གཟའ་གདོན་ནད་ཀྱི་སྨན་བཅོས་སྐོར། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 16.12.2013 |
༄༅། །གཟའ་གདོན་ནད་ཀྱི་སྨན་བཅོས་སྐོར།
སྨན་པ་རྡོ་རྗེ་ཚེ་བརྟན།
ཨཐ། མཚན་དང་དཔེ་བྱད་ཡོངས་སུ་བརྒྱན་པའི་སྐུ།།
སྙན་ཞིང་འཇེབས་པའི་ཡན་ལག་དྲུག་ཅུའི་གསུང་།།
བྱམས་དང་སྙིང་རྗེའི་རྣམ་ཀུན་མཁྱེན་པའི་ཐུགས།།
སངས་རྒྱས་སྨན་གྱི་བླ་མར་གུས་ཕྱག་འཚལ།།
རིག་གནས་སྤྱིར་མཁས་གསོ་རིག་གཞུང་བཟང་འཆད།།
སྨན་གྱི་ལུགས་འཛིན་འཛམ་གླིང་མཁས་དགུར་རྩོད།།
ལེགས་པར་བཏུས་ཏེ་བོད་ཀྱི་གསོ་རིག་བརྩམས།།
སྨན་རྒྱལ་དབྱེར་མེད་གཡུ་ཐོག་མགོན་དེར་འདུད།།
གངས་ལྗོངས་གསོ་རིག་བྱེད་པོ་རིམ་བྱོན་དང་།།
དགེ་བའི་བཤེས་གཉེན་རྣམས་ཀྱི་བཀའ་དྲིན་བརྒྱུད།།
ཡིད་ལ་གོམས་པའི་མན་ངག་ཆུ་ཐིགས་འདིས།།
རྒྱུན་མཐོང་གཟའ་གདོན་ནད་སྐོར་འབྲི་བར་བྱ།།
ཞེས་ཐོག་མར་ཤིས་བརྗོད་ཀྱི་དམ་བཅའ་སྔོན་དུ་བསུས་ཏེ་སྐབས་དོན་གླེང་བར་བྱ་བའི་དོན་ནི། འབྱུང་པོའི་གདོན་ནད་ལྔའི་ནང་གི་གཟའ་གདོན་ནད་ཀྱི་སྐོར་ཅུང་ཞིག་གླེང་བར་འདོད་ན། དགེ་སྐྱོན་ཇི་ལྟར་མཆིས་ཀྱང་དགོངས་འཆར་གནང་རྒྱུའི་རེ་བ་ཡོད། དེ་ཡང་གཟའ་གདོན་ནམ་གྲིབ་སྐྱོན་ནད་གཞིར་ས་བཅད་རྣམ་པ་དྲུག་གི་སྒོ་ནས་འཆད་པར་འདོད་དེ། དང་པོ་ནད་ཀྱི་རྒྱུ་རྐྱེན། འཛིན་དུས་དབྱེ་བ། རྟགས། འཁྲུལ་གཞིའི་ནད། སྲུང་བ། བཅོས་ཐབས་བཅས་དྲུག་ལས་ནད་གཞི་དེའི་ཐོག་བོད་ཕྱི་ནང་གི་འཚོ་བྱེད་མཁས་པ་ཁག་ནས་བོད་ཀྱི་གསོ་བ་རིག་པ་ལ་གོམ་གང་མདུན་སྤོས་ཀྱི་ངལ་བས་དེང་ཚན་རིག་དང་མཐུན་པའི་གྲིབ་སྐྱོན་སྐོར་སྔ་རྗེས་སུ་དཔྱད་རྩོམ་འདོན་སྤེལ་གནང་བར་གང་ཅིར་གོ་བདེ་བའི་དགེ་མཚན་དུ་མངོན། འོན་ཀྱང་གྲིབ་སྐྱོན་ཞེས་པའི་ནད་དེ་ཐོག་མཐའ་བར་གསུམ་དུ་གདོན་དང་འབྲེལ་བ་ནི་ལུས་དང་གྲིབ་མ་བཞིན་ལྷན་ཅིག་ཏུ་གནས་ཏེ་རྒྱུད་ལས། བརྒྱ་དང་རྩ་གཅིག་ཀུན་བཏགས་གདོན་ཡིན་པས། །དེ་མ་བཅོས་པར་སྨན་དཔྱད་ལེན་མི་འདོད། །གདོན་བཅོས་སྨན་མེད་གྱུར་ཀྱང་འཚོ་བ་ཡོད། །དཔེར་ན་དཔུང་པ་གཡར་བའི་བཙོན་བུ་འདྲ། །ཞེས་གསུངས་པ་བཞིན། དེར་བརྟེན་ནད་གཞི་དེར་ཆོས་སྨན་ཟུང་འབྲེལ་ཐོག་ནས་སྨན་བཅོས་གནང་ཐུབ་པ་ཡིན་ན་བཅོས་བསྐྱེད་ཆེ་བར་མངོན།།
ངོ་སྤྲོད།
གཟའ་གདོན། གཟའ་གྲིབ། དྲང་སྲོང་ནད། གྲིབ་སྐྱོན་ཞེས་པ་ནི་དོན་གཅིག་མིང་གི་རྣམ་གྲངས་ཏེ། རྒྱུ་མཚན་ནི་ནད་བདག་གི་མིང་ནད་ལ་ལྟོས་ནས་བཏགས་པ་སྟེ། སྟག་ཚང་ལོ་ཙ་བས། གཟའ་བདུད་ཆེན་པོ་རཱ་ཧུ་ལའི་དུག་གྲིབ་ཕོག་པ་ལས་བྱུང་བའི་ཁ་ལྐུགས་དྲན་ཉམས་བརྒྱལ་ནད་ལ་དྲང་སྲོང་ནད་དམ་གཟའ་གྲིབ་གྲགས་ཞེས་དང་། ངེས་དོན་ནི་གཟའ་བདུད་ཀྱི་དུག་གྲིབ་འགྲོ་བ་རྣམས་ལ་ཕོག་སྟེ་ལུས་ཀྱི་སྟོབས་དང་གཟི་མདངས་ཉམས་ཏེ་གློ་བུར་ཚེ་སྲོག་ལ་ཉེན་ཚབས་ཆེ་བའི་ནད་དེར་གཟའ་གྲིབ་ཅེས་བརྗོད་དོ། །
དེ་ཡང་ཚིགས་བཅད་དུ། མ་ཞི་བཟུང་འཛིན་སྣང་བ་ལས་འཆར་བའི། །ལྷ་ཞེས་མགོན་དང་འདྲེ་ཞེས་གདོན་དུ་བཟུང་། །བག་ཆགས་གོམས་པའི་ལས་ཀྱི་མཐུ་བརྟས་ནས། །སྡང་ཡུལ་བྱས་པས་ཕན་གནོད་ལྟར་སྣང་ངོ་། །ལས་དང་རྣམ་རྟོག་རྗེས་འབྲང་གདོན་རིགས་ནི། །སྣ་ཚོགས་དཔག་ཏུ་མེད་ཀྱང་གྲངས་བྱས་ན། །འབྱུང་པོའི་གདོན་ཆེན་བཅོ་བརྒྱད་ལས་མཆེད་པའི། །གདོན་རིགས་རྣམ་གྲངས་བརྒྱད་ཁྲི་བཞི་སྟོང་གྲགས། །དེ་ཡང་གཏམ་རྒྱུད་དུ། སྐབས་ཀྱི་གཟའ་གདོན་རཱ་ཧུ་ལ་ཞེས། །ཆོས་སྡོང་མེ་འབར་ཚོང་དཔོན་གྱི། །སྲུང་བའི་སྨོན་ལམ་འབྲས་བུ་ལས། །གླིང་བཞི་བྱེད་ཁྱབ་བཙས་པའི་བུ། །སྒྲ་གཅན་ཞེས་གྲགས་དུག་འཛིན་ཅིང་། །འགྲོ་ལ་གནོད་ཅིང་ཟླ་བཟུང་རྐྱེན། །གསང་བའི་བདག་པོས་རྡོ་རྗེས་བསྣུན། །དུམ་བརྒྱད་སོང་སྟེ་སྡེ་བརྒྱད་བསྡོངས། །གཟའ་བརྒྱད་སྒྲ་གཅན་དུམ་བརྒྱད་ཟེར། །ཡུམ་གྱི་ཆ་འཛིན་སྨད་སྦྲུལ་ཅན། །རྒྱུ་དུས་བརྒྱད་དུ་འཛིན་པ་ལ། །གཟའ་མཆོག་རཱ་ཧུ་སྒྲ་གཅན་གྲགས། །ཞེས་གསུངས་པའི་གཟའ་མཆོག་རཱ་ཧུ་ལའི་དུག་གྲིབ་འགྲོ་བ་རྣམས་ལ་ཕོག་སྟེ་དེའི་དུག་རླངས་ཀྱི་དངོས་ཐོག་མིའི་ལུས་ཁམས་ཀྱི་དབང་པོ་ཉམས་པ་མ་ཟད། གཙོ་བོ་ཀླད་པའི་དབང་རྩར་དོ་ཕོག་སོང་རྐྱེན་ལས་གཟའ་གྲིབ་ནད་འབྱུང་སྟེ། དེ་ཡང་ནང་གསེས་དབྱེ་ན་ཀླད་པའི་རྩ་དཀར་ནག་སྲ་འགྱུར་དབང་གི་གྲིབ་སྐྱོན་བྱུང་བ་ནི་ཁྲག་ཚི་སོགས་ཀྱིས་རྐྱེན་ལས་ཀླད་པའི་རྩ་སྦུགས་དོག་ཏུ་ཕྱིན་པའམ་ཟླུམ་དུ་ཕྱིན་པའི་དབང་གིས་ཀླད་པར་ཁྲག་འགྲོ་མི་ཐུབ་བས་གློ་བུར་བརྒྱལ་འབོག་འགྲོ་བ་དང་། གཞན་ཡང་རྩ་དབྱིབས་ལ་འགྱུར་བ་དང་སྲ་མཁྲེགས་ཆགས་པ། ཁྲག་གི་ལིང་རོ་ཀླད་པའི་རྩར་འཁར་བ་སོགས་ལས་ཀྱང་བརྒྱལ་འབོག་ནད་གཞི་ཡོང་གི་ཡོད།
གཉིས་པ། ཀླད་སྐྲན་གྱི་གཟའ་གྲིབ་ནི། ཀླད་པའི་རྩ་དཀར་ནག་གང་རུང་ལ་ལྷན་སྐྱེས་སུ་ཚིལ་སྐྲན་དང་ཁྲག་སྐྲན་སོགས་ཡོད་པ་དང་། ཡང་ན་ཕྱིས་སུ་ཆགས་པ་གང་ལྟར་སྐྲན་རྣམས་འཕེལ་རྒྱས་སོང་བས་ཀླད་པར་སྣོན་བཙིར་གཏོང་བ་མ་ཟད་སྲོག་ལའང་ཉེན་ཁ་བཟོ་གི་ཡོད།
གསུམ་པ། ཀླད་པའི་གཉན་ཚད་རྐྱེན་ལས་གཟའ་གྲིབ་ནད་འབྱུང་བ་ནི། ཀླད་པ་དང་ཀླད་སྐྱིར་གཉན་ཚད་ཤུགས་ཆེ་རྒྱས་སྐབས་ཀླད་པའི་དབང་རྩ་དང་འཕར་རྩར་གས་རྡོལ་གྱི་གནས་ཚུལ་རྐྱེན་གློ་བུར་གྲིབ་སྐྱོན་ཕོག་གི་ཡོད།
བཞི་པ། ཁྲག་ཤེད་རྐྱེན་ལས་བརྒྱལ་གྲིབ་ནད་འབྱུང་བ་ནི། ཁྲག་ཤེད་ཚད་མཐོ་པོར་སོང་རྐྱེན་ཁྲག་ཤུགས་སྟོད་དུ་ཤུགས་ཆེར་འཚངས་ནས་ཁྲག་རྩའི་སྦུབས་སྡེབས་ཀྱིས་བཟོད་མ་ཐུབ་པར་མཐར་འཕར་རྩ་གས་རྡོལ་དུ་སོང་སྟེ། ཁྲག་ངན་ཀླད་པའི་ནང་དུ་ཤོར་ནས་དངངས་སེམས་སྐྱེས་པ་དང་། ལུས་ཀྱི་ཤེད་ཤུགས་ཉམས་པ་མ་ཟད་གཞོག་ཕྱེད་ཞར་བའི་རྩ་གྲིབ་ནད་སོགས་ཡོང་གི་ཡོད་སྟབས། དང་ཐོག་ཁྲག་ཤེད་ནད་ལ་འགོག་བཅོས་དགོས་པ་ཡིན།
ལྔ་པ། སྙིང་སྐྱོན་གྱི་གཟའ་གྲིབ་ནད་འབྱུང་བ་ནི། སྙིང་གི་ཤ་སྒྲིམ་ལ་གཉན་ཚད་རྒྱས་པ་མ་ཟད། སྙིང་གི་འཁོར་རྒྱུགས་རྒྱུན་ལྡན་བྱེད་མ་ཐུབ་པའི་དབང་གིས་འཁོར་རྒྱུགས་ནང་ཀླད་པར་ཁྲག་རོ་ཤོར་བ་དང་། ཀླད་པར་ཁྲག་རྒྱུ་མ་འདང་བའི་རྐྱེན་ཀླད་པའི་དབང་རྩར་དོ་ཕོག་ཏུ་སོང་བས་གྲིབ་སྐྱོན་ནད་བྱུང་བས་ཐོག་མར་སྙིང་གི་སྨན་བཅོས་དགོས་གལ་ཆེ་བ་ཡིན།
བདུན་པ།(དྲུག་པ།) ཡང་ནད་པ་འགའ་ཤས་ལ་གོང་གི་གཟའ་ནད་འབྱུང་རིམས་ཀྱི་གནས་ཚུལ་ཕྱོགས་རྟོགས་ཙམ་མེད་པ་མ་ཟད། ཕྱི་ལུགས་ཆུ་ཁྲག་གློག་པར་དང་དམིགས་བསལ་མགོ་བོའི་གློག་པར་སོགས་ལས་ནད་གཞི་གང་ཡང་གསལ་རྟོགས་ཐུབ་ཀྱི་མེད་ཅིང་། ཀླད་པ་གཙོས་པའི་དབང་རྟེན་ཆ་ཚང་བདེ་གནས་ཡིན་ཡང་། གྲིབ་སྐྱོན་ནད་ཀྱིས་མནར་མཁན་མི་ཉུང་ཙམ་ཡོད། དེ་ནི་གཙོ་བོ་གདོན་ཤེད་ཀྱི་རྒྱབ་རྟེན་ཆེ་སྟབས་གདོན་གྱིས་གབ་པའི་རྐྱེན་གྱིས་ཆུ་ཁྲག་གློག་པར་སོགས་ལས་མི་གསལ་བའམ། ཡང་ན་དེ་མཚུངས་དབང་རྟེན་སོགས་ལ་སྐྱོན་ཆ་གང་ཡང་མེད་ཀྱང་། གདོན་ཤེད་ཤུགས་ཆེའི་དབང་གིས་གློ་བུར་དུ་མིའི་ལུས་དབང་འཕྲོག་སྟེ་སྐར་ཆ་འགའ་ཤས་ནང་ནད་ཀྱིས་འཛིན་པ་དང་ལྡང་བ་དུས་གཅིག་ཏུ་བྱུང་བ་མ་ཟད། ནད་ཡུན་ཡང་སྐར་མ་ཁ་ཤས་ནང་དྲན་པ་གསོས་ཏེ་སྔར་རྒྱུན་ལྟར་བདེ་ཐང་དུ་སྣང་བ་མ་ཟད། དེང་ཚན་རིག་ལག་རྩལ་གྱི་ནད་གཞི་གང་ཡང་ངོས་འཛིན་ཐུབ་ཀྱི་མེད་པས་དེའི་རིགས་ནི་དེ་བས་ཀྱང་གདོན་ཤས་ཆེ་བས་གདོན་བཅོས་ཁོ་ནའང་ཟབ་པ་ཡིན་ནོ། །
ནད་འདིའི་རྒྱུ་རྐྱེན།
དེ་ཡང་རྒྱས་པར་སྤྲོས་ན། དང་པོ་ནད་ཀྱི་རྒྱུ་རྐྱེན་ནི་སློང་རྐྱེན་སྐབས་བཞིན་ཅུང་ཙམ་སྤྲོ་ན། མི་དགེ་བའི་ལས་མང་དུ་བྱས་པ། དཀོན་ནོར་ལ་འབགས་ཤིང་ཀླུང་རྟ་གུད་པ། ཡ་ང་བར་གཅིག་པོར་བསྡད་དྲགས་པ། ཁེངས་དྲེགས་དྲག་པ། སེམས་ལས་ཆེ་བ་དང་། མྱ་ངན་གྱིས་གདུང་པ། ཆགས་པས་ཡིད་གདུང་པ། འཁོན་འཛིན་སོགས་རྩིང་སྤྱོད་ཤུགས་ཆེ་བྱས་པ། མདོར་ན་མི་དགེ་བའི་ལས་བཅུར་དཔྱད་པའི་རྣམ་རྟོགས་ཀྱི་ཤེས་པ་འཁྲུགས་ཏེ་ཡིད་འཇུག་པའི་རྩའི་བུ་ག་དེ་ཁམས་ཀྱི་ཆ་ལ་མི་མཐུན་པའི་རླུང་གིས་བཀག་ཅིང་གཙེས་པ་ལས་དྲན་ཤེས་རྒྱུན་གཏན་རྒྱུ་བའི་ནུས་པ་ཞན་དུ་སོང་སྟེ་སྒོ་གསུམ་བྱ་སྤྱོད་རང་བཞིན་གྱིས་བསྒྱུར་བ་ནི་གཟའ་ནད་ཙམ་མ་ཟད་གདོན་ནད་སྤྱིའི་རྒྱུ་རྐྱེན་ཡང་ཡིན་ནོ།།
འཛིན་དུས།
གཉིས་པ་འཛིན་དུས་ལ་དབྱེ་བ་བརྒྱད་ཡོད་དེ། དེ་ཡང་གཟའ་བརྒྱད་སོ་སོའི་རྒྱུ་དུས་བརྒྱད་དུ་འཛིན་པ་སྟེ་ཚེས་༤།༨།༡༡།༡༥།༡༨།༢༢།༢༥།༢༩ སྟེ་གོང་ཚེས་ཀྱི་རྒྱུ་དུས་བརྒྱད་ལ་ནད་འདི་འཛིན་ན་ཕལ་ཆེར་གཟའ་ནད་ཡིན་པར་ངེས་ཤིང་། དེར་བརྟེན་གཟའ་གྲིབ་ནད་ཡིན་ཚེ་རྒྱུ་དུས་བརྒྱད་ལ་འཛིན་ཞིང་གོང་ཚེས་རྒྱུ་དུས་བརྒྱད་དུ་མ་ངེས་པའི་ནད་པ་འགར་གནམ་གང་དུའང་འཛིན་མཁན་ཡང་ཡོད།
དབྱེ་བ།
གཟའ་ནད་དབྱེ་བ་ནི་རྒྱུད་དོན་བཞིན་མེ་ཆུ་རླུང་ས་ནམ་མཁའ་ཞེས་གྲགས་ཀྱང་གཙོ་བོ་གོང་གི་གཟའ་ནད་ཡོང་གཞིའི་རིགས་ལ་དོ་སྣང་དགོས་ཤིང་། དེའང་བསྡུ་ན་མེ་གཟའ་དང་ཆུ་གཟའ་གཉིས་ཏེ། ཁྲག་དང་མཁྲིས་པ་གཙོའི་རྐྱེན་ལས་བྱུང་བའི་གཞོག་གཡས་གྲིབ་པ་མེ་གཟའ་དང་། བད་ཀན་དང་རླུང་གཙོའི་རྐྱེན་ལས་བྱུང་བའི་གཞོག་གཡོན་ལ་ཕོག་ས་ཆུ་གཟའ་བཅས་གཉིས་སུ་བསྡུ།
ནད་རྟགས།
རྟགས་ལ་སྤྱི་རྟགས་དང་ཁྱད་པར་གཉིས་ལས། དང་པོ། སྤྱི་རྟགས་ནི་ཐོག་མར་མགོ་ཡུ་ཡང་སེ་འཁོར་བ་དང་། སྐྱུགས་མེར་ལངས་པ། གདོང་མདངས་འགྱུར་བ། གློ་བུར་དྲན་མེད་དུ་བརྒྱལ་བ་དང་། བརྒྱལ་བའི་རྗེས་ཁ་ནས་ཁ་ཆུ་དང་མཆིལ་མ་ནར་ནར་འཛགས་པ། ཁ་སོ་འདམ་པ་དང་འདར་བ། རྐང་ལག་གཡོ་འགུལ་དང་། རྐྱོང་འགྲེངས་ཤུགས་ཆེ་བྱེད་པ། རྐང་ལག་གི་ཤ་གནད་གྱོང་མཁྲེགས་ཆགས་པ། མིག་ཧྲིག་ཧྲིག་ལྟ་བ། དབུགས་འབྱིན་རྔུབ་བརྡབ་པ་སོགས་པའི་ནད་རྟགས་ཡོང་གི་ཡོད། རྒྱུད་ལས། མིག་སྤྲིན་དཀར་པོ་ནག་ཐིག་རྒྱལ་མོ་འདལ། །ལྕེ་ཡི་ར་མ་ལུག་གཉིས་རྒྱས་པ་དང་། །མིག་རྩ་རྒྱུ་མ་ཕུག་འདྲ་གཟའ་ནད་ཡིན། །ཞེས་པ་ལྟར་ཡང་ནད་པ་འགའ་ཤས་བརྒྱལ་ཕོག་བྱུང་སྟེ་དྲན་པ་གསོས་པའི་རྗེས་སྔར་རྒྱུན་བཞིན་བདེ་ཐང་དུ་སྣང་ཡང་ཛ་དྲག་སྡུག་པའི་ནད་པ་འགར་བརྒྱལ་རྗེས་ཁ་ལྐུགས་པ་དང་། ཁ་སླེ་བ། དྲན་སྟོབས་ཞན་པ། ཚབས་ཆེ་བར་གཞོགས་ཕྱེད་ཞར་བ་མ་ཟད་དབང་པོ་སོགས་ལའང་ཡོ་འཁྱོག་གི་གནས་ཚུལ་ཡོང་གི་ཡོད། ཁྱད་པར་མེ་ཆུ་རླུང་ས་ནམ་མཁའ་བཅས་སོ་སོར་ནད་རྟགས་ནི་རྒྱུད་བཞིན་ཞིབ་མཁས་དཔྱད་ཐུབ་ན་ངོས་འཛིན་སོ་སོར་འབྱེད་རྒྱུ་ཡོད་ཀྱང་། བདག་འདྲ་བློ་རྨོངས་ཀྱི་ཉམས་མྱོང་ནང་ཆུ་ལ་ཆུ་བཞག་གི་དབྱེ་འབྱེད་བྱེད་རྒྱུ་དཀའ་བས། འོན་ཀྱང་ཚ་གྲང་གཉིས་སུ་མ་བསྡུས་པའི་ནད་མེད་ན། ཁྲག་དང་མཁྲིས་པ་ཤས་ཆེ་བ་ལས་བྱུང་བའི་མེ་གཟའི་རྟགས་ནི་གཞོགས་གཡས་ལ་ཐོག་མར་འཛིན་པ་དང་འཛིན་རྗེས་སུ་གཞོགས་གཡས་ཞར་བ་དང་། ལྕེའང་གཡོས་ཕྱོགས་ཅུང་ཟད་ཐུང་བ། གཟུགས་དྲོད་ཆེ་ཞིང་རྔུལ་ཁ་སྙི་བ་མིག་དང་གདོང་གི་བཀྲག་མདངས་དམར་སྨུག་ཆགས་པ་སོགས་ནི་མེ་གཟའི་རྟགས་ཅན་ནོ། །བད་ཀན་དང་རླུང་ཤས་ཆེ་བ་ལས་བྱུང་བའི་ཆུ་གཟའི་རྟགས་སུ་ཐོག་མར་གཞོགས་གཡོན་ཕྱོགས་སུ་ཕོག་པ་དང་། བརྒྱལ་རྗེས་སུ་གཞོག་གཡོན་ཕྱོགས་ཞར་བ། ལྕེ་ཡང་གཡོན་ཕྱོགས་ཅུང་ཟད་ཐུང་བ། ལུས་ཀྱི་རེག་བྱ་གྲང་ཞིང་ཆུ་རྒྱུས་སྲ་གྱོང་ཆགས་པ་སོགས་ནི་ཆུ་གཟའི་རྟགས་སོ།།
འཁྲུལ་སོའི་ནད།
གཟའ་གྲིབ་ནད་ཀྱི་ནད་རྟགས་དང་ཕྱོགས་མཐུན་པའི་འཁྲུལ་སོའི་ནད་རིགས་ཁ་ཤས་ཡོད་པའི་ནང་ནས་ནད་རྟགས་སོགས་འཁྲུལ་སོ་ཆེ་བའི་ནད་རིགས་ཁག་གཉིས་སྐོར་ཤིན་ཏུ་བསྡུས་ཏེ་ཞུས་ན། བརྒྱལ་གཟེར་རམ་མིར་ཁིའི་ནད་དང་ཚབས་ཆེ་བའི་སྟོད་འཚངས་སམ་ཁྲག་ཤེད་ནད་གཞི་གཉིས་ལས་དང་པོ་མིར་ཁིའི་ནད་དང་གཟའ་གྲིབ་གཉིས་བར་དབྱེ་འབྱེད་ནི་ངོ་བོ་ཀླད་སྲིན་འཁྲུགས་མ་འཁྲུགས་ཀྱི་ཁྱད་པར་ཙམ་ལས་སྤྱིར་རྒྱུ་རྐྱེན་དང་ནད་རྟགས་སོགས་གང་ཅི་འདྲ་ཞིང་། འོན་ཀྱང་མིར་ཁི་ནི་གཙོ་བོ་ཀླད་པའི་ནད་ལྷན་ཅིག་ཏུ་གནས་པའི་ངོ་བོ་ཁྲག་སྲིན་འཁྲུགས་ཏེ་ལུས་དབང་འཆོར་ནས་བརྒྱལ་བར་འགྱུར་བའི་ནད་ལ་མིར་ཁི་ཞེས་བརྗོད། སྡེ་སྲིད་ལྷན་ཐབས་ལས། དེ་རྣམས་མ་ཡིན་ཀླད་དཀྱིལ་མིར་ཁི་ཞེས། །འབུ་གནས་མཐོང་བྱེད་སྒྲོན་མེའི་རྩ་བརྒྱུད་འདི། །ཀླད་པར་ཟུག་པ་དེ་དང་སྔོན་ལས་དང་། །རྣམ་སྨིན་འཛོམ་པར་འབྲེལ་བའི་འབུ་དེ་ཉིད། །དཀར་འཇམ་རྩ་ཡི་སྦུགས་སུའང་གནས་པ་དེ། །གདོན་དང་རྐྱེན་གྱི་དབང་གིས་འགུལ་བ་ན། །དྲན་མེད་བརྒྱལ་ལ་དབང་པོ་མ་ལུས་འཆོར། །ཞེས་གསུངས་པ་ལྟར་རོ།།
གཉིས་པ། ཚབས་ཆེ་བ་ཁྲག་ཤེད་ཀྱི་ནད་རྟགས་གཟའ་གྲིབ་དང་འདྲ་ཡང་རྒྱུ་རྐྱེན་སོགས་ཐ་དད་ཡིན་སྟབས་ཁྲག་ཤེད་ཤུགས་ཆེ་འཕར་སྐབས་ཁྲག་རླུང་སྟོད་དུ་འཚང་ནས་མཐར་ཀླད་པའི་ནང་གི་འཕར་རྩ་གས་རྡོལ་གྱི་གནས་ཚུལ་རྐྱེན་ངན་ཁྲག་ཀླད་པར་ཤོར་བས་ཚེས་གྲངས་ངེས་མེད་གློ་བུར་དུ་རིལ་འགྲོ་གི་ཡོད། བརྒྱལ་ཕོག་འདིའི་རིགས་ནི་རྒྱུན་དུ་ཁྲག་ཤེད་ནད་པ་ཚོར་ཡོང་གི་ཡོད་པས་སྔ་རྗེས་སུ་ནད་པ་དེར་ཁྲག་ཤེད་ན་ཚ་ཡོད་མེད་ཤེས་རྟོགས་ཐུབ་ན་གཟའ་གྲིབ་ནད་དང་འཁྲུལ་སྣང་མི་དགོས་པའོ།།
སྲུང་བ།
སྲུང་བ་ནི་གཙོ་བོ་གོང་གི་སློང་རྐྱེན་སྐབས་ཀྱི་ཟས་སྤྱོད་ལ་སྤང་བླང་དགོས་ཏེ། དཔེར་ན། གནོད་ཟས་ཉ་ཕག་སྒོང་གསུམ་གྱིས་གཙོས་པའི་ཤ་རིགས་མཐའ་དག་དང་སྒོག་ཙོང་ཆང་རག གཞན་ཡང་བཟི་སྤྱོད་རིགས་ལ་འཛེམས་དགོས། མི་དགེ་བ་བཅུའི་ལས་དང་ཡིད་མི་རངས་པའི་སྒོ་གསུམ་གྱི་སྤྱོད་པར་མི་འཇུག་ཅིང་། གཞན་ཡང་རྫས་སྔགས་ཀྱི་སྲུང་བ་ནི་ཞིབ་ཕྲ་རྒྱུད་དོན་བཞིན་དང་། རྒྱུན་དུ་གཟའ་སྔགས་བཟླ་བ་དང་། ལུས་ལ་བཅངས་པ། ནད་པའི་ལུས་སུ་གཟའ་སྔགས་སྲུང་འཁོར་གདགས་པ། གཟི་མིག་དགུ་པ་ལུས་ལ་གདགས་པ་སོགས་ལས་གཟའ་གྲིབ་ནད་ཀྱི་སྔོན་འགོག་དང་སྲུང་བ་ཐུབ་པ་ཡིན་ནོ།།
བཅོས་ཐབས།
བཅོས་ཐབས་ནི་སྤྱིར་རྒྱུད་དུ་བསྟན་པ་བཞིན། བཙོན་དུ་བཟུང་བ། དངངས་སུ་ཞུགས་པ། ཟས་དང་སྤྱོད་ལམ། ཁྲུས་བྱ། གཟའ་ཆོག་བཅས་གསོ་ཚུལ་ཁག་ཚུལ་བཞིན་གནང་ཐུབ་པ་ཡིན་ན་ཕན་བསྐྱེད་ཆེ་བ་ནི་བརྗོད་མི་དགོས་ཀྱང་། དེང་སྤྱི་ཚོགས་ཀྱི་འགྱུར་བ་དང་དུས་ཚོད་གང་ཅིའི་ཆ་ནས་སྟབས་བདེ་མེད་སྟབས། རྒྱུན་དུ་འཚོ་བྱེད་ཕལ་ཆེ་བས་ལག་ལེན་རྒྱུས་སྦྱང་གནང་བཞིན་པའི་སྐོར་ཅུང་ཙམ་གླེང་ན། དང་པོ་གཟའ་ནད་ཕོག་པའི་རྗེས་གཟའ་རིགས་དབྱེ་བ་གང་འདྲ་ཡིན་རུང་ཆོས་ཕྱོགས་ཐོག་ནས་ཀླུ་ལ་ཆོ་ག་བྱེད་དགོས་ཤིང་། རྒྱུ་མཚན་ནི་གོང་ཞུས་ལྟར་གཟའི་རྒྱབ་རྟེན་ནམ་གནོད་བྱེད་ནི་ཀླུ་ཡིན་ཏེ། དེ་ཡང་ཚིགས་བཅད་དུ། གཟའ་གདོན་རྒྱབ་ནི་ཀླུ་ཡིན་པས། གཟའ་བཅོས་ཐོག་མར་ཀླུ་བཅོས་བྱ། །དཀར་གསུམ་མངར་གསུམ་ཆོ་ག་ཡིས། །ཟླུམ་བརྒྱད་མཐེབ་ཀྱུ་བརྒྱད་བསྐོར་བྱ། །གཞན་ཡང་གཟའ་ནི་སྲིན་གྱི་ཆ་འཛིན་པས། །གཉིས་པ་ལྷ་སྲིན་མཆོད་བྱ་སྟེ། །ཤ་ཁྲག་བརྒྱན་གྱི་དམར་གཏོར་བྱ། །ཟུར་གསུམ་འཁོར་འཐེབ་བརྒྱད་སྐོར་བྱ། །ཞེས་ཚིགས་སུ་བཅད་དེ་ཀླུའི་ཆོ་ག་ཕྱག་ལེན་གནང་རྒྱུའི་ཐོག་རྒྱུན་དུ་ཟས་སྤྱོད་ཉ་ཕག་སྒོང་གསུམ་གཙོས་པའི་ཤ་རིགས་མཐའ་དག་དང་། མར་རྙིང་དང་། ཞག་ཚིལ་རིགས་བཙོང་སྒོག་ལ་སོགས་པའི་གནོད་ཟས་མཐའ་དག་སྤང་དགོས་ཏེ། སྤྱོད་ལམ་ལའང་མི་གཙང་བའི་གྲིབ་སར་འགྲོ་འདུག་བྱ་རྒྱུ་དང་། གཞན་ཡང་སྲོག་གཅོད་པའི་གནས་འཇིགས་སུ་རུང་བའི་གཟུགས་དང་གནས་སོགས་ལ་བལྟ་འདུག་བྱ་རྒྱུ་དང་། ཤ་དམར་ཁྲག་སོགས་དབང་པོའི་ཡུལ་དུ་མ་མཐོང་མ་རེག་པ་བྱ་རྒྱུ་སོགས་པའི་ཟས་སྤྱོད་སྤང་བླང་ཚུལ་བཞིན་དོན་འཁྱོལ་བྱེད་རྒྱུའི་ཐོག་གཙོ་བོ་གོང་གི་གཟའ་ནད་ཡོང་ཁུངས་སོ་སོ་དང་འབྲེལ་བའི་སྨན་བཅོས་བྱེད་ཐུབ་ན་ཕན་ནུས་མྱུར་ཡང་རང་གི་མྱོང་བཅོས་ཀྱི་སྤྱི་སྨན་འགྲོ་ཁྱབ་ཆེ་བའི་སྨན་དང་ལག་ལེན་སོགས་ཀྱི་སྐོར་ཅུང་ཙམ་སྤྲོས་པར་འདོད་དེ་གཟའ་གྲིབ་ཅེས་པའི་ནད་འདི་གཙོ་བོ་ཀླད་པ་དང་དེའི་དབང་རྩར་བརྟེན་པའི་གདོན་རྐྱེན་ལས་བྱུང་བས་ན་ཀླད་པ་དང་འབྲེལ་བའི་སྨན་བཅོས་གནང་དགོས་པར་བློ་གསར་རྣམས་ནས་དགོངས་གཞིར་བཞག་སྟེ་སྨན་དུ་མུ་ཏིག་༢༥། བསམ་ནོར། ཨ་གར་༢༠། ད་ལིས་༡༨། བསམ་ཁྱུང་། གུར་ཁྱུང་། ཨ་གར་༨། བྱང་ཆོས་༣༧། གཞན་ཡང་བྱུ་དམར་༢༥། རཏྣ་བསམ་འཕེལ་སོགས་སྐབས་བབ་ནད་རྟགས་དང་བསྟུན་ནས་སྨན་བཅོས་གནང་རྒྱུ་དང་། གཞན་ཡང་སྐམ་ཁབ་ལག་རྩལ་གྱིས་ཀྱང་ནད་འདིར་དངོས་ཡོད་ཕན་ཐོགས་ཡོང་གི་ཡོད་པས། གཟའ་གྲིབ་ནད་ལ་ཕན་པའི་སྐམ་ཁབ་ཀྱི་གསང་མིག་ཁ་ཤས་ཞུས་ན་རྒྱབ་གསང་༢༠སྟེ་DU-20 རྒྱབ་གསང་༢༦DU-26 རྒྱུ་གསང་༣SI-3 མཁལ་གསང་༡KD-1 གཞན་ཡང་རྒྱུ་གསང་༡ དང་༦SI-1-6 མདུན་གསང་༡༥REN-15 རྒྱབ་གསང་༡༤DU-14 སྙིང་ཤུན་གསང་༥-P-5 ཕོ་གསང་༤༠SI-40 མཆིན་གསང་༣LIV-3 ལྒང་གསང་༦༢UB-62 སོགས་པའི་གསང་ས་ཁག་ལ་སྐམ་ཁབ་བདུན་ཕྲག་རེར་ཐེངས་༢་རེ་རྒྱབ་རྒྱུ་དང་། ཁབ་བཙུགས་ཡུན་ཉུང་མཐར་སྐར་མ་༢༠ ནས་༤༠ བར་འཇོག་དགོས། ནད་པ་བརྒྱལ་གྲིབ་ཕོག་སྟེ་དྲན་མེད་རིལ་བསྡད་པའི་གནས་སྐབས་སུ་དྲན་པ་མྱུར་དུ་གསོ་ཐབས་དང་། ཛ་དྲག་གནས་ཚུལ་ལས་མྱུར་དུ་སྐྱོབ་ཐབས་དང་ཡར་ལངས་ཐུབ་པར་བྱེད་རྒྱུར་དམིགས་བསལ་གྱི་གཤམ་འོག་གསང་མིག་ཁག་ལ་སྐམ་ཁབ་བེད་སྤྱོད་གནང་ན་ནད་པ་མྱུར་དུ་དྲན་པ་གསོས་ཏེ་ཡར་ལངས་རྒྱུར་ཕན་ཐོགས་ཡོང་གི་ཡོད། ཛ་དྲག་གི་གསང་ས་བཞི་ནི།
༡། རྒྱབ་གསང་༢༠ DU-20 གནས་ས་འཚོལ་ཐབས་ནི། ཡ་མཆུའི་མཆུ་གཤོང་གི་དཀྱིལ་གཞུང་གསང་ས་དེར་སྐམ་ཁབ་སོར་ཕྱེད་ཀ་ཡས་མས་གཞུང་བཙུགས་བརྒྱབ་ཆོག
༢། རྒྱབ་གསང་༢༦ DU-26 གནས་ས་འཚོལ་ཐབས་ནི། ཐོད་པའི་སྐྲ་མཚམས་ནས་གྱེན་དུ་ནད་པའི་སོར་༡།༢ 5 Cun འཇལ་བའི་གསང་ས་འཁེལ་ས་དེར་སྐམ་ཁབ་སོར་གཉིས་ནས་གསུམ་བར་འཕྲེད་བཙུགས་བྱ་རྒྱུ།
༣། མཁལ་གསང་༡ KD-1 གནས་ས་འཚོལ་ཐབས་ནི། རྐང་མཐིལ་མཐེ་བོང་ནས་རྩིས་པའི་མཛུབ་མོ་གཉིས་པའི་དབྲག་གསེབ་མཚམས་ནས་རྟིང་ཀའི་ངོས་སུ་ནད་པའི་སོར་བཞི་གཞལ་བའི་གསང་ས་དེར་སྐམ་ཁབ་སོར་གཅིག་ཡས་མས་བཙུགས་ཆོག
༤། རྒྱུ་གསང་༣ SI-3 གནས་ས་འཚོལ་ཐབས་ནི། ལག་པའི་ཁུ་ཚུར་འདྲིལ་བའི་མཛུབ་ཆུང་གཤམ་དང་ལག་མཐིལ་འཕྲེད་གཉེར་ཟད་སའི་གསང་དེར་སྐམ་ཁབ་སོར་ཕྱེད་ཀ་ཡས་མས་དྲང་བཙུག་ཀྱིས་གྲིམས་ཤུགས་ཆེ་བརྒྱབ་དགོས།
གོང་གི་གསང་མིག་བཞི་ཡི་སྤྱིའི་ཕན་ཡོན་ནི། ཀླད་པ་གཙོས་པའི་རྩའི་འཁོར་རྒྱུགས་ནང་རླུང་རྒྱུ་དང་ཁྲག་རྒྱུ་སོགས་བདེ་བསང་དུ་འགྲོ་བ་དང་། རྩ་སྦུབས་ནང་གི་རླུང་སྙིགས་འཁྱིལ་བ་གཙང་མ་བཟོ་ཐུབ་པའི་ནུས་པ་ཐོན་གྱི་ཡོད། རྗེས་བཅོས་སུ་ཚ་གྲང་ནད་རྟགས་དང་བསྟུན་ནས་ཟླ་བ་༣ ནས་༦ རྗེས་མགོ་བོར་སྤྲ་ལྡན་གསེར་ཁབ་བརྒྱབ་རྒྱུ་དང་། བྲང་གཞུང་དང་སྲོག་གསང་སྙིང་གསང་བཅས་ལ་མེ་བཙའང་བརྒྱབ་ཆོག འོན་ཀྱང་བདག་འདྲ་ཤེས་མྱོང་གིས་ཕོངས་པའི་སྨན་པའི་མིང་འཛིན་པས་གཟའ་གདོན་ནད་ཀྱི་རྒྱུ་རྐྱེན་དང་སྨན་བཅོས་སོགས་འབྲི་རྒྱུའི་མྱོང་སྤོབས་མ་མཆིས་ཀྱང་། ཕྱིས་འབྱུང་བློ་གསར་རྣམས་ལ་དཔྱད་གཞིར་ཕན་རེ་སྙམ་ནས་༡༩༩༧ སྤྱི་ཟླ་༣ ཚེས་༢༡ ཉིན་དྷ་ས་སྨན་རྩིས་ཁང་དུ་ནད་བཅོས་ཉམས་མྱོང་ཚོགས་འདུར་བཅར་སྐབས་སིམ་ལ་སྨན་རྩིས་ཁང་གི་ལྷོ་བྲག་སྨན་པ་རྡོ་རྗེ་ཚེ་བརྟན་ནས་བྲིས་པ་དགེ་ལེགས་འཕེལ།།
སླར་སྨྲས་པ།
གསོ་རིག་གཞུང་བཟང་རྒྱ་མཚོ་ཆེན་པོ་ལས།།
སྒོ་གསུམ་ངལ་བས་བླངས་པའི་ཆུའི་ཐིགས་པ།།
མཁས་དགུའི་སྤྱན་སྔར་མཆོད་སྐྱེམས་མི་སེལ་ཡང་།།
ངལ་བས་སྤྱད་པར་མཆོད་པའི་རྒྱུ་རུ་བསྔོ།། །།
འདི་ནི་སྤྱི་ལོ་༡༩༩༨ ལོར་བོད་གཞུང་སྨན་རྩིས་ཁང་གིས་པར་བསྐྲུན་ཞུས་པའི་《སྨན་རྩིས་དུས་དེབ། འདོན་ཐེངས་བཞི་པ་》ནང་དུ་བཞུགས་ཡོད་པ་དེ་ནས་ཟུར་བཏོན་ཞུས་པ་ཡིན།།
མཐའ་མའི་འདོན་ཐེངས་།: 16.12.2013 ཉིན། 2:56 PM
<< སྔ་མ།