སྨན་རྩིས་དྲ་བ། - སྡེ་སྲིད་ཁོག་འབུགས།

གཡུ་ཐོག་ཡོན་ཏན་མགོན་པོས་སྨན་སྤེལ་ཚུལ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 27.01.2022
སྡེ་སྲིད་ཁོག་འབུགས། >>

གཡུ་ཐོག་ཡོན་ཏན་མགོན་པོས་སྨན་སྤེལ་ཚུལ།

དེས་སྔར་རྐང་འབམ་གྱི་ནད་གསོས་པའི་དྲིན་ལན་ལ་གཡུ་ཐོག་པར་གཏད་པས།  བདག་གི་བླ་མ་ལྔ་བ་ཆེན་པོས།  དྲི་མེད་རིང་ལུགས་འཆད་བྱེད་གངྒཱའི་རྒྱུན། །ཐོས་བསམ་ཚངས་པའི་རལ་ཀླུང་ནས་འབེབས་པའི། །གཡུ་ཐོག་མགོན་པོའི་ངོ་མཚར་སྒྱུ་མའི་འཕྲུལ། །རིགས་འདུས་དཀྱིལ་འཁོར་སྤྲོ་བསྡུའི་བྱེད་པོར་ངེས། །ཞེས་གསུངས་པ་ལྟར་ཁྱབ་བདག་སྨན་གྱི་བླ་མའི་ངོ་མཚར་ཡེ་ཤེས་སྒྱུ་མའི་རྣམ་རོལ་གཡུ་ཐོག་ཡོན་ཏན་མགོན་པོར་བཤད་སྲོལ་མི་འདྲ་བ་ཐམས་ཅད་ཀྱི་བཀའ་བབས། དེ་ཉིད་ཀྱི་ཐོག་མའི་གདུང་རབས་ནས་ཅུང་ཟད་སྨོས་ན། གསོ་དཔྱད་རང་ལུགས་སུ་དང་པོ་རྒྱ་གར་གྱི་ཡུལ་པདྨའི་གླིང་གི་གྲོང་ཁྱེར་དགུའི་དབུས་མ་པདྨའི་སྙིང་པོར་ལྷའི་བུ་དམ་པ་ཏོག་དཀར་པོ་ཞེས་བྱ་བ་མི་ཡུལ་དུ་བབས་ནས། འདོད་འཇོའི་བའི་འོ་མ་ཕུལ་བ་བཞེས་པས་བ་ནུར་གྲགས།  དེ་དང་བྲམ་ཟེ་མ་ཆོས་ཀྱི་བློ་གྲོས་སྟངས་དཔྱལ་མཛད་པས་སྲས་བྲམ་ཟེ་ཐོག་འབེབས་དང་ཤེས་རབ་ཀྱི་རལ་གྲི་གཉིས་བལྟམས། དེ་གཉིས་ལ་ཡབ་ཀྱིས་ནོར་སྐལ་གསེར་བུམ་པ་རེ་གནང་སྟེ་རྨུ་ཐག་བརྒྱུད་ལྷ་ཡུལ་དུ་ཕྱིར་བྱོན། ཤེས་རབ་ཀྱི་རལ་གྲི་ཆང་ཚོང་གི་བུ་མོ་ཡིད་འཕྲོག་མ་ཞེས་པ་སྨན་གྱི་ལྷ་མོའི་སྤྲུལ་པ་དེ་དང་ཁྱིམ་ཐབ་ཏུ་གྱུར། སྲས་དགའ་བའི་བློ་གྲོས་འཁྲུངས།  ཡིད་འཕྲོག་མའི་ཐབས་འཕྲུལ་ལ་བརྟེན། དགེ་འདུན་འདུས་པ་ལས་ཞག་རེ་ལ་གསེར་ཁལ་རེ་འཛག་པའི་གླང་བུ། དྲང་སྲོང་སྦ་མི་སྦས་རྒྱལ་པོ་བཅིང་བ། བློན་པོ་བསྐྲད་པ། དཔག་དཔོན་རེངས་པ།  སྐྱེ་བོ་ཐམས་ཅད་དབང་དུ་འདུ་བ་ལ་སོགས་པའི་འཁོར་ལོ་དང་། གང་ལ་བཏབ་པ་མི་འཚོར་བར་བཟུང་ཆོག་པ་རལ་བའི་ཞགས་པ། འཇམ་དབྱངས་སྤྲུལ་པའི་དྲང་སྲོང་གིས་གཡུལ་ཐམས་ཅད་ལས་རྣམས་པར་རྒྱལ་བ། །འབྱུང་ལྔ་དབང་དུ་འགྱུར་བ། ཀླུའི་དུག་བསྲུང་། ཀླུའི་བླ་མ་སྐར་རྒྱལ་ལས་གང་བསམ་ཅི་འདོད་འགྲུབ་པའི་འཁོར་ལོ། ཨ་ཙ་ར་ལས་སྨན་ཐམས་ཅད་ཀྱི་ས་བོན་ཐེབས་པ་དང་འབྲས་བུ་སྨིན་པའི་འཁོར་ལོ་རྣམས་ཀྱི་དངོས་གྲུབ་གནང་། དེ་ལ་བརྟེན་ནས་ཕྱུག་པོ་གསེར་མངས་དང་། རྒྱལ་བུ་ཨུཏྤལའི་གདོང་ལ་སོགས་པ་དབང་དུ་འདུས། དགའ་བའི་བློ་གྲོས་རྒྱལ་པོ་དང་ཤེས་རབ་ཀྱི་རལ་གྲི་བློན་པོར་གྱུར། ཙན་དན་གོར་ཤའི་སྡོང་བོ་ལྷ་ཡུལ་ནས་དྲངས། སྲིན་པོའི་རྒྱལ་པོ་མ་ཧཱ་ཏ་བཏུལ། མུ་སྟེགས་ཀྱི་བསྟན་པ་བསྣུབས། འཆི་གསོས་ཀྱི་བདུད་རྩིས་མི་རོ་མང་པོ་གསོན་པོར་བསྒྱུར་བ་སོགས་ཁ་ཐག་རིང་བོའི་ལོ་རྒྱུས་མང་བ་དང་། གསེར་འཛག་གི་གླང་བུ་ཚེ་དུས་བྱས་པའི་ཁ་ཆེམས་བཞིན།  དྲང་སྲོང་སྦ་མི་སྦ།  བྲམ་ཟེ་ཡན་ལག་མདའ་རིང་། ཨཱ་ཙརྱ་མཁའ་ལྡིང་ནག་པོ། པས་ཏ་ཁྲུས་ཀྱི་སྡོང་བོའམ་པདྨ་འབྱུང་གནས། རྒྱལ་པོ་ཨུ་ཏྤ་ལའི་གདོང་། བཙུན་མོ་བདེ་བྱེད་མ། བློན་པོ་བློ་གྲོས་ཆེན་པོ། རྒྱལ་བུ་དགའ་བའི་བློ་གྲོས་རྣམས་རྒྱ་གར་རྡོ་རྗེ་གདན་དུ་འཛོམ་ཐོགཡིད་འཕྲོག་མས་གསེར་སྲང་སྟོང་གི་མེ་ཏོག་གཏོར་ཏེ། རྒྱ་གར་ཤར་ནུབ་རྒྱ་ནག་ཡུལ་ཁམས་དང་། །ལི་ཡུལ་བལ་ཡུལ་བོད་ཡུལ་ལ་སོགས་པའི། །ཡུལ་ཁམས་རྣམས་སུ་ཕྱི་རབས་སེམས་ཅན་དོན། །དུག་གསུམ་ནད་སེལ་སྨན་གྱིས་ས་བོན་འདི། །ཇི་བཞིན་བཏབ་པ་དེ་བཞིན་ཐེབས་བྱས་ནས། །ལོ་འདབ་རྒྱས་ཤིང་འབྲས་བུ་སྨིན་པར་ཤོག །ཅེས་སྨན་གྱི་ས་བོན་དང་སྨོན་ལམ་བཏབ་ནས་རང་ཡུལ་དུ་ལོག མི་རིང་བར་ཡིད་འཕྲོག་མས་པཎྜི་ཏ་པདྨ་འབྱུང་གནས་སྤྱན་དྲངས་ས་བོན་དང་སྨོན་ལམ་ཐེབས་མ་ཐེབས་དྲི་བ་ཞུས་པའི་ལན་ལ། ཡིད་འཕྲོག་ལྷ་མོའི་ངང་ཚུལ་བདུད་རྩི་མ། །ཁྱོད་ཀྱིས་ཕྱི་རབས་སེམས་ཅན་དོན་ཕྱིར་དུ། །ས་བོན་སྨོན་ལམ་གཅིག་ཏུ་བཏབ་པའི་དོན། །སངས་རྒྱས་བྱང་སེམས་རྣམས་ཀྱི་བྱིན་བརླབས་སྨིན། །སེམས་ཅན་སྤྱི་མཐུན་ལས་རྣམས་འགྲུབ་པའི་མཐུས། །ཁྱོད་ཀྱིས་སྨོན་ལམ་ཐེབས་ཚུལ་འདི་ལྟར་འདུག །རྒྱ་གར་རྡོ་རྗེ་གདན་ནས་ནུབ་ཕྱོགས་སུ། །དཔག་ཚད་གཅིག་དང་རྒྱང་གྲགས་ཕྱེད་ཀྱི་ས། །སྨན་གྱི་རི་བོ་སྤོད་ངད་ལྡན་ཞེས་འདུག །དེ་ན་ཙན་དན་སྦྲུལ་སྙིང་འབའ་ཞིག་དང་། །དཔག་ཚད་བཅུ་ཚུན་སྤོས་ཀྱི་ངད་དང་ལྡན། །ཨ་རུའི་ནགས་ཚལ་ལ་སོགས་སྨན་གྱི་རིགས། །མ་འཁྲུངས་མ་ཚང་བ་ནི་གཅིག་ཀྱང་མེད། །ནད་ཀྱི་རིགས་སུ་གྱུར་བ་ཀུན་ལ་ཕན། །རིན་ཆེན་ལས་གྲུབ་གཡའ་རི་བྲག་རི་དང་། །སྤང་རི་ལ་སོགས་སྤྲུལ་པའི་རི་བོ་ཡིན། །ཙན་དན་ལས་གྲུབ་ཐུགས་སྤྲུལ་སྨན་གྱི་བླ། །སྐུ་མདོག་དཀར་པོ་མཚན་དཔེའི་གཟི་བརྗིད་ལྡན། །འཁོར་རྣམས་ཐམས་ཅད་རྒྱ་སྲས་བྱང་སེམས་ཡིན། །ཐེག་དམན་སོ་སྐྱེས་བགྲོད་པའི་གནས་མིན་ཅིང་། །ཐེག་ཆེན་འཕགས་པ་ཁོ་ནའི་སྤྱོད་ཡུལ་ཡིན། །དེ་ནས་ནུབ་ཕྱོགས་དཔག་ཚད་གཅིག་འདས་ནས། །རིན་ཆེན་རཏྣ་ནོར་བུ་ལས་གྲུབ་པའི། །སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་ཅེས་བྱ། །མཛེས་ཤིང་བཀོད་ལེགས་ཡིད་འོང་གཞལ་མེད་ཁང་། རིན་ཆེན་ལས་གྲུབ་ཀ་བ་ཁྲི་དྲུག་སྟོང་། །རཏྣ་ལ་སོགས་གདུང་གི་མིག་མང་རིས། །སྒོ་བཞི་རྟ་བབས་བང་རིམ་བརྒྱད་དང་ལྡན། །རྩིག་པ་ལྔ་ལྡན་འདོད་ཡོན་ཕ་གུས་སྤྲས། །དྲ་བ་དྲ་ཕྱེད་རིན་ཆེན་ཤར་བུ་འཕྱང་། །མདའ་ཡབ་པུ་ཤུ་གཞལ་མེད་ཁང་གི་དབུས། །ནོར་བུ་བཻཌཱུརྱ་ཡི་གདན་སྟེང་ན། །སྤྲུལ་སྐུའི་སངས་རྒྱས་སྨན་པའི་རྒྱལ་པོ་བཞུགས། །མཚན་དང་དཔེ་བྱད་གཟི་བརྗིད་འོད་ཟེར་འབར། །ལྷ་དང་དྲང་སྲོང་ཕྱི་ནང་འཁོར་གྱིས་བསྐོར། །དྲང་སྲོང་ལྷ་མོ་རིག་འཛིན་བརྒྱུད་པར་བཅས། །སྟོན་པ་ཉི་ཟླ་གཉིས་དང་རིགས་གསུམ་མགོན། །ཀུན་དགའ་བོ་དང་འཚོ་བྱེད་གཞོན་ནུ་དང་། །དྲང་སྲོང་རིག་འཛིན་ཆ་བྱད་མང་པོས་བསྐོར། །འཁོར་རྣམས་ཐམས་ཅད་རྒྱས་སྲས་ཞིང་བཀོད་པའི། །བྱ་དང་རི་དྭགས་ལ་སོགས་སྤྲུལ་པའི་རིགས། །གསེག་མ་གྱོ་མོ་མ་དག་རྫས་མེད་ཅིང་། །དག་པ་རབ་འབྱམས་མཆོག་གི་སྤྲུལ་པའི་གནས། །ཐེག་དམན་ཉན་ཡང་རྣམས་ཀྱི་སྤྱོད་ཡུལ་མིན། །ཐེག་ཆེན་རིགས་སད་འཕགས་པའི་བཞུགས་གནས་ཡིན། །སྐུ་སྤྲུལ་སངས་རྒྱས་སྨན་བླའི་ཞལ་སྔ་ནས། །ཡིད་འཕྲོག་ལྷ་མོས་ས་བོན་བཏབ་པ་གང་། །ཁྲུས་ཀྱི་སྡོང་བོས་ཇི་ལྟར་ལྟས་པ་བཞིན། །ཐེབས་པར་འགྱུར་ལ་སྨིན་པར་གདོན་མི་ཟ། །འདི་ནས་ཤར་ཕྱོགས་པག་ཚད་གཅིག་འདས་ན། །སྨན་གྱི་རི་བོ་སྦོས་ངད་ལྡན་པ་ཡོད། །སྨན་གྱི་སྐྱེས་འཁྲུངས་རི་བོའི་ཡོན་ཏན་རྣམས། །ཁྱོད་རང་སྤྱན་གྱིས་གཟིགས་པ་ལྟར་ཡིན་པས། །ཡོན་ཏན་དྲན་པར་གྱིས་ལ་གསོལ་བ་ཐོབ། །འདི་ནས་ལྷོ་ཕྱོགས་དཔག་ཚད་གཉིས་འདས་ན། །སྨན་གྱི་རི་བོ་འབིགས་བྱེད་བྱ་བ་ཡོད། །དེ་ན་ཙན་དམར་པོའི་ནག་ཚལ་ཡོད། །སེ་འབྲུ་པི་པི་ལིང་སོགས་གྲང་སེལ་སྨན། །མ་འཁྲུངས་མ་ཚང་བ་ནི་གཅིག་ཀྱང་མེད། །ཡོན་ཏན་ལྡན་པའི་རི་བོ་དེ་ཉིད་ན། །མེ་ཤེལ་ལས་གྲུབ་ཡོན་སྤྲུལ་སྨན་བླ་བཞུགས། །སྐུ་མདོག་ཕྱག་མཚན་རྒྱན་ལ་ངེས་པ་མེད། །མཚན་དཔེའི་གཟི་འབར་ཡོན་ཏན་སྨན་གྱི་བླ། །འཁོར་རྣམས་ཐམས་ཅད་སྤྲུལ་པའི་རང་བཞིན་ཏེ། །ཡོན་ཏན་དྲན་པར་གྱིས་ལ་གསོལ་བ་ཐོབ། །འདི་ནས་ནུབ་ཕྱོགས་དཔག་ཚད་དྲུག་སྟོང་མཚམས། །སྨན་གྱི་རོ་བོ་མ་ལ་ཡ་ཞེས་ཡོད། །དེ་ན་ཙན་དན་གོར་ཤའི་ནགས་ཚལ་དང་། །བཟང་དྲུག་སྡོང་བོ་སྨན་སྡོང་བདེ་བ་སྐྱེད། །གུར་གུམ་སྤང་རི་ཚ་སྣ་སྣ་ཚོགས་དང་། །ས་རྡོ་ལ་སོགས་འབྱུང་བའི་སྨན་གྱི་རིགས། །ནོར་བུ་རིན་ཆེན་སྨན་དང་རྩི་སྨན་དང་། །ཤིང་སྨན་ཐང་སྨན་སྔོ་སྨན་སྲོག་ཆགས་སྨན། །མདོར་ན་སྨན་གྱི་རིགས་སུ་གྱུར་བ་ཀུན། །མ་འཁྲུངས་མ་ཚང་བ་ནི་གཅིག་ཀྱང་མེད། །དེ་ན་རིན་ཆེན་ལས་གྲུབ་གསུང་སྤྲུལ་ནི། །དུག་གསུམ་ནད་སེལ་སྨན་པའི་རྒྱལ་པོ་བཞུགས། །མཚན་དཔེའི་གཟི་འབར་འོད་ཟེར་རབ་ཏུ་འཕྲོ། །འཁོར་རྣམས་ཐམས་ཅད་དཔའ་བོ་མཁའ་འགྲོས་བསྐོར། །ཡོན་ཏན་དྲན་པར་གྱིས་ལ་གསོལ་བ་ཐོབ། །འདི་ནས་བྱང་ཕྱོགས་དཔག་ཚད་ལྔ་བརྒྱ་ན། །སྨན་གྱི་རི་བོ་གངས་ཅན་ཞེས་བྱ་ཡོད། །དེ་ན་ཙན་དན་ས་མཆོག་ནགས་ཚལ་དང་། །ཏིག་ཏ་ནིམ་པ་ཨ་ག་རུ་ལ་སོགས། །ཚ་བའི་ནད་རྣམས་སེལ་བའི་སྨན་གྱི་ནགས། །མ་འཁྲུངས་མ་ཚང་བ་ནི་གཅིག་ཀྱང་མེད། །དེ་ན་ཆུ་ཤེལ་ལས་གྲུབ་སྨན་བླ་ངའི། །ཕྲིན་ལས་སྤྲུལ་པ་སྨན་པའི་རྒྱལ་པོ་བཞུགས། །མཚན་དཔེ་ལྡན་ཞིང་འགྲོ་བའི་དོན་ལ་མཁས། །འཁོར་རྣམས་ཐམས་ཅད་ལྷ་དང་ལྷ་མོའི་ཚོགས། །ཡོན་ཏན་དྲན་པར་གྱིས་ལ་གསོལ་བ་ཐོབ། །ཅེས་སོགས་དང་། ད་རུང་ཁྲུས་སྡོང་ཅན་ང་ཡིད་ལ་བཟུང་། །སྨན་གྱི་རི་བོ་རྣམ་བཞིའི་གནས་སུ་སོང་། །ཡིད་འཕྲོག་འདོད་དོན་འགྲུབ་པར་གྱིས་ཤིག་གསུངས། །བདག་གིས་རི་བོ་བཞི་ཡི་གནས་སུ་ཕྱིན། །སྨན་པའི་རྒྱལ་པོའི་གསུང་ལ་འཁྲུལ་བ་མེད། །ཡོན་ཏན་དྲང་པས་དད་པ་གཏིང་ནས་གཡོས། །ཕྱི་རབས་སེམས་ཅན་ནད་ལས་གྲོལ་བར་ངེས། །ཡིད་འཕྲོག་འདོད་དོན་འགྲུབ་པོ་དགའ་བར་གྱིས། །ཞེས་གསུངས་པས་དགའ་ཞིང་མགུ་ལ་ཡི་རངས་པར་གྱུར། རྒྱལ་པོ་དགའ་བའི་བློ་གྲོས་ལ་བཙུན་མོ་དཔལ་གྱི་ཁྲིམས་མཛེས་བསུས་པར་སྲས་པདྨའི་དཔལ། དེའི་བཙུན་མོ་དཔལ་སྒྲོན་ལ་སྲས་དཔལ་ལྡན་ཕུན་ཚོགས།  དེའི་བཙུན་མོ་དབྱངས་ཀྱི་ལྷ་མོ་ལ་སྲས་སྡོང་དུམ་སྐྱེས། དེའི་བཙུན་མོ་རོལ་རྙེད་མ་ལ་སྲས་རྔ་ཆེན་པོ་དང་ལེགས་པའི་བློ་གྲོས་གཉིས། རྔ་ཆེན་པོས་རྔ་བཟོ་བའི་བུ་མོ་གངྒའི་ལྷ་མོ་དང་འགྲོགས་པ་ལས་སྲས་བི་བྱི་དགའ་བྱེད། དྲིལ་བཟོ་བའི་བུ་མོ་དང་བསྡེབས་པ་ལས་སྲས་མོ་བི་ལྷ་དགའ་མཛེས་མ་གཉིས་འཁྲུངས། དེ་གཉིས་ཆུང་གྲོགས་སུ་གྱུར་པ་གསོ་དཔྱད་ཀྱི་བསྟན་པ་ལ་ཞུགས།  རྒྱུན་ཤེས་ཀྱི་བུ་དང་འཚོ་བྱེད་གཞོན་ནུ་ལ་གསོ་བའི་གདམས་པ་མང་དུ་ཞུས། བདུད་རྩི་སྨན་གྱི་སྒྲུབ་པ་མཛད་པས་འཆི་མེད་ཚེའི་དངོས་གྲུབ་བརྙེས། རྗེ་བཙུན་མ་སྒྲོལ་མས། ཚེ་སྔོན་སྨོན་ལམ་བཏབ་པའི་མཐུས། །ཁྱེད་རང་བརྒྱུད་པར་བཅས་རྣམས་ཀྱིས། །གསོ་དཔྱད་བསྟན་པ་འཛིན་པར་ནུས། །དགའ་བར་གྱིས་ལ་བོད་དུ་བཞུད། །ཅེས་བསྐུལ་བ་ལྟར་མཆེད་གཉིས་བོད་དུ་བྱོན། ལྷ་ཐོ་ཐོ་རི་སྙན་ཤལ་གྱིས་ཕོ་བྲང་ཡུམ་བུ་བླ་སྒང་དུ་སྤྱན་དྲངས། གསེར་སྲང་དུ་མ་དང་། བི་བྱི་དགའ་བྱེད་ཀྱི་ཆུང་མར་ལྷ་ལྕམ་ཡིད་ཀྱི་རོལ་ཆ་ཞེས་པ་ཕུལ། དེ་ལ་སྲས་སྨན་པ་དུང་གི་ཐོར་ཅོག་ཅན་བལྟམས། ཆེར་འཚར་བ་དང་ཡབ་ཀྱིས་སྨན་དཔྱད་འཚོ་བའི་མདོ་ལྔ། འགྲེལ་བཤད་ཁོག་འབུགས།  ས་བཅད་ལག་ལེན་དང་བཅས་པ་གནང་སྟེ་ལྕམ་སྲིང་གཉིས་རྒྱ་གར་དུ་ཕྱིར་བྱོན། དུང་གི་ཐོར་ཅོག་ཅན་གྱི་སྲས་བློ་གྲོས་ཆེན་པོ། དེའི་སྲས་བློ་གྲོས་མཚུངས་མེད། དེའི་སྲས་བློ་གྲོས་རྒྱལ་མཛོད། དེའི་སྲས་བློ་གྲོས་བཤེས་གཉེན་རྣམས་རིམ་པར་མངའ་བདག་ཁྲི་གཉན་གཟུངས་བཙན། འབྲོང་གཉན་ལྡེ་རུ། སྟག་རི་གཉན་གཟིགས། གནམ་རི་སྲོང་བཙན། སྲོང་བཙན་སྒམ་པོ་རྣམས་ཀྱི་བླ་སྨན་མཛད་པར་གྲགས་པ་སོགས་ཀྱི་ལོ་རྒྱུས་འདི་དག་ལ་དམ་པ་ཏོག་དཀར་མི་ཡུལ་དུ་ཕེབས་པ་དང་སངས་རྒྱས་གསེར་ཐུབ་ཀྱི་དུས་ནས་བོད་ཡུལ་ཆགས་ཟིན་པ་དང་། སྲིན་པོའི་རྒྱལ་པོར་མགོ་ཉི་ཤུ་རྩ་གཅིག་ཡོད་པ་སོགས་གསུང་རབ་སྤྱི་དང་མི་མཐུན་ཅིང་། རྡོ་རྗེ་གདན་ནས་དཔག་ཚད་གཅིག་དང་རྒྱང་གྲགས་གཅིག་གི་སར་གྲོང་ཁྱེར་ལྟ་ན་སྡུག་རི་བོ་སྤོས་ངད་ལྡན་དང་ཐུག་པ་དང་།  ཕྱོགས་བཞིའི་རི་རྣམས་དཔག་ཚད་ལྔ་བརྒྱ་ཙམ་གྱི་ཕ་རོལ་ན་ཡོད་པའང་གསོ་དཔྱད་རྩ་རྒྱུད་དང་འགལ་ལ། ལྷ་མིའི་རྒྱུད་ལམ་ལ་ལྷའི་རྨུ་ཐག་ཡོད་པ་གཡུང་དྲུང་བོན་གྱི་ཟེར་སྒྲོས་དང་། ཅི་འདོད་འགྲུབ་པའི་འཁོར་ལོ་སོགས་རིག་བྱེད་ཀྱི་གཏམ་རྒྱུད་ལྟ་བུ་ལས་ཡིད་བརྟན་དུ་རུང་བ་དཀའ་ནའང་། དུང་གི་ཐོར་ཅོག་མན་ཆད་དོན་ལ་གནས་པ་ནས་གོང་དུ་སྨོས་པ་བློ་གྲོས་གཤེས་གཉེན་གྱི་སྲས་འདྲེ་རྗེ་རྒྱ་གར་རྡོ་རྗེ་དེ་ཡུལ་སྟོད་ལུང་སྐྱིད་སྣར་སྨན་དཔྱད་ཀྱི་འགྲོ་དོན་སྐྱོང་བཞིན་བཞུགས་པ་ལས། ཉིན་གཅིག་ཟམ་མོ་ཆེའི་འགྲམ་དུ་བུད་མེད་མཚར་མོ་ཞིག་དང་མཇལ་ཏེ་བདག་གི་ཡུལ་དུ་ཕེབས་པར་ཞུ་ཞེས་ནན་གྱིས་གསོལ་བ་བཏབ། དར་དཀར་ཡུག་གཅིག་བརྐྱང་བྱུང་བའི་ཁར་ཞབས་བཞག་མ་ཐག་རྒྱུན་གཏན་བྲག་ནག་པོ་སྨུག་འཐིབས་སེ་བ་ཡོད་པ་དེའི་སར་སྔར་གཟིགས་མ་མྱོང་བའི་གྲོང་ཡུལ་མི་མང་པོས་གང་བའི་དབུས། མཁར་ཆེན་པོ་བཀོད་པས་ཁྱད་པར་འཕགས་པ་འདོད་པའི་ཡོན་ཏན་དུ་མ་དང་ལྡན་པ་ཞིག་གི་ནང་དུ་ཕེབས། དེ་ན་གཙོ་བོ་སྔགས་ནག་གི་ཆ་བྱད་ཅན་མིའི་བོངས་ཚད་གསུམ་ཙམ་པ་རལ་བའི་ཐོར་ཅོག་བཅིངས་པ་ཞིག་ནད་ཀྱིས་བཏབ་སྟེ་འཁོར་མང་པོའི་དབུས་ན་འཁུན་པ་འདོན་གྱིན་འདུགདེའི་སྔས་མགོར་དར་ཟབ་ཀྱི་སྟན་མཐོན་པོའི་ཁར་སྤྱན་དྲངས།  ཁྱོད་ཀྱི་ནད་འདི་རྒྱུ་རྐྱེན་ཅི་ལས་བྱུང་གསུངས་པས། ཁོ་ན་རེ། བདག་གིས་ཡུལ་ཆེ་གེ་མོ་ཞིག་ཏུ་སེར་བ་ཕབ་པས་སྔགས་པ་ནུས་པ་དང་ལྡན་པ་ཞིག་གི་མཐུ་ཕོག་པ་ལགས་ཞེས་ལུས་ཀྱི་གོས་བསལ་ནས་བསྟན་བྱུང་བས། ཤ་རུས་པགས་པ་རྩ་ལ་སོགས་པར་ཡུངས་ཀར་མང་པོ་ཐིམ་ནས་འདུགདེར་ཁྱུང་ལྔ་དང་དངུལ་ཆུས་ནང་ནས་འཕུལ། བྱུག་པ་རྒྱན་འཁོར་ཕྱི་ནས་བྱུགས་པས་སྐད་ཅིག་ལ་ཀླུ་བདུད་སྔགས་པའི་གཟུགས་ཅན་དེ་ནད་ལས་ཐར། བྱ་དགའི་གཏང་རག་ལ་རྫས་ལོངས་སྤྱོད་དུ་མ་དང་རང་རྟགས་སྲོག་གི་སྙིང་བོ་ཕུལ། དེ་ནས་སྔ་མའི་བུད་མེད་དེས་དར་ཡུག་བརྐྱང་བྱུང་པའི་སྟེང་ཞབས་བཞག་མ་ཐག་ཟམ་སྣེར་ཕེབས། མོ་ན་རེ། ངས་ཀྱང་ཁྱེད་ལ་བྱ་དགའ་འབུལ་བས་སང་ཉིན་ད་ཙམ་འདིར་བྱོན་ཅིག་ཟེར་རླུང་འཚུབ་གཅིག་ཏུ་ཡལ། ཕྱི་ཉིན་ཟམ་ཁར་བྱོན་པས་འབྲུག་གློག་ཆར་མུན་ཆེན་པོའི་གསེབ་ནས་བུད་མེད་རྐེད་པ་ཡན་གསེར་གཡུས་བརྒྱན་པའི་རོ་གཅིག་ཆུས་ཁྱེར་བ་ཟམ་པའི་འཁོར་ལ་ཆགས་བྱུང་བས་ཕོ་ཉ་མོས་ཁས་བླངས་བའི་བྱ་དགར་མཁྱེན། རོ་ཆུར་སྦྱངས་གསེར་གཡུ་བསྣམས་ཏེ་ཁང་ཐོག་ཏུ་བཀྲམ་ནས་སྐམས་པས་ལུག་རྫི་སོགས་ཀྱི་མཐོང་ནས་གཡུ་ཐོག་འདུག་གོ་བྱས་པས་དེ་ནས་བཟུང་གཡུ་ཐོག་པར་གྲགས། དེ་ནས་འདྲེ་རྗེ་ཆེན་པོས་བདུད་རྩི་སྨན་སྒྲུབ་སོགས་ཀྱི་དོན་དུ་འཕགས་ཡུལ་དུ་བཏེག ལྷོ་ཕྱོགས་དཔལ་གྱི་རི་བོར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ལ་གསེར་སྲང་སྟོང་ཕུལ་ནས་མགོ་ཐིག་རིན་ཆེན་གནད་འགྲེལ་ཆ་ལག་ཁ་སྐོང་དང་བཅས་པ་ཞུས།  པདྨོའི་ཡུལ་གླིང་དུ་བྱོན་པས་ཚོང་འདུས་ཞིག་ན་བྲམ་ཟེ་གཟི་བརྗིད་ཤིན་ཏུ་ཆེ་བ་དང་མཇལ། དྲི་བ་དྲིས་ལན་བྱས་པས་བི་བྱི་དགའ་བྱེད་ཡིན་པར་ངོ་འཕྲོད། དེས་ཁྱོད་རང་ལྷོ་ཕྱོགས་ཙན་དན་གྱི་ནགས་གསེབ་ཏུ་ང་དང་སྨན་པའི་རྒྱལ་པོ་དབྱེར་མེད་དུ་གསོལ་བ་ཐོབ་གསུངས་པ་ལྟར་བྱས་པས་སྨན་གྱི་བླ་མ། ལྷ་མོ་བརྒྱད་དྲང་སྲོང་མཆེད་གསུམ། འཚོ་བྱེད་གཞོན་ནུ་རྣམས་ཀྱིས་རིམས་པར་བདུད་རྩི་སྨན་སྒྲུབ་ཆ་ལག་དང་བཅས་པ་གནང་སྟེ་བོད་དུ་ཕེབས། བཙན་པོའི་སྲས་མོ་དགའ་སྐྱོང་མ་བྱ་བ་ཁབ་ཏུ་བསུས་པར་སྲས་གཡུ་ཐོག་ཁྱུང་པོ་རྡོ་རྗེ་བལྟམས། དད་བརྩོན་ཤེས་རབ་ལྡན་བས་སྐུ་ན་ཕྲ་མོ་ནས་མཁས་པའི་གོ་འཕང་ཐོབ། བདུད་རྩི་སྨན་སྒྲུབ་མཛད་པས་ལྷ་མོ་དང་དྲང་སྲོང་རྣམས་ཀྱི་ཞལ་གཟིགས། དེའི་མཐུས་ནད་པའི་ལུས་ལ་ནད་གང་ཡོད་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་བཞིན་གཟིགས། ཡབ་ཤིན་ཏུ་མཉེས་ཏེ།  བུ་ཁྱོད་སྐྱེས་པ་ཕ་ཡི་དཔལ། །ཕ་ལས་བུ་དགའི་སྐྱེས་བུ་ནི། །ཡོན་ཏན་མགོན་པོ་ཞེས་པ་འབྱུང་། །གསོ་དཔྱད་བསྟན་པའི་ཉི་མ་འཆར། །ཞེས་སོགས་ལུང་བསྟན་པ་ལྟར། ཁྱུང་པོ་རྡོ་རྗེའི་ཁབ་ཏུ་རྒྱ་བ་ཆོས་སྒྲོན་བཞེས་པ་ལས་སྲས་གཡུ་ཐོག་ཡོན་ཏན་མགོན་པོ་བལྟམས། ལྷུམས་སུ་ཞུགས་པ་དང་འཁྲུངས་པའི་ཚེ་དགེ་མཚན་གྱི་སྣང་བ་བརྗོད་ལས་འདས་པ་བྱུང་། དགུང་ལོ་གསུམ་པའི་ཐོག་སྨན་པའི་རྒྱལ་པོ་དྲང་སྲོང་རིག་འཛིན་ཕོ་མོ་མང་བོའི་ཞལ་གཟིགས། ཀློག་ཡིག་དང་གསོ་དཔྱད་ཕལ་ཆེ་བ་བསླབ་སྦྱངས་ལ་མ་བལྟོས་པར་རང་ཤུགས་ཀྱིས་མཁྱེན། སློབ་མ་དགེ་བ་རྡོ་རྗེ་བྱ་བ་གཡོག་ལ་བསྐོས་ནས་འགྲོ་བ་ནད་པའི་དོན་བྱེད་དུ་བཅུགསྟོང་ལུང་འདྲེ་ལུང་ནག་པོའི་ཕ་བོང་རེག་པ་དུག་ཅན་གྱི་སྟེང་ཚོགས་འཁོར་བསྐོར། སྨན་བླའི་དཀྱིལ་འཁོར་གྱི་ཞལ་གཟིགས་པས་ཐིགས་འུར་ནས་ཕ་བོང་འདམ་ལྟར་བརྫིས། དགུང་ལོ་ལྔ་བར་ཡབ་ལ་བདུད་རྩི་སྨན་སྒྲུབ། སྨན་བླ་ལྷ་མོ་རིག་འཛིན་བརྒྱུད་པ་དང་བཅས་པའི་སྒྲུབ་ཐབས་རྗེས་གནང་ཞུས་ཏེ་གསོལ་བ་བཏབ་པས། སྨན་རྒྱལ་དངོས་སུ་བྱོན་ནས་བྱིན་གྱིས་བརླབས། དགུང་ལོ་བཅུ་བཞེས་པ་ན་རྒྱལ་པོ་མེས་ཨག་ཚོམ་གྱིས་སྤྱན་དྲངས་བསམ་ཡས་སུ་ཕེབས། ཉམས་སད་ཕྱིར་བྲང་ཏི་རྒྱལ་མཉེས་མཁར་ཕུག་ལ་སོགས་པ་བོད་ཀྱི་སྨན་པ་རྣམས་དང་རྩོད་བཅུག་པས་ཀུན་ལས་རྣམ་པར་རྒྱལ་ཏེ་བོད་སྨན་མཁས་པ་མི་དགུའི་གཙོ་བོར་གྱུར། བསམ་ཡས་ན་སྨན་པ་སུས་ཀྱང་གསོ་བར་མ་ནུས་པའི་ནད་པ་ཞིག་ཡོད་པ་རྩིབ་མ་གློ་བར་འབྱར་བར་མཁྱེན་ཏེ་རྟ་རྒྱུགས་ཀྱི་སྒོ་ནས་གསོས་པ་དང་། སྨན་པ་ཀུན་རྒྱུག་བྱ་བ་གཡུ་ཐོག་པར་འགྲན་སེམ་ཕྲག་དོག་ཤིན་ཏུ་ཆེ་བ་དེའི་བུ་མོ་ཞིག་བོང་བུ་དང་ཕག་ཕོ་མོ་འདོད་པ་སྤྱོད་པ་མཐོང་བས་ཡིད་རྣམ་པར་མྱོས་ཏེ་ལ་ཕུག་སྨྱོན་པར་ཕོ་དབང་གི་གཟུགས་བཅོས་མོ་རང་གི་མཚན་མར་བཅུག་ནས་བཤུད་པས་ལ་ཕུག་གི་རྩ་བ་ཆད་དེ་ལུས་པ་ལས་བྷ་གའི་སྲིན་བུ་ཁྲོས་ནས་འཆི་བར་ཐུགཐབས་ཅི་བྱས་ཀྱང་མ་ཕན་པའི་ཚེ་དུ་ཚྭ་སྦྱར་བ་སྣར་བླུག་མ་ཐག་སྦྲིད་པ་བསྟུད་མར་བྱུང་སྟེ་ཐོན། རྒྱལ་པོའི་སྤྱན་དང་ཚེམས་སྙུན་པར་སྨན་དང་དཔྱད་ཆེར་མི་དགོས་པར་དྭངས་པ་སོགས་འཚོ་བྱེད་གཞོན་ནུས་གསོས་ལ་འགྲས་ནུས་པའི་ཐབས་ཚུལ་དང་ལྡན། མཆིམས་ཕུར་རྡོ་རྗེ་ཕག་མོའི་སྤྲུལ་པ་རྟོག་པའི་རང་གྲོལ་མ་དང་མཇལ། ཉམས་རྟོགས་ཀྱི་མགུར་དང་བསྟོད་དབྱངས་མཛད་པའི་མཐར། སྨན་པའི་རྒྱལ་པོའི་ཞལ་གཟིགས།  བདུད་རྩི་སྨན་སྒྲུབ་སྨན་ཕྲེང་སྨན་ཁྲིད་རལ་སྐོར་ལྔའི་ཕྱག་ལེན་དང་བཅས་པ་གནང་། དགུང་ལོ་ཉེར་ལྔ་པ་ལ་མཁའ་འགྲོའི་ལུང་བསྟན་ལྟར་སློབ་དཔོན་པདྨ་སམྦྷ་ཝར་བར་ཆད་མི་འཇུག་པའི་སྔགས་དང་རྫས་སྲུང་ཞུས་ནས་རྒྱ་གར་ལ་བྱོན། བལ་པོའི་སྨན་པ་དྷ་ན་ཤཱི་ལ་ཧར་མན་ངག་ཚད་པ་སྒོས་བཅོས་དང་རྔམ་རུ་སྟི་བའི་མན་ངག་ཞུས། རྒྱ་བལ་གྱི་མཚམས་རི་ཀུན་ཏུ་རྒྱུད་བོད་ཀྱི་ལོ་ཙཱ་བ་བཻ་རོ་ཙ་ན་དང་མཇལ། གསུང་གླེང་ཞིབ་པར་བྱུང་། རྒྱུད་བཞི་ངེད་བོད་དུ་མ་སླེབ་པར་གཏེར་དུ་མི་སྦ་བར་གསོལ་བ་བཏབ། དེ་ནས་རྒྱ་གར་གྱི་པཎ་ཆེན་ཙནྡྲ་བྷཱིར། དཔལ་ལྡན་རྒྱུད་བཞིའི་ཁ་སྐོང་མུ་ཏིག་ཕྲེང་བ་དང་དཀར་ཆག་གསལ་སྒྲོན། མཁས་པ་མེ་དབང་ལ་བྷེ་སྐོར་ཕྱི་ནང་གསང་གསུམ། རྒྱུད་འགྲེལ་སྟོང་དང་རྩ་གཅིགདམར་འདེད་བརྒྱ་དང་བཅོ་བརྒྱད། རོ་བཀྲ་འཕྲུལ་གྱི་མེ་ལོང་། བྱང་ཁོག་གསང་དབྱེ་མཛུབ་བཙུགས། ཐུར་དཔྱད་གནད་ཀྱི་ལྡེ་མིགགནད་ཀྱི་འཕྲུལ་འཁོར། གསང་ཐིགཕན་བྱེད་གནོད་བྱེད་ཀྱི་མན་ངག་ཕྲན་ཚེགས་བསམ་ལས་འདས་པ་བཅས་གདམས་ངག་གི་དཀོར་མཛོད་མང་བོ་ཞུས་ནས་བོད་དུ་ཕེབས། རྒྱལ་པོ་ཤིན་ཏུ་མཉེས་པར་འགྱུར། སླར་ཡང་རྒྱ་གར་དུ་བྱོན། པཎ་ཆེན་ཙནྡྲ་བྷཱི་དང་མཁས་པ་མེ་དབང་ལ་འཁྲིད་ཡིག་བརྒྱ་རྩ་ལ་སོགས་པ་སྨན་དཔྱད་ཀྱི་གཞུང་དང་གདམས་པ་དུ་མ་ཐོབ། རྒྱལ་པོ་མི་རྩ་ཡོ་ཁུར་གྱིས་བཀྲོང་བར་བརྩམས་པ་རྫུ་འཕྲུལ་སྣ་ཚོགས་ཀྱིས་བཏུལ། བོད་ཡུལ་དུ་ཕྱག་ཕབ་ཏེ་འགྲོ་ཕན་རླབས་ཆེ་བ་མཛད། ཡང་རྒྱ་གར་འཕགས་པའི་ཡུལ་བགྲོད།  སློབ་དཔོན་པྲ་ཝ་ཧ་སྟི་ལ་རྫོགས་ཆེན། མཁའ་འགྲོ་སེང་གདོང་མར་སྙན་བརྒྱུད། མཁས་པ་མེ་དབང་ལ་གསོ་དཔྱད་འབུམ་པ། རྒྱུད་ཤེལ་གྱི་མེ་ལོང་། སོ་མ་རཱ་ཛ་ཁ་སྐོང་དང་བཅས་པ། པཎ་ཆེན་ཙནྡྲ་བྷཱི་ལ་དྲང་སྲོང་སྙན་བརྒྱུད་དང་ཡན་ལག་བརྒྱད་པ་རྣམས་ཞུས་པར་རྣམ་ཐར་བཀའ་རྒྱ་མ་ལས་བཤད། རྒྱ་གར་རྡོ་རྗེ་གདན་དུ་བུད་མེད་མེ་ལོང་ལག་ཏུ་ཐོགས་ཤིང་སྨན་རྐྱལ་ཕྲག་པར་བཀལ་བ་གཅིག་ན་རེ། མཁས་པ་ཆེན་པོ་གཡུ་ཐོག་པ་ཁྱེད་སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་ཏུ་འབྱོན་པར་བཞེད་ན་སྨན་བླ་རིག་འཛིན་བརྒྱུད་པ་དང་བཅས་པར་གསོལ་བ་རྩེ་གཅིག་ཏུ་ཐོབ་མཛོད་ཟེར་བ་ལྟར་བཏབ་པས།  ཞིང་ཁམས་དང་ཕོ་བྲང་ལ་སོགས་པ་མཚན་ཉིད་ཐམས་ཅད་རྫོགས་པར་སངས་རྒྱས་སྨན་པའི་རྒྱལ་པོ། འཚོ་བྱེད་གཞོན་ནུ། རང་གི་མེས་པོ་རྣམས་དངོས་སུ་མཇལ། སྨན་བླའི་ཞལ་ནས། སྨན་གྱི་གྲོང་ཁྱེར་ཕྱི་ནང་གསང་བ་གསུམ། །ཕྱི་ཡི་གྲོང་ཁྱེར་ལྟ་ན་སྡུག་ཅེས་འདི། །རྒྱ་གར་ཡུལ་དང་ནུབ་ཕྱོགས་ཨོ་རྒྱན་ཡུལ། །འོག་མིན་གནས་དང་རི་རབ་རྩེ་ལ་སོགས། །མཆོག་སྤྲུལ་གནས་དེར་གང་ཡང་གསོལ་བཏབ་ན། །སྐལ་ལྡན་བུ་དང་མཇལ་བར་ངེས་པ་ཡིན། །ནང་གི་གྲོང་ཁྱེར་ལྟ་ན་སྡུག་ཅེས་བྱ། །རང་གནས་གང་ཡིན་རང་ཉིད་བཻ་ཌཱུརྱ། །གསང་བའི་གྲོང་ཁྱེར་ལྟ་ན་སྡུག་ཅེས་བྱ། །རང་ཉིད་ལུས་གནས་སྤྱི་བོ་བདེ་ཆེན་འཁོར། །རང་སེམས་བེེ་ཌཱུརྱའི་འོད་དུ་བསམ། །མགྲིན་པ་ལོངས་སྤྱོད་མ་ལ་ཡ་རུ་བསམ། །སྙིང་ག་ཆོས་འཁོར་རི་བོ་སྤོས་ངད་ལྡན། །ལྟེ་བ་སྤྲུལ་པ་རི་བོ་འབིགས་བྱེད་དེ། །གསང་གནས་བདེ་སྐྱོང་རི་བོ་གངས་ཅན་ཡིན། །རི་བོ་བཞི་ཡི་གནས་སུ་ཁྱོད་སོང་ལ། །རི་ཡི་ཕན་ཡོན་སྨན་གྱི་སྐྱེ་གནས་ལྟོས། །རྒྱ་གར་ཡུལ་ནས་གདམས་པ་གནད་ལྡན་ལོང་། །བོད་ཡུལ་དབུས་སུ་གསོ་དཔྱད་སྒྲོན་མེ་སྤོར། །ཁ་བ་ཅན་ལྗོངས་འགྲོ་མང་སྐྱོབ་ཕྱིར་དུ། །མི་ལོ་བརྒྱ་དང་ཉི་ཤུ་རྩ་ལྔར་བཞུགས། །དེ་ནས་སྨན་གྱི་གྲོང་ཁྱེར་ལྟ་སྡུག་ཏུ། །དཔའ་བོ་རིག་འཛིན་རྣམས་ཀྱི་ཚོགས་དཔོན་ལ། །ཐེ་ཚོམ་ཡིད་གཉིས་མི་དགོས་འབྱོན་པར་ངེས། །ཞེས་སོགས་ལུང་བསྟན་དབུགས་དབྱུང་གཟེངས་བསྟོད།  རི་བོ་བཞི་སྨན་རྒྱལ་གྱི་སྤྲུལ་བ་དང་བཅས་པའང་ཞིབ་པར་མཇལ། རྒྱ་གར་བས་མཐར་མོ་གླིང་དུ་ཚུད་པ་རྫུ་འཕྲུལ་གྱིས་བར་སྣང་ལ་འཕུར། མུ་སྟེགས་ཀྱི་སྟོན་པ་སྨྲ་བ་ཟླ་མེད་སྒྲ་ཚད་ལུང་རིག་གི་སྒོ་ནས་བཏུལ་བ་སོགས་མཛད་དེ་གངས་ཅན་ར་བ་དཀར་པོས་སྤྲས་པའི་ལྗོངས་འདིེར་ཕེབས། ཀླུའི་རྒྱལ་པོ་མ་དྲོས་པ་ལ་བཙུན་མོ་གསུམ་ཡོད་པའི་རྒན་པ་ལྟ་ན་སྡུག་མཐོང་དགའ་བྲོ་འཚལ་བ་ལ་བརྟེན་གདེངས་ཅན་གྱི་ཡུལ་དུ་གདན་དྲངས་པ་ལྟར་བྱོན། དེ་དག་མཆོད་པ་སྣ་ཚོགས་ཀྱི་ལས་ལ་བརྩོན་པར་ཅི་བྱེད་གསུངས་པས། ཀླུ་མ་རུང་བ་རྣམས་ཀྱི་ཁ་གནོན་དུ་སངས་རྒྱས་ཀླུ་དབང་གི་རྒྱལ་པོ་བཞུགས་པ་ལ་མཆོད་པ་བྱེད་ཟེར།  དེ་ནས་བཙུན་མོ་ནད་ལས་གྲོལ་བའི་གསོལ་བ་བཏབ་པ་བཞིན། གཡུ་ཐོག་པ་ཉིད་སྨན་པའི་རྒྱལ་པོའི་སྐུར་བཞེངས་ཏེ་ནད་པ་གུར་ཀུམ་གྱི་ཆུས་བཀྲུས། ཆབ་གཏོར་དང་ཀླུ་གཏོར་བཏང་། ཀླུ་གཏེར་བཅུགབདུད་རྩི་སྨན་སྒྲུབ་ཀྱི་དབང་བསྐུར།  དངུལ་ཆུ་རིན་ཆེན་སྦྱོར་བ་ཁོང་དུ་བཏང་བས་དེ་མ་ཐག་ནད་ལས་ཐར། ལེགས་སྐྱེས་སུ་གཡུའི་གདུགས་ཤིག་འོག་ཏུ་རྡོ་རྗེ་ཀླུའི་འཇིམ་པ་ལ་སྨན་རྒྱལ་གྱི་སྐུ་གཡུ་གདུགས་ཅན་དུ་གྲགས་པ་ཅན་བཞེངས་ནས་ཕུལ། ཕྱི་ལྟར་ལྔ་རིག་གྲུབ་མཆོག་སྤྲུལ་པའི་སྐུ། །ནང་དུ་དུག་གསུམ་ནད་སེལ་སྨན་པའི་རྒྱལ། །གསང་བ་ཀུན་འདུས་གྲུབ་པ་ཀུན་ཏུ་བཟང་། །དབྱེར་མེད་གུ་ཎ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་སོགས་བསྟོད་བསྔགས་ཀྱི་མེ་ཏོག་གཏོར། ཁྱད་པར་དུ་འཕགས་པའི་རྟེན་དེ་གཡུ་ཐོག་པས་བོད་ཡུལ་དུ་གདན་དྲངས་པ་ལས་རིམས་པས་རྒྱལ་ཁབ་ཆེན་པོ་འདིར་ཕེབས། རྗེ་བླ་མ་སྲིད་ཞིའི་གཙུག་རྒྱན་མཆོག་འགྲོ་དོན་སྤྱན་མི་གསལ་པའི་ཚུལ་བསྟན་པ་དབྱེ་བའི་དུས་འདི་ཉིད་གདན་དྲངས་ཏེ་གསོལ་བ་འདེབས་པ་གནང་བས་དཔྱད་ལ་ཆེར་མ་བལྟོས་པའི་སྙུན་ལས་གྲོལ་བ་སོགས་ཐུགས་གཙིགས་ནན་ཏན་ཆེ། རིན་ཆེན་རིལ་བུའི་རབ་གནས་ཀྱང་འདི་ཉིད་ལས་ལེགས་པར་སྩལ་བ་སོགས་བྱིན་རླབས་ཀྱི་གཟི་འོད་དང་ལྡན་པས་དེང་སང་འགྲོ་བ་ནད་ཀྱི་མནར་བ་རྣམས་ཀྱི་དོན་འཆི་གསོས་ཀྱི་བདུད་རྩིའི་མཛོད་དུ་བཞུགས།  རྗེ་བཙུན་གཡུ་ཐོག་པས་རྒྱ་གར་དང་ཀླུ་ཡུལ་འཁོར་བའི་སྙན་གྲགས་ཀྱིས་ས་སྟེང་ཁྱབ། བྱང་ཆུབ་རྡོ་རྗེ་ལ་སོགས་པ་སློབ་མའང་མཐའ་ཡས་པ་བྱུང་། ཆོས་འཁོར་དཔལ་གྱི་ལྷ་སར་ཕེབས། ཇོ་བོ་ཤཱཀྱ་མུ་ནེ་དང་རང་བྱོན་ལྔ་ལྡན་ལ་མུ་ཏིག་གིས་སྤྲས་པའི་འཕན་ཕུལ།  མི་ལྔ་སྟོང་ཙམ་ལ་ཆང་ཚུལ་ཟླ་གཅིག་བཏང་། དེ་ནས་ཡེར་བར་བྱོན་ཟླ་བ་ཕུག་ཏུ་ཞག་ལྔ་བཞུགས། སྨན་གྱི་ལྷ་མོ་བདུད་རྩི་མ་བྱོན་ནས་གཡུ་ཐོག་གསར་རྙིང་གཉིས་ཀྱི་དབྱེ་བ་ཡོང་ཚུལ་སོགས་འབྱུང་འགྱུར་དུ་མ་གསུངས། བལ་བོའི་རྒྱལ་པོ་ཧ་དྷ་རུ་གྲང་བ་ཐུར་བབས་ཀྱིས་ཟིན་པ། སྨན་པ་ཤྲཱི་སིདྷས་ལན་ཚྭ་རུས་པའི་དུགཆང་ཤའི་དུགཉི་མ་པགས་པའི་དུགབུད་མེད་ལུས་ཟུངས་ཀྱི་དུག་སྟེ་བཞི་སྤངས་ན་ཚེ་ཉི་ཟླ་དང་མཉམ་པར་ལུང་བསྟན་པ་བཞིན་བྱས་པས་ཕན་བསྐྱེད་མ་བྱུང་། གཡུ་ཐོག་པས་སྔོན་བྲམ་ཟེ་སྐར་མདའ་གདོང་བྱ་བས་གོང་གི་དུག་བཞི་སྤངས་པས་ཤ་མིག་རུས་ལ་ཐོམ། པགས་པ་རྩུབ་ཅིང་རླུང་འཁྲུགས། ཁུ་བ་འགགས་པས་རྡེའུར་སོང་། ལུས་ཀྱི་དགྱེ་དགུར་ལ་རུས་པ་ཆག་ཉམས་བྱེད་པའི་ཟུག་གཟེར་ཡོད་པ་གཅིག་ཏུ་གྱུར་བ། སྨན་གྱི་ལྷ་མོས་ཁྱོད་ཀྱིས་ཆང་མ་བསྟེན་པས་ཤ་སྐམས་གྲང་རླུང་སྐྱ་རྦབ་ཀྱི་ཡན་ལག་སྦོས། ཉི་མ་མ་བསྟེན་པས་རླུང་འཁྲུགས། ཚྭ་མ་བསྟེན་པས་རུས་པ་འགྲིབ། བུད་མེད་མ་བསྟེན་པས་ཁུ་བ་འགགས་པ་ཡིན་ཞེས་ལུང་བསྟན་ནས་ནད་ལས་གྲོལ་པའི་ལོ་རྒྱུས་དང་བཅས་བལ་རྒྱལ་གྱི་ཟུག་རྔུ་སེལ་བར་མཛད། སྲས་འབུམ་སེང་ལ་སོགས་པས་དྲི་བ་ཞུས་པའི་ལན་ལ། མཁས་པ་ཡོན་ཏན་མགོན་པོ་ང་། །དང་པོར་སྐར་མ་དྲི་མ་མེད། །བར་དུ་འཚོ་བྱེད་གཞོན་ནུར་གྲགས། །ད་ལྟ་གཡུ་ཐོག་ཡོན་ཏན་མགོན། །འདི་ནས་ལྟ་ན་སྡུག་ཏུ་འགྲོ། །དྲང་སྲོང་རིགས་འཛིན་ཚོགས་དཔོན་བྱེད། །དེ་ནས་རྒྱ་གར་འཕགས་ཡུལ་དུ། །མེ་ལྷ་ཕྱག་རྡུམ་ཞེས་བྱར་གྲགས། །ད་ནས་བོད་ཡུལ་གངས་ཅན་དུ། །གཡུ་ཐོག་པ་ཡི་བརྒྱུད་འཛིན་སྲས། །ཡོན་ཏན་མགོན་པོར་སྐྱེ་བ་ལེན། །ཞེས་སོགས་སྔ་ཕྱིའི་སྐྱེས་རབས་གསུངས། །སྨན་བླས་ལུང་བསྟན་པ་བཞིན་འབུམ་ཚོའི་སྨན་ཆུ་ངོས་འཛིན་དང་རྡོ་རིང་བཙུགས་ཏེ་དཀར་ཆག་བཏབ། འཕགས་པ་ཝ་ཏི་བཟང་པོ་མཇལ་བར་བྱོན། ཞལ་གསེར་དང་དཀར་མེ་གྱ་ནོམ་པ་ཞུས། ཆོ་འཕྲུལ་ཟླ་བ་ལ་སྨན་བླ་དྲང་སྲོང་རིག་འཛིན་སོགས་དཔག་ཏུ་མེད་པའི་ཞལ་གཟིགས། དྲང་སྲོང་ཆེན་པོ་རཱ་ཧུ་ལ་དངོས་ཀྱིས་གཟའ་བཅོས་ཟབ་ཁྱད་ཅན་ཕུལ། ལྷ་སར་ཇོ་བོ་རིན་པོ་ཆེས་གསུང་བྱོན། ཡེ་ཤེས་ཀྱི་མཁའ་འགྲོ་མ་ལས་ཁྱི་དུག་བཅོས་པ་ལ་སོགས་པའི་གདམས་པ་ཐོབ། རྒྱ་ནག་རི་བོ་རྩེ་ལྔར་ཕེབས། འཕགས་པ་འཇམ་དཔལ་གྱིས་སྦྱོར་བའི་འཕྲེང་བ་དང་བྱང་ཁོག་དོན་ཁྲེམས་སོགས་མན་ངག་དུ་མ་གནང་། བྱ་ཡུལ་དུ་བར་སྣང་འཇའ་འོད་འཁྱིལ་བའི་དབུས་ནས་སངས་རྒྱས་སྨན་པའི་རྒྱལ་པོས། དང་པོའི་དུས་ན་སྐར་མ་དྲི་མ་མེད། །བར་དུ་གཞོན་ནུ་འཇིགས་མེད་གྲགས་པ་ཡིན། །ད་ལྟ་གཡུ་ཐོག་ཡོན་ཏན་མགོན་པོར་གྲགས། །འདི་ནས་སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་ཏུ། །དྲང་སྲོང་རིག་འཛིན་རྣམས་ཀྱི་ཚོགས་དཔོན་མཛད། །དེ་ནས་སྙིགས་མ་ལྔ་བདོའི་དུས་བབས་ལ། །ངེད་ཀྱི་གསུང་སྤྲུལ་སྐྱེས་བུ་དམ་པ་ཁྱོད། །གཡུ་ཐོག་གསར་མ་ཞེས་བྱར་རབ་གྲགས་པ། །ཡོན་ཏན་མགོན་པོ་ཞེས་བྱ་འབྱུང་ཞིང་འབྱོན། །སྨན་ཕྲེང་སྨན་སྒྲུབ་ཉམས་ལེན་རྒྱས་པར་བྱེད། །ཅེས་སོགས་གསུང་གི་གནང་བ་མང་དུ་བསྩལ།  མཁའ་འགྲོའི་ལུང་བསྟན་ལྟར་སྲས་གཡུ་ཐོག་འབུམ་སེང་། དཔལ་འབུམ། དགའ་དགའ་གསུམ་བསྐྲུན། གུང་ལོ་བརྒྱ་དང་ཉི་ཤུ་རྩ་ལྔའི་བར་འགྲོ་བའི་དོན་རླབས་པོ་ཆེར་མཛད་པའི་མཐར་ཡེ་ཤེས་མཁའ་འགྲོས་སྤྱན་དྲངས་ཏེ་སྐུ་ལས་མ་སྤངས་པར་སངས་རྒྱས་སྨན་བླའི་ཞིང་དུ་གཤེགས། །

 

གཡུ་ཐོག་གསར་མ་ནི། འདྲེ་རྗེ་ལ་རྒྱ་གར་ཀ་བ་འཕྲང་གི་གདུག་འདྲེས་བུ་མེད་གཡུ་རྒྱན་མཆོར་བའི་རོ་ལས་དངོས་གྲུབ་བྱིོན་པ་སོགས་གཏམ་རྒྱུད་སྔ་མ་ལྟར་འཆད་པ་འདུག་སྟེ། བླུན་པོ་ཞིག་གི་ཞྭ་དཔེ་ལྷམ་འགེབས་ཀྱི་ལེགས་པར་མ་མངོན། ལྟོད་ལུང་སྐྱིད་སྣའི་རིགས་ལས་འཆད་པའི་གདུང་རབས་བཅུ་གསུམ་པ་ན་གཙང་ཉང་སྟོད་ཀྱི་སའི་ཆ་སྒོ་བཞི་རེ་ཐང་དུ་ཡབ་གཡུ་ཐོག་ཁྱུང་བོ་རྡོ་རྗེ་དང་ཡུམ་པདྨ་འོད་ལྡན་གཉིས་ཀྱི་སྲས་སུ་དགེ་ལེགས་ཀྱི་མཚན་མ་བསམ་གྱིས་མི་ཁྱབ་པ་དང་བཅས་འཁྲུངས། དྲང་སྲོང་རིག་འཛིན་རྣམས་ཀྱིས་བྱིན་གྱིས་བརླབས་ཤིང་སྨན་གྱི་ལྷ་མོས་སྐུ་ཁྲུས་གསོལ། ཆུང་ངུ་ནས་ལས་བཟང་པོ་སད་དེ་སྨན་གྱི་ངོས་འཛིན་ལ་སོགས་པ་འཁྲུལ་མེད་དུ་མཁྱེན། གསུང་ལས། ཁོ་བོ་གཡུ་ཐོག་མགོན་པོ་ཡི། །ལོ་བརྒྱད་ལོན་ནས་སྨན་དཔྱད་བསྐྱངས། །ཞེས་གསུངས་པ་ལྟར་དགུང་ལོ་བརྒྱད་པའི་ཐོག་མགོན་པོ་འཇམ་དཔལ་དབྱངས་ཀྱིས་རྗེས་སུ་བཟུང་བས་རིག་པའི་གནས་སྤྱི་དང་།  ཁྱད་པར་གསོ་བ་རིག་པ་ལ་མཁས་པར་གྱུར་ཏེ་འགྲོ་ཕན་གྱི་སྤྱོད་ཡུལ་བསྐྱངས། དགུང་ལོ་བཅུ་བའི་ཚེ་གྲུབ་པའི་ལྷ་མོས་ད་སྟེ་ལོ་གཉིས་ནས་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་དང་མཇལ་བར་ལུང་བསྟན་པ་བཞིན། མང་མཁར་ཚ་ལུང་བ་རོག་སྟོན་དཀོན་ཅོག་སྐྱབས་སྒོ་བཞི་རེ་ཐང་དུ་བྱོན་པར། རྒྱས་པ་འབུམ་དང་རྟ་སྒ་སྲབ་བཅས་པ་སོགས་འབུལ་བ་གྱ་ནོམ་པ་ཕུལ་ཏེ་དཔལ་ལྡན་རྒྱུད་བཞི་རྫོགས་པར་ཞུས།  རེ་ཞིག་ཆིག་བརྒྱུད་ཀྱི་བཀའ་རྒྱ་མ་བཀྲོལ་བར་རང་གི་ཟབ་བཞེས་སུ་མཛད། དགུང་ལོ་བཅོ་བརྒྱད་པ་ལ་རྒྱ་གར་དུ་ཕེབས། ཀུ་དའི་ཞིང་དུ་ཡེ་ཤེས་མཁའ་འགྲོའི་གཙོ་མོ་དཔལ་ལྡན་ཕྲེང་བ་ལ་ལྕང་ལོ་ནག་པོའི་རྒྱུད། ཝ་ར་ཎཱ་སིར་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ། སོ་མ་རཱ་ཛ། ཕན་པའི་མདོ། རིན་ཆེན་སྤུངས་པ། ཀུ་མུ་ད། རེག་པ་རྩ་མདོ། སྲོག་སྐྱོབ་ཊཱི་ཀཱ། སིངྒ་ལའི་གླིང་དུ་ཟླ་ཟེར་དཀར་ནག། བདུད་རྩི་བུམ་པ་ཆེ་འབྲིང་ཆུང་གསུམ། རྒྱལ་པོའི་ཁབ་ཏུ་དཔའ་བོའི་བསྟན་བཅོས་ཡན་ལག་བརྒྱད་པ། འཁྲུངས་དཔེ་ཆེ་ཆུང་། རྡོ་སྦྱོར་གབ་པ། གསེར་གླིང་དུ་དྲང་སྲོང་ཕྱགས་ཀྱི་གོ་ཆར་རྒྱུད་བཞི། ཉི་ཟླ་ཁ་སྦྱོར་དང་ཤ་ཁྲག་འཚོ་བ། སྲོག་ཆགས་སྒྲོལ་བ། སྒྲོལ་མ་འབྱུང་། གསེར་སོགས་རིན་པོ་ཆེའི་བཟོ། གྲོ་བའི་འདེབས་མ། འཇམ་དཔལ་ཡབ་ཡུམ། སེང་སྒྲོམ། དཔའ་བོ་འཆིང་འགྲོལ། རོ་བཀྲ། བསིལ་བུ། འབྱུང་བ་སོ་སོ། རྩ་མདོ་ཆེན་པོ། སྙིང་པོ་བསྟན་པ། ལུས་ཀྱི་རྣམ་བཞགབདུད་རྩི་ཐེམ་ཡིགརེག་པ་རྩ་དཔྱད། རྒྱ་ཡིག་སྨྲ་ཆུང་།  གུ་ཎ་ཤ་གྲ་རྣམས་ཀྱི་རྒྱུད། བམ་པོ་སུམ་བརྒྱ་པ། ཀ་ལའི་ཚལ་གྱི་ནགས་གསེབ་ཅིག་ཏུ་ལྷ་མོ་བདུད་རྩི་མ་དང་མཇལ་རྗེས་སུ་བཟུང་ནས་ཞུས་ལན་སྐོར་གསུམ་དང་རྨ་རྩི་འཆི་མེད་བཅད་འབྱོར་གནང་། སླར་ཡང་བེ་དའི་གླིང་དུ་ལྷ་མོ་དེས་མཆོག་ཐུན་གྱི་དངོས་གྲུབ་དུ་མ་དང་གསོ་དཔྱད་སྒྲོན་མ་སྐོར་གསུམ་བསྩལ་ཏེ་ལམ་གྱི་འཇིགས་པ་རྒྱལ་པོའི་ཆད་པ་དང་།  དུག་སྦྲུལ། གླང་ཆེན།  སྟག་གཟིགསདོམ་དྲེད།  ཆོམ་རྐུན་སོགས་ཐམས་ཅད་ཀྱིས་སྐད་ཅིག་ཀྱང་མ་གནོད་པར་བོད་ཡུལ་གྱི་ཤངས་དཔལ་སྐྱེས་སུ་ཕྱག་ཕེབས། བུ་དང་སློབ་མ་འདུ་བའི་སྨོན་ལམ་རྒྱ་ཆེར་བཏབ། སྨན་དཔྱད་གཙོ་བོར་གྱུར་བའི་འགྲོ་ཕན་སྐྱོང་བའི་མུར།  ལྷ་མོ་བདུད་རྩི་མ་ས་རྒྱ་གར་དུ་བྱོན་ཞིག་པའི་ལུང་བསྟན་པ་ལྟར་ལམ་དུ་ཞུགས། རིམ་པས་པཎ་གྲུབ་དྲང་སྲོང་དུ་མ་ངད་མཇལ། མཁའའགྲོའི་གཙོ་མོ་དཔལ་ལྡན་འཕྲེང་བས་ཡན་ལག་བརྒྱད་པ་བསིལ་ཟེར་གྱི་གནད་རྒྱུད་རིགས་དྲུག་ཅུ་རྩ་ལྔ་དང་། ཟབ་པ་ལས་ཀྱང་ཆེས་ཟབ་པ་རྡོ་རྗེ་ཐེག་པའི་གསང་བའི་ལམ་གྱི་གདམས་པ་མཁའ་འགྲོའི་སྙིང་ཁྲག་ལྟ་བུ་ལུང་བསྟན་དང་བཅས་པ་གནང་། སྔ་ཕྱིར་འཕགས་ཡུལ་དུ་ལན་དྲུག་ཕེབས་པར་གྲགས།  དེ་དག་ཏུ་རྫུ་འཕྲུལ་གྱི་བཀོད་པ་བསྟན་པ་བསམ་ལས་འདས་ཤིང་། ཁྱད་པར་མུ་སྟེགས་ཀྱི་སྟོན་པ་ལྔ་བརྒྱ་སྒྲ་ཚད་རིག་པས་ཚར་བཅད་དེ་ནང་པའི་བསྟན་པར་བཙུད། ལྷོ་ཕྱོགས་དཔལ་གྱི་རིར་བྱོན་པའི་ལམ་དུ་མི་རྒོད་ཀྱི་ཇག་པས་འཇོམས་པར་ཉེ་བ་ལྟ་སྟངས་མཛད་པ་ཙམ་གྱིས་རེངས།  ཨོ་རྒྱན་གྱི་ཡུལ་དུ་ཤ་ཟ་མཁའ་འགྲོ་མས་གནས་ལྕགས་ཕབ་པ་སྡིགས་མཛུབ་ཀྱིས་རྩེར་བླངས་ཏེ་ཕྱིར་འཕངས། སིངྒ་ལའི་གླིང་གི་མཚོར་གྲུ་ཞིག་པ་ན་ནམ་མཁར་བྱ་བཞིན་འཕུར། ཀ་ལའི་ཚུལ་དུ་དུག་སྦྲུལ་གྱི་ཁ་རླངས་མུན་ལྟར་[འཐིབས]པ་སྙིང་རྗེ་ཆེན་པོ་བསྒོམས་པས་ཞི། རི་རབ་རི་བྲན་[བྲག]བཅས་པར་ཐོགས་མེད་དུ་འབྱོན་བརྟན་གཡོའི་དངོས་པོ་ཀུན་ལག་མཐིལ་སྐྱུ་རུའི་རྣམ་པ་བཞིན་གཟིགས། བལ་ཡུལ་དུ་བོན་དང་རྫུ་འཕྲུལ་འགྲན་པར་ཉི་ཕྱེད་ཀྱི་རིང་ནམ་མཁར་བཞུགས། བཀའ་རིན་པོ་ཆེ་འགྱུར་རོ་ཅོག་དང་བསྟན་འགྱུར་ཐུགས་ཐོག་ནས་འཆད། རྡོ་རྗེ་གདན་དུ་པཎ་ཆེན་བརྒྱ་ཕྲག་དུ་མའི་ཚོགས་དཔོན་མཛད། རྒྱ་གར་དང་བོད་ཡུལ་གྱི་བར་ཉིན་གཅིག་ལ་ཆོད་པས་ཨ་རུ་ར་རློན་པ་ལོ་མ་དང་བཅས་པ་དང་། མེ་ཏོག་སོ་མ་སྐྱེས་སུ་བསྣམས་ནས་འབྱོན་པ་སོགས་གསུང་ལས། ང་མཁའ་ལ་འཕུར་ན་བྱ་ལྟར་འགྲོ། །ཆུ་ལ་འགྲོ་ན་ཉ་ལྟར་འཛུལ། །རི་བོ་འབིགས་ན་གནམ་ལྕགས་ཐོག། མེ་དཔུང་དབུས་ན་མེ་ལྷ་ཡིན། །དུས་སྙིགས་མའི་སེམས་ཅན་བསོད་ནམས་ཆུང་། ང་མཐོང་བ་མིང་མཐོས་པ་ཉུང་། མཐོང་ཐོས་དྲན་རེག་དད་པ་ལ། །བྱང་ཆུབ་བླ་མེད་མྱུར་དུ་བསྐྲུན། །བསྐལ་བར་བསགས་པའི་སྡིག་པ་སྦྱོང་། ཞེས་དང་། ཞིང་ཁམས་བརྒྱ་རུ་དུས་གཅིག་བགྲོད། །སངས་རྒྱས་བརྒྱད་དང་དུས་གཅིག་མཇལ། །སྤྲུལ་པ་བརྒྱ་ཡང་དུས་གཅིག་འགྱེད། སེམས་ཅན་བརྒྱ་ནི་དུས་གཅིག་འདྲེན། །ཟད་པར་ཟིལ་གནོན་ཐམས་ཅད་འགྲུབ། །ཅེས་ཟད་པར་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ཐོབ་པས་སྤྲུལ་བསྒྱུར་བརྗོད་ལས་འདས། སྐུ་ཚེའི་སྟོད་དུ་ཡན་ལག་བརྒྱད་པ་ཁོ་ནའི་འཕྲིན་ལས་བསྐྱངས། དེ་ནས་རྩ་དཔྱད་རིག་པ་རང་གསལ་སྡེ་ཚན་ལྔ་པ། ལག་ལེན་པོ་ཏི་ཆུང་། རྒྱུད་ཆུང་བདུད་རྩི་སྙིང་པོ། ཤོག་དྲིལ་སྐོར་གསུམ། ལྡེ་མིག་སྐོར་དྲུག་སོགས་བརྩམས། དཔལ་ལྡན་རྒྱུད་བཞི་འདི་ཉིད་གསོ་དཔྱད་ཀུན་གྱི་ཡང་རྩེར་གཟིགས་ནས་ཕྱི་རབས་ཀྱི་དོན་དུ་བཀའ་རྒྱ་བཀྲོལ་ཏེ་ལུས་ཅན་ཀུན་གྱི་སྤྱི་ནོར་དུ་སྤེལ། འགྱུར་གསར་དུ་བཅོས་ཤིང་ཡུལ་དུས་གནས་སྐབས་དང་བསྟུན་པའི་བསྣན་ཁའང་གཤམ་སྨོས་ལྟར་མཛད། བུའི་དོན་དུ་གསེར་མཆན་དང་སློབ་མའི་ངོར་ཟོང་མཆན་ཞེས་པའི་མང་ཉུང་གཉིས་བཀོད། དེ་ལ་བརྟེན་ནས་རྒྱུད་བཞི་བཀའ་ཡིན་མིན། དེ་ལས་འཕྲོས་ཏེ་བཀའ་དང་བསྟན་བཅོས་འགལ་བའི་ལུགས་དང་མི་འགལ་བའི་ལུགས་སྣ་ཚོགས་ཀྱང་རྒྱས་བཤད་ནི་གཞན་དུ་སྨོས་ལ།

 

མཐའ་མའི་འདོན་ཐེངས་།: 28.01.2022 ཉིན། 4:53 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།