སྨན་རྩིས་དྲ་བ། - བོད་ཀྱི་སྨན་རྫས་རིག་པ།

གཡུ་ཐོག་སྔོ་འབུམ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 24.11.2020
བོད་ཀྱི་སྨན་རྫས་རིག་པ། >>


༄༅། །གཡུ་ཐོག་སྔོ་འབུམ།

-གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ།

 

སྨན་བླ་མི་འཛད་སྨན་གྱི་མཛོད།།

རྒྱུ་འབྲས་ནད་ཀུན་འཇོམས་ལ་འདུད།།

སྐྱེ་བའི་སྔོ་དང་སྨན་གྱི་མཛོད།།

འཁྲུངས་དཔེ་སྣ་ཚོགས་བྱེ་བྲག་རྣམས།།

རབ་ཏུ་གསལ་བ་འདིར་བཤད་བྱ།།

ནད་རྣམས་ཐམས་ཅད་སེལ་བའི་སྨན། །མོན་སྣེའུ་དམར་པོ་ཞིང་ལ་སྐྱེ། །ལོ་མ་དམར་སྨུག་རྐོ་མ་མཆུ། །འབྲས་བུ་ཞིབ་མོ་སྤུངས་པ་དེ། །རིང་ཐུང་མཐོ་རེ་མཛུབ་རེ་ཙམ། །ཁུ་བ་དམར་པོ་ཡོན་ཆབ་རྒྱུ། །དུག་ནད་སེལ་བའི་སྨན་གྱི་མཆོག །

ཨ་བྷི་ཁ་ཞེས་བྱ་བ་ནི། །སྤེན་མ་སྨག་ཤད་ནང་དུ་སྐྱེ། །ངར་པ་ཆིག་སྐྱེས་འདྲ་ཞིང་དྲང་། །རིང་ཐུང་ཁྲུ་རེ་རྐང་རེ་ཙམ། །ལོ་མ་ར་མོ་ཤག་དང་མཚུངས། །མེ་ཏོག་དབྱི་མོང་ཅུང་ཟད་འདྲ། །གང་བུ་སུལ་མང་ཐོག་ལེགས་འདྲ། །རྩ་བ་སྒོག་སྐྱ་ཆིག་སྐྱེས་འདྲ། །ནུས་པས་མགོ་ཆག་སེལ་བ་དང་། །དུག་རིགས་ཐམས་ཅད་འདི་ཡིས་འཇོམས། །

ཡུ་གུ་ཤིང་ནི་སྲིབ་ལ་སྐྱེ། །སྐྱེ་ཕོན་སྲད་མ་རེ་ལྕག་འདྲ། །རིང་ཐུང་རྐང་རེ་མཐོ་རེ་ཙམ། །ངར་པ་ཕྲ་ཞིང་དྲང་བ་ལ། །ལོ་མ་རྒྱབ་སྐྱ་ནང་ནི་སྔོ། །མེ་ཏོག་རྒྱབ་སྔོན་ནང་ནི་སྐྱ། །ཐམས་ཅད་སྤྲ་བའི་རང་བཞིན་ཅན། །ནུས་པས་རྨ་ནི་འདྲུབ་བྱེད་ཅིང་། །དུག་ནད་མ་ལུས་སེལ་བའི་མཆོག །

སུ་མི་དམར་ནི་རི་ལ་སྐྱེ། །འདབ་མ་ས་འབྱར་ཉ་ག་ཅན། །རིང་ཐུང་མཁྱིད་རེ་མཛུབ་རེ་ཙམ། །རྩེ་མོ་ཕྲ་ཞིང་སྤྲ་བ་ཡོད། །མེ་ཏོག་ཁྲོག་ཆུང་ཅུང་ཟད་འདྲ། །རོ་ནི་བསྐ་སྐྱུར་བཤལ་བྱེད་ཅིང་། །དུག་རིགས་མ་ལུས་འཇོམས་པའི་མཆོག །

དཔའ་བོ་སེར་པོ་བྲག་ལ་སྐྱེ། །ལོ་མ་ལྕ་ཆུང་འདྲ་བ་ལ། །སྐྱེ་ལུགས་ངར་པ་སྤྲུ་དཀར་འདྲ། །རིང་ཐུང་རྐང་རེ་ཁྲུ་རེ་ཙམ། །རྩ་བ་མེ་ཏོག་སེར་བ་སྟེ་རོ་ཁ་དུག་རིགས་མ་ལུས་སེལ། །

བྲག་སྤོས་རེ་རལ་རི་སུལ་སོགས། །བྱང་བལྟས་བྲག་གི་སྲིབས་ལ་སྐྱེ། །འདབ་མ་ཆིག་སྐྱེས་ལྗང་སེར་བ། །རིང་ཐུང་སོར་བཞི་སོར་ལྔ་ཙམ། །རྒྱབ་ན་གསེར་གྱི་ཐིག་ལེ་ཡོད། །དྲི་ཞིམ་ནུས་པས་རྨ་ལ་ཕན། །དུག་ནད་སེལ་བའི་སྨན་གྱི་མཆོག །

ལུག་རུ་དཀར་པོ་སྲིབས་ལ་སྐྱེ། །ལོ་མ་མེ་ཏོག་གླང་སྣ་འདྲ། །ངར་པ་མཁྱིད་རེ་མཛུབ་རེ་ཙམ། །མེ་ཏོག་དཀར་པོ་བྱ་མགོ་འདྲ། །དུག་རྣམས་བསྡུད་པའི་སྨན་དུ་བཤད། །

ལུག་རུ་དམར་པོ་མུ་ལ་སྐྱེ། །ངར་པ་ཆིག་སྐྱེས་ཕྲ་བ་སྟེ། །མེ་ཏོག་དམར་པོ་ལུག་རུ་འཁྱིལ། །རིང་ཐུང་མཛུབ་རེ་མཐོ་རེ་ཙམ། །དུག་སྡུད་ཤ་དུག་སེལ་བར་བྱེད། །

ལུག་རུ་སེར་པོ་ན་ལ་སྐྱེ། །ལོ་མ་འཛེར་བ་སྤུངས་པ་འདྲ། །མེ་ཏོག་སེར་པོ་ལུག་རུ་འཁྱིལ། །དུག་སྡུད་མགོ་ཆག་ཤ་དུག་སེལ། །

བྲག་སྐྱ་ཧ་ནོ་བྲག་ལ་སྐྱེ། །ལོ་མ་ས་འབྱར་མཐུག་ལ་གྱོང་། །རྒྱབ་ན་བལ་སྤུ་སེར་པོ་ཡོད། །མེ་ཏོག་སྔོན་པོ་དྲིལ་བུ་ཁ། །ངར་པ་རིལ་མོ་ཕྲ་བ་སྟེ། །རིང་ཐུང་སོར་བཞི་སོར་ལྔ་ཙམ། །ནུས་པས་ཁྲག་གཅོད་རྒྱུ་གཟེར་དང་། །དུག་གི་ནད་ལ་བསྔགས་པ་ཡིན། །

འོམ་བུ་འབབ་ཆུའི་གླིང་དུ་སྐྱེ། །ལོ་མ་ལྗང་(འདྲ་ཁྲུག་ཁྲུག་པོ།།) འབྲས་བུ་ཆུང་ཞོང་སྤུངས་པ་སྟེ། །ཤ་དུག་ཀུན་འཇོམས་དུག་སྨན་ཏེ། །

འཇིབ་རྩི་ཤིང་ཚིགས་སྐམ་ལ་སྐྱེ། །དྲི་ཞིམ་སྔོན་པོ་ཅན། །འདབ་མ་ཕྲ་ཞིང་གུར་ཀུམ་མཚུངས། །རིང་ཐུང་ཐོ་རེ་ཁྲུ་རེ་ཙམ། །ཕོ་མཆིན་ནད་དང་རིམས་ཚད་སེལ། །

པར་པ་ཏ་ནི་ལྗོངས་སུ་སྐྱེ། །ངར་པ་སར་འབྱར་སྨུག་པ་ལ། །འདབ་མ་ལྗང་སྐྱ་ཕྲ་ལ་སིབ། །རིང་ཐུང་མཐོ་རེ་མཛུབ་རེ་ཙམ། །བཅད་ན་ཞོ་འབྱུང་མེ་ཏོག་དཀར། །རོ་ཁ་རིམས་ནད་ཐམས་ཅད་འཇོམས། །

མ་ནུ་གླ་སྒང་ན་ལ་སྐྱེ། །སྐྱེ་ལུགས་རམ་བུ་ཅུང་ཟད་འདྲ། །འདབ་མ་སར་འབྱར་སྣུམ་ལ་གྱོང་། །ལོ་མ་དཀར་པོ་བོན་ཚེ་འདྲ། །ངར་པ་ཕྲ་ཞིང་དྲང་པ་སྟེ། །རིང་ཐུང་མཐོ་རེ་མཛུབ་རེ་ཙམ། །འབྲས་བུ་རྩི་འཇམ་ཟུར་གསུམ་པ། །རོ་ནི་མངར་ཞིང་ནུས་པ་ཡིས། །རིམས་ནད་མ་ལུས་སེལ་བར་བྱེད། །

རིང་ཆུང་བ་ནི་སྲིབ་ལ་སྐྱེ། །ངར་པ་དམར་པོ་སྨག་ཤད་འདྲ། །རིང་ཐུང་སོར་བཞི་སོར་ལྔ་ཙམ། །སེར་འབྲུང་འབྲུལ་པོ། །སྡོང་དམར་རོ་ནི་བསྐ་ལ་སྐྱུར། །རིང་ཐུང་ཁྲུ་རེ་མདའ་རེ་ཙམ། །ནུས་པས་རྨ་ནི་འདྲུབ་བྱེད་ཅིང་། །དུག་ནད་མ་ལུས་སེལ་བའི་མཆོག །

ཡུངས་དཀར་ཞིང་དང་ལྡུམ་རར་སྐྱེ། །ལོ་མ་འཇམ་ཞིང་ངར་པ་འཁྱོག །རིང་ཐུང་ཁྲུ་མདའ་མེ་ཏོག་སེར། །དུག་ནད་སེལ་དང་སྲུང་བར་བྱེད། །

བྱིའུ་ལ་ཕུག་གྲམ་ལ་སྐྱེ། །ལོ་མ་ལྗང་སྐྱ་རྩུབ་པ་ལ། །མེ་ཏོག་དཀར་ཞིང་ངར་པ་ཕྲ། །རིང་ཐུང་མཛུབ་རེ་མཁྱིད་རེ་ཙམ། །ལ་ཕུག་རོ་འདྲ་ནུས་པ་ཡོས། །ཟས་འཇུ་ཤ་དུག་སེལ་བར་བྱེད། །

ཤང་ཤང་དྲིལ་བུ་ན་ལ་སྐྱེ། །འདབ་མ་ལྗང་སེར་དྲི་མ་དུགས། །མེ་ཏོག་སེར་པོ་དྲིལ་བུ་ཁ། །ངར་པ་དྲིལ་མོ་དྲང་བ་སྟེ། །རིང་ཐུང་རྐང་རེ་ཁྲ་རེ་ཙམ། །རྨ་དང་ཤ་དུག་གཉིས་ཀ་གསོ། །འདི་ལ་མེ་ཏོག་རིགས་ལྔར་དབྱེ། །

བྱ་ནེ་ན་ནི་ས་ངན་སྐྱེ། །ངར་པ་ས་འབྱར་ངར་པ་ཟླུམ། །རིང་ཐུང་སོར་བཞི་སོར་ལྔ་ཙམ། །སྐྱེ་ལུགས་སྣེ་སྔོན་ཅུང་ཟད་ཙམ། །མེ་ཏོག་གཡུ་ཡི་དྲིལ་ཆུང་འདྲ། །རིམས་ནད་མ་ལུས་སེལ་བར་བྱེད། །

ཧོང་ལེན་གཡའ་སྤང་མཚམས་སུ་སྐྱེ། །ལོ་མ་མཐུག་འཇམ་སོག་ལེ་ཁ། །མེ་ཏོག་ནས་ཀྱི་འབྲོང་ལོ་འདྲ། །ངར་པ་སྨུག་པོ་རིལ་མོ་ལ། །རིང་ཐུང་མཐོ་རེ་མཛུབ་རེ་ཙམ། །རྩ་བ་གོང་མོའི་བྲན་དང་འདྲ། །དྲི་མེད་རོ་ནི་ཁ་ལ་དྭངས། །ཁྲག་སྐེམས་འཁྲུགས་ཚད་དོན་ཚད་སེལ། །

སྤང་རྩི་དོ་བོ་སྤང་སྨད་སྐྱེ། །ལོ་མ་ས་འབྱར་ཉ་ག་ཅན། །མེ་ཏོག་དམར་སྨུག་ཡོག་མགོ་འདྲ། །ངར་པ་རིལ་མོ་མཐོ་རེ་ཙམ། །རྩ་བ་པགས་ནག་རོ་ནི་ཁ། །རིམས་དུག་རྙིངས་ཚད་སེལ་བར་བྱེད།།

ཟིལ་པ་ཅན་ནི་གཡའ་སྟོད་ཀྱི།  །ན་སྤང་སྐྱེ་བའི་ཆུ་འགྲམ་སྐྱེ། །མེ་ཏོག་ཤང་ཤང་ལོ་མ་འདྲ། །སྐྱེ་ཕོན་སྲད་མ་རེ་ལྕག་འདྲ། །མེ་ཏོག་དམར་ཞིང་རོ་ནི་ཁ། །རིང་ཐུང་མཐོ་རེ་མཛུབ་རེ་ཙམ། །ཚད་པའི་ནད་རྣམས་ཀུན་ལ་ཕན། །

སྤང་སྤོས་སྤང་གི་སྲིན་ལ་སྐྱེ། །ལོ་མ་རྩུབ་པོ་རྐོ་མ་མཆུ། །མེ་ཏོག་སེར་ཞིང་ངར་པ་འཁྱོག །རིང་ཐུང་སོར་བཞི་སོར་ལྔ་ཙམ། །རོ་ཁ་ནུས་པས་ཚད་རྙིངས་སེལ། །

འབུ་སུ་ཧང་ནི་ཞིང་ནང་སྐྱེ། །ལོ་མ་རྩུབ་པོ་རྐོ་མ་མཆུ། །མེ་ཏོག་སེར་ཞིང་ངར་པ་འཁྱོག །རིང་ཐུང་སོར་བཞི་སོར་ལྔ་ཙམ། །གང་བུ་སྣུམ་པོ་སྲན་སྐོགས་འདྲ། །མཁལ་ཚད་གློ་ཚད་རྙིང་པ་སེལ། །

གསེར་ཏིག་སྤང་གི་སྲིབ་ལ་སྐྱེ། །ལོ་མ་ལྗང་སེར་རྐོ་མ་མཆུ། །མེ་ཏོག་སེར་པོ་ངུར་ཐིག་ཅན། །ངར་པ་ཕྲ་ཞིང་དྲང་བ་སྟེ། །རིང་ཐུང་མཁྱིད་རེ་མཛུབ་རེ་ཙམ། །རོ་ཁ་ཁྲག་མཁྲིས་རིམས་ནད་སེལ། །

ལྕགས་ཏིག་པ་ནི་མུ་ལ་སྐྱེ། འདབ་མ་ཆུང་ཞིང་མེ་ཏོག་སྔོ།། ངར་པ་ནག་ཅིང་ཕྲབ་སྟེ།། རོ་ཁ་རྨ་དང་རིམས་ནད་སེལ།།

ཟངས་ཏིག་པ་ནི་མུ་ལ་སྐྱེ། །འདབ་མ་ཡུངས་དཀར་ཅུང་ཟད་འདྲ། །ངར་པ་དམར་ཞིང་ཡལ་ག་མང་། །རིང་ཐུང་མཁྱིད་རེ་མཛུབ་རེ་ཙམ། །མེ་ཏོག་དམར་སྐྱ་རོ་ནི་ཁ། །རིམས་ནད་མཁྲིས་ཚད་སེལ་བར་བྱེད། །

ཟྭ་ནི་རི་ཐང་མཚམས་སུ་སྐྱེ། །སྐྱེ་ཕོན་སོ་བ་སྨག་ཤད་འདྲ། །ངར་པ་སྨུག་ཅིང་དྲང་བ་སྟེ། །རིང་ཐུང་ཁྲུ་རེ་མདའ་རེ་ཙམ། །ལོ་མ་ལྗང་ནག་འཇུག་པར་བྱེད། །ཕོ་བའི་དྲོད་སྐྱེས་རླུང་འཇོམས་ཤིང་། །ཚད་པ་རྙིང་པ་སེལ་བར་བྱེད། །

བོང་རྣ་བ་ནི་མུ་ལ་སྐྱེ། །མེ་ཏོག་དཀར་ཆུང་ངར་པ་ཕྲ། །རྩེ་མོ་ཕྱིར་ལ་ལྡོག་པ་སྟེ། །རིང་ཐུང་མཁྱིད་རེ་མཛུབ་རེ་ཙམ། །རོ་ནི་ཁ་བསྐ་ཚད་ནད་སེལ། །

བྱ་ཁྱུང་གཡའ་ཡི་སྟོད་དུ་སྐྱེ། །ལོ་མ་ས་འབྱར་ཕྲ་བ་སྟེ། །རིང་ཐུང་སོར་བཞི་སོར་ལྔ་ཙམ། །མེ་ཏོག་འབྲས་བུ་གང་ཡང་མེད། །རོ་ཁ་ཚད་ནད་སེལ་བར་བྱེད། །

ཤེལ་དར་སྲིབ་ཀྱི་ནགས་གསེབ་སྐྱེ། །རིང་ཐུང་ཁྲུ་རེ་མདའ་རེ་ཙམ། །ལོ་མ་ལུག་ཆུང་ལྟ་བུ་ལ། །ངར་པ་ཟུར་ལྔ་མེ་ཏོག་ནི། །སེར་དང་སྔོན་པོ་པུ་ཤུད་མགོ །རོ་ཁ་རིམས་ནད་སེལ་བར་བྱས། །

བྷྲི་གུ་གཡའ་སྤང་མཚམས་སུ་སྐྱེ། །འདབ་མ་ས་འབྱར་ཕྲ་བ་ལ། །མེ་ཏོག་སེར་པོ་སྤུངས་པ་སྟེ། །བཅད་ན་ཞོ་འབྱུང་རོ་ནི་ཁ། །རིམས་མཁྲིས་སེལ་བར་བྱེད་པ་ཡིན། །

གསོ་འབི་ཤིང་ནི་གཡའ་ལ་སྐྱེ། །འདབ་མ་འབོིལ་མོ་པད་ཁ་འདྲ། །མེ་ཏོག་འབྲས་བུ་དམར་བ་སྟེ། །གང་བུ་སོར་བཞི་རོ་ནི་ཁ། །རིང་ཐུང་སོར་བཞི་སོར་ལྔ་ཙམ། །ཚད་པའི་སྨན་གྱི་མཆོག་གཅིག་ཡིན། །

བོང་ང་ནག་པོ་མུ་ལ་སྐྱེ། །ལོ་མ་ལྗང་ནག་ངར་པ་ནག །རྩ་བ་རྡོག་འདྲིལ་མེ་ཏོག་སྔོ། །རོ་ནི་ཁ་ཞིང་ནུས་པ་ཡིས། །གཉན་ནས་མ་ལུས་སེལ་བར་བྱེད། །

འཛིན་པ་ཉིན་གྱི་སྨད་དུ་སྐྱེ། །ལོ་མ་ཕྲ་ཞིང་ངར་པ་ནག །མེ་ཏོག་སྔོན་པོ་བྱ་མགོ་བ། །རྩ་བ་རྡོག་འདྲིལ་རོ་ནི་ཁ། །གཉན་ནད་མ་ལུས་སེལ་བར་བྱེད། །

ཤུ་དག་ཆུ་ཡི་རླན་ལ་སྐྱེ། །ལོ་མ་ལྗང་འདབ་ལྟ་བུ་ལ། །ཕྱོགས་གཉིས་མདེའུའི་གཞུང་དང་འདྲ། །རྩ་བ་ཚིགས་མང་རམ་པ་འདྲ། །དྲི་ཆེ་གཉན་ནད་མ་ལུས་སེལ། །

ཁྱི་དུག་དཀར་པོ་སྐམ་སར་སྐྱེ། །རིང་ཐུང་ཁྲུ་རེ་མདའ་རེ་ཙམ། །མེ་ཏོག་ཤང་ཆུང་བཏག་པ་འདྲ། །གང་བུ་སྨུག་མ་བཅད་པ་འདྲ། །འབྲས་བུ་ནག་ལེབ་མཁལ་མ་འདྲ། །རོ་ཚ་བྱེད་ཅིང་སྲིན་ནད་སེལ། །

ཁྱི་དུག་ནག་པོ་བྲག་འཁྲིས་སྐྱེ། །(ལོ་མ་སྡོང་པོ་ཆེ་བ་ལས།) །རིང་ཐུང་ཁྲུ་རེ་མདའ་རེ་ཙམ། །མེ་ཏོག་དམར་སྨུག་ཁ་ཟླུམ་པ། །འབྲས་བུ་ནག་པོ་མཁལ་མ་འདྲ། །སྲིན་གྱི་ནད་ལ་རབ་ཏུ་བསྔགས། །

ཆིག་ཐུབ་ན་ཡི་སྐམ་སར་སྐྱེ། །ལོ་མ་ངར་པ་འཇག་མ་འདྲ། །སྙེ་མ་འོད་ཅན་ཟོར་བ་འདྲ། །གཉན་གྱི་ནད་དང་གཟེར་ཐུང་འཇོམས།

ཕུར་མོང་དཀར་པོ་སྲིབ་ལ་སྐྱེ། །ལོ་མ་ཕྲ་སིབ་དྲི་མ་དྭངས། །སྐྱེ་ཕོན་སྲན་མ་རེ་ལྕག་འདྲ། །རིང་ཐུང་མཛུབ་རེ་མཐོ་རེ་ཙམ། །སྐྲན་བཤིག་གཉན་འཇོམས་སྲིན་ནད་སེལ། །

ལ་ཐོད་དཀར་པོ་རྫ་ལ་སྐྱེ། །ལོ་མ་མཐུག་ལ་དྲི་མ་དུགས། །ཕྱི་ནང་སྲིན་བལ་ལྟ་བུས་གཡོགས། །རིང་ཐུང་སོར་བཞི་སོར་ལྔ་ཙམ། །རྩ་བ་སྤར་ལོ་སྤོར་ལོ་འདྲ། །མགོ་རྨ་སྐྲངས་དང་ལྷོག་པ་འདུལ། །

ཉ་དུག་པ་ནི་ན་ལ་སྐྱེ། །ལོ་མ་ས་འབྱར་སྲན་ཆུང་འདྲ། །རིང་ཐུང་མཁྱིད་རེ་མཛུབ་རེ་ཙམ། །མེ་ཏོག་དམར་པོ་སྲན་པ་འདྲ། །རོ་ནི་ཚ་མངར་སྲིན་བུ་གསོད། །སྐྱུག་ཅིང་གཉན་འཇོམས་ཉ་རྣམས་འཆི། །

རྒུ་དྲུས་ཤག་གསེབ་འགྲམ་ལ་སྐྱེ། །སྐྱེ་ཕོན་སྲན་མ་རེ་ལྕག་འདྲ། །རིང་ཐུང་ཁྲུ་རེ་རྐང་རེ་ཙམ། །མེ་ཏོག་དམར་སྨུག་མང་བ་སྟེ། །རོ་ནི་ཚ་མངར་དྲི་མ་དུགས། །གཟེར་ཐུང་གཉན་ནད་གག་ལྷོག་སེལ། །

སྤྲུ་མ་ནག་པོ་སྲིབ་ལ་སྐྱེ། །རིང་ཐུང་ཁྲུ་རེ་མདའ་རེ་ཙམ། །ལོ་མ་མཐུག་འཇམ་སྣུམ་པ་ལ། །མེ་ཏོག་སེར་པོ་ཨུག་ཆོས་འདྲ། །གག་ལྷོག་ཐམས་ཅད་འཇོམས་པར་བྱེད། །

སྤྲུ་མ་དཀར་པོ་ཞིང་ཚིགས་སྐྱེ། །རིང་ཐུང་ཁྲུ་རེ་མདའ་རེ་ཙམ། །འདབ་མ་ཆེ་ཞིང་དྲི་མ་དུགས། །ངར་པ་འཁྱོག་ཅིང་མེ་ཏོག་དཀར། །ཁྲག་གཅོད་སྐྲངས་འདུལ་གཉན་སྲིན་འཇོམས། །

རྟ་ལྤགས་ནག་པོ་ན་ལ་སྐྱེ། །འདབ་མ་མི་རྒན་བྲང་ལྤགས་འདྲ། །ངར་པ་གྲུ་བཞི་མེ་ཏོག་སྨུག །རིང་ཐུང་མཐོ་རེ་ཁྲུ་རེ་ཙམ། །ཁོང་དུ་བཏང་དང་བྱུག་པ་ཡིས། །སྐྲངས་དང་ཆུ་སེར་ལྷོག་པ་འཇོམས། །

སྒ་དྲོ་གཡེར་དྲོ་ཞིང་ནང་སྐྱེ། །ལོ་མ་ལྗང་ནག་རྐོ་མ་མཆུ། །སྙེ་མ་ཁྱི་ཡི་མཇུག་མ་འདྲ། །མེ་ཏོག་དཀར་ཆུང་མང་དུ་ལྡེམས། །རིང་ཐུང་མཁྱིད་རེ་མཛུབ་རེ་ཙམ། །དྲི་ཆེ་རོ་ནི་ཚ་ལ་མངར། །ནུས་པས་གག་ལྷོག་སེལ་བར་བྱེད། །

སྒ་ཏིག་ནག་པོ་སྤང་སྲིབ་དང་། །བྲ་མ་སྤེན་མའི་གསེབ་ནས་སྐྱེ། །རིང་ཐུང་མཐོ་རེ་རྐང་རེ་ཙམ། །ངར་པ་ཆིག་སྐྱེས་ཤིན་ཏུ་ཕྲ། །རྩ་བའི་ལོ་མ་སྣུམ་པ་ལ། །ལྗང་ནག་ཟུར་གཡོན་རྐོ་མ་མཆུ། །ངར་པའི་ལོ་མ་ཕྲ་ལ་མཉེན། །རྩེ་ལ་མེ་ཏོག་སྔོན་པོ་གཅིག །རོ་ནི་ཁ་ཞིང་ལྷོག་རིགས་ཀྱི། །གཉན་སྲིན་མ་ལུས་འཇོམས་པར་བྱེད། །རྩ་བ་བཏོན་ན་སྟོང་བར་འགྱུར། །

ལྷོག་དུག་སེར་པོ་སྲིབ་ལ་སྐྱེ། །རྩ་བ་ཐུང་ཞིང་ངར་པ་ཕྲ། །རིང་ཐུང་སོར་བཞི་སོར་གསུམ་ཙམ། །འདབ་མ་ཆུང་ཞིང་རྩུབ་པ་ལས། །མེ་ཏོག་སེར་པ་ངུར་ཐིག་ཅན། །རོ་ནི་ཁ་ཞིང་ལྷོག་པ་འཇོམས། །འདི་ཡང་འཐུ་དུས་རྐེད་གཅོད་བྱ། །

ལུག་མིག་ནག་པོ་གཡའ་འདབ་སྐྱེ། །ངར་པ་ཆིག་སྐྱེས་དྲང་བ་སྟེ། །གང་བུ་འབྲས་བུས་རབ་ཏུ་གང་། །རོ་ནི་ཚ་ཞིང་ཁ་བ་སྟེ། །ཕོ་ལོག་ལོང་སྲིན་རབ་ཏུ་འཇོམས། །

ལུག་ཆུང་བ་ནི་བྲག་སྲིབ་སྐྱེ། །ལོ་མ་ཆུང་ཞིང་སྤུངས་པ་འདྲ། །མེ་ཏོག་སྔོ་སྐྱ་པདྨ་འདྲ། །རོ་མངར་དྲི་མ་དུགས་པ་སྟེ། །དུག་དང་བད་ཀན་སྨུག་པོ་འཇོམས། །

ཛ་ཏི་ཀ་ནི་ཀླུང་དུ་སྐྱེ། །ལོ་མ་འབོལ་ཞིང་ངར་པ་ལྡེམ། །རིང་ཐུང་རྐང་རེ་ཁྲུ་རེ་ཙམ། །མེ་ཏོག་སྔོ་ཞིང་འབྲས་བུ་ནག །དྲི་མ་ཆེ་ལ་རོ་ནི་མངར། །སྐྲངས་དང་མ་ཞུ་སེལ་བ་དང་། །རླུང་ནད་འཇོམས་པར་བྱེད་པའི་མཆོག །

སྒོག་སྐྱ་ལྡུམ་ར་དག་ཏུ་སྐྱེ། །ལོ་མ་ལྗང་འདབ་ལྟ་བུ་སྟེ། །རིང་ཐུང་མཁྱིད་རེ་མཛུབ་རེ་ཙམ། །རྩ་བ་རྡོག་འདྲིལ་རོ་ནི་ཚ། །བད་རླུང་སྲིན་འཇོམས་རོ་ཙ་བྱེད། །

བཙོང་དམར་གཡའ་བཤལ་ལྡུམ་རར་སྐྱེ། །ལོ་མ་རིལ་བུ་སྤུ་ཅན་ཏེ། །རིང་ཐུང་མཐོ་རེ་རྐང་རེ་ཙམ། །རྩ་བ་རྡོག་འདྲིལ་རོ་ནི་ཁ། །གྲང་རླུང་སེལ་ཞིང་རོ་ཙ་བྱེད། །

རི་སྒོག་པ་ནི་སྲིབ་ལ་སྐྱེ། །ལོ་མ་ལྗང་འདབ་ལྟ་བུ་སྟེ། །རིང་ཐུང་མཁྱིད་རེ་མཛུབ་རེ་ཙམ། །རྩ་བ་ཉེ་ཤིང་པ་དང་འདྲ། །རོ་ཚ་ནུས་པས་དྲོད་སྐྱེད་ཅིང་། །རླུང་སྲིན་གྲང་བ་སེལ་བར་བྱེད། །

བཙོང་སྒོག་རི་དང་ལྡུམ་རར་སྐྱེ། །འདམ་མ་རིལ་པོ་སྦུབས་ཅན་ཏེ། །རིང་ཐུང་རྐང་རེ་ཁྲུ་རེ་ཙམ། །རོ་ཚ་སྲིན་ནད་ཆུ་སེར་དང་། །མོ་ནད་སེལ་བར་བྱེད་པ་ཡིན། །

ལུག་སྒོག་རི་ཡི་ཉིན་ལ་སྐྱེ། །ལོ་མ་ལྗང་འདབ་ལྟ་བུ་སྟེ། །རིང་ཐུང་མཁྱིད་རེ་མཛུབ་རེ་ཙམ། །རྩ་བ་དབང་ལག་ཆ་འདྲ་ཙམ། །རོ་ཚ་ནུས་པས་སྐྲངས་དང་འབྲས། །རླུང་རྙིང་གྲང་བ་སེལ་བར་བྱེད། །

རི་སྒོག་པ་ནི་རི་ལ་སྐྱེ། །འདབ་མ་ཁྱི་ལྕེ་ལྟ་བུ་སྟེ། །རིང་ཐུང་མཁྱིད་རེ་མཛུབ་རེ་ཙམ། །རྩ་བ་རེ་སྒོག་ལྟ་བུ་སྟེ། །རོ་ཚ་གྲང་རླུང་སེལ་བར་བྱེད། །

བྱི་ཚེར་རི་ཡི་ལྡན་ལ་སྐྱེ། །ལོ་མ་སར་འབྱར་སྲད་ཆུང་འདྲ། །སྐྲངས་དང་ཆུ་སེར་ལྷོག་པ་འདུལ། །

ར་དུག་པ་ནི་ས་ངན་སྐྱེ། །སྐྱེ་ལུགས་ཁྱི་ལྕེ་གཞན་དང་འདྲ། །ལོ་མ་སྡོང་པོའི་ལོགས་ལ་འབྱར། །ངར་པ་ཆིག་སྐྱེ་ཕྲ་བ་སྟེ། །རིང་ཐུང་སོར་བཞི་སོར་ལྔ་ཙམ། །མེ་ཏོག་དཀར་དམར་མང་བ་སྟེ། །གཉན་ནད་འཇོམས་པར་བྱེད་པ་ཡིན། །གཉན་སྲིན་སྨན་གྱི་སྡེ་ཚན་ནོ། །

ཟར་མ་ཞིང་སྐྱེས་ངར་པ་ཕྲ། །རིང་ཐུང་རྐང་རེ་ཁྲུ་རེ་ཙམ། །མེ་ཏོག་སྔོ་ཞིང་འབྲས་བུ་ལེགས། །ཀླད་ནད་རླུང་ནད་སེལ་བར་བྱེད། །

གསོ་མ་ཞིང་གསེབ་དྲི་མ་དུགས། །ངར་པ་གྲུ་བཞི་ལོ་མ་འབོལ། །འབྲས་བུ་རྩི་འཇམ་རོ་མངར་སྣུམ། །ཞུན་པ་གོས་དང་ཐག་པའི་རྒྱུ། །མགོ་རླུང་ལ་སོགས་རླུང་ནད་འཇོམས། །

མིག་སྨན་ཆུ་རྒྱས་ཆུ་འཇིབ་ས་ངན་དང་། །ན་སྤང་འདྲེས་པའི་སྐམ་སར་སྐྱེ། །ལོ་མ་ནག་རྩུབ་རྡོག་པོ་ཆུང་། །རིང་ཐུང་སོར་བཞི་སོར་གསུམ་ཙམ། །མེ་ཏོག་དཀར་སྐྱ་མང་བ་སྟེ། །འབྲས་བུ་ནག་པོ་ཏིལ་འབྲུ་ཙམ། །མིག་ནད་ཐམས་ཅད་འཇོམས་པར་བྱེད།།

སེར་མགོ་སྲིབ་ཀྱི་ནང་དུ་སྐྱེ། །ལོ་མ་འབོལ་ཞིང་སྣུམ་པ་ལ། །ངར་པ་ཕྲ་ཞིང་དྲང་བ་སྟེ། །རིང་ཐུང་རྐང་རེ་ཁྲུ་རེ་ཙམ། །མེ་ཏོག་སྔོ་སྐྱ་འདབ་མ་ཆུང་། །རོ་ནི་སྣུམ་ཞིང་གོ་སྙོད་འདྲ། །མིག་ནད་མ་ལུས་སེལ་བར་བྱེད། །

ཨུག་ཆོས་བྱེ་མའི་ཐང་ལ་སྐྱེ། །འདབ་མ་ས་འབྱར་ཉ་ག་ཅན། །རིང་ཐུང་སོར་བཞི་སོར་གསུམ་ཙམ། །མེ་ཏོག་དམར་པོ་ལེགས་པ་སྟེ། །རྣ་བའི་ནད་སེལ་སྦོས་པ་བཤིག །

ལ་ཕུག་ཞིང་དང་ལྡུམ་རར་སྐྱེ། །ལོ་མ་ས་འབྱར་རྩུབ་པ་སྟེ། །རིང་ཐུང་མཐོ་རེ་མཛུབ་རེ་ཙམ། །རྩ་བ་རྡོ་འདྲིལ་རོ་ནི་ཚ། །ཟས་ལེན་ཟས་འཇུ་དྲོད་སྐྱེད་ཅིང་། །རྣ་བའི་ནད་རྣམས་སེལ་བར་བྱེད། །

སྤང་རྒྱན་དཀར་པོ་སྤང་ལ་སྐྱེ། །ངར་པ་ས་འབྱར་འདབ་མ་ཆུང་། །རིང་ཐུང་སོར་བཞི་སོར་ལྔ་ཙམ། །མེ་ཏོག་དཀར་པོ་ར་དུག་འདྲ། །གྲེ་བའི་ནད་དང་གློ་ནད་སེལ། །

འཕང་མ་བྲག་དང་ནགས་ལྡེབས་སྐྱེ། །སྡོང་པོ་དཀར་ཞིང་ལོ་མ་ཆུང་། །རིང་ཐུང་ཁྲུ་རེ་མདའ་རེ་ཙམ། །འབྲས་བུ་དམར་པོ་རོ་ནི་མངར། །སྙིང་གི་ཚད་པ་མོ་ནད་སེལ། །

ཏང་ཀུན་བྲག་དང་ནགས་གསེབ་སྐྱེ། །ལོ་མ་ལྗང་ནག་ངར་པ་དམར། །རིང་ཐུང་རྐང་རེ་ཁྲུ་རེ་ཙམ། །མེ་ཏོག་སྐྱེ་ལུགས་སྤྲུ་དཀར་འདྲ། །དྲི་ཞིམ་སྙིང་ཚད་སེལ་བར་བྱེད། །

སྲོ་ལོ་དཀར་པོ་གཡའ་ལ་སྐྱེ། །ལོ་མ་ལྗང་སྐྱ་འཇམ་པ་ལ། །མེ་ཏོག་དཀར་ཞིང་ངར་པ་ཕྲ། །རིང་ཐུང་མཛུབ་རེ་མཁྱིད་རེ་ཙམ། །གློ་ནད་ཐམས་ཅད་སེལ་བར་བྱེད། །

བྱེ་ཀྲོང་དཀར་པོ་སྤང་ལ་སྐྱེ། །འདབ་མ་གཅན་གཟན་སྨ་ར་འདྲ། །མེ་ཏོག་དཀར་ཆུང་སྤུངས་པ་འདྲ། །གློ་ཡི་ནད་ལ་ཕན་པར་བཤད། །

ལུག་མུར་ལུག་གྲོག་ཆུ་འགྲམ་སྐྱེ། །ངར་པ་སྤུ་ཅན་ལོ་མ་རྩུབ། །རིང་ཐུང་མཛུབ་རེ་མཐོ་རེ་ཙམ། །མེ་ཏོག་དམར་སྐྱ་མང་བ་སྟེ།་།རྩ་བ་སྒོ་སྐྱའི་ཤུན་འདྲས་གཡོགས། །གློ་གཅོང་སེལ་བར་མཆོག་ཏུ་བཤད། །

ཀྱི་ལྕེ་དཀར་པོ་ཆུ་འགོ་ན་ལ་སྐྱེ། །ལོ་མ་ས་འབྱར་སྣུམ་པ་ལ། །མེ་ཏོག་དངུལ་དཀར་དྲིལ་བུ་འདྲ། །རིང་ཐུང་མཐོ་རེ་མཛུབ་རེ་ཙམ། །སྐྲངས་དང་ཆུ་སེར་གློ་རྣག་འདྲེན། །

སྤ་ཡག་པ་ནི་མུ་ལ་སྐྱེ། །ལོ་མ་ས་འབྱར་འདབ་བཞི་པ། །རིང་ཐུང་སོར་རེ་སོར་དོ་ཙམ། །མེ་ཏོག་སྔོ་དམར་སྲན་མ་འདྲ། །འབྲས་བུ་སྙིང་གི་དབྱིབས་དང་མཚུངས། །རྩ་བ་དཀར་ཞིང་ཕྲ་བ་སྟེ། །རྩ་བ་ལོ་མ་མེ་ཏོག་འབྲས། །རིམ་པས་གློ་ནད་པགས་ནད་སེལ། །མཆིན་ནད་མོ་ནད་སེལ་བར་བྱེད། །

སྲད་དཀར་ན་དང་ཚིགས་ལ་སྐྱེ། །ལོ་མ་སྲད་མ་ལྟ་བུ་ལ། །སྐྱེ་ཕོན་ཉུང་ཞིང་མེ་ཏོག་དཀར། །རིང་ཐུང་མཛུབ་རེ་མཐོ་རེ་ཙམ། །གློ་བའི་ནད་པ་སེལ་བར་བྱེད། །

སྙི་བ་སེ་བ་སྐྱེར་པ་དང་། །བྲ་མ་ལ་སོགས་འཁྲིལ་ནས་སྐྱེ། །འདབ་མ་ཆུང་ཞིང་ངར་པ་མཁྲང་། །རིང་ཐུང་ཁྲུ་རེ་མདའ་རེ་ཙམ། །མེ་ཏོག་སྔོན་པོ་འདབ་ལྔ་པ། །བཅད་ན་ཞོ་འབྱུང་རྩ་བ་མངར། །ཕོ་མཆིན་སྨན་ཡིན་ཆམ་པ་སེལ། །

གཡའ་རྩི་བ་ནི་བྲག་སྲིབ་སྐྱེ། །ལོ་མ་སྣུམ་ཞིང་སྤུངས་པ་འདྲ། །མེ་ཏོག་སེར་པོ་པདྨ་འདྲ། །རོ་སྐྱུར་གློ་ནད་སེལ་བར་བྱེད། །

ཁུར་མང་ཞིང་གི་ཚིགས་ལ་སྐྱེ། །བཅད་ན་ཞོ་འབྱུང་རོ་ནི་ཁ། །ལིོ་མ་ས་འབྱར་ཉ་ག་ཅན། །མེ་ཏོག་སེར་པོ་ངར་པ་ཕྲ། །རིང་ཐུག་མཁྱིད་རེ་མཛུབ་རེ་ཙམ། །མཁྲིས་ནད་མ་ལུས་སེལ་བར་བྱེད། །

སྐྱབས་ནི་ཞིང་གི་གསེབ་ལ་སྐྱེ། །འདབ་མ་ལྗང་སྐྱ་ཞོ་ཅན་ཏེ། །ངར་པ་དྲང་ཞིང་མེ་ཏོག་སེར། །རིང་ཐུང་ཁྲུ་རེ་མདའ་རེ་ཙམ། །རོ་ཁ་མཁྲིས་ནད་སེལ་བར་བྱེད། །

རྩ་མཁྲིས་ཞིང་ཚིགས་ཐང་ལ་སྐྱེ། །ལོ་མ་སར་འབྱར་ཉ་ག་ཅན། །རིང་ཐུང་སོར་བཞི་སོར་ལྔ་ཙམ། །མེ་ཏོག་སེར་ཞིང་རོ་ནི་ཁ། །མཁྲིས་ནད་སེལ་བར་མཆོག་ཏུ་བཤད། །

སྤང་ཚན་ཚིགས་དང་གད་ལྡེབས་སྐྱེ། །འདབ་མ་མཐུག་ཅིང་མེ་ཏོག་དཀར། །ངར་པ་མང་ཞིང་སྐྱེ་ཕོན་ཆེ། །རིང་ཐུང་མཁྱིད་རེ་མཛུབ་རེ་ཙམ། །སྐྲངས་འདུལ་སྐྲན་བཤིག་གློ་ནད་སེལ། །

དར་ཡ་ཀན་ནི་བྲག་སྨད་སྐྱེ། །ལོ་མ་ཁྲད་པོ་ངར་པ་དྲང་། །རིང་ཐུང་ཁྲུ་རེ་མདའ་རེ་ཙམ། །མེ་ཏོག་ལོ་བཙན་ཅུང་ཟད་འདྲ། །རྨ་དུག་གློ་རྣག་ལ་སོགས་འདྲེན། །

མཆིན་པ་བཅད་འབྱོར་སྤང་སྲིབས་སྐྱེ། །རིང་ཐུང་སོར་རེ་སོར་དོ་ཙམ། །ལོ་མ་འཁོར་ལོ་ལྟ་བུ་ཟླུམ། །མེ་ཏོག་སེར་པོ་གཉའ་གུག་པ། །ནག་པོའི་རི་མོ་བཀྲ་བ་སྟེ། །རོ་ནི་མངར་ཞིང་མངལ་བ་ལ། །མཆིན་ནད་མ་ལུས་སེལ་བར་བྱེད། །

བྲེ་ག་བ་ནི་སྲིབ་ལ་སྐྱེ། །འདབ་མ་ཆུང་ཞིང་མེ་ཏོག་དཀར། །ངར་པ་ཆིག་སྐྱེས་ཕྲ་བ་སྟེ། །རིང་ཐུང་སོར་བཞི་སོར་ལྔ་ཙམ། །གང་བུ་རིལ་མོ་པད་ཁ་འདྲ། །འབྲས་བུ་དམར་ལེབ་རོ་སྣུམ་ཚ། །མཆིན་པའི་ནད་དང་བད་ཀན་སེལ། །

བྲ་བོ་རི་དང་ལྡུམ་རར་སྐྱེ། །ལོ་མ་དམར་ལྗང་འཁོར་ལོ་འདྲ། །འབྲས་བུ་ཟུར་གསུམ་རོ་ནི་མངར། །སྦོ་འཁྲོག་རྒྱུ་ལོང་ནད་རྣམས་སེལ། །

བ་ལུ་ནག་པོ་སྲིབ་སྟོད་སྐྱེ། །འདབ་མ་སྣུམ་ཞིང་ཕྲ་བ་ལ། །མེ་ཏོག་སྔོ་དམར་དྲི་ཞིམ་པ། །རིང་ཐུང་མདའ་རེ་འདོམ་རེ་ཙམ། །ཕོ་བའི་དྲོད་སྐྱེད་བད་ཀན་སེལ། །རྒྱུ་ལོང་མཁལ་སྐེད་གྲང་བ་སེལ། །

མཁན་པ་དཀར་པོ་གཡའ་སྨད་སྐྱེ། །ལོ་མ་ས་འབྱར་སྐྱ་ལ་སྤུན། །རིང་ཐུང་མཛུབ་རེ་མཐོ་རེ་ཙམ། །མེ་ཏོག་སེར་ཞིང་དྲི་མ་དྭངས་། །སྐྲངས་འདུལ་རྨ་འབྲས་རྒྱུ་ལོང་ཕན། །

བྲེ་ག་རིགས་གཅིག་ཞིང་ནང་སྐྱེ། །ལོ་མ་ས་འབྱར་ཉ་ག་ཅན། །མེ་ཏོག་དཀར་ཆུང་མང་བ་སྟེ། །རྒྱ་བྲེའི་གང་བུ་མཁལ་ཁུག་འདྲ། །བོད་བྲེའིི་གང་བུ་ཟུར་གསུམ་པ། །རྒྱ་བྲེས་གློ་དང་མཁལ་ནད་སེལ། །བོད་བྲེས་སྐྱུག་པ་མ་ལུས་གཅོད། །འདི་ལོ་སོ་ཁ་བ་ཞེས་གྲགས། །

ཆུ་རུག་གཡའ་ཡིོ་ཆུ་འགྲམ་སྐྱེ། །ལོ་མ་སྔོ་དམར་སྤུངས་པ་འདྲ། །མེ་ཏོག་སྔོ་སྐྱ་སྲད་མ་འདྲ། །རྩ་བ་འཁྱོག་ཅིང་རོ་ནི་མངར། །རིང་ཐུང་སོར་བཞི་སོར་ལྔ་ཙམ། །ནུས་པས་རྒྱུས་པའི་ཚད་པ་སེལ།།

ལུག་ངལ་བ་ནི་ཞིང་ཚིགས་སྐྱེ། །མེ་ཏོག་ངུར་ཁ་པུ་ཤུད་མགོ །ངར་པ་གཅུད་འདྲ་དྲི་མ་དུགས། །རིང་ཐུང་ཁྲུ་རེ་མདའ་རེ་ཙམ། །ཁྱོ་སྨྱོན་དུག་དང་ཚད་པ་དང་། །ཡན་ལག་སྐྲངས་པ་མ་ལུས་སེལ། །

སྙ་ལོ་སྲིབས་ཀྱི་སྟོད་སྨད་སྐྱེ། །ལོ་མ་ལྗང་སེར་ངར་པ་དམར། །རིང་ཐུང་རྐང་རེ་ཁྲུ་རེ་ཙམ། །མེ་ཏོག་དཀར་ཞིང་རོ་བསྐ་སྐྱུར། །ནུས་པས་རྒྱུ་ལོང་ནད་སེལ་ཞིང་། །བུ་སྐྱེས་རྗེས་ཀྱི་རླུང་ཡང་འཇོམས། །

གཡའ་ཀྱི་མོ་ནི་རྫ་སྲུབས་སྐྱེ། །ངར་པ་ཕྲ་ཞིང་མེ་ཏོག་ཆུང་། །རིང་ཐུང་མཁྱིད་རེ་མཛུབ་རེ་ཙམ། །འདབ་མ་ལྡུམ་ཆུང་སྤུངས་པ་འདྲ། །རོ་ནི་ཁ་ཞིང་སྐྱུག་བྱེད་ཅིང་། །མཁྲིས་ཚད་མ་ལུས་སེལ་བའི་མཆོག །

འུ་སུ་རིང་དང་ལྡུམ་རར་སྐྱེ། །སྡོང་པོ་འཁྱོག་ཅིང་མེ་ཏོག་དཀར། །རིང་ཐུང་རྐང་རེ་ཁྲུ་རེ་ཙམ། །ལོ་མ་ཕྲ་སིབ་གཏོར་བའདྲ། །འབྲས་བུ་གའུ་ཁ་སྦྱོར་འདྲ། །རོ་ནི་བསྐ་སྐྱུར་གཞང་འབྲུམ་དང་། །བད་ཀན་སྨུག་པོ་སེལ་བར་བྱེད། །

བྱ་རྒོད་སྤོས་ནི་གཡའ་སྟོད་སྐྱེ། །ལོ་མ་སྣུམ་ཞིང་དྲི་མ་དུགས། །མེ་ཏོག་སྔོན་པོ་བྱ་མགོ་འདྲ། །རིང་ཐུང་མཁྱིད་རེ་མཛུབ་རེ་ཙམ། །གདོན་འདུལ་རིམས་ཚད་བསྲུང་ཞིང་སེལ། །

སེར་པོ་ཁྲག་སྐམ་རི་ཐང་མཚམས། །ན་ཤག་འདྲེས་པའི་ཆུ་འགྲམ་སྐྱེ། །ལོ་མ་ས་འབྱར་ལུག་ཆུང་འདྲ། །མེ་ཏོག་དབྱིབས་ནི་སྲན་མ་འདྲ། །ཁ་དོག་སེར་པོ་ངར་པ་ཕྲ། །རིང་ཐུང་རྐང་རེ་ཁྲུ་རེ་ཙམ། །རྩ་བ་སེར་པོ་ཁྲག་རྐང་འདྲ། །རོ་མངར་ཚ་བ་རྒྱུ་གཟེར་དང་། །མ་སྨིན་འབྱེད་པའི་སད་མདའ་མཆོག།

འབམ་པོ་རི་སྤང་སྐམ་སར་སྐྱེ། །ལོ་མ་ས་འབྱར་འཁྲུག་འཁྲུག་པོ། །མེ་ཏོག་ཕྲ་ཞིང་ངར་པ་དྲང་། །རིང་ཐུང་སོར་བཞི་སོར་ལྔ་ཙམ། །དྲི་མ་དུགས་ཆེ་མགོ་རྨ་དང་། །སྐྲངས་དང་ཁོང་འབྲས་འཇིགས་པར་བྱེད། །རྒྱུས་པར་མདེའུ་ཟུག་པ་འབྱིན། །

འབྲི་མོག་པ་ནི་མུ་ལ་སྐྱེ། །ཚིགས་དང་བྱེ་མ་ལ་ཡང་སྐྱེ། །ལོ་མ་ལྗང་སྐྱ་རྩུབ་པ་སྟེ། །རྩ་བ་མེ་ཏོག་དམར་བ་ཡིན། །རིང་ཐུང་རྐང་རེ་ཁྲུ་རེ་ཙམ། །དེ་ལ་འབྲི་མོག་ནག་པོ་ཟེར།  །མཁྱིད་རེའམ་མཛུབ་རེ་ངར་པ་ཕྲ། །ལོ་མ་སྤུ་ཅན་འབྲི་མོག་དཀར། །དཀར་པོ་གློ་དང་ཁྲག་རླུང་དང་། །འགྲམས་དང་ཁྲག་ལ་མཆོག་ཏུ་བསྔགས། །

སྒ་ཆུང་པ་ནི་མུ་ལ་སྐྱེ། །ངར་པ་ས་འབྱར་དམར་པོ་ལ། །ལོ་མ་གྲོ་མ་ཅུང་ཟད་འདྲ། །རིང་ཐུང་མཛུབ་རེ་མཐོ་རེ་ཙམ། །མེ་ཏོག་སེར་ལ་རོ་ནི་མངར། །ཤ་དུག་འཇོམས་ཤིང་བད་ཀན་སེལ། །

བྱི་ཟན་སི་ནི་ཐང་ཕོན་སྐྱེ།  །ལོ་མ་སྲད་ཆུང་ཞིབ་མོ་ལ།  །ངར་པ་ས་འབྱར་མེ་ཏོག་སྔོ།  །རིང་ཐུང་མཁྱིད་རེ་མཛུབ་རེ་ཙམ།  །གང་བུ་གླང་གི་རྭ་ཅོ་འདྲ།  །འབྲས་བུ་ལེབ་ཅིང་རོ་ནི་མངར།  །ཤ་ཐོར་ཐམས་ཅད་འཇོམས་པར་བྱེད།།

གླ་བ་སྲད་མ་རི་སྟོད་སྐྱེ།  །ལོ་མ་འབོལ་པོ་སྤུ་ཅན་སྐྱེ།  །སྐྱེ་ཕོན་སྲན་མ་རེ་ལྕག་འདྲ། །རིང་ཐུང་རྐང་རེ་ཁྲུ་རེ་ཙམ། །མེ་ཏོག་སྲན་མ་ཅུང་ཟད་འདྲ། །གང་བུ་ཆེན་པོ་མཁལ་མ་འདྲ། །རོ་མངར་ནུས་པ་རྨ་དང་ནི། །ཁྱི་སྨྱོན་དུག་ལ་མཆོག་ཏུ་བསྔགས། །

ཏིལ་ཤིང་བྲག་གི་སྲིབ་ལ་སྐྱེ། །ལོ་མ་ཕྲ་ཞིང་གཏོར་བ་འདྲ། །མེ་ཏོག་དཀར་ཞིང་རོ་ནི་མངར། །འབྲས་བུ་ནག་ལེབ་ནུས་པ་ཡིས། །བད་ཀན་ལྷེན་ཐབས་འཇོམས་པར་མཆོག །

ཀོ་སྙེ་བ་ནི་ན་སྤང་སྐྱེ། །ལོ་མ་ལྗང་ནག་རྐོ་མ་མཆུ། །མེ་ཏོག་སྔོན་པོ་དྲིལ་བུ་འདྲ། །ངར་པ་ཕྲ་ཞིང་དྲང་བ་སྟེ། །རིང་ཐང་ཐོ་(མཐོ)རེ་རྐང་རེ་ཙམ། །ལྦ་བ་འཇོམས་པར་མཆོག་ཏུ་བཤད། །

ཀ་བ་ར་ཞིང་ཚིགས་སྐྱེ། །ལོ་མ་འཁོར་ལོ་རྩིབས་རིང་འདྲ། །ངར་པ་གྲུ་བཞི་དྲི་མ་དུགས། །རིང་ཐུང་མཐོ་རེ་རྐང་རེ་ཙམ། །མེ་ཏོག་དཀར་སེར་བྱ་མགོ་འདྲ། །འབྲས་བུ་ནག་པོ་མར་ཁུ་འབྱུང་། །རོ་ནི་མངར་སྣུམ་གྲང་རླུང་སེལ། །

ཟི་ར་ནག་པོ་མུ་ལ་སྐྱེ། །ལོ་མ་སྣུམ་ཞིང་དྲི་མ་དུགས། །ངར་པ་ནག་ཅིང་མེ་ཏོག་སྔོ། །རིང་ཐུང་མཐོ་རེ་རྐང་རེ་ཙམ། །འབྲས་བུ་ནག་པོ་ཟུར་གསུམ་པ། །ཕོ་བའི་དྲོད་བསྐྱེད་གཟའ་ནད་འཇོམས། །

སྟོང་རི་ཟིལ་པ་གཡའ་སྨད་སྐྱེ། །འདབ་མ་ཚིགས་དམ་ཆུ་ཟིལ་ཆགས། །རྩ་བ་དམར་ཞིང་དྲི་མ་དུགས། །རིང་ཐུང་མཐོ་རེ་མཛུབ་རེ་ཙམ། །མེ་ཏོག་སེར་པོ་སྲད་མ་འདྲ། །མགོ་རྨ་ཁྲག་དང་ཆུ་སེར་དང་། །བད་ཀན་སྨུག་པོ་འཇོམས་པར་མཆོག །

ལུག་ངལ་དཀར་པོ་ཆུ་འགྲམ་སྐྱེ། །ལོ་མ་འབོལ་ཞིང་ངར་པ་ཕྲ། །རིང་ཐུང་མཁྱིད་རེ་མཛུབ་རེ་ཙམ། །འབྱར་བག་ཡོང་ཞིང་མེ་ཏོག་དཀར། །འབྲས་བུ་སྒྲོ་རྐང་རྣ་སྤབས་འདྲ། །རོ་ནི་མངར་ལ་ནུས་པ་ཡིས། །རླུང་གཟེར་འཇོམས་པའི་མཆོག་ཏུ་བཤད། །

རྒྱ་སྤོས་པ་ནི་མུ་ལ་སྐྱེ། །འདབ་མ་ལུག་ཆུང་ལྟ་བུ་ལ། །ངར་པ་ཕྲ་ཞིང་མེ་ཏོག་སེར། །དྲི་ཞིམ་དུག་དང་ཚད་རྙིང་སེལ། །

ཆུང་ཆུང་པ་ནི་གཡའ་ལ་སྐྱེ། །ལོ་མ་ཆིག་སྐྱེ་ལྡུམ་བུ་ལ། །རིང་ཐུང་སོར་རེ་སོར་དོ་ཙམ། །མེ་ཏོག་ཡོག་མགོ་འདྲ་བ་སྟེ། །ནུས་པས་མཇུག་སྲིན་སེལ་བར་བྱེད། །

སྲུབ་ཀ་སྐམ་སའི་མུ་ལ་སྐྱེ། །ལོ་མ་རྒྱབ་སྐྱ་སྤུ་ཅན་ལ། །མེ་ཏོག་དཀར་ཞིང་རོ་ནི་ཚ། །རིང་ཐུང་རྐང་རེ་ཁྲུ་རེ་ཙམ། །གྲང་སྐྲན་གྲང་བ་གྲང་ཆུ་འཇོམས། །

པི་ལིང་མུ་ཁུར་སྤང་ལ་སྐྱེ། །ལོ་མ་ལྗང་སེར་སྤུ་ཅན་ཏེ། །ངར་པ་གྲུ་བཞི་མེ་ཏོག་སྨུག །རིང་ཐུང་མཛུབ་རེ་མཐོ་རེ་ཙམ། །རྩ་བ་རྡོག་འདྲིལ་རོ་ནི་མངར། །འབྲས་རིགས་ཐམས་ཅད་འཇོམས་པར་བྱེད། །

སྤར་ལོ་སྤོར་ལོ་ཞིང་ཚིགས་སྐྱེ། །ལོ་མ་འབོལ་ཞིང་མེ་ཏོག་སྔོ། །ངར་པ་གྲུ་བཞི་དྲི་མ་དུགས། །རིང་ཐུང་རྐང་རེ་མཐོ་རེ་ཙམ། །རྩ་བ་རྡོག་གྱོང་ནུས་པ་ཡིས། །རྨ་ཁ་རུལ་པའི་ཉེས་སྐྱོན་སེལ། །འབྲས་དང་འཕོལ་མིག་རབ་ཏུ་འཇོམས། །

སྟག་ཆུང་བྲག་གི་སྲིབས་ལ་སྐྱེ། །ལོ་མ་ལྗང་འདབ་ལྟ་བུ་ལ། །མེ་ཏོག་སེར་ཞིང་དྲི་མ་དུགས། །རིང་ཐུང་རྐང་རེ་ཁྲུ་རེ་ཙམ། །འབྲས་བུ་གོ་སྙོད་ལྟ་བུ་ལ། །བད་ཀན་སྨུག་པོ་འཇོམས་པར་བྱེད། །

རྒྱ་ཤོ་བ་ནི་ལྡུམ་རར་སྐྱེ། །ལོ་མ་ལྗང་སེར་ཆེ་བ་ལ། མེ་ཏོག་ངར་པ་ཤོ་ཆུང་འདྲ། །རིང་ཐུང་ཁྲུ་རེ་མདའ་རེ་ཙམ།།རྩ་བ་སེར་པོ་ཆུ་མ་འདྲ།།རྨ་དང་དུག་ནད་ཤུ་ཐོར་འཇོམས།།

སྣེའུ་སྔོན་པོ་ཞིང་ནང་སྐྱེ།།འདམ་མ་མཐུག་པོ་རྨོ་ལྕགས་འདྲ།།འབྲས་བུ་རྨ་ཟིལ་གཡའ་ཟིལ་ཆགས། །རིང་ཐུང་མཛུབ་རེ་མཐོ་རེ་ཙམ།  །རྨ་ལ་གནོད་ཅིང་འཇིགས་པར་བྱེད།  །རུས་པར་མདེའུ་ཟུག་པ་འཇོམས།།

ཡུ་མོ་མདེའི་འབྱིན་གཡའ་སྟོད་སྐྱེ། །ལོ་མ་སྒོར་མོ་མཐིག་ལ་འབོལ། །མེ་ཏོག་སྔོ་སྐྱ་ལུག་མིག་འདྲ། །རིང་ཐུང་སོར་བཞི་སོར་ལྔ་ཙམ། །གང་བུ་ཟུར་མང་རྩ་བ་སེར། །རོ་མངར་ནུས་པས་བུ་ཚ་དང་། །བུ་རོགས་འདོན་ཞིང་མདེའུ་འབྱིན། །

བྱི་བཟུང་མུ་དང་ཞིང་ལ་སྐྱེ། །ངར་པ་ས་འབྱར་དམར་ལྗང་བ། །རིང་ཐུང་མཐོ་རེ་མཛུབ་རེ་ཙམ། །འདབ་མ་ཕྲ་ཞིང་ཚེར་མ་ཡོད། །འབྲས་བུ་དམར་ཞིང་ནུས་པ་ཡིས། །སྐྲན་བཤིག་སྦོ་ནད་སེལ་བར་བྱེད། །

འབལ་མོ་སྤང་ག་གད་ལྡེབས་སྐྱེ། །ངར་པ་ཆིག་སྐྱེས་དྲང་བ་སྟེ། །རིང་ཐུང་རྐང་རེ་ཁྲུ་རེ་ཙམ། །ལོ་མ་ཕྲ་ཞིང་མེ་ཏོག་སེར། །རོ་ཁ་ནུས་པས་ཤ་དུག་དང་། །ཁྲག་ནད་མ་ལུས་སེལ་བའི་མཆོག །

 

ལྕམ་པ་ལྷ་མོ་ཞིང་ནང་སྐྱེ། །འདབ་མ་ཟླུམ་ཞིང་ངར་པ་ལྡེམ། །རིང་ཐུང་རྐང་རེ་ཁྲུ་རེ་ཙམ། །མེ་ཏོག་དམར་སྐྱ་འབྲས་བུ་ནི། །རྩིད་ཝའི་དབྱིབས་དང་འདྲ་བལ། །མཁལ་ནད་སྐྲང་བ་ཆུ་སེར་སེལ། །

མེ་ཏོག་གསུམ་པ་ཡུར་ལྡེབས་སྐྱེ། །འདབ་མ་སྤེན་མ་ལྟ་བུ་ལ། །སྡོང་པོ་ཆུང་ཞིང་མེ་ཏོག་སེར། །རོ་ཚ་གྲང་ནད་སྲིན་ནད་དང་། །གྲེ་བའི་འབྲུམ་གཟེར་གག་པ་གཅོད། །

ལྕེ་ཚ་རིགས་གཅིང་འདམ་གསེབ་སྐྱེ། །ལོ་མ་རྩེ་གསུམ་མེ་ཏོག་སེར། །མྱུ་གུ་བྲེ་མའི་རྒྱང་ཐག་འདྲ། །རོ་ཚ་མ་ཞུ་གྲང་སྲིན་སེལ། །

ལྕེ་ཚ་རིགས་གཅིག་ནགས་ལ་སྐྱེ། །ལོ་མ་རིལ་མོ་མེ་ཏོག་སེར། །རིང་ཐུང་མཛུབ་རེ་མཐོ་རེ་ཙམ། །རོ་ཚ་གྲང་ནད་འོར་ནད་དང་། །གྲེ་བའི་འབྲུམ་མཛེར་གག་པ་གཅོད། །

ལྕེ་ཚ་རིགས་གཅིག་རི་ཐང་མཚམས། །སྤང་དང་ན་ལ་སྐྱེ་བ་དེ། །ལོ་མ་སྤུ་ཅན་མེ་ཏོག་སེར། །རིང་ཐུང་སོར་བཞི་སོར་ལྔ་ཙམ། །རོ་ཚ་ནུས་པ་་གོང་ལས་ཆེ། །

དབྱི་མོང་དཀར་པོ་སྐམ་སར་སྐྱེ། །ལོ་མ་འཇམ་ཞིང་ངར་པ་ཕྲ། །ཁ་མདོག་ལྗང་སེར་དྭངས་པ་དེ། །རིང་ཐུང་ཁྲུ་རེ་མདའ་རེ་ཙམ། །མེ་ཏོག་འདབ་བཞི་རོ་ནི་ཚ། །གྲང་བ་སྐྲན་དང་ཆུ་སེར་སེལ། །

དབྱི་མོང་ནག་པོ་ཞིང་ཚིགས་སྐྱེ།།  སྐྱེ་ཚུལ་དེ་འདྲ་ཁ་མདོག་ནག།  སྐྲན་དང་གྲང་བ་ཆུ་སེར་སེལ།།

ལོ་བཙན་པ་ནི་ཞིང་ཚིགས་སྐྱེ། །ལོ་མ་ཆེ་ཞིང་ཕྲད་དྲི་དུགས། །མེ་ཏོག་སྔོན་པོ་བྱ་མཆུ་བ། །རིང་ཐུང་ཁྲུ་མདའི་བར་གྱི་ཚད། །མངལ་ཁྲག་འཛག་གཅོད་ཤིག་ནད་སེལ། །

ཟངས་རྩི་བ་ནི་ཞིང་ནང་སྐྱེ། །ལོ་མ་ལྗང་ལ་འཁྲུག་འཁྲུག་པོ། །འབྲས་བུ་སྤུངས་ཞིང་ངར་པ་ལྡེམ། །རིང་ཐུང་རྐང་རེ་མཐོ་རེ་ཙམ། །མེས་ཚིག་རྨ་ལ་མཆོག་ཏུ་བསྔགས། །

སྔོ་གྲེས་སྤང་དང་སྐམ་སར་སྐྱེ། །འདབ་མ་ལེབ་ཅིང་འབྲས་བུ་སྤུངས། །མེ་ཏོག་སྔོན་པོ་ཨུག་ཆོས་འདྲ། །རིང་ཐུང་མཐོ་རེ་མཛུབ་རེ་ཙམ། །མེས་ཚིག་རྨ་དང་སྲིན་ནད་སེལ། །

ཆུ་ནང་སྐྱེ་བའི་ཉ་ལྕིབས་ནི། །མེས་ཚིག་རྨ་ལ་མཆོག་ཏུ་བསྔགས། །

སེར་ཤ་གསེར་མདོག་སྤང་ལ་སྐྱེ། །འཁྲུ་གཅོད་ཤ་དུག་ཆུ་སེར་ཕན། །

དཀར་ཤ་དངུལ་མདོག་ལུད་ལ་སྐྱེ། །རིམས་དང་གཉན་ནད་སེལ་བར་བྱེད། །

དམར་ཤ་ཟངས་མདོག་ཤིང་ལ་སྐྱེ། །བསྲེག་པའི་ཐལ་བས་གྲེ་གག་སེལ། །

ནག་ཤ་ལྕགས་མདོག་ཀླུང་ལ་སྐྱེ།  །འཁྲུ་བ་གཅོད་པའི་མཆོག་ཏུ་བཤད།།

ཕ་ཁོལ་མུ་ཏིག་མདོག་ཅན་ནི། །རྨ་གསོ་ཁྲག་གཅོད་རྩ་ཆད་འཐུད། །

བུམ་པ་གཡའ་དང་རྫ་ལ་སྐྱེ། །སྡོང་པོ་རྒྱན་བརྩེགས་པ་(དང་)འདྲ། །དྲི་ཆེ་རོ་ཁ་སྲིན་ནད་སེལ། །

སྟར་བུ་སྣུམ་ཁྲོད་གྲམ་ལ་སྐྱེ། །ལོ་མ་སྐྱ་ཆུང་ཚེར་མ་ཙམ། །རིང་ཐུང་རྐང་རེ་ཁྲུ་རེ་ཙམ། །རོ་སྐྱུར་རྣག་འདྲེན་བད་ཀན་སེལ། །

གྲོ་མ་མུ་དང་ན་ལ་སྐྱེ། །ལོ་མ་ས་འབྱར་འབོལ་བ་སྟེ། །རིང་ཐུང་སོར་བཞི་སོར་ལྔ་ཙམ། །རྩ་བ་རྡོག་འདྲིལ་མེ་ཏོག་སེར། །རླུང་མཁྲིས་སེལ་ཞིང་འཁྲུ་བ་གཅོད། །

སྲན་མ་གཡོ་ལོ་ལུད་ལ་སྐྱེ། །མར་ཏོག་སྤུ་ཅན་ཀོ་མ་མཆུ། །ཡལ་ག་འཁྱོག་ཅིང་མེ་ཏོག་སྔོ། །རིང་ཐུང་རྐང་རེ་ཁྲུ་རེ་ཙམ། །ནུས་པས་རྣག་སྐེམ་རྨ་གསོ་ཞིང་། །རྩ་བས་སོ་སྲིན་འཇོམས་པར་བྱེད། །

མཚེ་ནི་བྲག་སྐྱེ་མེ་ཏོག་དམར། །འདབ་མ་རིལ་མོ་རོ་ནི་སྐྱུར། །རིང་ཐུང་མཐོ་རེ་རྐང་རེ་ཙམ། །གློ་དང་སྐྲན་བཤིག་སྐྲངས་པ་འདུལ། །

གང་གཱ་ཆུང་ནི་གཡའ་ལ་སྐྱེ། །འདབ་མ་མཆོད་རྟེན་བར་རིམ་འདྲ། །རིང་ཐུང་སོར་རེ་སོར་ཕྱེད་ཙམ། །མེ་ཏོག་སྔོ་སྐྱ་སྦུག་མོ་སྟེ། །རིམས་དང་མགོ་ཆག་ཤ་དུག་སེལ། །

ཆུ་མ་རྩི་ནི་འདམ་གསེབ་སྐྱེ། །ལོ་མ་དམར་ལྗང་འཇམ་པ་ལ། །འབྲས་བུ་བར་རྩུབ་ལ་སྤུངས་པ་སྟེ། །རིང་ཐུང་མཛུབ་རེ་མཐོ་རེ་ཙམ། །རོ་ནི་མངར་མངལ་ཆུ་སེར་དང་། །སྦྱོང་སྨན་སྡེབས་པས་སྐྱུག་མི་སྲིད། །

རམ་བུ་ན་དང་སྤང་ལ་སྐྱེ། །འདབ་མ་ས་འབྱར་སྲབ་ལ་འཇམ། །སྙེ་མ་སྨུག་པོ་ཕོན་ཚེ་འདྲ། །འབྲས་བུ་དམར་ཞིང་རོ་མངར་བསྐ། །འཁྲུ་བ་ཐམས་ཅད་གཅོད་པར་བྱེད། །

དུར་བྱིད་མུ་ཡི་སྲིབས་ལ་སྐྱེ། །ཐར་ནུ་བ་དང་ཅུང་ཟད་འདྲ། །ངར་པ་ཚིག་སྐྱེས་འཁྱོག་པ་སྟེ། །རིང་ཐུང་རྐང་རེ་ཁྲུ་རེ་ཙམ། །འདབ་མ་ཞོ་ཅན་ཕྲ་འཇམ་སྟེ། །སྦྱོངས་སྨན་རྣམས་ཀྱི་རྒྱལ་པོར་བཤད། །

བྱ་རྐང་བ་ནི་སྲིབས་ལ་སྐྱེ། །ལོ་མ་ཕྲ་ཞིང་ངར་པ་འཁྱོག །རིང་ཐུང་རྐང་རེ་ཁྲུ་རེ་ཙམ། །མེ་ཏོག་སྔོན་པོ་བྱ་མཆུ་འདྲ། །ཚ་གྲང་གཉིས་ཀའི་འཁྲུ་གཅོད་བྱེད། །

ཤུ་མོ་ཟ་ནི་ཞིང་ནང་སྐྱེ། །ལོ་མ་སྲན་མའི་འདབ་འདྲ་ཆུང་།་།རིང་ཐུང་ཁྲུ་རེ་རྐང་རེ་ཙམ། །མེ་ཏོག་སེར་པོ་སྲན་མ་འདྲ། །གང་བུ་སྲབ་མོ་སོ་ཐར་རིས། །འབྲས་བུ་གྲུ་བཞི་ནུས་པ་ཡིས། །གློ་རྣག་འཁྲུ་བ་ཐམས་ཅད་གཅོད། །

ལྕུམ་ནི་རི་དང་ལྡུམ་རར་སྐྱེ། །ལོ་མ་ལྗང་ནག་ཤིན་ཏུ་ཆེ། །སྡོང་པོ་སྦུབ་སྟོང་མི་ཚད་ཙམ། །འབྲས་བུ་ངར་པ་ཤོ་བུམ་འདྲ། །རྩ་བ་སེར་ཞིང་རོ་ནི་སྐྱུར། །ནུས་པས་རྨ་དང་བད་ཀན་དང་། །འཁྲུ་སྐྱུགས་གཉིས་ཀ་བྱེད་པ་ཡིན། །

ཁྲོན་བུ་ན་ཡི་སྟོད་དུ་སྐྱེ། །ཐར་ནུ་བ་དང་ཅུང་ཟད་འདྲ། །འདབ་མ་ས་འབྱར་ཕྲ་བ་ལ། །རིང་ཐུང་སོར་བཞི་སོ་ལྔ་ཙམ། །བཅད་ན་ཞོ་འབྱུང་སྦྱོངས་སྨན་ཡིན། །

སྔོན་བུ་རི་སྟོད་སྤང་ལ་སྐྱེ། །ལོ་མ་ས་འབྱར་སྤུ་ཅན་ལ། །བཅད་ན་ཞོ་འབྱུང་ངར་པ་ཕྲ། །རིང་ཐུང་སོར་བཞི་སོར་ལྔ་ཙམ། །མེ་ཏོག་སྔོན་པོ་དྲིལ་བུ་ཁ། །ཆུ་སེར་ཚ་གྲང་གཉིས་ཀ་འཇོམས། །

སྤོར་ཆུང་སྤང་གོས་དག་ཏུ་སྐྱེ། །ངར་པ་ས་འབྱར་སྤུ་སྤུངས་པ། །རིང་ཐུང་སོར་བཞི་སོར་ལྔ་ཙམ། །མེ་ཏོག་སྔོ་སྐྱ་ཞོ་ཅན་ཏེ། །ནུས་པ་སྤོར་ཆེན་ཙམ་དུ་མཚུངས། །

སྤོར་ཆེན་ཚིགས་དང་གད་ལྡེབས་སྐྱེ། །ལོ་མ་ས་འབྱར་རྐོ་མ་མཆུ། །བཅད་ན་ཞོ་འབྱུང་ངར་པ་ཕྲ། །རིང་ཐུང་མཁྱིད་རེ་མཛུབ་རེ་ཙམ། །མེ་ཏོག་དམར་སྨུག་ར་ཕོར་འདྲ། །མོ་ནད་སོགས་ཀྱི་སྦྱོང་སྨན་ཡིན། །

ཐ་རམ་པ་ནི་སྐམ་སར་སྐྱེ། །ལོ་མ་སར་འབྱར་འོར་མཐིལ་འདྲ། །འབྲས་བུ་ལྕགས་འབྲས་འགྲིལ་བ་འདྲ། །འཁྲུ་བ་གཅོད་པའི་སྨན་གཅིག་ཡིན། །

རེ་ལྕག་པ་ནི་གྲམ་ལ་སྐྱེ། །ལོ་མ་ཟླུམ་ཞིང་ངར་པ་ཕྲ། །རིང་ཐུང་རྐང་རེ་ཁྲུ་རེ་ཙམ། །མེ་ཏོག་དཀར་ཆུང་མང་བ་སྟེ། །རོ་ནི་ཚ་རྩུབ་འཇམ་རྩིའི་སྨན། །སྦྱོངས་འཁྱིལ་ཤུ་ཐོར་གཉན་ནད་སེལ། །

རི་ཤོ་གཡའ་ཡི་འདབ་ལ་སྐྱེ། །ལོ་མ་མཐུག་ཅིང་གྱིང་བ་ལ། །མེ་ཏོག་སེར་པོ་གཉའ་གུག་པ། །རིག་ཐུང་མཐོ་རེ་མཛུབ་རེ་ཙམ། །དྲི་མ་དུགས་ཆེ་སྐྱུག་སྨན་མཆོག །

ཐར་ནུ་བ་ནི་སྲིབ་ལ་སྐྱེ། །ལོ་མ་སྣུམ་ཞིང་ངར་པ་ཕྲ། །སྐྱེ་ཕོན་སྲན་མ་རེ་ལྕག་འདྲ། །རིང་ཐུང་མཐོ་རེ་རྐང་རེ་ཙམ། །བཅད་ཞོ་འབྱུང་ཞིང་གཉན་སྲིན་འཇོམས། །སྦྱོངས་སྨན་ཡིན་མོད་ཁཎྜ་མཆོག །

མྱང་རྩི་སྤྲས་ནི་ཁུར་ཆུང་ཡིན། །ཞིང་གི་ཚིགས་དང་གད་ལྡེབས་སྐྱེ། །ལོ་མ་ས་འབྱར་ཉ་ག་ཅན། །རིང་ཐུང་སོར་བཞི་སོར་ལྔ་ཙམ། །མེ་ཏོག་སེར་པོ་ཁུར་མང་འདྲ།་།བཅད་ན་ཞོ་འབྱུང་རོ་ནི་ཁ། །ནུས་པས་མཁྲིས་པ་སེལ་བ་དང་། །སྦྱོངས་སྨན་སྡེབས་ན་འབྱམས་མི་སྲིད། །

རྐྱང་གཤོག་པ་ནི་ན་ལ་སྐྱེ། །ལོ་མ་ས་འབྱར་མཐུག་ལ་སྣུམ། །མེ་ཏོག་དམར་སེར་ངར་ཕྲ། །རིང་ཐུང་སོར་བཞི་སོ་ལྔ་ཙམ། །གང་བུ་ཟུར་མང་བསྲུབས་མ་འདྲ། །རོ་མངར་སྐྱུག་སྨན་མཆོག་ཏུ་བཤད། །

སྤྱང་ཚེར་བ་ནི་སྐམ་ལ་སྐྱེ། །ལོ་མ་གྱོང་རྩུབ་ཉ་ག་ཅན། །ངར་པ་སྦུབས་ཆེ་འབྲས་བུ་འཁྲུངས། །རིང་ཐུང་ཚོན་རེ་ཚོན་དོ་ཙམ། །ཐམས་ཅད་ཚེར་མའི་རང་བཞིན་ཅན། །སྐྱུག་སྨན་མཆོག་ཏུ་བཤད་པ་ཡིན། །

ལྕགས་ཀྱུ་བ་ནི་གད་ཚིགས་སྐྱེ། །རིང་ཐུང་རྐང་རེ་ཁྲུ་རེ་ཙམ། །འདབ་མ་ལྗང་ནག་ཕྲ་ལ་སིབ། །རྩ་བ་སེར་ཞིང་རོ་ནི་ཁ། །མེ་ཏོག་མདངས་མེད་རྩེའི་འབྲུ་ཅན། །གང་བུ་སྐྱོགས་མོ་ལྕགས་ཀྱུ་ཅན། །ནུས་པས་རིམས་དང་ཚ་བ་དང་། །བད་ཀན་སྨུག་པོ་འཇོམས་པར་བྱེད། །

ཟིན་ཏིག་རྫ་ཡི་སྟོད་དུ་སྐྱེ། །འདབ་མ་ལུག་ཆུང་ལྟ་བུ་ལ། །མེ་ཏོག་སེར་པོ་ལེགས་ནག་པོ། །རིུང་ཐུང་མཁྱིད་རེ་མཛུབ་རེ་ཙམ། །སྐྱུག་སྨན་རྣམས་ཀྱི་གཙོ་བོ་ཡིན། །

ཛཾ་བྷི་ར་ནི་གཙང་འཁྲིས་སྐྱེ། །ཡུར་བ་ཆེན་པོའི་ནང་དུ་སྐྱེ། །ངར་པ་ཆིག་སྐྱེས་དྲང་བ་སྟེ། །རིང་ཐུང་མཐོ་རེ་རྐང་རེ་ཙམ། །མེ་ཏོག་དམར་སྨུག་མང་བ་ལ། །ཚེར་མ་རྣོ་ཞིང་མེ་ཏོག་སེར། །རོ་ནི་མངར་ཞིང་ནུས་པ་ཡིས། །རིམས་ནད་ལྕི་འཐིབས་ཐམས་ཅད་སེལ།།

འདམ་བུ་ཀ་ར་ཆུ་ནང་སྐྱེ། །རོ་མངར་ངར་པ་ཟོར་བ་འདྲ། །རིང་ཐུང་མཁྱིད་རེ་མཛུབ་རེ་ཙམ། །མཆིན་ཚད་རུས་ཚད་སྨུག་པོ་དང་། །མཚོན་གྱིས་ཕོག་པའི་གློ་ནད་སེལ། །

ཨ་ཀྲོང་རི་ཡི་སྲིབས་ལ་སྐྱེ། །ངར་པ་ནག་ཅིང་ཟིལ་པ་ཆགས། །མེ་ཏོག་སེར་ཞིང་དྲི་མ་ཆེ། །རིང་ཐུང་རྐང་རེ་ཁྲུ་རེ་ཙམ། །ནུས་པས་གློ་ནད་སེལ་བར་བྱེད། །

བྱིའུ་སྒོག་པ་ནི་ཞིང་ནང་སྐྱེ། །ངར་པ་ཕྲ་ཞིང་འཁྱིལ་བ་སྟེ། །རིང་ཐུང་མཐོ་རེ་རྐང་རེ་ཙམ། །འབྲས་བུ་ནག་རྩུབ་འདབ་མ་ཆུང་། །རྩ་བ་སེར་ཞིང་རོ་ནི་མངར། །རྨ་རྣམས་ཐམས་ཅད་འཚོ་བར་བྱེད། །

རྨུན་བུ་སྲིབས་ཀྱི་སྨད་དུ་སྐྱེ། །ངར་པ་ས་འབྱར་ལོ་མ་རྩུབ། །རིང་ཐུང་སོར་བཞི་སོར་ལྔ་ཙམ། །ཡལ་ག་མང་ཞིང་མེ་ཏོག་སྔོ། །ནད་གསོ་བའི་མཆོག་ཏུ་བཤད། །

ནད་མ་གཡུ་ལོ་ལྗོངས་སུ་སྐྱེ། །ལོ་མ་ས་འབྱུར་རྩུབ་པ་སྟེ། །རིང་ཐུང་མཁྱིད་རེ་མཛུབ་རེ་ཙམ། །མེ་ཏོག་སྔོན་པོ་སྤུངས་པ་སྟེ། །རྩ་བའི་མཚམས་ན་བ་མོག་ཡོད། །རྨ་ནད་གསོ་བར་བྱེད་པ་ཡིན། །

བྱིའུ་ཀླད་མཚོ་ཞིང་ནང་སྐྱེ། །ངར་པ་གྲུ་བཞི་ལོ་མ་ཟླུམ། །རིང་ཐུང་མཁྱིད་རེ་མཛུབ་རེ་ཙམ། །མེ་ཏོག་དམར་ཞིང་ཆུང་བ་སྟེ། །རྨ་ནད་གསོ་རབ་མཆོག་ཡིན་ནོ། །

ཉ་ཏིག་པ་ནི་འདམ་ལ་སྐྱེ། །ངར་པ་ས་འབྱར་ལོ་མ་ཆུང་། །རིང་ཐུང་མཁྱིད་རེ་མཛུབ་རེ་ཙམ། །མེ་ཏོག་དཀར་ཆུང་མང་བ་སྟེ། །ཁྲག་གཅོད་ཀུན་གྱི་རྒྱལ་པོ་ཡིན། །

བོང་རྣ་བ་ནི་བྲག་ལ་སྐྱེ། །འདབ་མ་གཅིག་སྐྱེས་བོང་རྣ་འདྲ། །འབྲས་བུ་གཅིག་སྐྱེས་ཆུང་བ་སྟེ། །རྨ་ཡི་ཟུག་གཟེར་ཐམས་ཅད་གཅོག །

མདེའུ་འབྱིན་གཅིག་ནི་བྲག་ལ་སྐྱེ། །ལོ་མ་ལུག་ཆུང་ལྟ་བུ་སྟེ། །ངར་པ་ཕྲ་ཞིང་འཁྱོག་པ་ཡིན། །རིང་ཐུང་མཛུབ་རེ་མཐོ་རེ་ཙམ། །མེ་ཏོག་དམར་པོ་པུ་ཤུད་མགོ །རྨ་ཡི་འཁྲུད་བྱེད་རུས་སྐྱོན་སེལ། །

ཨ་བྱག་ཚེར་སྔོན་སྤང་སྲིབས་སྐྱེ། །སྐྱེ་ཕོན་སྲན་པ་རེ་ལྕག་འདྲ། །རིང་ཐུང་མཁྱིད་རེ་མཛུབ་རེ་ཙམ། །འབྲས་བུ་ལུག་ཐུག་རླིག་པ་འདྲ། །ཚེར་མ་མང་ཞིང་མེ་ཏོག་སྔོ། །མགོ་རྨ་གཟེར་ཐུང་སེལ་བའི་མཆོག །

ཁྲོག་ཆེན་པ་ནི་ཤག་གསེབ་སྐྱེ། །ལོ་མ་ས་འབྱར་ཉ་ག་ཅན། །འབྲས་བུ་སྤུངས་ཤིང་སྤྲ་བ་ཅན། །བུད་མེད་མངལ་ཁྲག་སྐེམས་པར་བྱེད། །

ཁྲོག་ཆུང་བ་ནི་སྐམ་སར་སྐྱེ། །འདབ་མ་ས་འབྱར་སྤྲ་བ་ཡོད། །མེ་ཏོག་རས་མདོ་བསྒྲིལ་བ་འདྲ། །ངར་པ་མཛུབ་རེ་མཁྱིད་རེ་ཙམ། །ཁྲག་གཅོད་མཆོག་ཏུ་བཤད་པ་ཡིན། །

རམ་བུ་མུ་དང་ཀླུང་དུ་སྐྱེས། །འདབ་མ་ལྗང་འདབ་ངར་པ་དྲང་། །སྙེ་མ་ཕོན་ཚེ་འདྲ། །རིང་ཐུང་རྐང་རེ་ཁྲུ་རེ་ཙམ། །རྩ་བ་ཚིགས་མང་འབྲེལ་བ་སྟེ། །ཁྲག་གཅོད་ཀུན་གྱི་གཙོ་བོ་ཡིན། །

རྩི་དམར་རྐང་གཅིག་སྤང་གསེབ་སྐྱེ། །གཞི་མ་ཐང་ཕྲོམ་ལྟ་བུ་ལ། །ངར་པ་ཆིག་སྐྱེས་མང་དུ་ཡོད། །རིང་ཐུང་སོར་དོ་སོར་གསུམ་ཙམ། །ལོ་མ་ཆུང་ཞིང་དྲི་ཞིམ་པ། །མེ་ཏོག་སེར་པོ་ཟིལ་པ་ཆགས། །རྨ་འབྲས་འཇོམས་པར་བྱེད་པ་ཡིན། །

དབང་པོ་ལག་པ་ན་ལ་སྐྱེ། །འདབ་མ་ས་འབྱར་སྣུམ་ཞིང་འཇམ། །མེ་ཏོག་དམར་པོ་ལུག་རུ་འཁྱིལ། །ངར་པ་རིལ་མོ་འབྲས་བུ་སྤུངས། །རིང་ཐུང་སོར་བཞི་སོར་ལྔ་ཙམ། །རྩ་བ་བུ་ཆུང་ལག་པ་འདྲ། །ནུས་པས་གྲང་བ་ཆུ་སེར་ཕན། །རྒས་སྲ་ལུས་སྟོབས་ཁུ་བ་སྐྱེད། །

ར་མོ་ཤག་ནི་བྲག་སྲུབས་སྐྱེ། །ལོ་མ་སྣུམ་པོ་ལྗང་འདབ་འདྲ། །ངར་པ་ལྡེམ་ཞིང་འབྲས་བུ་དམར། །རིང་ཐུང་ཁྲུ་རེ་མདའ་རེ་ཙམ། །རྩ་བ་རྡོག་འདྲིལ་སྒ་དང་འདྲ། །རྒས་སྲ་ལུས་སྟོབས་ཁུ་བ་སྐྱེད། །

ཉེ་ཤིང་བ་ནི་གྲམ་ལ་སྐྱེ། །ལོ་མ་ཕྲ་ཞིང་འབྲས་བུ་དམར། །ངར་པ་འཁྲུག་ཞིང་ཚེར་མ་ཡོད། །རིང་ཐུང་ཁྲུ་རེ་མདའ་རེ་ཙམ། །རྩ་བ་རྡོག་འདྲིལ་རི་ལྒོག་འདྲ། །ནུས་པས་གྲང་བ་སེལ་བ་དང་། །རྒས་སྲ་ལུས་སྟོབས་ཁུ་བ་སྐྱེད། །

ལྕ་བ་བྲག་དང་སྐམ་སར་སྐྱེ། །ལོ་མ་ས་འབྱར་འཁྲུག་འཁྲུག་པོ། །རིང་ཐུང་སོར་བཞི་སོར་ལྔ་ཙམ། །མེ་ཏོག་དཀར་ཞིང་དྲི་མ་ཆེ། །ནུས་པས་གྲང་བ་ཆུ་སེར་དང་། །བཅུད་ལེན་མཆོག་ཏུབཤད་པ་ཡིན། །

ལང་ཐང་རྩེ་ནི་མུ་ལ་སྐྱེ། །ལོ་མ་སྤུ་ཅན་ཆེ་བ་ལ། །ངར་པ་རིལ་མོ་མང་བ་སྟེ། །རིང་ཐུང་ཁྲུ་རེ་མདའ་རེ་ཙམ། །མེ་ཏོག་སྲད་མ་ཅུང་ཟད་འདྲ། །གང་བུ་རིལ་བ་སྤྱི་བླུགས་འདྲ། །འབྲས་བུ་ཞིབ་མོ་མཁལ་མ་འདྲ། །སྲིན་ནད་གྲང་བ་སེལ་བར་བྱེད། །

གཟེ་མ་ཞིང་དང་མུ་ལ་སྐྱེ། །ངར་པ་ས་འབྱར་ལོ་མ་ཆུང་། །རིང་ཐུང་མཛུབ་རེ་མཐོ་རེ་ཙམ། །མེ་ཏོག་སེར་ལ་རོ་ནི་མངར། །འབྲས་བུ་ཚེར་མ་ར་མགོ་འདྲ། །མཁལ་ནད་གྲང་བ་ཆུ་སེར་སེལ། །

སྟག་ཆུང་བ་ནི་བྲག་སྲིབས་སྐྱེ། །ལོ་མ་གྱོང་ཞིང་ཚེར་མ་ཅན། །ངར་པ་གྲང་ཞིང་མེ་ཏོག་སེར། །རིང་ཐུང་སོར་བཞི་སོར་ལྔ་ཙམ། །རོ་མངར་ཟིལ་པ་ཆགས་པ་སྟེ། །རྩ་བ་གྱོང་ཞིང་མཁྲེགས་པ་ཡིན། །བཅུད་ལེན་རྣམས་ཀྱི་སྨན་མཆོག་ཡིན། །

སུམ་ཅུ་ཏིག་ནི་སྤང་སྲིབས་སྐྱེ། །འདབ་མ་ཕྲ་ཞིང་ངར་པ་དྲང་། །རིང་ཐུང་སོར་བཞི་སོར་ལྔ་ཙམ། །མེ་ཏོག་སེར་པོ་དྲིལ་བུ་ཁ། །རོ་ཁ་ནུས་པས་བད་སྨུག་སེལ། །བཅུད་ཀྱི་ལེན་གྱི་མཆོག་ཏུ་འགྱུར། །

དྭ་བ་ནགས་ཁྲོད་སྐམ་ལ་སྐྱེ། །ལོ་མ་སྔོ་སྐྱ་སྲུབ་ཀའི་དབྱིབས། །མེ་ཏོག་དྲིལ་བུ་ཁ་བླང་འདྲ། །ངར་པ་རིལ་མོ་ཁྲུ་རེ་ཙམ། །འབྲས་བུ་སེར་སྐྱ་སྤུངས་པ་སྟེ། །རྩ་བ་རྡོག་འདྲིལ་རོ་ནི་ཚ། །ནུས་པས་འཁོལ་ཞིང་རྩུབ་པ་སྟེ། །སྲིན་ནད་འཇོམས་ཤིང་རུས་འཛེར་འགོག །
སྨན་མཆོག་རྒྱལ་པོ་བྲག་སྨིན་མཆོག །ཁ་སྨད་བྲག་སྨད་དག་ལ་སྐྱེ། །མེ་ཏོག་དམར་སྐྱ་ཟླ་བ་ཁ། །དགུན་དུས་ལྷག་པར་རྒྱས་པ་ཡིན། །མགོ་བོ་གྲོ་ཡི་སྦུ་གུ་འདྲ། །སྡོང་པོ་གཡུ་ཡི་སྡོང་པོ་འདྲ། །ལོ་མ་དུང་སོ་མནོལ་ཁ་འདྲ། །རྩ་བ་བྱ་ཡི་སུག་པོ་འདྲ། །བདུད་རྩི་སྒ་ཏིག་ཅེས་བྱ་སྟེ། །དམུ་ཆུའི་ནད་ལ་བདུད་རྩི་འདྲ། །

ནི་ལོ་ཨུཏྤལ་ཞེས་བྱ་བ། །རྩ་བ་ཟླུམ་ལ་མངར་བ་ཡིན། །མེ་ཏོག་སྔོན་པོ་ཨུཏྤལ་འདྲ། །སྙི་བ་ཞེས་བྱའི་མེ་ཏོག་ཡིན། །

སྔོན་མོ་ཆབ་འདྲེན་གཡའ་སྟོད་སྐྱེ། །མུ་ཡི་སྐམ་ས་དག་ཏུ་སྐྱེ། །གཡའ་ལ་སྐྱེ་བ་སོར་བཞི་ཙམ། །མུ་ལ་སྐྱེ་བ་བ་སོར་དོ་ཙམ། །ལོ་མ་ས་འབྱར་སྲད་ཆུང་འདྲ། །མེ་ཏོག་སྔོ་དམར་པདྨ་འདྲ། །གང་བུ་སྦུར་པའི་སྨད་གོག་འདྲ།་།དམུ་ཆུ་འཇོམས་པར་བྱེད་པའི་མཆོག །

ཡུག་དཀར་བ་ནི་ཆུ་འགྲམ་སྐྱེ། །ལོ་མ་འབོལ་ཞིང་ངར་པ་ཕྲ། །རིང་ཐུང་མཁྱིད་རེ་མཛུབ་རེ་ཙམ། །མེ་ཏོག་དཀར་ཞིང་འབྱར་བག་ཆེ། །འབྲས་བུ་སྒྲོ་རྐང་རྣ་ལྤགས་འདྲ། །རོ་ནི་མངར་ལ་ནུས་པ་ཡིས། །རླུང་གཟེར་ཐམས་ཅད་རབ་ཏུ་འཇོམས། །

བྱ་རྐང་བ་ནི་སྲིབ་ལ་སྐྱེ། །ལོ་མ་ཁྲད་པ་ངར་པ་འཁྱོག །རིང་ཐུང་རྐང་རེ་མཛུབ་རེ་ཙམ། །མེ་ཏོག་ལོ་བཙན་ཅུང་ཟད་འདྲ། །ཚ་གྲང་གཉིས་ཀའི་འཁྲུ་གཅོད་ཡིན། །

ཤ་མ་་གཡུ་རིལ་ཞེས་ཀྱང་བྱ། །མོན་མོ་སྤོ་སྨན་ཞེས་ཀྱང་བྱ། །གཡའ་རི་སྤང་རིའི་སྤོ་ལ་སྐྱེ། །ལོ་མ་ལྕ་ཆུང་འདྲ་བ་ལ། །མེ་ཏོག་སྔོན་པོ་དྲི་ངད་ཅན། །སྦུ་གུ་ལྡན་ཡོན་ཞེས་ཀྱང་བྱ། །མགོ་རྨ་གསོ་བའི་བདུད་རྩི་སྟེ།  །འབྲས་ཀྱི་རྨ་གསོ་སྐྲངས་པ་འདུལ།།

སྔོ་སྨན་སྤྱི་བཞུར་ཞེས་ཀྱང་བྱ། །གསང་བའི་སྨན་གཅིག་ཅེས་ཀྱང་བྱ། །སྔོན་མོ་ཆུ་འདྲེན་ཞེས་ཀྱང་བྱ། །འདབ་མ་པདྨ་བརྩེགས་པ་འདྲ། །མེ་ཏོག་བྱ་ཡི་སྒྲོ་མདུང་འདྲ། །རྒས་ནས་རྒོད་པོས་དཀར་པོར་འགྲོ །ཁུ་བ་བཻཌཱུརྱ་དང་འདྲ། །དམུ་འོར་སྐྱ་རྦབ་ནད་ལ་ཕན། །

གསང་བའི་སྨན་གཅིག་འོད་ལྡན་ནི། །སྡོད་པོ་སེ་བའི་ལྕུག་མ་འདྲ། །ལོ་མ་གླང་མའི་ལོ་མ་འདྲ། །མེ་ཏོག་དམར་པོ་འོད་དུ་ཆེ། །ལི་ག་དུར་ཞེས་མཚན་དུ་གསོལ། །ནད་ངན་སྐྱ་རྦབ་འཇོམས་པའི་མཆོག །

བྱི་སྲིན་ནག་ཆུང་ཞེས་ཀྱང་བྱ། །གསང་བ་སྔོན་མོ་ཆུ་འདྲེན་ནི། །ལོ་མ་སྲད་ནག་འདྲ་བ་ལ། །མེ་ཏོག་སྲན་མའི་མེ་ཏོག་འདྲ། །འབྲས་བུ་སྲན་ཆུང་ཇི་བཞིན་ནོ། །ཚ་གྲང་དམུ་ཆུ་རྒྱུན་ལ་འདྲེན། །

འདིར་མ་འདུས་པའི་སྔོ་སྨན་མེད། །དེས་ན་སྔོ་འབུམ་ཀུན་གྱི་མཆོག །སྨན་གྱི་རྒྱ་མཚོ་ཆེན་པོ་ཡིན། །འདི་ཡི་ནང་ནས་ཆ་ཙམ་གཅིག །ཤེས་ན་ཡོན་ཏན་ཆེན་པོར་འགྱུར། །ཅེས་པའི་སྔོ་འབུམ་མཐོང་འགྲོལ་ཆེན་པོ་འདི། །ཡི་དམ་འཕགས་པ་འཇམ་དཔལ་དང་། །རྗེ་བཙུན་སྒྲོལ་མའི་སྔོ་འབུམ་དང་། །དྲང་སྲོང་ཆེན་པོའི་གསུང་རྒྱུན་ལ། །བརྟེན་ནས་གཡུ་ཐོག་མགོན་པོས་བསྡེབས། །དགེ་བས་འགྲོ་ཀུན་ནད་སེལ་ཞིང་། །སྨན་ཀུན་འཛོམས་དང་མན་ངག་འགྱུར། །

མངྒལཾ། ཤུབྷཾ།། །།




 

 

 

མཐའ་མའི་འདོན་ཐེངས་།: 24.11.2020 ཉིན། 3:15 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།