སྨན་རྩིས་དྲ་བ། - བཀའ་འགྱུར་གསོ་རིག

གཟུངས་སྔགས་ཐོར་བུ་ཁག་ཅིག

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 07.12.2015
བཀའ་འགྱུར་གསོ་རིག >>

 

༄༅། །རྒྱ་གར་སྐད་དུ། ཨྰརྱ་ཛྭར་པྲཤམནི་ནྰམ་དྷརཎི། བོད་སྐད་དུ། འཕགས་པ་རིམས་ནད་རབ་ཏུ་ཞི་བར་བྱེད་པའི་ཞེས་བྱ་བའི་གཟུངས།

༄༅། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་དུར་ཁྲོད་བསིལ་བའི་ཚལ་ན་བཞུགས་ཏེ། དེ་ནས་དགེ་སློང་ཞིག་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱིས་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་དགེ་སློང་དེས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་འདི་ན་སེམས་ཅན་རིམས་ནད་ཀྱིས་རྣམ་པར་གཙེས་པ་རྣམས་མཆིས་ན། བཅོམ་ལྡན་འདས་ལ་དེ་དག་སྲུང་དུ་གསོལ་སྲུང་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཕྱོགས་འདི་ན་མེ་ལྕེའི་འཕྲེང་ཞེས་བྱ་བའི་རིམས་གནས་ཏེ། དེ་སེམས་ཅན་རྣམས་ལ་ཉིན་གཅིག་པ་དང་། ཉིན་གཉིས་པ་དང་། ཉིན་གསུམ་པ་དང་། ཉིན་བཞི་པའི་ཚུལ་གྱིས་རྣམ་པར་གཙེ་བར་བྱེད་དེ། དེ་སྲུང་བའི་གསང་སྔགས་ཀྱི་གཞི་འདི་དག་ཡིན་ནོ། །ཏདྱཐྰ། ཛྰལནི་ཛྰལནི། པྲཛྰལནི། པྲཏིཔནིཤམནི། བདག་གི་རིམས་ནད་སོང་ཞིག་མ་འདུག་སྭྰཧྰ། བདེན་པ་དང་བདེན་པའི་ཚིག་གང་གིས་འཇིག་རྟེན་ན་སངས་རྒྱས་བླ་ན་མེད་པ་དང་། འཇིག་རྟེན་ན་ཆོས་དང་དགེ་འདུན་བླ་ན་མེད་པའི་བདེན་པ་དང་། བདེན་པའི་ཚིག་དེས་བདག་གིས་རིམས་ནད་སོང་ཞིག་མ་འདུག་ཅིག་སྭྰཧྰ། སིདདྷི་མནྟྲཔདརཏུབྱིདྱཏནབྲམཨནུམོཏྟེ་སྭྰཧྰ། སྐུད་པ་ནག་པོ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ། མདུན་པ་ཉི་ཤུ་རྩ་གཅིག་དོར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་རིམས་ནད་རབ་ཏུ་ཞི་བར་བྱེད་པའི་གཟུངས་རྫོགས་སོ།། །།


༄༅། །རྒྱ་གར་སྐད་དུ། ཨྰརྱ་སརྦ་རོག་པྲཤམནི་ནྰམ་དྷརཎི། བོད་སྐད་དུ། འཕགས་པ་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་ཞེས་བྱ་བའི་གཟུངས།

སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱིས་ཀུན་དགའ་ར་བ་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས། དགེ་སློང་རྣམས་ལ་བཀའ་སྩལ། དགེ་སློང་དག་ཆོས་ཀྱི་རྣམ་གྲངས་འདི་ཟུང་ཞིག །ཆོངས་ཤིག །ལྷོགས་ཤིག ཀུན་ཆུབ་པར་གྱིས་ཤིག །གཞན་དག་ལའང་རྒྱ་ཆེར་ཡང་དག་པར་སྟོན་ཅིག ཏདྱཐྰ། ཙིལེམེ། ཙིལེམེ། པཾནཀོལིལེ། ཤྲིམཏི། ཀུནྡྲལེ། དུནྡྲབྷེ། ཨིནྡྲནི། མུཁེསྭྰཧྰ། འདི་དག་ནི་ཟས་མ་ཞུ་བ་དང་། ལྦོས་པ་དང་། ཁྲག་དང་མཁྲིས་པ་འདྲེས་པ་དང་། གཞང་འབྲུམ་གྱིས་བཏབ་པ་དང་། གཞང་ནད་ཅན་དང་། ཟ་གུ་དང་། ལུད་པ་ཅན་དང་། རིམས་ཅན་དང་། ཀླད་པ་ན་བ་དང་། གཞོག་ཕྱེད་ན་བ་དང་། ཡི་དགས་ཀྱིས་ཟིན་པའི་གསང་སྔགས་ཀྱི་གཞི་ཡིན་ཏེ། ཀུན་དགའ་བོ་གསང་སྔགས་ཀྱི་གཞི་འདི་དག་ལས་འགལ་བར་བྱེད་པ་དེ་ནི། ངས་ལྷ་དང་བཅས་པའི་འཇིག་རྟེན་ན་མ་མཐོང་ངོ་། ཚེ་ཟད་པ་ནི་མ་གཏོགས་སོ། །གསང་སྔགས་ཀྱི་གཞི་འདི་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ་སྟེ། འདི་ལ་སངས་རྒྱས་ནི་སེམས་ཅན་ཐམས་ཅད་ཀྱི་མཆོག་གོ། །འདོད་ཆགས་དང་བྲལ་བ་ནི་ཆོས་ཐམས་ཅད་ཀྱི་མཆོག་གོ། དགེ་འདུན་ནི་ཚོགས་ཐམས་ཅད་ཀྱི་མཆོག་གོ། །བདེན་པའི་ཚིག་དང་བདེན་པའི་ངག་འདིས། བདག་གིས་ཟོས་པ་དང་། འཐུངས་པ་དང་། འཆོས་པ་དང་། མྱངས་པ་རྣམས་ལེགས་པར་བདེ་བར་ཞུ་བར་གྱུར་ཅིག་སྭྰཧྰ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་གཟུངས་རྫོགས་སོ།། །།

 

༄༅། །རིམས་ནད་ཞི་བའི་གཟུངས།

༄༅། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འཕགས་པ་འོད་དཔག་མེད་ལ་ཕྱག་འཚལ་ལོ།། དཏྱཐྰ། ཨི་ལིམིཏིམེལི། ཧནེསུཧནེ། ཆེགེམོ་ཞིག། ཛྭརབྷདྷམེ། ཨེཀཧིཀནི། ཏྲིཧིཀཾཙཏུརྩཀན། སྣིཏྱཛྭརནསྭྰཧྰ། །ཆོ་ག་འདི་བྲིས་ཏེ་མགུལ་དུ་བཏགས་ན་རིམས་ནད་མེད་པར་བྱེད་དོ། །རིམས་ནད་ཞི་བའི་གཟུངས་རྫོགས་སོ།། །།

 

༄༅། །སྐྲན་ཞི་བའི་གཟུངས།

༄༅། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཨོཾ་མོཁ་མུ་ཁི། ཏྲི་མུཁི། ཏྲི་མུགི་སཧསྲམུཁི། ཏཐྰགཏྰ་མུཁསྟྭིཧན། ཙྪིནྡཙྪིནྡ། བྷིནྡ་བྷིནྡ། སྭཐྰནྰཾགཙྪསྭྰཧེསྭྰཧྰ། མདསེ་དང་། བརྟཀ་དང་། ག་གོན་རིང་པོ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་པ་བྱས་ཏེ་གཤེགས་ན་མཆེར་པའི་སྐྲན་ཞི་བར་འགྱུར་རོ། །ཐེ་ཚོམ་མེད་དོ། །སྐྲན་ཞི་བའི་གཟུངས་རྫོགས་སོ།། །།


༄༅། །དུག་ཐམས་ཅད་ཞི་བར་བྱེད་པའི་གཟུངས།

༄༅། །དུག་ཞི་བར་བྱེད་པ་ཞེས་བྱ་བ། བདུད་རྩི་སྨན་གྱི་ལྷ་མོ་ནོར་གྱི་རྒྱུན་ལ་ཕྱག་འཚལ་ལོ། །ཏདྱཐྰ། ཨོྃ་སུརུསུརུཀ། བརབརཀེ། བིརིཧིརི། ཤུདདྷེབིཤུདདྷེ་སྭྰཧྰ། སངས་རྒྱས་བཅོམ་ལྡན་འདས་ཀྱི་བདེན་པ་དང་། གཟི་བརྗིད་ཀྱིས་ཀླུའི་དུག་དང་། སྤྲུལ་གྱི་དུག་དང་། སྦྱར་བའི་དུག་དང་། བརླངས་ཀྱི་དུག་དང་། རྩ་བའི་དུག་དང་། གཅན་གཟན་མཆེ་བའི་དུག་བཅོམ་མོ། །དུག་ངེས་པར་བཅོམ་མོ་ཞེས་བརྗོད་པར་བྱའོ། །དུག་ཐམས་ཅད་ཞི་བར་བྱེད་པའི་གཟུངས་རྫོགས་སོ།། །།


༄༅། །མ་ཞུ་བའི་ནད་འབྱང་བའི་གཟུངས།

༄༅། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བསྲེག་གསོལ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཏདྱཐྰ། ཧུརེཧུརེ། ཧུཊགཏནི། སྭྰཧྰ། ཆོ་ག་ནི་ལག་པ་ལ་བཟླས་བརྗོད་བྱས་ནས་ལྟོ་མཉེས་ན་མ་ཞུ་བའི་ནད་འབྱང་བར་འགྱུར་རོ། །མ་ཞུ་བའི་ནད་འབྱང་བའི་གཟུངས་རྫོགས་སོ།། །།


༄༅། །ཀྴ་ཡའི་ནད་སེལ་བའི་གཟུངས།

༄༅། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཀྴ་ཡའི་ནད་སེལ་བའི་སྔགས། ནམོ་ཧེཏུ་ཧེ་ཀེ་སྭྰཧྰ། ལུས་ལ་ནད་བྱུང་ནས་ནད་ཁོང་ན་སྐེམས་ཀྱིས་བཏབ་ན་བསིལ་ཡབ་ཆུས་གཏོར་ཏེ། ལན་དྲུག་ཅུ་རྩ་གཅིག་བསྔགས་ནས་དེའི་ལུས་ལ་གཡབས་ན་ནད་མེད་པར་འགྱུར་རོ། །ཀྴ་ཡའི་ནད་སེལ་བའི་གཟུངས་རྫོགས་སོ།། །།


༄༅། །འབྲུམ་བུའི་ནད་ཞི་བར་བྱེད་པའི་གཟུངས།

༄༅། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཧེ་བྷགབན་མཉྫུ་ཤྲྰི་ཀུམྰར་སརྦ་ཏཐྰགཏ་བལ་བྰིདྷིཛྙྰ། སརྦ་ཏཐྰགཏྰནྰན། ནྰགེསྟིཏིཥྛ་སརྦ་སཏྭནྰན་སྭྰཧྰ། །འབྲུམ་བུའི་ནད་ཞི་བར་བྱེད་པའི་གཟུངས་རྫོགས་སོ།། །།


༄༅། །མདངས་ཕྱིར་མི་འཕྲོག་པ་ཞེས་བྱ་བའི་སྔགས།

མདངས་ཕྱིར་མི་འཕྲོག་པ་ཞེས་བྱ་བ་བཻཌྰུརྱའི་འོད་ལ་ཕྱག་འཚལ་ལོ། །ཏདྱཐྰ། ཨོྃ་མམ་རཀྵ། སྰགརེ་མཧྰ་སྰགརེ། པུ་རུ་ཙེ་པུ་རུ་ཙུ་རུ། སམནེམེ། དེབ་བེ་ཧུལུ་ཧུལུ་སྭྰཧྰ། གླ་རྩི། ཤུ་དག་དང་། བྷི་སུ་ནག་པོ་ལ་ལྡེ་གུ་བྱས་ཏེ། ལྐོག་མར་ཐིག་ལེ་བྱས་ཏེ་སྔགས་ལན་བདུན་བཟླས་ན། འབྱུང་པོ་རྣམས་ཀྱིས་དེའི་མདངས་འཕྲོག་པ་ལྟ་ཅི་སྨོས་ཀྱི། བལྟ་བར་ཡང་མི་ནུས་སོ་རྫོགས་སོ།། །།


༄༅། །རྨ་འབྱོར་བར་བྱེད་པ་ཞེས་པའི་གཟུངས།

༄༅། །རྨ་འབྱོར་བར་བྱེད་པ་ཞེས་བྱ་བའི་གཟུངས་སྔགས། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །ཨོཾ་ཨུཔསཨུཔས། སུམ་སུམ་སརྦ་ནན་རྦད་སྭྰཧྰ། །ཧྰུཾ་ཕཊ། ཤམཤྰནྟིཾ་ཀུརུ་སྭྰཧྰ། ལན་གསུམ་བརྗོད་དེ་རྨ་ལ་མཆིལ་མ་བྱུགས་ན་རྡོས་ཕོག་པ་དང་། མཚོན་བརྒྱབ་པ་དང་། རྩ་ཆད་པ་དང་། ཀླ་པ་ཆད་པ་རྣམས་སོས་པར་བྱེད་དོ། །རྨ་འབྱོར་བར་བྱེད་པའི་གཟུངས་སྔགས་རྫོགས་སོ།། །།


མེའི་ཟུག་རྔུ་རབ་ཏུ་ཞི་བར་བྱེད་པའི་གཟུངས།

༄༅། །མེའི་ཟུག་རྔུ་རབ་ཏུ་ཞི་བར་བྱེད་པའི་གཟུངས། བསིལ་མཛད་ཆུ་ཡི་ལྷ་ལ་ཕྱག་འཚལ་ལོ། །ཨོཾ་བྷྲམཎི་བྷྲམཎི། ཛྷ་རིབྷྲམཎི་སྭྰཧྰ། ཞེས་ལན་གསུམ་ལ་ཕྱག་འཚལ་ལོ། །ནམོ་ཧེཏུཧེགེ་སྭྰཧྰ། བསིལ་ཡབ་ཀྱིས་ལུས་ལ་གཡབས་ན་མཁྲིས་པའི་ནད་དང་། མིག་སེར་དང་། གཡའ་བའི་ནད་སེལ་བར་བྱེད་དོ། །མཁྲིས་པའི་ནད་སེལ་བར་བྱེད་པའི་གཟུངས་རྫོགས་སོ།། །།


༄༅། །མཁྲིས་པའི་ནད་སེལ་བའི་སྔགས།

༄༅། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ནམོ་ཧེ་ཏུ་ཧེ་གེ་སྭྰཧྰ། བསིལ་ཡབ་ཀྱིས་ལུས་ལ་གཡབས་ན་མཁྲིས་པའི་ནད་དང་། མིག་སེར་དང་། གཡའ་བའི་ནད་སེལ་བར་བྱེད་དོ། །མཁྲིས་པའི་ནད་སེལ་བར་བྱེད་པའི་གཟུངས་རྫོགས་སོ།། །།


༄༅། །བད་ཀན་གྱི་ནད་སེལ་བའི་གཟུངས་སྔགས།

༄༅། །བད་ཀན་གྱི་ནད་སེལ་བའི་གཟུངས་སྔགས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཨོཾ་ཤྰནྟི་ཤྰནྟི། བྷིཏི་ཤྰནྟི། སརྦབིཏི་མུལ་མྱགས་སྭྰཧྰ། ཟས་མ་ཞུ་བ་དང་། སྦོས་པ་དང་། སྐྲན་ནད་དང་། ཆུད་པ་ཁྲག་སྐྱུགས་པ་དང་། བད་ཀན་གྱི་ཟུག་གཟེར་རབ་ཏུ་སེལ་ལོ། །བད་ཀན་གྱི་ནད་སེལ་བའི་གཟུངས་རྫོགས་སོ།། །།


༄༅། །མགྲིན་པ་སྙན་པའི་གཟུངས།

༄༅། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཨོྃ་བྷགབཏི་ཤྲུཏི་སྨྲྀཏི། བལ་བལ་པརམསིདདྷེསྭྰཧྰ། ཆོ་ག་ནི་ཞག་བདུན་གྱི་བར་དུ་ནང་རེ་ཞིང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་ཆུ་ཁྱོར་གང་ལ་ལན་བདུན་སྔགས་ཀྱིས་བཏབ་སྟེ་འཐུངས་ན། ཉིན་གཅིག་ཀྱང་ཡི་གེ་ཤ་ལོ་ཀ་སུམ་བརྒྱ་ལོབས་སོ།། ཟླ་བ་གཅིག་གི་བར་དུ་བྱས་ན་མི་འམ་ཅི་དང་འདྲ་བར་མགྲིན་པ་སྙན་པར་འགྱུར་ཏེ་ཐེ་ཚོམ་ཟ་བར་མི་བྱའོ། །མགྲིན་པ་སྙན་པའི་གཟུངས་རྫོགས་སོ།། །།


༄༅། །འཕགས་པ་རིམས་དང་སྲོག་ཆགས་ཀྱིས་མི་ཚུགས་པ་ཞེས་བྱ་བའི་གཟུངས།

༄༅། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཨོྃ་ཛཛརེ། པརྞཤབརི་སྭྰཧྰ། ནམཿསིངཧབྱྰགྷྲ། རུཀྵཏརུཀྵ། ཁཐིན་དྲྰམེཁམེཁ། ཙནྷིཏིཔཏཡེ། རོག་ནིདྰིཔསཏཡེ་སྭྰཧྰ། དྲིལ་བུལ་ལན་བདུན་སྔགས་ཏེ། གང་གིས་ས་ཕྱོགས་སུ་དཀྲོལ་བ་དང་། བྱ་དང་། གཅན་གཟན་དང་། སྲིན་བུ་དང་། བྱི་བ་དང་། རིམས་ནད་ཐམས་ཅད་བསྲུང་བར་འགྱུར་རོ། །རིམས་དང་སྲོག་ཆགས་ཀྱིས་མི་ཚུགས་པའི་གཟུངས་རྫོགས་སོ།། །།


༄༅། །རྒྱ་གར་སྐད་དུ། ཨྰརྱ་ཙཀྵུར་བིཤོདྷནི་ནྰམ་བིདྱྰ་མནྟྲ། བོད་སྐད་དུ། འཕགས་པ་མིག་རྣམ་པར་སྦྱོང་བ་ཞེས་བྱ་བའི་རིག་སྔགས།

སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཤྰཀྱའི་གྲོང་རྡལ་བཟང་པོ་ཞིག་ན་ཤྰཀྱ་རྣམས་ཀྱི་ནང་ན་བཞུགས་ཏེ། དེའི་ཚེ་སྟ་དུ་ས་ཞེས་བྱ་བ་ན་ཤྰཀྱ་བདེ་བ་ཞེས་བྱ་བ་སངས་རྒྱས་ལ་མངོན་པར་དད་པ། ཆོས་དང་དགེ་འདུན་ལ་མངོན་པར་དད་པ། སངས་རྒྱས་ལ་སྐྱབས་སུ་སོང་། ཆོས་ལ་སྐྱབས་སུ་སོང་། དགེ་འདུན་ལ་སྐྱབས་སུ་སོང་། སངས་རྒྱས་ལ་གཅིག་ཏུ་ཕྱོགས། ཆོས་ལ་གཅིག་ཏུ་ཕྱོགས། དགེ་འདུན་ལ་གཅིག་ཏུ་ཕྱོགས། སངས་རྒྱས་ལ་ནེམ་ནུམ་མེད་ཅིང་ཐེ་ཚོམ་མེད། ཆོས་དང་། དགེ་འདུན་དང་། སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ལ་ནེམ་ནུར་མེད་ཅིང་ཐེ་ཚོམ་མེད་ལ་བདེན་པ་མཐོང་བ། འབྲས་བུ་ཐོབ་པ། མངོན་པར་རྟོགས་པར་གྱུར་བ། མཚོན་ཆ་དང་། དབྱིག་པ་བོར་བ་ཞིག་གནས་པ་དེའི་མིག་ལ་སྣང་བ་དང་། མི་སྣང་བའི་གཟུགས་རྣམས་སྣང་བར་མ་གྱུར་ནས། དེ་སངས་རྒྱས་བཅོམ་ལྡན་འདས་ལ་དད་པ་སྐྱེས་ཏེ་ཡིད་ལ་བྱེད་ཅིང་། སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །སངས་རྒྱས་བཅོམ་ལྡན་འདས་སྣང་བ་མཛད་པ། སྒྲོན་མ་འཛིན་པ། གསལ་བ་འཛིན་པ་ལ་ཕྱག་འཚལ་ལོ། །བདེ་བར་གཤེགས་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་གསལ་བར་མཛད་དུ་གསོལ། བཅོམ་ལྡན་འདས་བདག་གི་མིག་རྣམ་པར་སྦྱོང་དུ་གསོལ་ཞེས་བྱས་པ་དང་། བཅོམ་ལྡན་འདས་ལྷའི་གནས་པ་ལ་བཞུགས་པ། ལྷའི་སྙན་རྣམ་པར་དག་པ་མི་ལས་འདས་པས་ཤྰཀྱ་བདེ་བས་ཚིག་དེ་སྐད་བརྗོད་པ་གསན་ཏོ། །གསན་ནས་ཀྱང་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་སོང་ལ་མིག་རྣམ་པར་སྦྱོང་བའི་རིག་སྔགས་འདིས་ཤྰཀྱ་བདེ་བ་ལ་བསྲུང་བ་གྱིས་ཤིག །ཡོངས་སུ་བཟུང་བ་དང་། ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་བསྐྱང་བ་དང་། ཞི་བ་དང་། བདེ་ལེགས་སུ་འགྱུར་བ་དང་། ཆད་པ་སྤང་བ་དང་། མཚོན་ཆ་སྤང་བ་དང་། དུག་གཞིལ་བ་དང་། དུག་བསད་པ་དང་། མཚམས་བཅད་པ་དང་། ས་བཅིང་བ་གྱིས་ཤིག །དེ་དང་དེ་བཞིན་དུ་འཁོར་བཞི་པོ་དགེ་སློང་རྣམས་དང་། དགེ་སློང་མ་རྣམས་དང་། དགེ་བསྙེན་རྣམས་དང་། དགེ་བསྙེན་མ་རྣམས་དང་། སེམས་ཅན་གཞན་གྱི་མིག་ཀྱང་རྣམ་པར་སྦྱོངས་ཤིག །མིག་གི་སྦུབས་རྣམ་པར་སྦྱོངས་ཤིག །མིག་གི་སྐྱོན་མེད་པར་གྱིས་ཤིག །ཏདྱཐྰ། ཧི་ལི་མི་ལི། ཀི་ལི་མི་ལི། ཧི་ལི་ཏེ་མི་ལི། ཧུ་ཡྰ་ཧུ་ཡྰ་ཧུ་ཡྰ་མ་ནི། ཧུ་ལུ་ཧུ་ལུ་ཧུ་ལུ། ཧུ་དུ་ཧུ་དུ་ཧུ་དུ། ཙཀྵུར་མེ་བིཤོདྷཡ་སྭྰཧྰ། ཀུན་དགའ་བོ་རིག་སྔགས་ཀྱི་རྒྱལ་མོ་མིག་རྣམ་པར་སྦྱོང་བ་འདི་ནི་མིག་གི་སྐྱོན་དང་། རླུང་གི་སྐྱོན་དང་། མཁྲིས་པའི་སྐྱོན་དང་། བད་ཀན་གྱི་སྐྱོན་དང་། འདུས་པ་ལས་གྱུར་བའི་སྐྱོན་སེལ་ཏེ། ཚུལ་ཁྲིམས་ཀྱི་བདེན་པ་དང་། བརྟུལ་ཞུགས་ཀྱི་བདེན་པ་དང་། དྲང་སྲོང་རྣམས་ཀྱི་བདེན་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་བདེན་པ་དང་། སྡུག་བསྔལ་གྱི་བདེན་པ་དང་། ཀུན་འབྱུང་གི་བདེན་པ་དང་། འགོག་པའི་བདེན་པ་དང་། ལམ་གྱི་བདེན་པ་དང་། དགྲ་བཅོམ་པ་རྣམས་ཀྱི་བདེན་པ་དང་། རང་སངས་རྒྱས་རྣམས་ཀྱི་བདེན་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བདེན་པས་ཤྰཀྱ་བདེ་བའི་མིག་ན་བར་མ་གྱུར་ཅིག །མཆི་མ་འཛག་པར་མ་གྱུར་ཅིག །ཀུན་ཏུ་མཆི་མ་འཛག་པར་མ་གྱུར་ཅིག །བདག་དང་སེམས་ཅན་ཐམས་ཅད་ཀྱི་མིག་རྣམ་པར་དག་པར་གྱུར་ཅིག་སྭྰཧྰ། ཀུན་དགའ་བོ་རིག་སྔགས་ཀྱི་རྒྱལ་པོ་མིག་རྣམ་པར་སྦྱོང་བ་འདི་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་དྲུག་གིས་གསུངས་པའོ། །ང་ཡང་ད་ལྟར་འཆད་དེ། རྒྱལ་པོ་ཆེན་པོ་བཞི་དང་། ལྷ་རྣམས་ཀྱི་བདག་པོ་བརྒྱ་བྱིན་དང་། མི་མཇེད་ཀྱི་བདག་པོ་ཚངས་པ་ཡང་རྗེས་སུ་ཡི་རང་ངོ་། །ཀུན་དགའ་བོ་གང་གིས་རིག་སྔགས་འདི་དུས་གསུམ་དུ་བརྗོད་ན་དེ་ལ་ཐིབས་པོར་འགྱུར་བའམ། རབ་རིབ་བམ། ལིང་ཏོག་གམ། མིག་ནད་སྔོན་པོར་མཐོང་བའམ། མིག་གི་ཡུལ་གྱི་སྐྱོན་ལྷ་ལས་གྱུར་བ་རྣམས་སམ། ཀུན་ཏུ་རྒྱུ་ལས་གྱུར་བ་རྣམས་སམ། ཀུན་ཏུ་རྒྱུ་དང་རོ་ལངས་ལས་གྱུར་པ་རྣམས་ཀྱིས་ཚུགས་པར་འགྱུར་བ་ནི་ལྷ་དང་བཅས་པ་དང་། བདུད་དང་བཅས་པ་དང་། ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་སྐྱེ་དགུའི་འཇིག་རྟེན་ན་ངས་མ་མཐོང་སྟེ་དེ་ནི་གནས་མེད་དོ། །ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ཏེ། བཅོམ་ལྡན་འདས་དེ་བཞིན་ནོ་ཞེས་གསོལ་ནས། གངས་སྔགས་ཀྱི་གཞི་རྣམས་བཟུང་སྟེ། ཀུན་ཆུབ་པར་བྱས་ནས་ཤྰཀྱ་བདེ་བ་ག་ལ་དེར་སོང་སྟེ། བདེ་བ་མིག་རྣམ་པར་སྦྱོང་བའི་གསང་སྔགས་ཀྱི་གཞི་འདི་དག་དེ་བཞིན་གཤེགས་པས་ཁྱོད་ལ་བསྐུར་གྱིས་ཉིན་རེ་ཞིང་དུས་གསུམ་དུ་དྲན་པར་གྱིས་ཤིག་ཅེས་དེ་ལ་རྒྱས་པར་སྨྲས་སོ། །ཤྰཀྱ་བདེ་བས་ཐོས་མ་ཐག་ཁོ་ནར་མིག་རྣམ་པར་དག་སྟེ། མིག་རྣམ་པར་དག་པས་དྲི་མ་མེད་པའི་མིག་གིས་ཐམས་ཅད་མཐོང་ངོ་། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ཤྰཀྱ་བདེ་བ་དང་། ལྷ་དང་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་མིག་རྣམ་པར་སྦྱོང་བ་ཞེས་བྱ་བའི་རིག་སྔགས་རྫོགས་སོ།། །།

 


མཐའ་མའི་འདོན་ཐེངས་།: 07.12.2015 ཉིན། 3:55 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།