སྨན་རྩིས་དྲ་བ། - མདུན་ངོས།

གསོ་རིག་སྨན་པའི་ཤེས་ཚད་ལ་རྒྱ་གར་གཞུང་གིས་ངོས་ལེན་ཐོབ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 05.05.2018
མདུན་ངོས། >>

 

གསོ་རིག་སྨན་པའི་ཤེས་ཚད་ལ་རྒྱ་གར་གཞུང་གིས་ངོས་ལེན་ཐོབ།

བཞུགས་སྒར་བོད་ཀྱི་སྨན་རྩིས་ཁང་དང་། ལ་དྭགས་དབུས་གཞུང་ནང་པའི་རིག་གནས་གཙུག་ལག་སློབ་གཉེར་ཁང་། ཝཱཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་གསོ་རིག་སྡེ་ཚན། ལྕགས་པོ་རིའི་དྲན་རྟེན་བོད་སྨན་སློབ་གཉེར་ཁང་བཅས་སུ་ཕྱི་ལོ་ ༡༩༦༦ ནས་ ༢༠༡༧ བར་ལོ་ཚིགས་སོ་སོར་བོད་ཀྱི་གསོ་བ་རིག་པར་སློབ་སྦྱོང་བྱས་ནས་སྨན་པ་དཀའ་བཅུ་པ་དང་། སྨན་རམས་པ་ཆུང་བ། བོད་ཀྱི་ཚེ་རིག་སློབ་དཔོན། གསོ་རིག་ཨེམ་ཌི་བཅས་ངོས་འཛིན་ཡོད་པའི་སྨན་གྱི་ཤེས་ཚད་རྣམས་ལ་རྒྱ་གར་དབུས་གཞུང་གིས་ཁྲིམས་ཡིག་ལ་བསྐྱར་བཅོས་གནང་སྟེ་ངོས་ལེན་མཛད་བའི་གནས་ཚུལ་ཞིག་ཐོན་ཡོད།

དེ་ཡང་གསོ་རིག་ལྟེ་གནས་ཁང་དེ་དག་དང་རྒྱ་གར་དབུས་སྨན་གྱི་ལྷན་ཚོགས་(CCIM)དབར་གོ་བསྡུར་རབ་དང་རིམ་པ་མང་པོ་བྱུང་ཡོད་ལ། དེ་བཞིན་རྒྱ་གར་དབུས་སྨན་གྱི་ལྷན་ཚོགས་དང་རྒྱ་གར་དབུས་གཞུང་གི་དབར་གོ་བསྡུར་རིམ་པར་བྱུང་རྗེས་ད་གཟོད་རྒྱ་གར་དབུས་གཞུང་གིས་རང་ལ་མངའ་བའི་དབང་ཚད་ལག་བསྟར་གྱིས་ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༥ ཉིན་ད་ཡོད་ཁྲིམས་ཡིག་ལ་བསྐྱར་བཅོས་བྱས་ནས་སྡེ་ཚན་གསུམ་པ། གསོ་བ་རིག་པ་ཞེས་པའི་ནང་དུ། ཧིམཱཅལ་པྲདེཤ་མངའ་སྡེའི་བཞུགས་སྒར་བོད་ཀྱི་སྨན་རྩིས་མཐོ་སློབ་ཁང་ནས་ཕྱི་ལོ་ ༡༩༦༦ ནས་ ༡༩༩༦ བར་དང་། དེ་བཞིན་ ༡༩༩༦ ནས་ ༢༠༡༠ བར། དེ་ནས་ཕྱི་ལོ་ ༢༠༡༣ ནས་ ༢༠༡༧ བར་སྨན་པ་བཀའ་བཅུ་པ་བསླབ་པ་མཐར་ཕྱིན་པ། བསྡུས་ཡིག་ཏུ། (BTMS: Bachelor of Tibetan Medicine and Surgery)ཞེས་བརྗོད་པ་དེ་དང་། གཞན་ཡང་ཕྱི་ལོ་ ༡༩༧༥ ནས་ ༢༠༡༤ བར་སྨན་རམས་པ་ཆུང་བ། བསྡུས་ཡིག་ཏུ། MD (Doctor of Medicine/Sowa-Rigpa)ཞེས་འབོད་པའི་ངོས་འཛིན་ཡོད་པའི་སྨན་གྱི་ཤེས་ཚད་གང་ལ་རྒྱ་གར་དབུས་སྨན་གྱི་ལྷན་ཚོགས་ཀྱི་ཁྲིམས་ཡིག་ལ་བསྐྱར་བཅོས་གསར་སྣོན་བྱས་པའི་སྒོ་ནས་ངོས་ལེན་གནང་ཡོད། དེ་བཞིན་སློབ་གཉེར་ཁང་གཞན་གསུམ་པོ་ནས་བསྩལ་བའི་སྨན་གྱི་ཤེས་ཚད་རྣམས་ལའང་གཅིག་མཚུངས་ངོས་ལེན་གནང་ཡོད།

དེ་ལྟར་ཁྲིམས་ཡིག་ལ་བསྒྱུར་བཅོས་བཏང་བའི་གནས་ཚུལ་དེ་ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༡༩ ཉིན་རྒྱ་གར་གྱི་གཞུང་འབྲེལ་གསར་ཤོག་བྷཱརཏ་ཀཱ་རཱཇཔཏྲ། The Gazette of India ཞེས་པའི་ནང་དུ་ཐོན་ཡོད། དེ་ནི་རྒྱ་གར་དབུས་གཞུང་གི་ས་ཁང་དང་གྲོང་ཁྱེར་ལས་དོན་ལྷན་ཁང་གི་པར་སྐྲུན་སྡེ་ཚན་གྱིས་གཞུང་གི་དཔར་ཁང་ནས་བདུན་རེར་འདོན་སྤེལ་བྱེད་བཞིན་ཡོད། འོན་ཀྱང་དམིགས་བསལ་གནས་ཚུལ་ནི་ཉིན་ལྟར་དགོས་མཁོ་ལ་གཞིགས་ཏེ་འདོན་སྤེལ་བྱེད་སྲོལ་ཡོད། ད་ཐེངས་ཀྱི་གཞུང་འབྲེལ་གསལ་བསྒྲགས་འདི་དམིགས་བསལ་ལམ་ཐུན་མོང་མ་ཡིན་པའི་སྡེ་ཚན་ཁོངས་སུ་ཕྱིར་བསྒྲགས་གནང་བ་ཞིག་ཡིན།

བཞུགས་སྒར་བོད་ཀྱི་སྨན་རྩིས་ཁང་དུ་སྨན་པ་སྐབས་བཅུ་བདུན་བར་གསོ་རིག་སྨན་པ་ཁྱོན་བསྡོམས་སུམ་བརྒྱ་བཅུ་གཉིས་ཀྱིས་སྨན་པ་བཀའ་བཅུ་པའི་ཤེས་ཚད་ཀྱི་ལག་འཁྱེར་ཐོབ་པ་བྱུང་ཡོད།

 

འདིར་ནོན། རྒྱ་གར་དབུས་གཞུང་གི་འབྲེལ་ཡོད་ཡིག་ཆར་གཟིགས།



མཐའ་མའི་འདོན་ཐེངས་།: 05.05.2018 ཉིན། 5:01 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།