སྨན་རྩིས་དྲ་བ། - ཆེད་རྩོམ།

གསོ་རིག་བསྟན་པ་དབུ་བརྙེས་པའི་ལོ་ཚིགས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 13.06.2016
ཆེད་རྩོམ། >>




༄༅། །བོད་གངས་ཅན་ལྗོངས་སུ་གསོ་བ་རིག་པའི་བསྟན་པ་དུས་ནམ་ཙམ་དུ་དབུ་བརྙེས་པའི་

ལོ་ཚིགས་གསལ་བར་བཀོད་པ་ཉི་གཞོན་འདྲེན་པའི་སྐྱ་རེངས།

 

- གོ་འཇོ་དབང་འདུས།

 

༄༅། །ཨོཾ་ཨ་ཐཱ། གངས་ཅན་གསོ་དཔྱད་དབྱར་གྱི་ཆུ་འཛིན་ཀློང་། །ལུང་རིགས་རབ་རྒྱས་སྔོན་མེད་སྒྲ་བརྒྱའི་དབྱངས། །འཛམ་གླིང་མཛེས་པའི་རྒྱན་དུ་མངོན་སྒྲོག་མཁན། །སྨན་པའི་རྒྱལ་པོ་གཡུ་ཐོག་ཟུང་དེར་འདུད། །དཔལ་ལྡན་རྒྱུད་བཞིའི་དགོངས་དོན་གནམ་རུའི་རྒྱུད། །རྣམ་དཔྱོད་སོར་མོས་ཉེར་བཀུག་དགག་སྒྲུབ་མདས། །སྨྲ་ངན་ལོག་རྟོག་འཇོམས་པའི་གཡུལ་འགྱེད་མཁན། །མཁས་རྒུའི་གཙུག་རྒྱན་བྱང་ཟུར་རྣམ་གཉིས་རྒྱལ། །གངས་ལྗོངས་གསོ་དཔྱད་བསྟན་པའི་འཕྲིན་ལས་གདུགས། །རྣམ་དཔྱོད་དཔུང་པ་བརྟན་པོས་བླ་ནས་བླར། །འདེགས་བཟོད་གྱད་ཀྱི་སྙིང་སྟོབས་རབ་ལྡན་པའི། །སྔོན་བྱོན་མཁས་ལ་སོར་བཅུ་སྙིང་གར་སྦྱར། །འདི་ན་གངས་ཅན་གསོ་དཔྱད་དབུ་བརྙེས་པའི། །ལོ་ཚིགས་མུན་ནག་འདོམ་འཇལ་མི་དགོས་པར། །ཉི་གཞོན་འདྲེན་པའི་སྐྱ་རེངས་འདི་དང་ལྷན། །འགྲོགས་ནས་གཟིགས་མོ་མཛོད་དང་གྲོགས་དག་ཀྱེ།།

 

ཞེས་མཆོད་པར་བརྗོད་ཅིང་བརྩམ་པར་དམ་བཅའ་བའི་ཚིག་གིས་མདུན་བསུས་ཏེ། གང་གླེང་བ་ནི། འཇིག་རྟེན་མིག་གཅིག་ལོ་ཆེན་རིན་ཆེན་བཟང་པོའི་ཞལ་གྱི་བུམ་བཟང་ལས། ཡུལ་མཐོ་ས་གཙང་འཛམ་གླིང་དཀྱིལ་སྒང་ན། །མི་རྗེ་ལྷས་མཛད་སྤུ་རྒྱལ་བཙན་པོའི་གདུང་། །བྱང་ཆུབ་སེམས་དཔའ་སྤྲུལ་པའི་རྒྱུད་དུ་འཁྲུངས། །མཐའ་བཞིའི་རྒྱལ་པོ་གཞན་ལས་ཁྱད་པར་འཕགས། །ཞེས་གསུངས་པ་ལྟར། ཛམྦུས་མཚན་པའི་གླིང་གི་གོ་ལའི་རྩེ་མོར་ཏོག་ལྟར་གནས་པའི་བོད་ཁ་བ་ཅན་གྱི་ལྗོངས་འདིར་འཛམ་གླིང་གི་ཕུལ་བྱུང་ཡུལ་གྲུ་གཞན་དག་དང་འདྲ་བར་རང་ངོས་ཀྱི་མེས་པོ་བཀའ་དྲིན་ཅན་རྣམས་ཀྱིས་དཀའ་སྤྱད་འབད་བརྩོན་ཟམ་མ་ཆད་པ་གནང་སྟེ། རང་གི་ཡུལ་དུ་ཆོས་དང་རིག་གཞུང་སྣ་ཚོགས་སྔོན་མེད་ཀྱི་སྲོལ་གསར་དུ་ཕྱེ་བ་དང་། ཆབས་ཅིག་ཤེས་རིག་ལྡན་པའི་མི་རིགས་གཞན་གྱི་རིག་གནས་ལའང་སློབ་སྦྱོང་དང་ཉམས་ཞིབ་གཏིང་ཟབ་མཛད་པ་མ་ཟད། དེ་དག་གི་ལེགས་ཆ་རྣམས་བླངས་ནས་རང་རིགས་ཀྱི་རིག་གཞུང་དར་རྒྱས་གོང་སྤེལ་རྒྱུན་མ་ཆད་པར་མཛད་སྟབས། རྒྱ་ཆེ་ལ་གཏིང་ཟབ་ཅིང་གཞན་ལ་མེད་པའི་དམིགས་བསལ་གྱི་ཁྱད་ཆོས་དུ་མས་ཕྱུག་པའི་རིག་གཞུང་འགངས་ཆེན་ཞིག་ཏུ་གྱུར། དེང་གི་ཆར་འཛམ་གླིང་གི་བློ་གཟུ་བོར་གནས་པའི་མཁས་དབང་མང་པོས་རིག་གནས་དེར་ཚད་མཐོའི་གདེང་འཇོག་དང་། སློབ་སྦྱོང་། ཉམས་ལེན་བྱ་ཡུལ་བཅས་སུ་གྱུར་པའི་བོད་མིའི་ཤེས་རིག་ཅེས་པའི་རླབས་ཆེན་གྱི་རིག་གཞུང་འདི་གྲུབ་ཡོད།

དེའི་ནང་ནས་འཛམ་གླིང་གི་གནའ་བོའི་གསོ་རིག་ཀུན་གྱི་སྙིང་པོའམ་སྲོག་ཤིང་ལྟར་གྱུར་པའི་བོད་ཀྱི་གསོ་བ་རིག་པ་ནི་ཆེས་སྔ་བའི་རྒྱུན་རིང་གི་ལོ་རྒྱུས་ལྡན་པ་དང་། དེར་རིག་པའི་གཞུང་ལུགས་ཀྱི་ཁོ་ལག་ཡོངས་སུ་རྫོགས་ཤིང་མཐོང་བ་བརྒྱུད་པའི་ཕྱག་ལེན་བར་མ་ཆད་པར་བཞུགས་པའི་འཛམ་གླིང་ཡུལ་གྲུ་ཁག་ཏུ་མཐོང་དཀོན་པའི་རིག་གཞུང་རླབས་པོ་ཆེ་ཞིག་ཡིན།

རིག་གཞུང་དེ་ཉིད་ཡུལ་གངས་ཅན་གྱི་ལྗོངས་སུ་དུས་ནམ་ཙམ་ནས་དར་བའི་སྐོར་གྱི་ལོ་ཚིགས་ཐད་ལ་གནའ་དེང་གི་མཁས་པ་ཚོས་བཞེད་ཚུལ་མི་འདྲ་བ་སྣ་ཚོགས་བཀོད་པ་མཐོང་ཞིང་། དེའི་ནང་ནས་ཡོངས་སུ་གྲགས་ཆེ་བ་གསུམ་སྟེ། ལོ་ངོ་ཆིག་སྟོང་ལྷག་ཙམ་གྱི་ལོ་རྒྱུས་ལྡན་པར་བཞེད་པ་ཞིག་དང་། ལོ་ངོ་ཉིས་སྟོང་ལྷག་ཙམ་གྱི་ལོ་རྒྱུས་ལྡན་པར་བཞེད་པ་ཞིག ལོ་ངོ་བཞི་སྟོང་ལ་ཉེ་བའི་ལོ་རྒྱུས་ལྡན་པར་བཞེད་པ་ཞིག་བཅས་གསུམ་མཆིས་པས་ལུགས་འདི་དག་གསུམ་གར་རྒྱུ་མཚན་རེ་ལྡན་པ་ལས་རང་གར་བཤད་པ་མ་ཡིན་ཏེ།

 

ལུགས་དང་པོ་ནི། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྲུལ་པ་བོད་ཀྱི་བཙན་པོའི་རྒྱལ་རབས་ཉི་ཤུ་རྩ་བརྒྱད་པ་(ཉེར་བདུན་གསུངས་པའང་མཆིས།) ལྷ་ཐོ་ཐོ་རི་སྙན་ཤལ་དགུང་ལོ་དྲུག་ཅུ་བཞེས་པའི་སྐབས་ཕོ་བྲང་ཡུམ་བུ་བླ་མཁར་གྱི་ཡང་ཐོག་ཏུ་སྤང་སྐོང་ཕྱག་རྒྱ་མ་དང་། གསེར་གྱི་མཆོད་རྟེན་ཁྲུ་གང་པ། མདོ་སྡེ་ཟ་མ་ཏོག་གི་སྙིང་པོ་ཡི་གེ་དྲུག་མ། ཙིནྡྷ་མ་ཎིའི་བརྐོས་ཕོར་རྣམས་ནམ་མཁའ་ལས་བབས་ནས་ནང་པ་སངས་རྒྱས་པའི་བསྟན་པའི་དབུ་བརྙེས་པར་གྲགས་ཤིང་།དེ་བཞིན་ཆོས་རྒྱལ་འདིའི་སྐུ་དུས་སུ་རྒྱ་གར་འཕགས་པའི་ཡུལ་ནས་རྒྱ་གར་གྱི་རྒྱལ་པོ་ཨུཏྤ་ལའི་གདུང་རྒྱུད་དུ་གཏོགས་པའི་སྨན་པ་བི་བྱི་དགའ་བྱེད་དང་བི་ལྷ་དགའ་མཛེས་ལྕམ་སྲིང་གཉིས་ལ་བཅོམ་ལྡན་འདས་འཕགས་མ་སྒྲོལ་མས་ལུང་བསྟན་པ་ལྟར་བོད་ལ་ཕེབས་ཏེ། སྨན་དཔྱད་ཀྱི་སྒོ་ནས་འགྲོ་བའི་དོན་བསམ་གྱིས་མི་ཁྱབ་པར་བསྐྱངས་ནས་ལོ་སྐོར་གཉིས་བཞུགས་པར་མཛད། རྒྱལ་པོས་རང་ཅག་ཁ་བ་ཅན་བོད་ཀྱི་ལྗོངས་སུ་གསོ་དཔྱད་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པར་འབྱུང་བའི་ཆེད་དུ་བི་བྱི་དགའ་བྱེད་ལ་རང་གི་སྲས་མོ་ལྷ་ལྕམ་ཡིད་ཀྱི་རོལ་ཆ་ཞེས་པ་བཙུན་མོར་ཕུལ། དེ་ལ་སྲས་དུང་གི་ཐོར་ཅོག་ཅན་འཁྲུངས་ནས་རྒྱལ་པོའི་བླ་སྨན་དུ་སྐྱེད་སྲིང་པར་མཛད་པས་འདི་ནས་གསོ་དཔྱད་ཀྱི་བསྟན་པ་དབུ་བརྙེས་པར་བཞེད་པ་དང་སྒོ་བསྟུན་པ་ཡིན་ནོ། །ལྷ་ཐོ་ཐོ་རི་གཉན་བཙན་འཁྲུངས་འདས་ཀྱི་ལོ་ཚིགས་ཐད་ཕུག་ལུགས་ལྟར་ན་ད་ལྟའི་རབ་བྱུང་བཅུ་བདུན་པའི་མྱོས་བྱེད་ཤིང་མོ་ལུག་ལོའི་བར་སྐུ་བལྟམས་ནས་ལོ་༡༧༦༠ཟིན་པར་བཞེད་པ་དང་། སྐུ་མྱ་ངན་ལས་འདས་ནས་ལོ་༡༦༤༡ཟིན་པར་བཞེད་པ་ཡིན་ནོ།།

 

ལུགས་གཉིས་པ་ནི། ཟུར་མཁར་བ་བློ་གྲོས་རྒྱལ་པོས་མཛད་པའི་ཤེས་བྱ་སྤྱིའི་ཁོག་དབུབས་ནང་གཡུང་དྲུང་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེ་མཆོག་དང་ནང་པ་སངས་རྒྱས་པའི་སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མཆོག་གཉིས་འཇིག་རྟེན་དུ་དུས་མཚུངས་སུ་བྱོན་ཞིང་དེའི་དུས་སུ་བོད་ཀྱི་གསོ་དཔྱད་ཀྱི་བསྟན་པ་དབུ་བརྙེས་པར་གསུངས་པའི་ལུང་ལ་བརྟེན་ནས་སྟོན་པའི་འཁྲུངས་ལོ་དང་སྒོ་བསྟུན་པ་ཡིན་ཅིང་། སངས་རྒྱས་ཀྱི་འཁྲུངས་ལོའི་ལོ་ཚིགས་ཐད་བཞེད་སྲོལ་མི་འདྲ་བ་སྣ་ཚོགས་མཆིས་ནའང་འདིར་མི་དབང་པཎྜི་ཏ་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་བཻ་ཌཱུར་དཀར་པོ་སོགས་ཕུག་ལུགས་ཀྱི་བསྟན་རྩིས་ལྟར་ན་ད་ལྟའི་རབ་བྱུང་བཅུ་བདུན་པའི་མྱོས་བྱེད་ཤིང་མོ་ལུག་ལོའི་བར་ལོ་གྲངས་༢༩༧༥ ཟིན་པར་བཞེད་པ་ཡིན་ནོ།།


ལུགས་གསུམ་པ་ནི།
ཇི་སྐད་དུ། སྔ་འགྱུར་རྙིང་མའི་གཏེར་སྟོན་ཆེན་པོ་གླིང་པ་བཅུ་གཉིས་ཀྱི་ཡ་གྱལ་རྡོ་རྗེ་གླིང་པའི་བཀའ་ཐང་གནམ་ལྕགས་མ་ལས། བོན་དང་ཆོས་གཉིས་བོན་སྔ་བས༔ ཆོས་ཀྱི་འབྱུང་ཁུངས་བོན་ལ་ཐུག༔ ཅེས་དང་། དཔའ་བོ་གཙུག་ལག་ཕྲེང་བས་མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས། འདི་ཡན་གདུང་རབས་ཉི་ཤུ་རྩ་བདུན་དུ། །ཆབ་སྲིད་སྒྲུང་དང་ལྡེའུ་བོན་གྱིས་བསྐྱངས། །དེ་ནས་དམ་པའི་ཆོས་ཀྱི་དབུ་བརྙེས་པ། །རྒྱལ་སྲས་ཀུན་ཏུ་བཟང་པོའི་རྣམ་སྤྲུལ་ནི། །སྤྲུལ་པའི་རྒྱལ་པོ་ཐོ་ཐོ་རི་གཉན་བཙན། །ཞེས་དང་། ཐུའུ་ཀྭན་བློ་བཟང་ཆོས་ཀྱི་ཉི་མས་མཛད་པའི་གྲུབ་མཐའ་ཐམས་ཅད་ཀྱི་ཁུངས་དང་འདོད་ཚུལ་བསྟན་པ་ལེགས་བཤད་ཤེལ་གྱི་མེ་ལོང་ལས། བོད་ཡུལ་མུན་པར་དམ་ཆོས་ཉི་མའི་འོད། །འཆར་བའི་ལམ་ཡངས་འཆའ་(འཆའ་ནི་སྐབས་འདིར་ལམ་སྲོལ་སོགས་གཏན་ལ་དབབ་པའི་ད་ལྟ་བ་ལ་གོ་དགོས་སོ། །སྒྲིག་པ་པོའི་མཆན་ནོ།)བར་གཤེན་ལུགས་ཀྱི། །སྐྱ་རེངས་ཕོ་ཉ་སྔོན་དུ་འོངས་པ་ལ། །བོན་ཞེས་གྲགས་པའི་གྲུབ་མཐའི་བྱུང་བ་གླེང་། །ཞེས་གསུངས་པ་ལྟར། རང་ཅག་ཁ་བ་ཅན་དུ་ཐོག་མར་དར་བའི་ཆོས་གཡུང་དྲུང་བོན་གྱི་ལུགས་དང་སྒོ་བསྟུན་པ་ཡིན་ཅིང་། དེ་ལའང་སྟོན་པ་གཤེན་རབ་མི་བོ་ཆེའི་འཁྲུངས་འདས་ཀྱི་ལོ་ཚིགས་ཐད་བཞེད་པ་མི་འདྲ་བ་དུ་མ་མཆིས་ནའང་གཤེན་རབ་མི་བོ་ཆེའི་གདུང་རྒྱུད་ཟམ་མ་ཆད་པ་ལས་བྱོན་པའི་གཡུང་དྲུང་བོན་གྱི་མཁས་གྲུབ་ཆེན་པོ་གཤེན་སྟོན་ཡེ་ཤེས་བློ་གྲོས་ཀྱི་གསུང་དང་སྒོ་བསྟུན་ན་ད་ལྟའི་བར་ལོ་གྲངས་བཞི་སྟོང་ལ་ཉེ་བར་འབྱུང་བ་ཡིན་ནོ། །

 

གོང་སྨྲོས་ཀྱི་ལུགས་མི་འདྲ་བ་གསུམ་སོ་སོར་གོང་བཤད་བཞིན་རྒྱུ་མཚན་གཏན་ཚིགས་རེ་འདྲེན་རྒྱུ་ཡོད་ནའང་སྐབས་འདིར་ལུགས་དང་པོ་དང་ལུགས་གཉིས་པ་གཉིས་ལྟར་འདོད་ན་མི་འཐད་དེ། དང་པོ་ལྟར་ན། རྒྱ་གར་འཕགས་པའི་ཡུལ་གྱི་གསོ་དཔྱད་བོད་ཡུལ་དུ་སྤེལ་བའི་དབུ་ཚུགས་པའི་སྒོ་དང་བསྟུན་ནས་བཤད་པ་ལས། བོད་ཀྱི་གསོ་དཔྱད་དབུ་ཚུགས་པའི་སྒོ་དང་བསྟུན་ནས་མ་བཤད་པའི་ཕྱིར་རོ། །གཉིས་པ་ལྟར་ན། ཟུར་མཁར་བས་སྟོན་པ་གཤེན་རབ་མི་བོ་ཆེ་མཆོག་དང་སངས་རྒྱས་ཤཱཀྱ་ཐུབ་པ་མཆོག་གཉིས་མི་ཡུལ་དུ་བྱོན་པའི་དུས་རགས་པ་ཙམ་མཉམ་པར་གསུངས་པའི་ལུང་ལ་བརྟེན་ནས་སངས་རྒྱས་ཀྱི་འཁྲུངས་ལོ་དང་སྒོ་བསྟུན་ནས་བཤད་པ་ལས། བོད་ཀྱི་གསོ་བ་རིག་པའི་བསྟན་པ་དབུ་ཚུགས་པའི་ལོ་ཚིགས་དང་སྒོ་བསྟུན་ནས་ཞིབ་མོར་མ་བཤད་པའི་ཕྱིར་རོ། །ལུགས་གསུམ་པ་འདི་ཉིད་ལོ་ཚིགས་ཞལ་གསལ་ཞིང་བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས་དངོས་དང་མཐུན་པའི་བདེན་དཔང་ཉག་གཅིག་ཡིན་པས་གཙིགས་ཆེར་འཛིན་དགོས་ཏེ། གཤེན་སྟོན་ཡེ་ཤེས་བློ་གྲོས་ཀྱིས་མཛད་པའི་རྨ་བཅོས་འཆི་སོས་ལ་ཆུའི་ཞལ་གདམས་ལས། འབྱུང་ལྡན་ཉེར་ལྔ་པའི་ཤིང་བྱི་ལོར་བོད་རྗེ་དང་པོ་གཉའ་ཁྲི་བཙན་པོ་འཁྲུངས། དེ་ནས་ཡར་བརྩིས་པའི་འབྱུང་ལྡན་དང་པོའི་ཤིང་བྱི་ལོར་སྟོན་མཆོག་གཤེན་རབ་མི་བོ་ཆེ་ཞང་ཞུང་དུ་སྐུ་བལྟམས། གསོ་དཔྱད་ཀྱི་བསྟན་པ་འདི་ནས་དབུ་བརྙེས། ཞེས་གསུངས་པ་ལྟར་ན། བོད་ཀྱི་བཙན་པོའི་རྒྱལ་རབས་དང་པོ་གཉའ་ཁྲི་བཙན་པོ་སྤྱི་ལོའི་སྔོན་གྱི་ལོ་༤༡༧ ཐོག་འཁྲུངས་པར་སུམ་པ་མཁན་ཆེན་ཡེ་ཤེས་དཔལ་འབྱོར་གྱིས་མཛད་པའི་རྩིས་གཞུང་བུ་ཡིག་དང་། རྗེ་དེ་ཉིད་ཀྱིས་མཛད་པའི་ཆོས་འབྱུང་དཔག་བསམ་ལྗོན་བཟང་གཉིས་ཀའི་ནང་གསུངས་པས་གཉའ་ཁྲི་ནས་ཡར་གྱེན་འདེད་བྱས་པའི་འབྱུང་ལྡན་ཉེར་བཞི་ལ་འབྱུང་ལྡན་རེར་ལོ་དྲུག་ཅུར་བརྩིས་པའི་ལོ་གྲངས་༡༤༤༠འབྱུང་བ་དང་། དེའི་སྟེང་ད་ལྟ་བོད་རབ་བྱུང་བཅུ་བདུན་པའི་མྱོས་བྱེད་ཤིང་མོ་ལུག་ལོའི་བར་གནམ་བདག་ཆོས་ལུགས་ཀྱི་སྟོན་པ་ཡེ་ཤུའི་འཁྲུངས་ལོ་ལོ་འགོ་བཟུང་ནས་བརྩིས་པའི་སྤྱི་ལོ་༢༠༡༥བསྣན་པས་བོད་ཀྱི་གསོ་བ་རིག་པའི་བསྟན་པ་དབུ་བརྙེས་ནས་ད་བར་ལོ་གྲངས་༣༨༧༢འབྱུང་བ་ཡིན་ནོ། །

 

གོང་དུ་བཤད་མ་ཐག་པའི་བོད་ཀྱི་གསོ་བ་རིག་པའི་བསྟན་པ་དབུ་བརྙེས་པའི་ལོ་ཚིགས་དེ་ཉིད་གཡུང་དྲུང་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེ་མཆོག་འཇིག་རྟེན་དུ་བྱོན་པའི་དུས་སུ་བཀོད་པ་ནི། གཡུང་དྲུང་བོན་ཁོ་ན་ལ་གྲགས་པ་ཙམ་མ་ཡིན་པར་བོད་ཡུལ་གྱི་ནང་པ་སངས་རྒྱས་པའི་བསྟན་འཛིན་ཆེན་པོ་དང་བཅུ་ཕྲག་རིག་པའི་གནས་ལ་མངའ་དབང་བསྒྱུར་བའི་མཧཱ་པཎྜི་ཏ་ཆེན་པོ་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་དང་། མཁས་པའི་དབང་པོ་ཟུར་མཁར་བ་བློ་གྲོས་རྒྱལ་པོ། མཁས་མཆོག་དེལ་དམར་བ་བསྟན་འཛིན་ཕུན་ཚོགས་སོགས་བློ་གཟུ་བོར་གནས་པའི་གསོ་དཔྱད་ཀྱི་ལོ་རྒྱུས་སྨྲ་བ་དག་གིས་བོད་ཀྱི་གསོ་རིག་ལོ་རྒྱུས་ཀྱི་ཕུགས་དེ་ཉིད་གཡུང་དྲུང་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེ་མཆོག་ལ་གཏུགས་དགོས་པར་གསུངས་ཏེ། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས་མཛད་པའི་གསོ་རིག་གི་བྱུང་བ་སྲོང་པོར་བརྗོད་པའི་གཏམ་དྲང་སྲོང་སྲིད་སྒྲུབ་ཀྱི་མདའ་ལས། སྔ་རབས་པ་འགས་བྱས་པ་ཡི། །གསོ་དཔྱད་བྱུང་བ་བརྗོད་པའི་སྐབས། །བོད་ཡུལ་གསོ་དཔྱད་བསྟན་པའི་དབུ། །ཐོ་རིའི་སྐུ་དུས་བརྙེས་ཞེས་བརྗོད། །དེ་ནི་མ་བརྟག་གཏམ་ཡིན་ཏེ། །ཆོས་རྒྱལ་འདིའི་རིང་རྒྱ་གར་ནས། །བི་བྱི་བི་ལྷ་གཉིས་བྱོན་ཏེ། །འཕགས་ཡུལ་གསོ་དཔྱད་བོད་ཡུལ་དུ། །སྤེལ་བའི་ཐོག་མར་དབུ་བརྙེས་ལས། །འདི་དུས་བོད་ཀྱི་གསོ་དཔྱད་དབུ། །བརྙེས་པར་བརྗོད་ན་མངོན་སུམ་འགལ། །གངས་ཅན་བོད་ཀྱི་གསོ་དཔྱད་ནི། །གཉའ་ཁྲི་བོད་རྗེར་མ་བྱོན་གོང་། །སྟོན་པ་གཤེན་རབ་མི་བོ་ཆེ། །ཞང་ཞུང་འོལ་མོ་ལུང་རིང་བལྟམས། །དཔྱད་སྡེ་ཉི་ཁྲི་ཆིག་སྟོང་མཛད། །དཔྱད་བུ་ཁྲི་ཤེས་ལ་སོགས་པའི། །རྗེས་འཇུག་མཁས་པ་མང་བསྐྱངས་ནས། །བོད་ཡུལ་གསོ་དཔྱད་བསྟན་སྤེལ་ཞེས། །གཡུང་དྲུང་བོན་ལ་རླུང་ལྟར་གྲགས། །དེས་ན་བོད་ཀྱི་གསོ་དཔྱད་དབུ། །གཡུང་དྲུང་བོན་གྱི་དུས་སུ་བརྙེས། །ཞེས་དང་། ཟུར་མཁར་བ་བློ་གྲོས་རྒྱལ་པོས་མཛད་པའི་ཤེས་བྱ་སྤྱིའི་ཁོག་དབུབས་ལས། ལྷ་ཐོ་ཐོ་རི་སྙན་ཤལ་གྱི་རིང་ལ་གསོ་དཔྱད་ཀྱི་དབུ་བརྙེས་ཟེར་བ་དེའང་མ་ངེས་ཏེ། བོན་པོ་ལ་བརྟེན་པའི་གསོ་དཔྱད་ཇི་སྙེད་ཅིག་ཡོད་ལ། བོན་པོ་ནི། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འཇིག་རྟེན་དུ་བྱོན་པ་དང་དུས་མཚུངས་སུ་གཤེན་རབ་མི་བོ་ཆེ་ཞེས་བྱ་བ་པུ་རངས་སུ་བྱོན་པར་བཤད་པའི་ཕྱིར་རོ། །ཞེས་དང་། མཁས་མཆོག་དེལ་དམར་བ་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་རིན་ཆེན་དབང་པོ་རིལ་བུ་གསུམ་གྱི་ལག་ལེན་གསལ་བའི་བསྟན་བཅོས་ཟབ་གསལ་སྙིང་ཐིག་ལས། ཞང་ཞུང་ལུགས་ཀྱི་དྲང་སྲོང་དཔྱད་བུ་ཁྲི་ཤེས་ཀྱིས་མཛད་པའི་དུག་བཅོས་གཡུང་དྲུང་འཁྱིལ་བ་ལས། སྔོན་དུས་སྟོན་མཆོག་དབང་པོ་གཤེན་རབ་ཀྱིས། །སྐྱབས་གནས་སྲུང་མར་བཅས་ལ་རིན་ཆེན་དང་། །འབྲུ་སོགས་མཆོད་པ་ཕུལ་ནས་དམོད་འདི་བོར། །སྙིགས་དུས་མ་རུང་བདུད་ཀྱི་སྤྲུལ་པ་འགས། །ཟས་ངན་དུག་སྦྱོར་ཉེས་པ་ཡོད་མིན་གྱི། །མི་ཆེན་སྲོག་ལ་ཧུར་ཐུམ་བྱེད་དུས་སུ། །དེ་ཉིད་འཇོམས་བྱེད་སྨན་མཆོག་རིན་པོ་ཆེ། །མཐུ་ལྡན་རང་བྱུང་དངོས་གྲུབ་སྩལ་དུ་གསོལ། །གསུངས་པས་ལྷུང་བཟེད་ནང་དུ་དངོས་གྲུབ་ཀྱི། །རིལ་བུ་རིགས་ལྔ་བྱུང་བ་ཕྱོགས་བཅུར་བོར། །ཕྱོགས་ཀུན་ཁྱབ་ནས་འགྲོ་ལ་ཕན་པར་ཤོག །ཅེས་གསུངས་དབང་གིས་གནས་ལ་མ་ངེས་པར། །སྲོག་ཆགས་ཀུན་དང་ཁྱད་པར་རྨ་བྱ་སོགས། །སྲོག་རྩ་རྭ་རྩེ་མཁྲིས་པ་ཀླད་པ་དང་། །ཕོ་ལོང་རྒྱུ་མ་མཆིན་པ་སོགས་ལས་འབྱུང་། །རྒྱ་གར་སྨན་གྱི་ནགས་སུ་སྐྱེས་པའང་ཡོད། །ཡུལ་དེའི་གླ་བ་དཀར་མོ་སྨན་ཟ་བའི། །རྩི་ཤའི་ཁ་ལྟེམ་དག་ལས་ངེས་པར་འབྱུང་། །ཞེས་སོགས་གསུངས་པར་གཞིགས་ན། བོད་ཀྱི་གསོ་བ་རིག་པའི་བསྟན་པའི་སྲོལ་འབྱེད་ཀྱི་ཤིང་རྟ་ཆེན་པོ་ནི་སྟོན་པ་གཤེན་རབ་མི་བོ་ཆེ་མཆོག་ཡིན་པར་ལུང་རིགས་ཚད་མས་གྲུབ་པ་ཡིན་ནོ། དེ་བཞིན་དུ་སྟོན་པ་གཤེན་རབ་མཆོག་ལ་གདུང་སྲས་བརྒྱད་བྱོན་པའི་ནང་གི་གཉིས་པ་དཔྱད་བུ་ཁྲི་ཤེས་ནི་གསོ་དཔྱད་ཀྱི་བཀའ་བབ་དང་གསོ་དཔྱད་ཀྱི་བསྡུ་བ་པོ་ཡང་ཡིན་ཏེ། བསྟན་པ་གཉེར་གཏད་ཀྱི་མདོ་ལས། དཔྱད་རྒྱུད་ཉི་ཁྲིར་གྱུར་པ་རྣམས། །དཔྱད་བུ་ཁྲི་ཤེས་དག་གིས་བསྡུས། །ཞེས་དང་། མཛད་མདོ་འབྲིང་པོ་ལས། རིག་པའི་དཔྱད་ལ་རྣོ་བས་དཔྱད། །སེམས་ཉིད་ཡོངས་ལ་བྱམས་པས་བུ། །དཔྱད་ལ་ཁྲི་སྡེ་མཁྱེན་པས་ཁྲི། །དེ་ཡི་ཕྱིར་ན་དཔྱད་བུ་ཁྲི་ཤེས་སོ། །ཞེས་དཔྱད་བུ་ཁྲི་ཤེས་ཀྱི་མཚན་གྱི་སྒྲ་དོན་གསུངས་པ་དང་། དེ་བཞིན་དུ། རྣམ་པར་རྒྱལ་བའི་གཟུངས་ཆེན་ལས། གསོ་བྱའི་ནད་འབུམ་ནག་པོ། གསོ་ཐབས་ཀྱི་དཔྱད་འབུམ་ཁྲ་བོ། གསོ་བྱེད་ཀྱི་སྨན་འབུམ་དཀར་པོ་དང་གསུམ་རི་གཡུང་དྲུང་དགུ་བརྩེགས་སུ་དཔྱད་བུ་ཁྲི་ཤེས་ལ་གསུངས་སོ། །ཞེས་དང་། མདོ་དྲི་མེད་གཟི་བརྗིད་ལས། དཔྱད་ཀྱི་རྒྱུད་སྡེ་ཆེན་པོ་གཞུང་ལྔ། མདོ་སྡེ་ཆེན་པོ་སྡེ་དགུ། མན་ངག་ཡན་ལག་བརྒྱད་ལྡན། ཉིང་ལག་ཉི་ཁྲི་ཆིག་སྟོང་རྣམས་དཔྱད་བུ་ཁྲི་ཤེས་དང་དྲང་སྲོང་ཆེན་པོ་བརྒྱད་ལ་གཉེར་དུ་གཏད། ཅེས་དང་། བོན་གྱི་བསྟན་འབྱུང་ལེགས་བཤད་སྐལ་བཟང་མགྲིན་རྒྱན་ལས། ལྔ་པ་རྒྱལ་སྲས་དཔྱད་བུ་ཁྲི་ཤེས་ནི། །སྐུ་ལས་བསྐྱེད་པའི་སྲས་ཀྱི་གཉིས་པ་སྟེ། །སྲས་སྤྲུལ་མཛད་སྐབས་ཁྲི་སྨོན་རྒྱལ་བཞད་དུ། །ཧོས་བཟའ་རྒྱལ་མེད་སྐུ་ལས་འཁྲུངས་པ་སྟེ། །གསོ་དཔྱད་ལ་སོགས་བོན་སྒོ་མ་ལུས་པ། །ཡབ་ཀྱི་དྲུང་དུ་གསན་ཅིང་ཐུགས་རབ་བསྐྱེད། །དཔྱད་རྒྱུད་ཉི་ཁྲི་ཆིག་སྟོང་ཐུགས་ལ་བཀྲ། །སངས་རྒྱས་སྨན་གྱི་བླ་དང་དབྱེར་མེད་གྱུར། །གསོ་དཔྱད་འབུམ་གསུམ་ལ་སོགས་ཞུས་ཤིང་བསྡུས། །ཚུལ་མིང་གཤེན་རབ་ཚུལ་འབར་ཁྲི་ཤེས་གསོལ། །ཞེས་དང་། གནའ་རབས་བོན་གྱི་སྨན་པ་མཁས་ཆེན་དར་ལྡིང་གི་གཤེན་སྟོན་ཡེ་ཤེས་བློ་གྲོས་ཀྱིས་མཛད་པའི་རྨ་བཅོས་འཆི་སོས་ལ་ཆུའི་ཞལ་གདམས་ལས། འདིར་བཤད་པའི་བཅད་འབྱོར་གྱི་སྨན་ཕལ་མོ་ཆེ་རྣམས་གཤེན་རབ་མི་བོ་ཆེའི་གདུང་སྲས་དཔྱད་བུ་ཁྲི་ཤེས་ཀྱིས་མཛད་པའི་ཤ་སོས། རུས་འབྱོར། རྒྱུས་མཐུད་ཀྱི་གདམས་པ་དར་ཡ་ཀན་གྱི་རྒྱུད་ལས་བཏུས། ཞེས་གསུངས་པ་ལ་གཞིགས་ན། དཔྱད་བུ་ཁྲི་ཤེས་ནི་སྨན་དཔྱད་གཉིས་ཀ་ལ་མངའ་བརྙེས་པའི་གསོ་དཔྱད་ཀྱི་བསྟན་པ་སྤེལ་མཁན་རླབས་ཆེན་གྱི་མེས་པོ་ཞིག་ཡིན་པར་རྟོགས་ཐུབ་ལ། སྐབས་དེ་དུས་ནས་བོད་ཀྱི་སྨན་དང་དཔྱད་གཉིས་མཉམ་དུ་དར་ཡོད་པའང་གསལ་པོར་ཤེས་ཐུབ། དེ་བཞིན་དུ་དེང་དུས་འཛམ་གླིང་ཤར་ནུབ་ཀྱི་མཁས་པ་ཚོས་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་གི་དཔྱད་གཞིའི་ཡིག་ཆ་འགངས་ཆེན་དུ་འཛིན་པའི་ཏུན་ཧོང་བྲག་ཕུག་ནས་རྙེད་པའི་བོད་ཡིག་ཤོག་དྲིལ་ལས། དཔྱད་ཡྀག་འདྀ་ནྀ་ཕྱག་སྦལ་ན་ཡང་མེད་དེ། །དཔྱད་ཡིག་ཐམས་ཅད་ལས་ཀྱང་འདུས་པའི་སྟེང་དུ་ཞང་ཞུང་དཔྱད་ཕུག་པ་དང་སྦྱར་ཏེ་བགྱྀས་པ་ལགས་སོ། །ཞེས་འཁོད་ཡོད་པ་དང་། དེ་བཞིན་བོད་ཀྱི་བཙན་པོའི་རྒྱལ་རབས་དང་པོ་གཉའ་ཁྲི་བཙན་པོ་རྒྱལ་པོར་མངའ་གསོལ་སྐབས་གདན་འདྲེན་ཞུ་མཁན་བོན་ཤེས་པ་ཅན་བཅུ་གཉིས་ཀྱི་ནང་དུ། ཕན་ཤེས་སྨན་དཔྱད་ཀྱི་བོན། ཞེས་འཁོད་ཡོད་པར་གཞིགས་ན། སྐབས་དེ་དུས་ནས་བོད་ལུགས་གསོ་རིག་ལ་གསོ་དཔྱད་ཀྱི་བྱ་བ་བྱེད་མཁན་ཆེད་ལས་སྨན་པ་མཁས་པ་ཡོད་པ་བཅས་ངེས་ཤེས་རྙེད་པའི་གཏན་ཚིགས་དེ་དག་གི་ཐོག་ནས་བོད་ཀྱི་སྨན་དང་དཔྱད་ཀྱི་ཁུངས་ནི་ཡུལ་བོད་ཀྱི་ཞང་ཞུང་ནས་དར་བ་དང་། དུས་བོད་མི་སྟོན་པ་གཤེན་རབ་མཆོག་གི་སྐུ་དུས་སུ་དར་བ་ལུང་རིགས་ཚད་མས་གྲུབ་པ་ཡིན་ནོ། །འདིར་ཁོ་བོས་བྲིས་པའི་རྩོམ་ཐུང་འདིའི་ནང་བན་བོན་གཉིས་ཀའི་གསུང་ཆ་བསྲེས་སུ་བཀོད་པ་འདི་ཡང་ཕྱོགས་ལྷུང་མེད་པར་བློ་གཟུ་བོར་གནས་པའི་ཁུལ་ཡིན་ཏེ། སློབ་དཔོན་བདེ་བྱེད་བདག་པོས་མཛད་པའི་ལྷ་ལས་ཕུལ་བྱུང་གི་བསྟོད་པ་ལས། བདག་ནི་སངས་རྒྱས་ཕྱོགས་མི་འཛིན། །སེར་སྐྱ་སོགས་ལ་མི་སྡང་ཡང་། །གང་ཞིག་རིགས་པ་ལྡན་པའི་ཚིག །དེ་ཉིད་སྟོན་པར་ཡོངས་སུ་འཛིན། །ཞེས་དང་། རྡོ་རྗེ་གླིང་པའི་བཀའ་ཐང་གནམ་ལྕགས་མ་ལས། བོན་དང་ཆོས་གཉིས་བོན་སྔ་བས༔ ཆོས་ཀྱི་འབྱུང་ཁུངས་བོན་ལ་ཐུག༔ ཆོས་པས་བོན་གཤེ་དམ་ཚིག་ཉམས༔ རྐྱེན་དེས་རང་བསྟན་རང་གིས་བཤིགས༔ ཞེས་དང་། བོན་གྱིས་ཆོས་ལ་ངན་སྨྲ་བྱས༔ ཉེན་སྐྱོན་དེ་ཡིས་གདུལ་ཞིང་ཆུང༔ ཞེས་དང་། སི་ཏུ་པདྨ་དབང་མཆོག་རྒྱལ་པོའི་རིན་ཆེན་གཏེར་མཛོད་ཀྱི་རྟོགས་བརྗོད་ངོ་མཚར་བདུད་རྩིའི་འབྱུང་གནས་ལས། བོན་པོའང་སྤྱིར་སངས་རྒྱས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་རོལ་གར་ཡིན་ཅིང་། ཁྱད་པར་དུ་ཨོ་རྒྱན་དུས་གསུམ་མཁྱེན་པ་བོད་དུ་ཕེབས་ནས་བོན་རྣམས་གཏེར་དུ་གཤེགས་པར་མཚོན་ཡང་དག་པའི་གྲུབ་མཐའ་ཡིན། ཞེས་གསུངས་པ་ལ་གཞི་བཟུང་ནས་བཀོད་པ་ཡིན་པས་རང་གཞན་ཐམས་ཅད་ཀྱིས་ཆོས་ལུགས་གྲུབ་མཐའི་ཕྱོགས་ཞེན་དང་། ཡུལ་གྲུའི་ཕྱོགས་ཞེན། བསམ་བློའི་ཕྱོགས་ཞེན་བཅས་མི་མཛད་པར་བློ་གཟུ་བོར་གནས་པའི་སྒོ་ནས་རང་རིགས་གསོ་དཔྱད་ཀྱི་བསྟན་པ་རིན་པོ་ཆེ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གྱི་བྱ་བ་ལ་འབད་པར་འཚལ་ཏེ། རྗེ་བཙུན་ས་སྐྱ་པཎྜི་ཏས། བསྟན་ལ་ཕན་པར་མ་ནུས་ཀྱང་། །རྣམ་པ་ཀུན་ཏུ་གནོད་མི་བྱ། །ཞེས་དང་། ཇོ་ནང་རྗེ་བཙུན་ཀུན་དགའ་གྲོལ་མཆོག་གིས། བསྟན་ལ་ཕྱོགས་རིས་མ་མཆིས་ཤིང་། །བསྟན་པ་འཛིན་ལའང་ཉེ་རིང་ཅི། །ཞེས་གསུངས་པས་སོ། །

 


མཐའ་མའི་འདོན་ཐེངས་།: 14.06.2016 ཉིན། 10:58 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།