སྨན་རྩིས་དྲ་བ། - ཆེད་རྩོམ།

གསོ་རིག་ལུགས་ཀྱི་ལུས་སེམས་སྲོག་གི་ངོས་འཛིན།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 31.03.2015
ཆེད་རྩོམ། >>

 


༄༅། །བོད་ལུགས་གསོ་རིག་གཞུང་ནས་གསུངས་པའི་ལུས་སེམས་སྲོག་གི་ངོས་འཛིན།

སྨན་རམས་པ་ཐུབ་བསྟན་རྒྱལ་མཚན།

 

མཐའ་མའི་གོ་འཕང་མ་ཐོབ་བར་དུ་ལུས།།

མཐའ་མེད་ཆོས་ཀུན་རྟོགས་པའི་མཁྱེན་པ་མཆོག།

མཐའ་ཡས་འཇིག་རྟེན་ཁམས་ཀྱི་སེམས་ཅན་རྣམས།།

མཐའ་མེད་འགྲོ་འདྲེན་སྟོན་པར་གུས་ཕྱག་འཚལ།།


སྙིགས་དུས་དུག་སེལ་སྨན་བླ་བདེ་གཤེགས་བདུན།།

མི་ཡི་ཚུལ་བཟུང་སྨན་རྒྱལ་གཡུ་ཐོག་སོགས།།

དངོས་དང་བརྒྱུད་པའི་བླ་མའི་ཚོགས་རྣམས་ལ།།

སྒོ་གསུམ་མི་ཕྱེད་དད་པས་དུས་སུ་འདུད།།


སྨན་ལྗོངས་གསོ་རིག་བསྟན་པའི་རྒྱུན་འཛིན་ལ།།

བཀའ་དྲིན་ཟླ་མེད་རྒྱལ་བའི་དབང་པོ་མཆོག།

གང་གི་མཁྱེན་བརྩེས་རྟག་ཏུ་ཉེར་འཛིན་པའི།།

གསོལ་བ་སྙིང་ནས་འདེབས་སོ་རྗེས་སུ་ཟུངས།།


ཞེས་མཆོད་པར་བརྗོད་པས་སྔོན་བསུས་ཏེ་སྐབས་འདིར་བརྗོད་པར་བྱ་བ་ནི། གཙོ་བོ་ལུས་དང་། སེམས། སྲོག་གི་ངོས་འཛིན་དང་། གནས་ལུགས་སྤྱི་ཙམ་བཅས་ཡིན་པ་ལྟར།

དང་པོ་ལུས་ཀྱི་གནས་ལུགས་སྤྱི་ཙམ་བཤད་པ།

དང་པོ་ལུས་ཀྱི་གནས་ལུགས་སྐོར་ནི། དེ་ཡང་དཔལ་ལན་བཤད་རྒྱུད་ལས། ལུས་ཀྱི་གནས་ལུགས་བསྟན་པ་རྣམ་བཞི་སྟེ།། ཞེས་གསུངས་པ་ལྟར་དང་པོ་ལྡང་ཚད་ཅེས་པ་ནི། ཉེས་པ་གསུམ་དང་། ལུས་ཟུངས་དྲི་མ་རྣམས་སོ་སོའི་མང་ཉུང་གི་ཚད་དང་། གྲངས་བསྟན་པ། དེ་བཞིན་གཉིས་པ་ལུས་ཕྱི་ནང་ཀུན་ཏུ་འབྲེལ་ཞིང་རྒྱུ་བར་བྱེད་པའི་རྩ་ཡི་གནས་སྟངས་བསྟན་པ། གསུམ་པ་གཉན་པའམ་གནད་འགགས་ཆེ་བའི་ལུས་རིགས་གང་དང་གང་ཡིན་བསྟན་པ། བཞི་པ་ལུས་དེ་དག་འཚོ་བའི་ཆེད་དུ་ཟས་རླུང་སོགས་རྒྱུ་བའི་བུ་གའི་གནས་ལུགས་བསྟན་པའོ།།

དེ་ཡང་། གནོད་བྱེད་ཉེས་པ་གསུམ་ནས། རླུང་གི་ལྡང་ཚད་ནི་རང་གི་དྲི་ཆུའི་སྣོད་ལྒང་ཕུག་གང་དང་། མཁྲིས་པའི་ལྡང་ཚད་ནི་རང་གི་གསང་བའི་སྒྲོ་བ་གང་། བད་ཀན་ལྡང་ཚད་རང་གི་སྙིམ་པ་གསུམ་མོ།། (སྙིམ་པ་ནི་ཁྱོར་བ་གཉིས་ཀྱི་ཚད་དོ།།) གནོད་བྱ་ལུས་ཟུངས་ཀྱི་ལྡང་ཚད་ལ། ཁྲག་གི་ལྡང་ཚད་སྙིམ་པ་བདུན། ཤ་ལ་རང་གི་སྦར་ཚད་ལྔ་བརྒྱ། བུད་མེད་ལ་བརླ་དང་ནུ་མ་ཉི་ཤུས་ལྷག ཚིལ་ལ་སྙིམ་པ་དོ། རུས་པར་རིགས་ཉེར་གསུམ། སྒལ་ཚིགས་ལ་འཕང་ལོ་ཉེར་བརྒྱད། རྩིབ་གྲངས་ཉེར་བཞི། སོ་ཡི་གྲངས་སོ་གཉིས། བསྡོམས་རུས་པའི་དུམ་བུ་ནི་སུམ་བརྒྱ་དང་དྲུག་ཅུ་ཡོད། ཡན་ལག་ཚིགས་ཆེན་བཅུ་གཉིས། ཚིགས་ཕྲན་ཉིས་བརྒྱ་དང་བཅུ། ཁུ་བ་དང་མདངས་ཀྱི་ཚད་ལ་ཁྱོར་བ་གང་། ཀླད་པར་སྙིམ་པ་གང་། རང་གི་ཕྱི་ས་ལ་སྙིམ་པ་བདུན། གཅིན་དང་ཆུ་སེར་གཉིས་ལ་སྙིམ་པ་བཞི། ཞག་ལ་སྙིམ་པ་དོ། གཙོ་ཆེ་བ་ཆུ་བ་གྲངས་བཅུ་དྲུག རྒྱུས་པ་ལ་རགས་པའི་དབང་དུ་དགུ་བརྒྱ། སྤྱིར་བཏང་སྐྲ་ཡི་ཉག་མ་ཉིས་ཁྲི་ཆིག་སྟོང་། བ་སྤུའི་བུ་ག་བྱེ་བ་གསུམ་དང་ས་ཡ་ལྔའོ།།

སྐབས་འདིར་ཚིགས་དངོས་སུ་མི་གསལ་བ། རྐང་། དྭངས་མ། ཟླ་མཚན་རིགས་མི་གསལ། དོན་ལྔ་དང་། སྣོད་དྲུག མིག་གཉིས། རྣ་བ་གཉིས། སྣ་གཉིས་རེ་དང་། ཁ་དང་། བཤང་ལམ་དང་། གཅིན་ལམ་གཅིག་རེ་དང་། བུད་མེད་ལ་ནུ་མ་གཉིས་དང་མངལ་གཅིག་ཡོད། སྤྱིར་འཛམ་གླིང་གི་མིའི་ལུས་ཚད་ནི་རང་གི་འདོམ་གང་གྲུ་བཞི་དང་། གཟུགས་ཀྱི་ཚད་མ་ལོངས་པ་རྣམས་ལ་རང་ཁྲུ་གསུམ་དང་ཕྱེད་ཀའང་ཡོད་དོ།།


གཉིས་པ་འབྲེལ་བ་རྩ་ཡི་གནས་ལུགས་བསྟན་པ་ནི། རྒྱུད་ལས། ཆགས་སྲིད་འབྲེལ་བ་ཚེ་ཡི་རྩ་དང་བཞི།། ཞེས་གསུངས་པ་ལྟར་ཆགས་པའི་རྩ་ནི་རང་ཉིད་མ་ཡི་མངལ་དུ་ཐོག་མ་ཆགས་ཏེ་འཕེལ་བྱེད་ཀྱི་རྩ་ལྟེ་བའི་གཟུགས་སུ་ཤར་པ་དེ་ལའང་རྩ་ཡི་རྩེ་མོ་མི་འདྲ་བ་གསུམ་བྱུང་བས་རྩ་གཅིག་གྱེན་ལ་སོང་བས་ཀླད་པ་གཙོ་བོར་བྱས་པའི་མགོའི་ཆ་ཤས་རྣམས་ཆགས། གཏི་མུག་ཀྱང་ཀླད་པར་གནས། བད་ཀན་སྐྱེད་པ་ལུས་གྲང་བའི་ཆ་དང་། རྨོངས་འཐིབ་རིགས་མགོ་བོར་བྱུང་། རྩ་གཅིག་བར་དུ་ཟུག་པས་དེ་ལ་སྲོག་པ་རྩ་ཆགས། ཞེ་སྡང་སྲོག་རྩ་ཁྲག་ལ་བརྟེན་ནས་གནས་པ། ཁོང་ཁྲོ་ཤུགས་ཆེར་སྐྱེས་སྐབས་སུ་ལུས་བར་དུ་སྙིང་ཐད་ནས་མི་བདེ་བ་བྱུང་བ་མཐོང་ཆོས་སུ་ཡོད། རྩ་གཅིག་ཐུར་དུ་ཟུག་པས་ཟུང་འཇུག་རླུང་གི་རྒྱུར་གྱུར་བས་གསང་བ་ཆགས། འདོད་ཆགས་ནི་ཕོ་མོའི་གསང་བར་གནས་པ་ཡིན། (ཟུང་འཇུག་ཞེས་པ་ནི་ཚ་གྲང་གང་ཡང་ཡོང་ཆོག་པར་ཟེར།) རླུང་དེ་སྨད་ན་གནས་པས་འདོད་སྲེད་སྨད་ནས་བྱུང་བའོ།། སྤྱིར་ཉོན་མོངས་གསུམ་སེམས་བྱུང་ཡིན་ཡང་འདིར་གནས་ཡུལ་གྱི་སྟོབས་ལས་བྱུང་བ་ཞིག་ཡིན། དཔེར་ན་སྐམ་པ་ཚ་གདུང་ཆེ་བའི་ཡུལ་ལ་ཚ་བའི་ཚོར་ཤུགས་ཆེ་བ་བྱུང་བ་ལྟར་རོ།། སྲིད་པའི་རྩ་ནི། རྒྱུད་ལས། སྲིད་པའི་རྩ་བོ་ཆེ་ནི་རྣམ་བཞི་སྟེ།། ཞེས་གསུངས་པ་ལྟར་དབང་པོ་གཟུགས་ཅན་པ་ཡུལ་ལ་འཆར་བ་བྱེད་པའི་རྩ། མིག རྣ་བ། སྣ་ལྕེ་ལུས་ཀྱི་རྩ་སོ་སོའི་ཡུལ་རླུང་ལྔའི་རྟེན་ཀླད་པ་རྩ་ཡི་རྒྱ་མཚོ་ལྟ་བུར་རྩ་ལ་སྲིད་ཅིང་རྩ་ཕྲན་མང་པོས་བསྐོར་ཡོད། (སྲིད་ཅེས་པ་ནི་གནས་པའི་དོན་ནོ།།) དྲན་དབང་ངམ་ཡིད་ཀྱི་དབང་པོ་དང་། དབང་པོ་དེ་དག་ལ་བརྟེན་པའི་རྣམ་ཤེས་ཚོགས་དྲུག་གསལ་བར་བྱེད་པའི་རྩ་གཙོ་བོ་སྙིང་གར་ཡིད་བཟང་མ་ཞེས་པ་ལ་སྲིད་ཅིང་རྩ་འཁོར་རྩ་ཕྲན་མང་པོ་ཡོད་དོ།།

ལུས་ཀྱི་ཕུང་པོ་ཆགས་པའི་རྩ་ནི། ཐོག་མར་ལུས་ཆགས་པའི་རྩ་རྣམས་ཀྱི་སྡོང་པོ་ལྟ་བུ་གསུམ་ཆགས་པར་བྱེད་པའི་རྩ་གཙོ་བོ་དེ་ཉིད་སྐྱེས་པས་ལས་དོན་ཡོངས་ས་མ་རྫོགས་པའི་བར་ལྟེ་བར་སྲིད་ཅིང་རྩ་ཕྲན་དུ་མས་སྐོར་ཡོད་པ་མ་ཟད། སྤྱིར་བུ་ཚ་རིགས་རྒྱུད་མི་ཆད་པར་འཕེལ་བའི་རྩ་གཙོ་བོ་ཕོ་མོའི་གསང་བར་(མཚན་མ་)གནས་པ་དེར་ཡང་རྩ་ཕྲན་མང་པོས་སྐོར་ཡོད་དོ།།

རྒྱུད་ལས། འབྲེལ་བའི་རྩ་ལ་དཀར་ནག་གཉིས་ཡོད་དེ། ཞེས་གསུངས་པ་ལྟར་སྲོག་རྩ་དཀར་པོ་འབྲེལ་ཚུལ་ནི། ཀླད་པ་ནི་རྩ་དཀར་འདུས་པའི་རྒྱ་མཚོ་དང་འདྲ་ལ། ཤིང་སྡོང་གི་རྩ་བ་ཐུར་དུ་ཟུག་པ། སྐེ་ཚིགས་དང་སྒལ་ཚིགས་ནང་ཕྲ་སྦོམ་མདའ་སྨྱུག་ཙམ་ལ་ངོ་བོ་རླུང་འབའ་ཞིག་རྒྱུ་བ། ཁ་དོག་དཀར་ལ་དེ་ལས་རྩ་ཕྲན་དང་ཡང་ཕྲན་ལུས་ཀྱི་ནང་ཀུན་ཏུ་ཁྱབ་ཅིང་། དེ་ཡང་གཙོ་བོ་ལུས་བསྐྱེད་པ་སོགས་བྱ་བ་བྱེད་པའི་ཆུ་རྩ་བཅུ་དགུ། ནང་དོན་སྣོད་དང་འབྲེལ་བའི་སྦས་པའི་རྩ་དར་གྱི་དཔྱང་ཐག་འདྲ་བ་བཅུ་གསུམ། ཡན་ལག་ཕྱིར་འབྲེལ་མངོན་པའི་རྩ་དྲུག་བཅས་ཡོད།། ཁྲག་ཤས་ཆེར་རྒྱུ་བ་སྲོག་རྩ་ནག་པོ་ནི། དཔེར་ན་ཤིང་སྡོང་གྱེན་ལ་རྒྱས་པ་དེར་ཤ་ཁྲག་འཕེལ་བྱེད་ཀྱི་རྩ་ཆེན་ཉི་ཤུ་རྩ་བཞི། དོན་སྣོད་ནང་འབྲེལ་སྦས་པའི་རྩ་ཆེན་བརྒྱད། ཡན་ལག་ཕྱིར་མངོན་པའི་རྩ་བཅུ་དྲུག དེ་ལས་གྱེས་པའི་གཏར་རྩ་དོན་བདུན། རྩ་གནད་གཉན་པ་གཙོ་བོ་རླུང་ཁྲག་གཉིས་འདོམས་ཀྱི་འཕར་རྩ་བརྒྱ་དང་བཅུ་གཉིས་ཡོད། སྤྱིར་རྩ་ཕྲན་ལུས་ཀྱི་ཕྱི་ནང་ཀུན་ཏུ་དྲ་བ་ལྟར་འབྲེལ་བའོ།། རྩ་ཡི་ངེས་ཚིག་ནི། རླུང་ཁྲག་རྒྱུ་བའི་བུ་ག་ཕྱི་ནང་ཀུན་ལ་རྩ་གསུམ་གྱིས་ལུས་འདི་ཉིད་ཐོག་མར་ཆགས་པ། རིམ་བཞིན་འཕེལ་རྒྱས་བྱུང་བ། བར་དུ་ཡུན་རིང་གནས་ཤིང་འཚོ་བར་བྱེད་པ་སོགས་སྲོག་གནས་ཀྱི་རྩ་བར་གྱུར་པའི་ཕྱིར་ན་རྩ་ཞེས་མིང་དུ་བཏགས་པ་ཡིན་ནོ།།


གསུམ་པ་གཉན་པ་གནད་ཅེས་པ་ནི། ཛ་དྲགས་གནོད་པའི་དབང་གིས་ཆེ་ས་ནས་སྲོག་སྐྱོན་ཤོར་བ། ཆུང་ས་ནས་ཞ་བ་འཐེང་པ། གཉེན་པོ་གསོ་ཐབས་ཁག་ལ་བརྗོད། དེ་ལ་ཤ་ཚིལ་རུས་པ་ཆུ་རྒྱུས། དོན་སྣོད་ཀྱི་རྩ་ཡི་གནད་བཅས་བདུན་ཡོད། དེ་ཡང་ཤ་གནད་ལ་རྡོ་མཚོན་སོགས་ཕོག་ན་སྐྲངས་པ་དང་། རུས་གནད་ལ་ཕོག་ན་ན་ཟུག་ཆེ་བ། ཆུ་རྒྱུས་གནད་ལ་ཕོག་ན་འཇའ་བར་བྱེད། རྩ་ཚིགས་རྨེན་བུའི་གནད་དང་དོན་སྣོད་ཀྱི་གནད་རྣམས་ལ་ཕོག་ན་ཚེ་སྲོག་འདོར་བར་བྱེད་པ་ཡིན། ཤ་གནད་ལ་ཞེ་ལྔ། ཚིལ་གནད་ལ་བརྒྱད། རུས་པར་སོ་གཉིས། རྒྱུས་པར་བཅུ་བཞི། དོན་སྣོད་ལ་བཅུ་གསུམ། རྩ་གནད་ལ་བརྒྱ་དང་དགུ་བཅུ་ཡོད། གཉན་པའི་གནད་ལ་སྤྱིར་སྡོམ་པའི་སུམ་བརྒྱ་དང་གཉིས་ཡོད། དེ་དག་ལས་རབ་ཏུ་གཉན་པ་གོ་དྲུག་ཡོད་པ་ཆོད་ཟིན་པ་བཅས་ལ་སྲོག་འདོར་བས་མཁས་པ་ཡིན་ནའང་བཅོས་ཐབས་མེད། འབྲིང་དུ་གཉན་པ་ཞེ་དགུ་ལ་སྨན་པ་མཁས་པ་རྣམས་ཀྱིས་བཅོས་ཐུབ་པ་ཡིན། གཞན་གཉན་པ་བརྒྱ་དང་ལྔ་བཅུ་བདུན་ལ་ཆོད་ཟིན་ནའང་སྨན་པ་ཀུན་གྱིས་གསོ་ནུས་པ་ཡིན་ནོ།།


བཞི་པ་རྒྱུ་ལམ་བུ་གའི་གནས་ལུགས་བསྟན་པ་ནི། རྒྱུད་ལས། རྒྱུ་ལམ་བུ་གའི་གནས་ལུགས་ཕྱི་ནང་གཉིས།། ཞེས་པ་ལྟར་ལུས་ཀྱི་ཕྱི་ཡི་བུ་ག་ལ། མིག་ལ་གཉིས། སྣ་ལ་གཉིས། རྣ་བར་གཉིས། ཁ་ལ་གཅིག བཤང་ལམ་གཅིག གཅིན་ལམ་གཅིག་བཅས་སྐྱེས་པར་དགུ་དང་། བུད་མེད་ལ་མངལ་སྒོ་དང་། ནུ་མའི་སྒོ་གཉིས་བཅས་ཁྱོན་བཅུ་གཉིས་ཡོད། ནང་གི་བུ་གར། སྲོག་རླུང་ཆེན་པོའི་རླུང་རྒྱུ་བའི་བུ་ག་ཡན་ལག་དང་བཅས་པ་དང་། དྭངས་མ་སོགས་ཟུངས་རྒྱུ་བའི་བུ་ག་བདུན། ལོང་ག་ནས་གཞང་ནག་པོའི་བར་བཤང་བ་རྒྱུ་བའི་བུ་ག་གཅིག མཁལ་མ་ནས་ཆུ་སོ་ལ་ཐུག་པའི་བར་གཅིན་རྒྱུ་བའི་བུ་ག་གཅིག རྔུལ་རྒྱུ་བའི་བ་སྤུའི་བུ་ག་གཅིག ལུས་ཀྱི་ཆ་ཤས་ཀུན་ལ་ཆུ་སེར་རྒྱུ་བའི་བུ་ག་གཅིག ཁ་ནས་ཕོ་བའི་དབར་ཟས་རྒྱུ་བའི་བུ་ག་གཅིག་བཅས་ཁྱོན་བསྡོམས་བུ་ག་བཅུ་གསུམ་ཡོད། (ཕྱི་ཡི་བུ་ག་གསང་བ་གཉིས་དང་ནང་གི་བུ་ག་བཤང་གཅི་རྒྱུ་བའི་བུ་ག་གཉིས་ལ་ཁྱད་པར་ཡོད།) བུ་གའི་དབྱིབས་ནི་ཟླུམ་པ། སྦོམ་པ། ཕྲ་ལ་རིང་བ་དེ་དག་ཕན་ཚུན་གཅིག་ལ་གཅིག་འབྲེལ་ཡོད་པ་ཡིན། བུ་གའི་བྱེད་ལས་ཀྱི་ཡོན་ཏན་ནི། དྭངས་མ་ལ་སོགས་པའི་ཟུངས་མཐར་ཐུག་བར་རྒྱུན་ཆད་མེད་པ་རང་སྟོབས་བསྐྱེད་པ་དང་། དབང་པོ་ལྔ་དང་ཡུལ་ལྔ་ལ་ལེགས་པར་བྱ་བ་བྱེད་པ། དེ་བཞིན་ཟས་སྐོམ་རྣམས་ཀྱི་དྭངས་སྙིགས་ཕྱེ་ནས་ཕྱིར་འདོར་བར་བྱེད་པའོ།། བུ་གའི་རྒྱུ་ལམ་ལ་གནོད་སྐྱོན་བྱུང་ན། རྒྱུད་ལས། ཟས་དང་སྤྱོད་ལམ་མི་མཐུན་བསྟེན་པ་ཡིས།། བུ་གའི་རྒྱུ་ལམ་གནོད་པས་ནད་སྐྱེད་ལ།། ཞེས་པ་ལྟར་ཟུངས་དང་དྲི་མ་སོགས་མང་དུ་བྱུང་བའམ། ཡང་ན་འགགས་པ། རང་གི་ལམ་ནས་ལོག་སྟེ་ལམ་གཞན་དུ་འགྲོ་ཞིང་ནད་རིགས་སྣ་ཚོགས་པ་བྱུང་ངོ་།། དེའི་ཕྱིར་བུ་གའི་རྒྱུ་ལམ་ལ་སྐྱོན་མེད་ན་ལུས་ཟུངས་སྟོབས་རྣམས་འཕེལ་བར་འགྱུར་རོ།།


གཉིས་པ་སེམས་ཀྱི་གནས་ལུགས་སྤྱི་ཙམ་བཤད་པ།

སེམས་ཀྱི་རང་བཞིན་ནི། གསོ་རིག་ཚིག་མཛོད་ལས། རང་ཡུལ་དུ་གྱུར་པའི་དོན་གྱི་ངོ་བོ་རང་སྟོབས་ཀྱིས་མཐོང་བའི་ཤེས་པ་ལ་བྱ། དཔེར་ན་མིག་ཤེས་སུ་གྱུར་བའི་སེམས་སོ།། ཞེས་གསུངས་པ་ལྟར་སྤྱིར་སེམས་གཡོ་བ་ཞིག་ཡིན་ཡང་། ཡང་བ་ནི་མ་ཡིན་ནོ།། སེམས་ཀྱི་རྟེན་ནི། གསོ་རིག་ཚིག་མཛོད་ལྟར་ན་སེམས་གནས་པའི་རྟེན་ནི་སྙིང་ངོ་།།

སེམས་ཀྱི་ལས་ནི། དེ་ཉིད་ལས། བྱ་བའི་ལས་ལ་བློ་སེམས་འཇུག་པ་སྟེ་ཡུལ་རྣམ་པ་དུ་མར་དཔྱོད་པར་བྱེད་ཅེས་གསུངས། འོན་ཀྱང་སྐབས་རེ་དྲན་པ་འཐོར་ནས་བརྒྱལ་བའང་ཡོད། སེམས་ཀྱི་འཕེལ་གྲིབ་བྱེད་སྟངས་ནི། ཚེ་འདིའི་ལུས་དང་ལྷན་དུ་སེམས་ཀྱི་འཕེལ་འགྱུར་པའང་ཡོད་པ་དང་། རང་སྟོབས་ཀྱི་འཕེལ་གྲིབ་བྱེད་སྟངས་ཁག་གཉིས་ཡོད། དང་པོ་དེ་ལུས་སེམས་སྲོག་གི་འབྲེལ་བའི་སྐོར་ཡིན་སྟབས་སྐབས་འདིའི་བརྗོད་བྱ་མ་ཡིན།

གཉིས་པ་སེམས་རང་སྟོབས་ཀྱི་འཕེལ་གྲིབ་བྱེད་སྟངས་ནི། སེམས་ལ་འཇིག་པ་དང་ཞུམ་པ། ང་རྒྱལ་སོགས་རང་ཆས་སུ་ཡོད་ནའང་སེམས་ཀྱི་དྲན་པ་ལེགས་སུ་གཏོང་སྟངས་ནི། བཤད་རྒྱུད་སྤྱོད་པའི་ལེའུར། སེམས་ཅན་ཐམས་ཅད་བདེ་བ་འོདད་པའི་ཕྱིར།། རྩོམ་པ་ཀུན་ལ་འཇུག་ཀྱང་ཆོས་མེད་ན།། བདེ་ཉིད་སྡུག་བསྔལ་རྒྱུ་ཕྱིར་ཆོས་ལ་འབད།། ཅེས་དང་། ཡང་། བརྣབ་སེམས་གནོད་སེམས་ལྟ་བ་ཕྱིན་ཅི་ལོག། སྡིག་པའི་ལས་བཅུ་ལུས་ངག་ཡིད་ཀྱི་སྤང་།། བྱམས་པས་བྱང་ཆུབ་མཆོག་གི་སེམས་གཉིས་བསྐྱེད།། ལུས་ངག་ཡིད་འདུལ་ཕངས་མེད་གཏོང་སེམས་ལྡན།། གཞན་གྱི་དོན་ལའང་རང་གི་འདྲར་སེམས་པ།། དེ་དག་དམ་པའི་སྤྱོད་པ་མཐར་ཐུག་གོ། ཡང་། བཤད་རྒྱུད་ལེའུ་སོ་གཅིག་པར། རྒྱུ་ནི་བློ་ལྡན་བསམ་པ་དཀར་བ་དང་།། ཞེས། བློ་ལ་བློ་ཆེ། བློ་བརྟན། བློ་གཟེག་གསུམ་དང་ལྡན་ཞེས་དང་། བསམ་པ་དཀར་ལ་བྱང་ཆུབ་སེམས་ལྡན་པ།། སྦྱོར་བ་དངོས་གཞི་མཇུག་པ་ལས། དང་པོ་ནི། དེ་ཉིད་ལས། སྡུག་བསྔལ་མཐོང་དང་ཕན་འདོགས་དད་པ་དང་།། བཟང་ངན་བྱམས་སྡང་ཞེ་ནས་སྙོམས་པ་ཡིས།། སྙིང་རྗེ་བྱམས་པ་དགའ་བ་བཏང་སྙོམས་བཞི།། སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ།། དངོས་གཞི་འཇུག་པ་ཚད་མེད་ཉམས་སུ་བླང་།། འཇུག་པ་བསྔགས་པར་བལྟ་ཞིང་འཁོན་འཛིན་མེད།། ཞེས་དང་། ཡིད་ལས་མ་འཁྲུལ་བརྩོན་པའི་བསམ་ཞིང་གཞིག། ཁྱད་པར་ལས་ནི་ལྟ་སྒོམ་སྤྱོད་ལམ་གསུམ།། ལྟ་བ་ཆོས་རྣམས་ཀུན་ལ་དབུ་མར་རྟོགས།། དམན་མཐའ་ལྷག་མཐའ་ལོག་པའི་མཐའ་སྤང་བའི།། ཡང་དག་དབུ་མར་བལྟ་བ་ལྟ་བའི་མཆོག། སྒོམ་པ་ཚད་མེད་བཞི་ཡི་ངང་དུ་གནས།། ཞེས་གསུངས་པ་ལྟར་རོ།། སེམས་ལ་དེ་སྔ་ཅི་ཡང་མི་ཤེས་པ་ལ་བསླབ་ན་ཤེས་རྒྱུ་ཡོད་པའང་ཡོད། འོན་ཀྱང་ཁག་གཅིག་ལ་སྐྱེས་ཐོབ་ཀྱི་ཤེས་རབ་དང་། མང་ཆེ་བ་ལ་སྦྱང་པའི་ཤེས་རབའང་ཡོད། མང་ཆེ་བའོ་དོན་དེ་ཉིད་དྲན་པས་བརྗོད་པ་དེའི་མ་བརྗེད་པའི་ཐབས་ཤིག་འཚོལ་དགོས་པ་མཐོང་ངོ་།། སེམས་ཀྱི་ནད་ལ་དབྱེ་ན་གཉིས་ཡོད་དེ་བཤད་རྒྱུད་ལས། སེམས་ལ་གནས་པ་སྨྱོ་བྱེད་བརྗེད་བྱེད་གཉིས།། ཞེས་གསུངས་པ་བཞིན་གནས་ཀྱི་ནད་ཀྱི་སྒོ་ནས་དབྱེ་བ་ཡིན། སེམས་གཞན་ཞུགས་རྒྱུ་ཡོད་པ་ནི། མི་མ་ཡིན་གང་རིགས་སེམས་ལ་ཞུགས་ནས་ལུང་བསྟན་པའམ་བླ་འཆོལ་བཤད་པའང་ཡོད། སེམས་ལ་སྔོན་ནས་ད་བར་རིགས་རྒྱུན་ཡོང་བར་བཤད་ཀྱང་དུག་གསུམ་རིགས་རྣམས་རིགས་རྒྱུན་ཐོག་མ་བྱུང་སྟངས་མ་ཤེས་པ་དང་། རྗེས་སུ་རིགས་རྒྱུན་ཆད་རྒྱུ་ཡོད་པ་དང་། ཡང་། བསམ་བློ་མ་ཤེས་པ་རྣམས་རྗེས་སུ་གསར་པ་ཤེས་རྒྱུ་ཡོད་ན། རིགས་རྒྱུན་དེ་གང་འདྲ་ཆགས་པ་རེད་དམ། སེམས་ཀྱི་དཔེ་མཚོན་ནི། ད་ལྟ་ཡོད་པའི་གློག་དེ་ཡིན། གློག་དེ་ནི་མིག་གིས་མཐོང་རྒྱུ་མེད་པ། ལག་པས་འཛིན་རྒྱུ་མེད་པ། གློག་འཁྱུད་ས་ཡུལ་ཆེ་ཆུང་གང་ལའང་འཁྱུད་ཐུབ་པ་དང་། ལས་དོན་འཁོར་བ་ཚ་གྲང་འོད་སོགས་འཛིན་པ་བཞིན་ཤེས་པ་དེའང་མིག་གིས་མཐོང་རྒྱུ་མེད་པ། ལས་པས་འཛིན་རྒྱུ་མེད་པ། ལུས་ཆེ་ཕྲ་ཆུང་ངུ་གང་ལའང་སེམས་འཇུག་ཐུབ་པ། ལས་དོན་ཀྱང་ཕན་གནོད་དང་ཉོན་མོངས་མི་སྐྱེས་པ་བྱེད་པ་སོགས་ཆོས་མཚུངས་སོ།།


གསུམ་པ་སྲོག་གི་གནས་ལུགས་སྤྱི་ཙམ་བཤད་པ།

དེ་ཡང་རྒྱུད་ལས། སྲོག་གནས་རྩ་བ་ཡིན་ཕྱིར་རྩ་ཞེས་བྱ།། ཞེས་གསུངས་པ་དང་། སྨན་དཔྱད་ཡན་ལག་བརྒྱད་པའི་སྙིང་པོའི་འགྲེལ་བ་སྨན་འཚོ་བའི་མདོ་ལས། སྲོག་གི་གནས་ནི་རྣམ་པ་བཅུ་སྟེ། མགོ་དང་ལྕེ་ཡི་རྩ་བ་དང་།། ལྐོག་མ་ཁྲག་དང་སྙིང་ལྟེ་བ།། ཆུ་སོ་ཁུ་ཆུ་དྭངས་དང་གཞང་།། གསུངས་པ་བཞིན་མགོ་ནི་སྲོག་འཛིན་རླུང་གི་གནས་ཡིན་པ་དང་། ལྕེ་ནི་བཟང་བཏུང་གི་རོ་མྱོང་བའི་གཞི་རྩ་ཡིན་པ། ལྐོག་མ་ནི་དབུགས་བྱུང་རྔུབ་བྱེད་པ་དང་། ཁྲག་ནི་སྲོག་འཚོ་བ་སྟེ་སྲོག་གི་རླུང་རྣམས་ལ་རང་སར་འཁོར་རྒྱུགས་ཀྱི་སྐྱེལ་འདྲེན་བྱེད་ཅིང་། སྙིང་ནི་རླུང་ཁྲག་འཕར་རྩ་རྣམས་དུས་ཀུན་གཡོ་བར་བྱེད་པ། ལྟེ་བ་ནི་རྩ་འཁོར་རྣམས་ཐོག་མ་ཆགས་དུས་སུ་ཐད་ཀར་འཛིན་པ། ཆུ་སོ་ནི་གཅིན་པ་རྣམས་དུས་སུ་འབེབས་པ། ཁུ་ཆུ་ནི་བུ་ཚ་རིགས་བརྒྱུད་སྤེལ་བ་དང་ལུས་ཟུངས་ཐ་མའི་འཚོ་བཅུད་ལུས་ལ་ཁྱབ་པ། དྭངས་མ་ནི་ཤ་སོགས་སྐྱེས་པ་དང་། སེམས་དང་ལུས་ཀྱི་མདངས་རྒྱས་པར་བྱེད་པ་དང་། གཞང་ནི་ལུས་ཀྱི་ཟས་སྐོམ་རྣམས་ཀྱི་སྙིགས་རོ་རྣམས་བཀག་བསྐྱིལ་བྱེད་པ་དུས་ཐོག་ཏུ་འབེབས་པའི་ནུས་པ་སོ་སོ་ཡོད་དོ།།

ད་ལྟ་གུས་ཀྱིས་ལུས་སེམས་སྲོག་གི་ངོས་འཛིན་དང་། གནས་ལུགས་སྤྱིའི་ས་བོན་ཙམ་ཞིག་ཞུ་ཟིན་པ་ཡིན། དེ་ཡང་རྒྱས་ཙམ་ཞུ་ན་བརྗོད་བྱ་མི་འདྲ་བ་ཁག་གསུམ་ནས་ཞུ་དགོས་སྟབས་དུས་ཚོད་ཀྱི་མ་འདང་བ་དང་། སྤྱིར་གསོ་བ་རིག་པ་ནི་གཞུང་ལུགས་རྒྱ་ཆེ་བ་ཡིན་སྟབས་ད་ལྟ་ལམ་སེང་རྣམ་དཔྱོད་ཀྱི་རྩལ་ཐོན་དཀའ་བ་ཞིག་ལ་བརྟེན་དུས་གཅིག་ལ་ཐག་མི་ཆོད་པས་དུས་ཡུན་གང་འཚམ་ཞིག་ནས་ངེས་པ་རྙེད་པ་ཡོང་རྒྱུ་མཐོང་། ནང་ཆོས་ནང་གི་ལུས་སེམས་སྲོག་གི་སྐོར་ཚན་རིག་པ་དང་། མཉམ་མཐུན་གྲོས་གླེང་ཐེངས་ཉི་ཤུ་རྩ་དྲུག་ཙམ་སོང་ཟིན་པ་དང་། ཐེངས་འདིར་བོད་ཀྱི་གསོ་རྩིས་རིག་གནས་དང་། ནང་ཆོས་ཚན་རིག་དབར་གྱི་ལུས་སེམས་སྲོག་གསུམ་གྱི་བགྲོ་གླེང་བྱེད་འགོ་ཚུགས་པ་བཞིན་སླད་མ་འོངས་པ་ལུས་སེམས་སྲོག་གི་སྐོར་ཚན་རིག་པ་དང་མཉམ་དུ་བགྲོ་གླེང་གསར་པ་ཞིག་ཡོང་པའི་རེ་བ་བཅས་སོ།།


དྲི་བ་དྲིས་ལན།

དྲི་བ་དང་པོ། དྲན་པ་གནས་ས་སྙིང་ཡིན་པ་དང་། བག་ཆགས་འཇོག་ས་སེམས་ཡིན་ཚུལ་གསོ་རིག་གཞུང་དྲངས་ནས་གསུངས་སོང་། ཚན་རིག་ལུགས་ལ་དྲན་པ་ཟེར་བ་དེ་ཀླད་པའི་Hippocampus(ཧི་པོ་ཀེམ་པས་)ཟེར་བ་དེ་ལ་འབྲེལ་བ་ཡོད་པ་དང་། གལ་སྲིད་སྙིང་ཐང་ཐང་ཡིན་ནའང་Hippocampus(ཧི་པོ་ཀེམ་པས་)ལ་སྐྱོན་ཤོར་ན་དྲན་པ་ཉམས་ཆག་འགྲོ་ཡི་ཡོད་པ་དེང་དུས་ནད་པ་མང་པོར་བརྟག་དཔྱད་གནང་བའི་བརྒྱུད་རིམ་ནང་ལ་ངོས་འཛིན་གནང་གི་ཡོད་པ་རེད། ཚན་རིག་པས་སྙིང་ལ་རྩ་ནས་འབྲེལ་བ་མེད་ཅེས་གསུང་གི་ཡོད་པ་མ་རེད། དེང་སྐབས་སྙིང་གཤགས་བཅོས་བྱས་ནས་ཕན་ཚུན་བརྗེ་བོ་བརྒྱབ་པ་དེ་འདྲ་ཡོད་རེད། སྙིང་བརྗེ་བོ་བརྒྱབ་པ་ལ་བརྟེན་ནས་བཟའ་བཏུང་སོགས་ཀྱི་འདོད་པ་གཞན་ལྟར་ཡོང་གི་འདུག་ཅེས་བཤད་ཡོད་པ་རེད། ཡིན་ན་ཡང་གཙོ་བོ་ཀླད་པའི་ཆ་ཤས་Hippocampus(ཧི་པོ་ཀེམ་པས་)ལ་གནས་ཡོད་ཚུལ་གསུང་གི་ཡོད་པས། བོད་ཀྱི་གསོ་རིག་ལུགས་ནས་དེ་ལ་འགྲེལ་བཤད་གང་འདྲ་ཡོད་མེད་དང་།

དྲི་བ་གཉིས་པ། བོད་ལུགས་གསོ་རིག་གཞུང་དུ་ལུས་ཀྱི་དབང་པོ་ཀླད་པའི་ནང་ཡོད་པ་དང་། ང་གོ་ནོར་བྱུང་མེད་ན་ཚན་རིག་དང་མཐུན་པ་ཡོད་རེད་ཅེས་གསུངས་སོང་། ནང་པའི་གཞུང་དུ་ལུས་ཀྱི་དབང་པོ་དེ་ལུས་ཐམས་ཅད་ལ་ཁྱབ་ནས་ཡོད་པ་རེད། ལུས་ལ་ལུས་དབང་ཇི་བཞིན་དུ།། གཏི་མུག་ཀུན་ལ་ཁྱབ་གྱུར་ཏེ།། ཞེས་གསུངས་ཡོད་པས་གསོ་རིག་གི་གསུང་ཚུལ་དང་ནང་པའི་གཞུང་གི་གསུངས་ཚུལ་མི་འདྲ་བ་ཆགས་ཀྱི་འདུག་པས་དེ་ཡི་དགོངས་པ་གང་འདྲ་འགྲེལ་དགོས་ཡོད་འགྲོ། གཉིས་པ་དེ་ཚན་རིག་པ་མཐུན་འདུག་ཅེས་གསུངས་བ་ཡིན་ན་ཚན་རིག་པས་ལུས་ཀྱི་དབང་པོ་བཤད་ཀྱི་མི་འདུག་ཀྱང་ཚན་རིག་པས་དབང་པོའི་རེག་བྱ་ཟེར་གྱི་འདུག དབང་པོ་རེག་བྱ་དེ་ཀླད་པས་སྟངས་འཛིན་བྱེད་པ་མ་གཏོགས་ཀླད་པ་གཅིག་བུ་ལ་གནས་པ་མ་ཡིན་པར་ལུས་ཆ་ཚང་ལ་གནས་པར་གསུང་གི་འདུག་པས་དེའི་སྐོར་ལ་འགྲེལ་བཤད་གང་ཡོད་མེད།

ལན། སེམས་དེ་སྙིང་དང་ཀླད་པ་གང་དུ་ཡོད་པ་རེད་ཅེས་པ་ཡིན་ན་ང་ཚོའི་བག་ཆགས་དེ་ཚོ་སེམས་ལ་འཇོག་གི་འདུག་ཅེས་ངས་ཞུ་གི་ཡོད། སེམས་ཟེར་བ་ཡིད་དབང་ཡིད་ཀྱི་དབང་པོ་དེ་སྙིང་ལ་ཡོད་པ་རེད། མཁྲིས་པ་གྲུབ་བྱེད་སྙིང་ལ་ཡོད་པ་སྨན་གཞུང་ལ་གསལ་པོ་ཡོད་པ་རེད། ཞེ་སྡང་འདྲ་བོ་ལངས་པ་ཡིན་ན་སྙིང་ཀ་ནས་མ་བདེ་བ་ཡོང་གི་ཡོད་པས་སེམས་སྙིང་ལ་ཡོད་པའི་སྒྲུབ་བྱེད་ཅིག་དེ་རེད། ཀླད་པས་རེག་བྱ་ཐམས་ཅད་ལ་བཏང་འཛིན་བྱེད་ཀྱི་ཡོད་པ་བྱ་བ་བྱེད་པའི་ཆ་རྩ་བཅུ་དྲུག་ཟེར་བ་དེས་ལས་བྱེད་ཀྱིན་ཡོད་པ་རེད། ང་ཚོས་བེད་སྤྱོད་བྱེད་པ་མང་ཆེ་བ་རེག་བྱ་ལ་ཟེར་གྱི་ཡོད་པ་རེད། སེམས་མ་སྐྱིད་པ་དང་གཉིད་མ་ཁུག་པ་སོགས་སྲོག་རྩ་དཀར་པོ་དེས་ཀླད་པར་ལན་སྐྱེལ་གྱི་ཡོད་པ་རེད། ལུས་ཀྱི་དབང་པོ་ཀླད་པ་ཡོད་པ་ཟེར་བ་སྨན་གཞུང་ན་གསལ་བོ་ཡོད་པ་རེད། ལུས་ཀྱི་དབང་པོ་ཀླད་པ་ལ།། ཞེས་སྨན་དཔྱད་ཟླ་བའི་རྒྱལ་པོར་གསུངས་ཡོད། ཅེས་བཤད།།


-འདི་ནི་བོད་ཀྱི་སྨན་རྩིས་ཁང་ལུས་སེམས་སྲོག་གི་སྡེ་ཚན་ནས་འགྲེམས་སྤེལ་གནང་བའི་"ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་དང་པོའི་གསུང་བཤད་ཁག་"ཅེས་གསུང་བཤད་ཕྱོགས་སྒྲིག་དཔེ་དེབ་ནས་ཟུར་འདོན་ཞུས།

མཐའ་མའི་འདོན་ཐེངས་།: 01.04.2015 ཉིན། 9:43 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།