ནུས་པ་ཞེས་བྱ་ལ། དེ་རྣམས་ཀྱི་ནང་ནས་ཀྱང་རོ་ནུས་ཞུ་རྗེས་ཐམས་ཅད་དུ་ནད་སེལ་བའི་བྱ་བ་མཐར་ཕྱིན་པའི་ངང་ཚུལ་ཁྱད་པར་དུ་ཐོན་པ་དེ་ལ་མཐུ་ཞེས་བྱའོ། །སྨན་རྣམས་ཀྱི་རོའི་དབང་དུ་བྱས་པའི་ནུས་པ་བཤད་པ་དེ་ལ་ཡང་སྤྱིར་རོའི་ནུས་པ་བརྒྱད་བཤད་པ་དང་། སྟོབས་གཉིས་བཤད་པ། ཡོན་ཏན་བཅུ་བདུན་བཅས་རྣམ་པ་གསུམ་གྱི་སྒོ་ནས་བསྟན་ཡོད།
ནུས་པ་བརྒྱད།
སྨན་གྱི་ནུས་པ་ཞེས་བྱ་བ་ནི་ཐམས་ཅད་དུ་ཐོགས་པ་དང་རྡུགས་པ་མེད་པར་འགྲོ་བ་ཡིན་པས་སྨན་གང་ལ་ཡོན་ཏན་གྱི་རིགས་གང་ཅུང་ཟད་ཡོད་པ་དེ་ཐམས་ཅད་ལ་མཐུའམ་ནུས་པ་ཞེས་བྱ་ཞིང་། དེ་ལའང་ལྕི་བ་དང་། སྣུམ་པ།་བསིལ་བ། རྟུལ་བ་བཅས་རྩ་བའི་ནུས་པ་བཞི་དང་། དེ་ལས་གོ་ལྡོག་པ་ཡང་བ་དང་། རྩུབ་པ། ཚ་བ། རྣོ་བ་བཅས་རྣམ་པ་བརྒྱད་ཡོད་པ་ལས། དེའི་ནང་ནས་དང་པོའི་ནུས་པ་ལྕི་སྣུམ་བསིལ་རྟུལ་བཞི་པོས་རིམ་པ་བཞིན་དུ་ལྕི་སྣུམ་གཉིས་ཀྱིས་རླུང་དང་། བསིལ་རྟུལ་གཉིས་ཀྱིས་མཁྲིས་པ་སེལ་བ་ཡོད་ལ། འོག་མ་ཡང་རྩུབ་ཚ་རྣོ་བཞིས་བད་ཀན་སེལ་བར་བྱེད་ཅིང་། དེ་བཞིན་དུ་ཡང་རྩུབ་བསིལ་བའི་ནུས་པ་གསུམ་གྱིས་རླུང་གི་མཚན་ཉིད་དང་ནང་འཕྲད་པས་རླུང་སྐྱེད་པར་བྱེད་ཅིང་། ཚ་རྣོ་སྣུམ་པ་གསུམ་གྱིས་མཁྲིས་པའི་མཚན་ཉིད་དང་ནང་འཕྲད་པས་མཁྲིས་པ་སྐྱེད་པར་བྱེད་ལ། ལྕི་སྣུམ་བསིལ་རྟུལ་བཞི་ཡིས་བད་ཀན་གྱི་མཚན་ཉིད་དང་ནང་འཕྲད་པས་བད་ཀན་སྐྱེད་པར་བྱེད་ཅིང་། འཆད་འགྱུར་གྱི་ཡོན་ཏན་མ་ལུས་པའི་སྙིང་པོ་ལྟ་བུ་ནི་ནུས་པ་བརྒྱད་པོ་འདི་ཉིད་ཡིན་པས་ན། ཕུལ་དུ་བྱུང་བའི་ནུས་པའི་ཁྱད་པར་དང་ལྡན་པས་འདི་ཉིད་ལ་ནུས་པའམ་མཐུ་ཞེས་ཀྱང་བརྗོད་པར་བྱས་པ་ཡིན་ནོ།།
སྟོབས་གཉིས།
སྨན་གྱི་སྟོབས་ཞེས་བྱ་བ་ནི་སྨན་གྱི་རོ་དང་ཞུ་བའི་རྗེས་སོགས་ཀྱི་ནང་ན་ལྕི་བ་དང་། བསིལ་བ། སྣུམ་པ་ལ་སོགས་པའི་ནད་སེལ་ནུས་པའི་སྟོབས་ཡོད་པའི་སྨན་དེ་ལ་སྟོབས་ཞེས་བྱ་བར་འདོད་དོ། །དེ་བས་ན་ནད་བསལ་བར་བྱ་བ་ལ་སྨན་གྱི་སྟོབས་མེད་ན་ནད་ཅུང་ཟད་ཀྱང་སེལ་མི་ནུས་ལ་དེའི་ཕྱིར་ནད་ཐམས་ཅད་སེལ་བར་བྱེད་པ་ནི་སྨན་གྱི་མཐུ་སྟོབས་ཡིན་ནོ། །སྨན་རྣམས་ཀྱི་སྐྱེ་གནས་སོགས་འབྱུང་བ་ལ་བརྟེན་ནས་སྟོབས་ཆེ་ཆུང་ལ་ཁྱད་པར་ཆེ་སྟེ།་བསིལ་བའི་གནས་སུ་སྐྱེས་པ་རྣམས་ཟླ་བའི་སྟོབས་དང་ལྡན་ཞིང་སྨན་རྣམས་ནུས་པ་བསིལ་བ་ཕུལ་དུ་བྱུང་བས་སྟོབས་ཆེ་བ་ཡིན་ལ། དྲོ་བའི་གནས་སུ་སྐྱེས་པ་རྣམས་ཉི་མའི་སྟོབས་དང་ལྡན་པས་དྲོ་ཞིང་ཚ་བའི་ནུས་པ་ཕུལ་དུ་བྱུང་བ་ཡིན་པས་སྟོབས་ཅན་དུ་ཤེས་པར་བྱ་ཞིང་། དེ་དག་ལ་སོགས་པ་ཚ་བའི་སྟོབས་དང་ལྡན་པའི་སྨན་རྣམས་ཀྱིས་གྲང་བའི་ནད་རྣམས་སེལ་བར་བྱེད་པ་དང་།བསིལ་བའི་སྟོབས་དང་ལྡན་པའི་སྨན་རྣམས་ཀྱིས་ནི་ཚ་བའི་ནད་རྣམས་སེལ་བར་བྱེད་པ་ཡིན་ནོ།།

ཡོན་ཏན་བཅུ་བདུན།
ནད་ཀྱི་མཚན་ཉིད་ཉི་ཤུ་འཇོམས་པའི་སྨན་གྱི་ཡོན་ཏན་ནི་རྩུབ་པ་ལས་ལྡོག་པའི་འཇམ་པ་དང་། ཡང་བ་ལས་ལྡོག་པའི་ལྕི་བ། གྲང་བ་ལས་ལྡོག་པའི་དྲོ་བ། ཕྲ་བའམ་སྐྱ་བ་ལས་ལྡོག་པའི་སྣུམ་པ། གཡོ་བ་ལས་ལྡོག་པའི་བརྟན་པ། སྣུམ་ལ་དྲོ་བ་ལས་ལྡོག་པའི་གྲང་བ། རྣོ་བ་ལས་ལྡོག་པའི་རྟུལ་བ། ཚ་བ་ལས་ལྡོག་པའི་བསིལ་བ། སྲ་བ་ལས་ལྡོག་པའི་མཉེན་པ། དྲི་མནམ་ཞིང་གར་བ་ལས་ལྡོག་པའི་སླ་བ། གཤེར་བའམ་སླ་བ་དང་འཁྲུ་བ་ལས་ལྡོག་པའི་སྐམ་པ། སྣུམ་པ་ལས་ལྡོག་པའི་སྐྱ་བ། བསིལ་བ་ལས་ལྡོག་པའི་ཚ་བ། ལྕི་བ་ལས་ལྡོག་པའི་ཡང་བ། རྟུལ་བ་ལས་ལྡོག་པའི་རྣོ་བ། འཇམ་པ་དང་འབྱར་བག་ལས་ལྡོག་པའི་རྩུབ་པ། བརྟན་པ་ལས་ལྡོག་པའི་གཡོ་བ་སྟེ་བཅུ་བདུན་པོ་དེ་ཉིད་ཀྱིས་གོང་དུ་ནད་ཀྱི་མཚན་ཉིད་སྐབས་སུ་བཤད་པའི་རླུང་ནད་ཀྱི་མཚན་ཉིད་དྲུག་དང་།་མཁྲིས་པའི་མཚན་ཉིད་བདུན། བད་ཀན་གྱི་མཚན་ཉིད་བདུན་ཏེ་ནད་ཀྱི་མཚན་ཉིད་ཉི་ཤུ་པོ་རླུང་མཁྲིས་ཀྱི་ཡང་བ་གཉིས་ལ་གཉེན་པོ་ལྕི་བ་གཅིག བད་མཁྲིས་ཀྱི་སྣུམ་པ་གཉིས་ལ་གཉེན་པོ་སྐྱ་བ་གཅིག བད་ཀན་གྱི་འཇམ་པ་དང་འབྱར་བག་གཉིས་ལ་གཉེན་པོ་རྩུབ་པ་གཅིག་བཅས་ཀྱིས་འཇོམས་པ་དེའི་ཕྱིར་སྨན་གྱི་ཡོན་ཏན་བཅུ་བདུན་ཞེས་བཤད་པ་ཡིན་ནོ། ༼འབུམ་ཆུང་གསལ་སྒྲོན་༽ལས། སྲ་བ་སྣུམ་གྱིས་མཉེན་པོར་འདུལ། །ཕྲ་བའི་བུ་ག་སྣུམ་གྱིས་འགེངས།།དེ་ཕྱིར་སྲ་ཕྲ་སོ་སོ་ཡང་།།གཉེན་པོ་སྣུམ་པ་གཅིག་གིས་འཇོམས། །བཤེར་བ་བརླན་པའི་ཆ་འཛིན་ཅིང་། །ཐུར་དུ་འབབ་པས་འཁྲུ་བར་བྱེད། །དེ་ཕྱིར་འཁྲུ་གཤེར་སོ་སོ་ཡང་། །གཉེན་པོ་སྐམ་པ་གཅིག་གིས་འཇོམས། །འཇམ་པ་རྩུབ་པས་འབྲད་པར་བྱེད། །འབྱར་བག་རྩུབ་པས་དུམ་བུར་གཅོད། །དེ་ཕྱིར་འཇམ་འབྱར་སོ་སོ་ཡང་། །གཉེན་པོ་རྩུབ་པ་གཅིག་གིས་འཇོམས། །ཞེས་ཀྱང་གསལ།
རོའི་ཁྱད་པར་ནི་གོང་དུ་བཤད་མ་ཐག་པའི་ནུས་པ་བརྒྱད་དང་། སྟོབས་གཉིས། ཡོན་ཏན་བཅུ་བདུན་པོ་དེ་དག་ཕལ་ཆེར་ནི་མངར་བ་དང་། སྐྱུར་བ། ལན་ཚྭ་བ། ཁ་བ། བསྐ་བ་སྟེ་རོ་དྲུག་ལས་རྗེས་སུ་འབྱུང་བ་ཡིན་ཏེ། རོ་དེ་ནི་ས་ཆུ་ལ་སོགས་པའི་འབྱུང་བ་རྣམས་ལ་བརྟེན་ནས་བྱུང་བ་དེའི་ཕྱིར་ན་ལྕི་སྣུམ་བསིལ་རྟུལ་ལ་སོགས་པ་ནུས་པ་ཐམས་ཅད་རོ་དྲུག་པོ་དེ་ལས་འབྱུང་བ་ཡིན་པས་ལན་ཚྭ་དང་བསྐ་བ་མངར་བ་རྣམ་གསུམ་ནི་རིམ་པ་བཞིན་དུ་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་དག་ལྕི་བ་ཡིན་ཞིང་། དེ་བཞིན་དུ་ལན་ཚྭ་སྐྱུར་མངར་རྣམ་གསུམ་ནི་རིམ་པ་བཞིན་ཕྱི་མ་ཕྱི་མ་སྣུམ་པ་ཡིན་ལ། བསྐ་ཁ་མངར་བ་གསུམ་ཡང་རིམ་པ་བཞིན་བསིལ་བ་ཡིན་པ་དང་། ཁ་བསྐ་མངར་བ་རྣམས་ནི་རིམ་པ་བཞིན་རྟུལ་བ། སྐྱུར་ཚ་ཁ་བ་རྣམ་གསུམ་ནི་གོ་རིམ་བཞིན་ཡང་ལ་རྩུབ་པ། ཚ་སྐྱུར་ལན་ཚྭ་རྣམ་པ་གསུམ་ནི་ཚ་ལ་རྣོ་བའི་གོ་རིམ་དང་ལྡན་པ་ཡིན་ནོ།།
རོ་སོགས་མི་མཐུན་པའི་རྒྱུ་མཚན་ནི་རོ་མངར་བ་ལྟ་བུའི་ཞུ་རྗེས་ཀྱང་མངར་བ་ཞུ། ནུས་པ་ཡང་ལྕི་རྟུལ་བསིལ་སླ་སྣུམ་བརྟན་སོགས་རོ་ནུས་ཞུ་རྗེས་མཐུན་པ་མ་བཅོས་པའི་རོ་གང་ཡང་ཡོད་པ་དེ་སྟོབས་ཅན་ཡིན་ལ་གལ་ཏེ་རོ་ནུས་ཞུ་རྗེས་མཉམ་དུ་ཟིན་ཀྱང་ནུས་པ་སོ་སོའི་རྟེན་འབྱུང་བ་ལྔ་ཤས་ཆེ་ཆུང་གི་སྟོབས་དང་མཐུས་མི་འདྲ་བ་ཡོད་དེ། རང་བཞིན་གྱི་སྨན་སོ་སོའི་གསར་རྙིང་སོགས་འབྱུང་འགྱུར་གྱི་དབང་གིས་རོ་ལས་ནུས་པ་དང་ཞུ་རྗེས་ཀྱིས་གཞན་དུ་གྱུར་པ་དང་། ཐང་དང་ཕྱེ་མ་ལ་སོགས་པ་སྦྱར་བའི་དབང་དུ་གྱུར་པ་ལས་ནད་གང་སེལ་བའི་ནུས་པ་ཆེ་ཆུང་དང་ཕན་གནོད་མི་འདྲ་བ་སྣ་ཚོགས་སུ་འབྱུང་བར་འགྱུར་བ་དེ་དག་རྣམས་རོ་ནུས་ཞུ་རྗེས་མི་མཐུན་ན་གང་མི་མཐུན་པ་དེའི་སྨན་འོག་མས་གོང་མ་རོ་ལས་ནུས་པ། ནུས་པ་ལས་ཞུ་རྗེས། དེ་ལས་སྦྱར་བ་ལ་སོགས་པས་རིམ་བཞིན་ཟིལ་གྱིས་གནོན་པར་འགྱུར་བ་ཡིན་ནོ།།
རྒྱུ་མཚན་དེས་ན་དེ་གསུམ་ག་གོང་དུ་སྨོས་པ་ལྟར་ཐམས་ཅད་མཐུན་པ་ཞིག་བྱུང་ན་རོ་ཡིས་ལས་བྱེད་པ་ཞེས་བྱ་ལ། རོ་བཞིན་གྱི་ལས་མི་བྱེད་པ་དེ་རོའི་དབང་དུ་བྱས་ན་མཁྲིས་པར་ལྕེ་མྱང་ཚྭ་ལྟ་བུ་གནོད་པར་འདུག་སྙམ་པ་ཞིག་ཀྱང་མི་གནོད་པར་ཞུ་རྗེས་ཀྱི་ལས་གཙོ་བོར་བྱེད་ཅིང་ཕན་པ་བྱུང་བ་ཡིན། དེ་ཡང་དཔེར་ན་རོའི་དབང་དུ་བྱས་ན་ཀ་རཛྙ་ལྟ་བུས་བད་རླུང་སྐྱེད་ཀྱང་དེ་ལས་གོ་ལྡོག་པའི་ངོ་བོའི་ནུས་པ་དྲོ་བས་བད་རླུང་སེལ་བ་བཞིན་གྱི་ལས་བྱེད་པ་ཡིན་པས་དེས་ན་ཐང་ཕྱེ་སོགས་སྦྱོར་བ་ཐམས་ཅད་ལ་རོས་ལས་བྱེད་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས། དེ་བཞིན་དུ་ནུས་པས་ལས་བྱེད་པ་རྣམས་ནུས་པར་བསྡེབས། ཞུ་རྗེས་ཀྱིས་ལས་བྱེད་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་ཏེ་སྦྱར་དགོས་པས་དེ་ཉིད་ལ་བློ་ཤིན་ཏུ་ཞིབ་པར་སྦྱངས་ཏེ་༼སྨན་སྦྱོར་སྐབས་བསྟན་པ་ལྟར།༽ཤེས་པར་བྱ་དགོས་སོ།།


སྨན་གྱི་ངོ་བོའི་ནུས་པ།
སྨན་རྫས་རང་རང་གི་ངོ་བོའི་ནུས་པ་ཞིབ་ཏུ་བསྟན་པ་ལ་གཏེར་དངོས་ལས་བྱུང་བའི་སྨན་རྫས་དང་། སྐྱེ་དངོས་ལས་བྱུང་བའི་སྨན་རྫས། སྲོག་ཆགས་ལས་བྱུང་བའི་སྨན་རྫས་བཅས་ཡོད།
གཏེར་དངོས་སྨན་རྫས། གཏེར་དངོས་ལས་བྱུང་བའི་སྨན་རྫས་ལའང་རིན་པོ་ཆེའི་སྨན་གྱི་སྡེ་དང་། རྡོ་སྨན་གྱི་སྡེ། ས་སྨན་གྱི་སྡེ། ལན་ཚྭའི་སྨན་གྱི་སྡེ་བཅས་དབྱེ་བ་བསྟན་ཡོད།
སྐྱེ་དངོས་སྨན་རྫས།སྐྱེ་དངོས་ལས་བྱུང་བའི་སྨན་རྫས་ལའང་རྩི་སྨན་གྱི་སྡེ་དང་། ཤིང་སྨན་གྱི་སྡེ། ལྡུམ་བུ་ཐང་སྨན་གྱི་སྡེ། སྔོ་སྨན་གྱི་སྡེ། ལོ་ཐོག་གི་སྨན་གྱི་སྡེ་བཅས་ཀྱི་དབྱེ་བ་བསྟན་ཡོད།
སྲོག་ཆགས་སྨན་རྫས།སྲོག་ཆགས་ལས་བྱུང་བའི་སྨན་གྱི་སྡེ་ལ་ཡང་རྭ་དང་སེན་མོའི་རིགས་དང་། དབང་པོའི་རིགས་དང་། གྲེ་བའི་རིགས་དང་། ནང་ཁྲོལ་གྱི་རིགས། རུས་པ་དང་སོའི་རིགས། རྐང་དང་ཀླད་པའི་རིགས། ཚིལ་བུའི་རིགས། ཁྲག་གི་རིགས། ཤའི་རིགས། སྤུ་དང་པགས་པའི་རིགས། བྲུན་དང་དྲི་ཆུའི་རིགས། འོ་ཞོའི་རིགས། མར་གྱི་རིགས། བུབས་རིལ་གྱི་རིགས་བཅས་བསྟན་ཡོད།།
ཟུར་མཆན། སྲོག་ཆགས་ཀྱི་སྨན་རྫས་བསྟན་པའི་རྒྱུ་མཚན་དང་དགོས་པ་ནི། བོད་ཀྱི་གསོ་རིག་གཞུང་དུ་འཚེ་བའི་ལས་ལ་མ་བལྟས་པར་རང་ཁོ་ནའི་བདག་འཛིན་གྱི་དབང་གིས་བསྟན་པ་ཞིག་དང་། དེང་དུས་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་ཁྲིམས་སྲོལ་སོགས་ལ་མ་བསྟུན་པའམ་དེའི་འགྲོ་ལུགས་མ་ཤེས་པ་ཞིག་མ་ཡིན་ལ། དེ་ནི་འགྲོ་བ་མི་ཞེས་པ་ནི་གཞན་དོན་བྱེད་པ་ལ་ནུས་པ་འགྲོ་བ་གཞན་དག་ལས་ཆེས་ཁྱད་དུ་འཕགས་ཤིང་ནུས་པར་ལྡན་ལ། གལ་སྲིད་མི་ཞིག་སྲོག་གི་འགག་རྩ་ལ་སླེབས་པའི་ཚེ་དེ་སྐྱོབ་པ་ལ་སྲོག་ཆགས་ཀྱི་སྨན་ལས་དགོས་ངེས་བྱུང་ཚེ་འདི་དང་འདི་ལ་དེ་དང་དེས་ཕན་པར་བསྟན་པ་ཙམ་ལས།་དེ་ལྟར་བསྟན་པ་ཙམ་གྱིས་ལོངས་སུ་སྤྱད་པ་དང་སྤྱོད་ཆོག་པ་ཞིག་མ་ཡིན་ནོ།། དཔེར་ན་བཤད་རྒྱུད་སྤྱོད་ལམ་ལེའུ་ལས། འབུ་སྲིན་སོགས་ཀུན་རྟག་ཏུ་རང་འདྲར་བལྟ།།ཞེས་བྱམས་པ་དང་སྙིང་རྗེ་ཚད་མེད་ཀྱི་བསླབ་བྱ་བསྟན་ཡོད་པ་རེད། དེ་ཙམ་མ་ཡིན་པར་དེང་གི་དུས་ཀྱང་སྤྱི་སྲོལ་དང་བསྟུན་ནས་སྲོག་ཆགས་ཀྱི་སྨན་རྫས་རིགས་བཀོལ་སྤྱོད་བྱེད་ཀྱི་མེད་ཅིང་། ཁྱད་པར་དུ་བོད་ཀྱི་གསོ་རིག་གི་འགྲོ་ལུགས་དང་དེའི་ཁྱད་ཆོས་དག་ལ་ངེས་ཤེས་ཅུང་ཟད་ཡོད་ཚེ་སྨན་སྦྱོར་གྱི་རིག་པའི་རྣམ་གྲངས་དང་འགྲོ་ལུགས་ནི་གཞལ་བར་དཀའ་བ་ཞིག་ཡིན་པས་དམར་རིགས་མེད་ན་སྨན་སྦྱོར་བྱ་ཐབས་མེད་པ་ཞིག་གཏན་ནས་མིན་ལ། དེས་ན་དམར་རིགས་ཀྱི་སྨན་རྫས་རིགས་ནི་གོང་དུ་སོང་བ་བཞིན་དགོས་གལ་ལ་ཐུག་ཚེ་དམིགས་བསལ་གྱི་རིགས་ཡིན་ནོ།།
སྨན་གྱི་སྦྱར་ཐབས།
སྨན་གྱི་སྦྱར་ཐབས་ལ་ནད་སེལ་བའི་བྱ་བ་མཐུན་པའི་སྨན་གྱི་ངོ་བོ་རྣམས་ཕྱོགས་གཅིག་སྡེ་ཚན་དུ་སྦྱར་བའི་ཐབས་དང་། འབྱུང་བའི་རང་བཞིན་ཤས་ཆེ་ཆུང་ལ་ལྟོས་པའི་རོ་སྡེབས་སུ་སྦྱར་བའི་ཐབས། ཞུ་རྗེས་སུ་འགྲོ་ལྡོག་ལ་ལྟོས་པའི་ནུས་སྡེབས་སུ་སྦྱར་བའི་ཐབས་བཅས་རྣམ་པ་གསུམ་གྱིས་བསྟན་ཡོད།
སྡེ་ཚན་དུ་སྦྱར་བ།
རོ་དང་ཞུ་རྗེས་ནུས་སྟོབས་ཡོན་ཏན་སྤྱི་ཙམ་གོང་དུ་བསྟན་ཟིན་ཀྱང་སོ་སོ་སྐྱེ་བོས་རྫས་རེ་རེ་འདི་ཡོད་ཀྱི་ངེས་པ་རྙེད་པར་དཀའ་བས་འདིར་སྡེ་ཚན་དང་སྦྱར་ཐབས་དམིགས་བསལ་དུ་བཀོད་པས་ཐེ་ཚོམ་ཆོད་པའི་དགོས་པ་དང་། ཡང་སྨན་རེ་རེས་ནད་ཞི་བར་ཡང་དཀའ་བས་རིགས་མཐུན་གཞན་དང་བསྡེབས་ཤེས་པའི་དགོས་པ་ཡོད་ཅིང་། ནད་གང་དང་གང་སེལ་བར་བྱེད་པའི་སྨན་སོ་སོར་བསྟན་པ་ལ་སྡེ་ཚན་དུ་སྦྱར་བའི་ཐབས་ཞེས་བྱ་སྟེ།དེ་ཡང་མདོར་བསྡུས་ན་སྦྱར་ཐབས་གསུམ་དུ་བསྡུས་སོ།།
རོ་སྡེབས་སྦྱར་བ།
རོ་སྡེབས་སུ་སྦྱར་བའི་ཐབས་བསྟན་པ་ལ་རོ་དྲུག་པོ་ཕན་ཚུན་ནང་སྡེབ་ཅིང་ལྷན་དུ་སྦྱོར་བ་ལ་ལྡན་པའི་རོ་སྦྱོར་ལྔ་བཅུ་རྩ་བདུན་ཡོད་པ་དེ་ལ་རོ་གཉིས་སྦྱར་བ་དང་། རོ་གསུམ་སྦྱར་བ། རོ་བཞི་སྦྱར་བ། རོ་ལྔ་སྦྱར་བ། རོ་དྲུག་སྦྱར་བ་བཅས་ཡོད་པའི་རོ་གཉིས་སྦྱར་བ་ལ་མངར་བའི་སྐྱུར་བ་དང་། མངར་བའི་ལན་ཚྭ་བ། མངར་བའི་ཁ་བ། མངར་བའི་ཚ་བ། མངར་བའི་བསྐ་བ་སྟེ་མངར་བ་ལྔ། སྐྱུར་བའི་ལན་ཚྭ་བ་དང་། སྐྱུར་བའི་ཁ་བ། སྐྱུར་བའི་ཚ་བ། སྐྱུར་བའི་བསྐ་བ་སྟེ་བཞི། ལན་ཚྭ་བའི་ཁ་བ་དང་། ལན་ཚྭ་བའི་ཚ་བ། ལན་ཚྭ་བའི་བསྐ་བ་སྟེ་གསུམ། ཁ་བའི་ཚ་བ་དང་། ཁ་བའི་བསྐ་བ་སྟེ་གཉིས། ཚ་བའི་བསྐ་བ་སྟེ་གཅིག་པུ་ཡིན་པས་བསྡོམས་ན་གཉིས་པར་ཕྱེ་བ་ལ་བཅོ་ལྔའོ། །རོ་གསུམ་དུ་སྦྱོར་བ་ལ་མངར་བའི་སྐྱུར་བ་ལན་ཚྭ བ་དང་། མངར་བའི་སྐྱུར་བ་ཁ་བ། མངར་བའི་སྐྱུར་བ་ཚ་བ། མངར་བའི་སྐྱུར་བ་བསྐ་བ་སྟེ་བཞི། མངར་བའི་ལན་ཚྭ་བ་ཁ་བ་དང་། མངར་བའི་ལན་ཚྭ་བ་ཚ་བ། མངར་བའི་ལན་ཚ་བ་བསྐ་བ། མངར་བའི་ཁ་བ་ཚ་བ། མངར་བའི་ཁ་བ་བསྐ་བ། མངར་བའི་ཚ་བ་བསྐ་བ་སྟེ་མངར་བའི་གསུམ་སྦྱོར་བཅུ། སྐྱུར་བའི་ལན་ཚྭ་བ་ཁ་བ། སྐྱུར་བའི་ལན་ཚྭ་བ་ཚ་བ། སྐྱུར་བའི་ལན་ཚྭ་བ་བསྐ་བ། སྐྱུར་བའི་ཁ་བ་ཚ་བ། སྐྱུར་བའི་ཁ་བ་བསྐ་བ། སྐྱུར་བའི་ལན་ཚྭ་བ་བསྐ་བ་སྟེ་དྲུག ལན་ཚྭ་བའི་ཁ་བ་ཚ་བ་དང་། ལན་ཚྭ་བའི་ཁ་བ་བསྐ་བ། ལན་ཚྭ་བའི་ཚ་བ་བསྐ་བ་སྟེ་གསུམ། ཁ་བའི་ཚ་བ་བསྐ་བ་སྟེ་ཁ་བ་གཅིག་པུ་ཉིད་དོ། །རོ་བཞི་རུ་སྦྱར་བ་ནི་མངར་བའི་སྐྱུར་བ་ལན་ཚྭ་བ་ཁ་བ་དང་། མངར་བའི་སྐྱུར་བ་ལན་ཚྭ་བ་ཚ་བ། མངར་བའི་སྐྱུར་བ་ཁ་བ་བསྐ་བ། མངར་བའི་ལན་ཚྭ་བ་ཁ་བ་ཚ་བ། མངར་བའི་ལན་ཚྭ་བ་ཁ་བ་བསྐ་བ། མངར་བའི་ལན་ཚྭ་བ་ཚ་བ་བསྐ་བ། མངར་བའི་ཁ་བ་ཚ་བ་བསྐ་བ་སྟེ་མངར་བའི་བཞི་སྦྱོར་བཅུ། སྐྱུར་བའི་ལན་ཚྭ་བ་ཚ་བ་དང་། སྐྱུར་བའི་ལན་ཚྭ་བ་ཁ་བ་བསྐ་བ། སྐྱུར་བའི་ལན་ཚྭ་བ་ཚ་བ་བསྐ་བ། སྐྱུར་བའི་ཁ་བ་ཚ་བ་བསྐ་བ་སྟེ་སྐྱུར་སྦྱོར་ལ་བཞི། ལན་ཚྭ་བའི་ཁ་བ་ཚ་བ་བསྐ་བ་སྟེ་ལན་ཚྭའི་བཞི་སྦྱོར་གཅིག རོ་ལྔ་སྦྱོར་ལ་མངར་བའི་སྐྱུར་བ་ལན་ཚྭ་བ་ཁ་བ་ཚ་བ་དང་། མངར་བའི་སྐྱུར་བ་ལན་ཚྭ་བ་ཁ་བ་བསྐ་བ། མངར་བའི་སྐྱུར་བ་ཁ་བ་ཚ་བ་བསྐ་བ། མངར་བའི་སྐྱུར་བ་ལན་ཚྭ་བ་ཚ་བ་བསྐ་བ། མངར་བའི་ལན་ཚྭ་བ་ཁ་བ་ཚ་བ་བསྐ་བ་སྟེ་ལྔ་སྦྱོར་ལྔ། སྐྱུར་བའི་ལན་ཚྭ་བ་ཁ་བ་ཚ་བ་བསྐ་བ་སྟེ་སྐྱུར་བའི་ལྔ་སྦྱོར་གཅིག་པུ་ཉིད་དོ། །དེ་ལྟར་རོ་བཞི་སྦྱར་བ་དང་རོ་གཉིས་སྦྱར་བ་གཉིས་ལ་བཅོ་ལྔ་བཅོ་ལྔ་རེ་ཡོད་པ་དེ་ཡང་བཞི་སྦྱར་ལ་མངར་བ་བཅུ་དང་སྐྱུར་བ་བཞི། ལན་ཚྭ་བ་གཅིག་སྟེ་བཅོ་ལྔ་དང་། གཉིས་པར་སྦྱར་བ་ལའང་མངར་བ་ལྔ་དང་། སྐྱུར་བ་བཞི། ལན་ཚྭ་བ་གསུམ། ཁ་བ་གཉིས། ཚ་བ་གཅིག་སྟེ་བཅོ་ལྔའོ། །རོ་ལྔ་སྦྱར་བ་ལ་མངར་བ་ལྔ་དང་སྐྱུར་བ་གཅིག་སྟེ་དྲུག རོ་གསུམ་སྦྱར་བ་ལ་ཉི་ཤུ་ཡོད་པ་དེ་ཡང་མངར་བ་ལ་བཅུ་དང་། སྐྱུར་བ་ལ་དྲུག ལན་ཚྭ་བ་ལ་གསུམ། ཁ་བ་ལ་གཅིག་དང་བཅས་པས་ཉི་ཤུ། རོ་དྲུག་ཏུ་ཚོགས་པར་སྦྱར་བ་ལ་གཅིག་རང་ཡིན། དེ་ལྟར་ན་རོ་སྡེབས་སྦྱོར་བ་ལྔ་བཅུ་རྩ་བདུན་དང་རྐྱང་པའི་རོ་དྲུག་སྟེ་བསྡོམས་པའི་རོ་སྦྱོར་དྲུག་ཅུ་རྩ་གསུམ་འདི་རྣམས་གོང་དུ་ནད་ཀྱི་དབྱེ་བའི་སྐབས་སུ་བཤད་པའི་གཞོམ་བྱ་ཉེས་པ་གསུམ་གྱི་ནད་རང་རྒྱུད་ཅན་རྐྱང་པའི་འཕེལ་ཟད་བཅོ་བརྒྱད་དང་། གཞན་དང་འདྲེས་པའི་གཞན་རྒྱུད་ཅན་ལ་ལྡན་པའི་འཕེལ་ཟད་བཅོ་བརྒྱད། ཉེས་པ་གསུམ་འདུས་པའི་འཕེལ་ཟད་སུམ་ཅུ་སོ་བརྒྱད་བཅས་འཕེལ་ཟད་བདུན་ཅུ་རྩ་བཞིའི་གཉེན་པོར་གང་ལ་གང་འཚམ་གྱི་སྦྱོར་ལུགས་ཤེས་པར་བྱ་དགོས་སོ།།
ནུས་སྡེབས་སྦྱོར་བ།
སྨན་ནུས་པ་མཐུན་པར་སྦྱར་བ་ལ་ཞི་བྱེད་དང་སྦྱོང་བྱེད་ཀྱི་ཆོ་ག་གཉིས་ཡོད་པའི་ཞི་བྱེད་ཀྱི་སྨན་སྦྱོར་སྡེ་ཚན་ལྔའམ་བདུན་ནི། ཐང། ཕྱེ། རིལ་བུ། ལྡེ་གུ། སྨན་མར་བཅས་ལྔ་དང་། དེའི་སྟེང་དུ་སྨན་ཆང་དང་ཁཎྜ་བཅས་པས་གཉིས་ཏེ་བདུན། སྦྱོང་བྱེད་ལ་འཇམ་རྩི། བཤལ། སྐྱུགས། ནི་རུ་ཧ། སྣ་སྦྱོང་སྟེ་དེ་རྣམས་ཀྱི་ནང་ནས་འཇམ་རྩིས་རླུང་དང། བཤལ་གྱིས་མཁྲིས་པ། སྐྱུགས་ཀྱིས་བད་ཀན་ཏེ་ཉེས་པ་གསུམ་དང་ནི་རུ་ཧ་ཡིས་འདུས་པ་དང་སྣ་སྦྱོངས་ཀྱིས་མགོ་བོའི་ནད་བཅས་འབྱིན་པར་བྱེད་དོ། །དེ་ལྟར་ནུས་པར་སྦྱར་བའི་ཞི་སྦྱོང་གི་སྨན་རྣམས་ནི་བཞི་བརྒྱ་རྩ་བཞིའི་ནད་ཀྱི་གཉེན་པོར་སྦྱོར་བར་བྱེད་དོ།། །།

མཐའ་མའི་འདོན་ཐེངས་།: 23.02.2011 ཉིན། 11:27 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།