སྨན་རྩིས་དྲ་བ། - བཀའ་འགྱུར་གསོ་རིག

གཞང་འབྲུམ་རབ་ཏུ་ཞི་བར་བྱེད་པའི་མདོ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 30.06.2014
བཀའ་འགྱུར་གསོ་རིག >>

 


༄༅། །རྒྱ་གར་སྐད་དུ། ཨྰརྱ་ཨརྴ་པྲཤམཎི་སྰུཏྲ།

བོད་སྐད་དུ། འཕགས་པ་གཞང་འབྲུམ་རབ་ཏུ་ཞི་བར་བྱེད་པའི་མདོ།


༄༅། །སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པའི་ཚལ་ན། དགེ་སློང་ལྔ་བརྒྱ་ཙམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་བཅོ་ལྔའི་གསོ་སྦྱོང་ཟླ་བ་ཉ་བ་དེ་ཉིད་ཀྱི་ཚེ། དགེ་འདུན་གྱི་མདུན་ན་གདན་བཤམས་པ་ལ་བཞུགས་སོ། །དེའི་ཚེ་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱི་སྣམ་ལོགས་ན་རྔ་ཡབ་ཐོགས་ཏེ་བཅོམ་ལྡན་འདས་ལ་གཡོབ་ཅིང་འདུག་པར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། རྒྱལ་པོའི་ཁབ་འདི་ན་དགེ་སློང་གཞང་འབྲུམ་ཅན་མང་པོ་དག་གཞང་འབྲུམ་གྱི་བྲོ་ནད་ཀྱིས་གཟིར་ཏེ། སྡུག་བསྔལ་མི་བཟད་པ། དྲག་པོ། མི་བདེ་བ། ཡིད་དུ་མི་འོང་བའི་ཚོར་བ་མྱོང་བར་གྱུར་ན། བཙུན་པ་བཅོམ་ལྡན་འདས། དེ་དག་ལ་བདག་གིས་ཇི་ལྟར་བསྒྲུབ་པར་བགྱི། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ། ཁྱོད་ཀྱི་གཞང་འབྲུམ་སེལ་བའི་མདོ་འདི་ལོངས་ཤིག །ཀུན་དགའ་བོ། གང་ལ་ལ་ཞིག་གིས་གཞང་འབྲུམ་སེལ་བའི་མདོའི་མིང་དང་། ཚིག་དང་། ཡི་གེ་ཤེས་ན། དེ་ཇི་སྲིད་འཚོའི་བར་དུ་གཞང་འབྲུམ་གྱི་ནད་ཀྱིས་བཏབ་པར་མི་འགྱུར་རོ། །ཚེ་རབས་བདུན་གྱི་བར་དུ་ཚེ་རབས་དྲན་པར་འགྱུར་རོ། །ཏདྱཐྰ། ཨལནྟེ། ཨ་མ་ལེ། ཤྭ་ལི་ཙི་ལི། ཀུ་ཤེ་སཾབྷ་བེ་སྭྰཧྰ། ཀུན་དགའ་བོ་འདི་ལྟ་སྟེ། བྱང་ཕྱོགས་ན་རིའི་རྒྱལ་པོ་གངས་ཞེས་བྱ་བ་དེ་ན་སྰ་ལའི་ཤིང་རྣམ་པར་རྒྱལ་བ་ཞེས་བྱ་བ་དེའི་མེ་ཏོག་གསུམ་ཡོད་དོ། །གཅིག་ནི་འཕེལ་བ་ཞེས་བྱ། གཉིས་པ་ནི་འཛམ་པ་ཞེས་བྱ། གསུམ་པ་ནི་སྐམ་པོ་ཞེས་བྱ་སྟེ། ཇི་ལྟར་དེ་བསྐམས་པ་དེ་བཞིན་དུ་སེམས་ཅན་རྣམས་ཀྱི་རླུང་གི་འབྲུམ་བུ་བསྐམས་པར་གྱུར་ཅིག །མཁྲིས་པའི་འབྲུམ་བུ་བསྐམས་པར་གྱུར་ཅིག །བད་ཀན་གྱི་འབྲུམ་བུ་བསྐམས་པར་གྱུར་ཅིག །མི་གཙང་བའི་འབྲུམ་བུ་བསྐམས་པར་གྱུར་ཅིག །ཁྲག་གི་འབྲུམ་བུ་བསྐམས་པར་གྱུར་ཅིག །འདུས་པའི་འབྲུམ་བུ་བསྐམས་པར་གྱུར་ཅིག །དེ་བཞིན་དུ་བདག་དང་སེམས་ཅན་ཐམས་ཅད་ཀྱི་བད་ཀན་གྱི་འབྲུམ་བུ་བསྐམས་པར་གྱུར་ཅིག །སྣའི་འབྲུམ་བུ་བསྐམས་པར་གྱུར་ཅིག །འཕྱང་བའི་འབྲུམ་བུ་བསྐམས་པར་གྱུར་ཅིག །ཏདྱཐྰ། ཤ་མེ་ཤ་མྰ་ནེ། ཤམ་ཤ་མྰནེ་སྭྰཧྰ། ན་བར་མ་གྱུར་ཅིག །རེངས་པར་མ་གྱུར་ཅིག །སྒྲ་འབྱུང་བར་མ་གྱུར་ཅིག །འཛག་པར་མ་གྱུར་ཅིག །སྡུག་བསྔལ་བར་མ་གྱུར་ཅིག །རབ་ཏུ་སྡུག་བསྔལ་བར་མ་གྱུར་ཅིག །ཟག་པར་མ་གྱུར་ཅིག །རབ་ཏུ་ཟག་པར་མ་གྱུར་ཅིག །འདི་ཉིད་དུ་ཟད་པ་དང་། ཡོངས་སུ་ཟད་པ་དང་། མེད་པར་གྱུར་ཅིག །འོག་ཏུ་སོང་ཞིག །ན་མོ་བྷ་ག་བ་ཏེ། བུདྡྷཡ། སདྱབྰདྰིནྰ་སིདྡྷྱནྟུ་མནྟྲ་པདྰ་ནི་སྭྰཧྰ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ཡི་རང་སྟེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །དེ་ལ་ཆོ་ག་ནི། འདི་ཡིན་ཏེ། བཀླགས་པས་འགྲུབ་པ་འདི་སྲད་བུ་དམར་པོ་ལ་ལན་བདུན་བཟླས་པ་བྱས་ལ་མདུད་པ་བདུན་བོར་ཏེ་མགུལ་དུ་གདགས་སོ།། འཕགས་པ་གཞང་འབྲུམ་རབ་ཏུ་ཞི་བར་བྱེད་པའི་མདོ་རྫོགས་སོ།། །།         རྒྱ་གར་གྱི་མཁན་པོ་ཛིན་མིཏྲ་དང་། དྰན་ཤྰིལ་དང་། ཞུ་ཆེན་གྱི་ལོཙྪ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་གཏན་ལ་ཕབ་པ།


མདོ་འདི་ནི་ལྷ་ས་བཀའ་འགྱུར་པོད་༩༠  རྒྱུད་ <<ན་>>པ་ནས་གདན་དྲངས་པ་ཡིན། གཞན་ཡང་སྣར་ཐང་བཀའ་འགྱུར་དང་ཤེལ་མཁར་བྲིས་མ་བཅས་ལག་སོན་བྱུང་བ་རྣམས་ལ་ལྟ་ཞིབ་བྱས་པས་མ་ཕྱི་གསུམ་པོ་འདི་དག་གི་ནང་དུ་བཞུགས་པའི་སྔགས་ལ་ཅུང་ཁྱད་ཡོད་པ་ཟུར་བཏོན་ཞུས་ཡོད་ན་དོན་གཉེར་ཅན་རྣམས་ཀྱིས་དཔྱོད་པར་འཚལ། སྣར་ཐང་བཀའ་འགྱུར་དུ། ཏདྱཐྰ། ཨལནྟེ། ཨམ་ལེ། ཤྭ་ལི་ཅི་ནྰ། ཀུ་ཤེ་སཾབྷ་བེ་སྭྰཧྰ།  ཏདྱཐྰ། ཤམ་ཤ་མྰ་ན། ཤམ་ཤ་མྰནེ་སྭྰཧྰ།  ན་མོ་བྷ་ག་བ་ཏ། བུདྡྷཡ། སདྱ། བྰདྰིནྰི། སིདདྷྱནྟུ། མནྟྲ། པདྰ་ནི་སྭྰཧྰ།   ཤེལ་མཁར་བྲིས་མའི་བཀའ་འགྱུར་ནང་དུ། ཏདྱཐྰ། ཨལནྟེ། ཨ་མ་ལེ། ཤྭོ་ལི་ཙི་ནི། ཀུ་ཤ་སཾ་བྷ་བེ་སྭྰཧྰ། ཏདྱཐྰ། ཤ་མ་ཤ་མྰ་ནེ། ཤ་མ་ཤ་མྰནེ་སྭྰཧྰ།  ན་མོ་བྷ་ག་བ་ཏེ། བུདྡྷཡ། སཏྱ། བྰདྰནྰཾ། སིད་དྷྱནྟུ། མནྟྲ། པདྰ་ནི་སྭྰཧྰ།


མཐའ་མའི་འདོན་ཐེངས་།: 11.09.2015 ཉིན། 11:46 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།