སྨན་རྩིས་དྲ་བ། - བོད་ཀྱི་སྨན་རྫས་རིག་པ།

གཙང་སྨན་པའི་སྨན་གྱི་འདྲ་དཔེ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 25.04.2017
བོད་ཀྱི་སྨན་རྫས་རིག་པ། >>

 

སྨན་གྱི་འདྲ་དཔེ་བཞུགས་སོ།།

- གཙང་སྨན་ཡེ་ཤེས་བཟང་པོ།

ཨོཾ་སྭསྟི།

རྣམ་འདྲེན་བདེ་གཤེགས་སྨན་གྱི་བླ། །

དུག་གསུམ་ནད་སེལ་བདུད་རྩིའི་རྒྱུད།།

དྲིས་ལན་དྲང་སྲོང་ཟློས་གར་གྱིས།།

སྟོན་མཛད་བཻཌཱུརྱ་འོད་རྒྱལ།།

 

གཞུང་འདིའི་ཡན་ལག་བརྒྱད་ལྡན་ཆབ།།

སྤེལ་མཛད་ཡོན་ཏན་མགོན་པོ་སོགས།།

སྔོན་བྱུང་མཁས་གྲུབ་ཚོགས་རྣམས་ཀྱི།།

ཞབས་རྡུལ་སྤྱི་བོའི་རྒྱན་དུ་རོལ།།

 

དེ་ལྟར་ཤིས་བརྗོད་སྡོན་བསུས་ཏེ།།

རང་མཉམ་ཕལ་ཆེར་གོ་སླའི་ཕྱིར།།

འདྲ་དཔེ་མདོ་ཙམ་བཀོད་པ་ལ།།

བཀའ་སྲུང་ཚོགས་ཀྱིས་གནང་བ་བསྩོལ།།

 

དེ་ཡང་ག་བུར་རིགས་གསུམ་ལས། །མང་ནི་ཁ་བ་སྒོང་བ་འདྲ། །སྟག་ཟིལ་འབྲི་མར་གཤགས་པ་འདྲ། །ཤེལ་ནི་གངས་དཀར་ཚལ་བ་འདྲ། །ཛཱ་ཏི་སྲེག་པའི་སྒོ་ང་འདྲ། །ལི་ཤི་ཟངས་ཀྱི་གཟེར་ཆུང་འདྲ། །རྒྱ་སུག་བྲ་བོ་སྨིན་པ་འདྲ། །མོན་དྲུག་ཕྲུག་བུ་གོ་ལ་འདྲ། །ཀོ་ལ་བྱིང་བྱིང་ཐུ་ལུ་འདྲ། །ཅུ་གང་བག་ཕྱེ་སིག་མེད་འདྲ། །གུར་ཀུམ་གཡག་ཤ་ཕྱེ་མ་འདྲ། །གི་ཝང་ས་སེར་སྒོ་ང་འདྲ། །བྲག་ཞུན་བུར་རྣག་འདྲེས་པ་འདྲ། །ཨ་རུ་ར་ནི་རིགས་དྲུག་སྟེ། །རྣམ་རྒྱལ་མཇུག་རིང་ཀུ་བ་འདྲ། །གསེར་མདོག་གསེར་གྱི་སྒོ་ང་འདྲ། །ཤ་ཆེན་སྦལ་བགྲངས་འདྲ་ལ་ཟླུམ། །འཇིགས་མེད་ཟུར་ལྔ་ལྕོང་མོ་འདྲ། །འཕེལ་བྱེད་སེ་འབྲུ་གང་བུ་འདྲ། །མཆུ་སྙུང་རིལ་བ་སྤྱི་བླུག་འདྲ། །བ་རུ་བིལ་བའི་གང་བུ་འདྲ། །སྐྱུ་རུ་རཀྵ་སེར་བོ་འདྲ། །སྙིང་གི་ཞོ་ཤ་ལི་སྙིང་འདྲ། །མཁལ་མ་ཞོ་ཤ་མཁལ་མ་འདྲ། །ཟླ་གོར་ཞོ་ཤ་ཟླ་ཕྱེད་འདྲ། །མཆིན་པ་ཞོ་ཤ་མཆིན་པ་འདྲ། །ཨ་འབྲས་ཤ་བའི་རླིག་་འདྲ། །སྲ་འབྲས་ལྕགས་ཀྱི་བུམ་ཆུང་འདྲ། །འཇམ་འབྲས་འབུ་ཡི་རྫ་མ་འདྲ། །ཀ་རཉྫ་ནི་སྦྲུལ་སྒོང་འདྲ། །ཕོ་རིས་སྲན་མ་བཙོས་སྐམ་འདྲ། །བྱི་ཏང་སྲན་མ་སད་ཁྱེར་འདྲ། །མ་རུ་ཙེ་ནི་བུ་མོའི་བྱ་ལེ་འདྲ། །མ་ནུ་ཁྲག་ཅན་ཁྲག་གི་རྐྱལ་བ་འདྲ། །གོ་ཕྱིེས་རྟ་ཡི་ནུ་མདེའུ་འདྲ། །ད་ཏྲིག་ལུག་ཤིག་སྒོ་ང་འདྲ། །སྨག་ནི་གྲོ་མའི་ཕྱེ་མ་འདྲ། །སོ་ཆ་མི་ཡི་རླིག་འབྲས་འདྲ། །དན་རོག་སྦུ་རུ་སྐེ་བཅད་འདྲ། །ཤྲི་ཁཎྜ་ཕབ་རྡོག་འདྲ། །དོང་ཁ་ཁྲག་རྒྱུ་ནག་པི་འདྲ། །སོ་མ་ར་ཛ་ཐང་ཕྲོམ་འབྲས་བུ་འདྲ། །ཐལ་རྡོར་ཁྱི་ཡི་ཕོ་མཚན་འདྲ། །སེ་ཡབ་མི་རྒན་རྣ་གཤོག་འདྲ། །སེ་འབྲུ་ཀུ་བ་གསར་སྐྱེས་འདྲ། །སྟར་བུ་བྱུ་རུའི་གྲོ་གུ་འདྲ། །རྒུན་འབྲུམ་བྱར་ནག་རོ་སྐམ་འདྲ། །ཀ་པེད་བྱིས་པའི་ཀླད་ཕོར་འདྲ། །པདྨ་གེ་སར་གྲོ་ཕྱེ་འདྲ། །ནཱ་ག་རྟ་རྔ་གཏུབ་པ་འདྲ། །པུཤྤེ་ཟངས་ཁོག་དམ་བུ་འདྲ། །ཙན་དན་དག་ལ་རིགས་གསུམ་སྟེ། །སྦྲུལ་སྙིང་ཀར་ཡོལ་བཅག་པ་འདྲ། །ཙན་དན་དཀར་པོ་ཤུག་པ་འདྲ། །ཙན་དན་དམར་པོ་མཛོ་མོ་འདྲ། །ཨ་དཀར་ཆུ་ཤིང་རུལ་བ་འདྲ། །ཨར་ནག་འབྲོང་གི་ར་ཚལ་འདྲ། །མཛོ་མོ་ཝ་རྔ་སྤུ་གཟེངས་འདྲ། །སྒྲོན་ཤིང་སོམ་པ་ཐང་ཤིང་འདྲ། །ལྕེ་མྱང་ཚྭ་ནི་བ་ལེ་ཀ་དང་འདྲ། །བ་ལེ་ཀ་ནི་དབྱི་མོང་རྩ་བ་འདྲ། །ནིམ་པ་རྒྱུ་མ་སྐམ་པོ་འདྲ། །སླེ་ཏྲེས་བྲ་མའི་རྩ་བ་འདྲ། །ཀཎྚ་ཀ་རི་སེ་བ་གཞོན་ནུ་འདྲ། །བྱི་ཚེར་རྩ་རིང་ཤིང་མངར་འདྲ། །དབྱི་མོང་མི་རྒན་མགོ་སེར་འདྲ། །ཤིང་ཚྭ་ཟངས་ཀྱི་ཝ་ཞུ་འདྲ། སྟབ་སེང་སྦྱར་བའི་སྒོག་སོ་འདྲ། །ཤིང་ཀུན་ཀླད་པ་སྐམ་པོ་འདྲ། །སྤོས་དཀར་རྟ་སོ་བཅག་པ་འདྲ། །གུ་གུལ་ནག་པོ་ཐང་ཆུ་འདྲ། །མོན་ཆ་ར་ནི་ཁྲག་སྐམ་འདྲ།  །གསེར་ཏིག་ཡུངས་དཀར་སྡོང་པོ་འདྲ། །ལྕགས་ཏིག་ཟར་མའི་གང་བུ་འདྲ། །བ་ཤ་ཀ་ནི་ལུ་གུའི་རླིག་ཆུང་འདྲ། །པུཥྐར་མཱུ་ལ་ལུག་སུག་འདྲ། །རུ་རྟ་ཤ་རུ་གོག་པ་འདྲ། །དོང་གྲ་སྦལ་བ་རྐང་མེད་འདྲ། །ཤུ་དག་སོར་མོ་སྐམ་པ་འདྲ། །ཐང་ཕྲོམ་རས་དཀར་ཁུག་མ་འདྲ། །ལང་ཐང་ཙེ་ནི་སྤྱི་བླུག་འདྲ། །དབང་ལག་མི་ཡི་ལག་སོར་འདྲ། །ཉེ་ཤིང་ཆུ་རྒྱུས་གཤིབ་པ་འདྲ། །གཟེ་མའི་འབྲས་བུ་ར་མགོ་འདྲ། །ལྕམ་པ་ཆབ་རིལ་ཁ་བྲེ་འདྲ། །སྡུམ་བུ་རེ་རལ་འབྲུག་འཁྱིལ་འདྲ། །བྲག་སྤོས་གསེར་ཐིག་གཟིག་མཇུག་འདྲ། །ཤིང་མངར་གསེར་གྱི་ལྕུག་མ་འདྲ། །དུར་བྱིད་ཐར་ནུ་འདྲ་ཡང་ཕྲ། །སྔོན་བུ་ཁུར་མའི་རྩ་བ་འདྲ། །ཆུམ་རྩི་ཟངས་ཁབ་གཤིབ་པ་འདྲ། །སྤྱང་ཚེར་ར་རོག་སུག་པ་འདྲ། །ཤོ་མང་འབྲས་བུ་གཟེ་མ་འདྲ། །སྤྲུ་མའི་འབྲས་བུ་ལྕ་བ་འདྲ། །ཏང་ཀུན་རྩ་བ་སྤྲུ་དཀར་འདྲ། །འབམ་པོ་ལོ་སྡོང་གོ་སྙོད་འདྲ། །ཧོང་ལེན་གོང་མོའི་རིལ་མ་འདྲ། །བོང་དཀར་བྱ་རྒོད་ཡ་མཆུ་འདྲ། །སུ་མི་འབྲི་ཤ་སྐམ་པོ་འདྲ། །སྲོ་ལོ་སྨག་པོ་སུག་པ་འདྲ། །སྲོ་ལོ་དམར་པོ་མི་གློ་འདྲ། །ག་དུར་མོན་བུ་སྐམ་པོ་འདྲ། །གླ་གང་ས་ནག་གྲོ་མ་འདྲ། །དུར་སྙེ་སྨུག་པོ་ཝ་རྔ་འདྲ། །པུ་ཤེལ་འཇག་མའི་རྩ་བ་འདྲ། །སྟག་ཤའི་མེ་ཏོག་སྲད་སྨུག་འདྲ། །ཨ་ཝ་དག་ལ་རིགས་གསུམ་སྟེ།་།མཆོག་ནི་རྒྱ་ཁབ་གཤིབ་པ་འདྲ། །འབྲིང་ནི་དར་ལྗང་སྐུད་པ་འདྲ། །ཐ་མ་ཕག་གི་ཟེ་བ་འདྲ། །པར་པ་ཏ་ནི་བྱིས་ཆུང་རལ་བ་འདྲ། །འདམ་བུ་ཀ་ར་རམ་བུ་འདྲ། །ཀོན་པ་གབ་སྐྱེས་སོག་ལེ་འདྲ། །ཉ་ལྕིབས་ཁང་བའི་དུ་རལ་འདྲ། །ཆུ་སྲིན་སྡེར་མོ་བྱ་སྤར་འདྲ། །གསེར་གྱི་མེ་ཏོག་གསེར་དང་འདྲ། །ཨུག་ཆོས་གཉན་གྱི་རྭ་ དང་འདྲ། །གང་ཆུང་མཆོད་རྟེན་བརྩེགས་པ་འདྲ། །ལུང་རུ་རིགས་གསུམ་རྭ་འཁྱིལ་འདྲ། །མེ་ཏོག་སེར་ཆེན་རྒྱལ་མཚན་འདྲ། །གསེར་ཕུད་སྦུར་བ་མགོ་བཅད་འདྲ། །དུག་ཉུང་བྱི་ལྕེ་སྐམ་པོ་འདྲ། །འུ་སུ་ག་འུ་ཁ་སྦྱོར་འདྲ། །ཟི་ར་དཀར་པོ་གོ་སྙོད་འདྲ། །ཟིར་ནག་ཨུག་ཆོས་འབྲས་བུ་འདྲ། །ལ་ཕུད་གོ་སྙོད་གཉིས་ཀ་འདྲ། །སྒོང་ཐོག་འབྲས་བུ་གསེར་བྱི་འདྲ། །བྲེ་གའི་གང་བུ་རྔ་ཆུང་འདྲ། །སོག་ཀའི་གོང་བུ་སོག་པ་འདྲ། །ཕ་བ་དགོ་དགོ་ཐལ་ཐུམ་འདྲ། །པྲི་ཡང་ཀུ་ནི་དར་ཕྱར་འདྲ། །རྒོད་སྤོས་སྲིན་བྱའི་མགོ་བོ་འདྲ། །སྙི་བ་ལུག་མིག་སྔོན་པོ་འདྲ། །ཆུ་རུག་སྦལ་པའི་ལག་པ་འདྲ། །རྟ་མིག་རྟ་ཡི་རྨིག་པ་འདྲ། །ལུག་ངལ་བྱིའུ་མཆུ་དང་འདྲ། །བྱ་རྐང་ཕོ་རོག་མདའ་ཁུར་འདྲ། །ཀླུ་བདུད་ཀ་བར་དྲིལ་བཏགས་འདྲ། །གནྡྷ་པ་ཏྲ་སྤྲ་ཐོག་འདྲ། །བྱི་རུག་མུ་མེན་བུམ་པ་འདྲ། །འཇམ་དབྱངས་རྟག་ངུ་སུམ་ཏིག་འདྲ། །སྲོལ་གོང་ཡུ་མོ་ཡོལ་གོང་འདྲ། །ཡུ་མོ་མདེའུ་འབྱིན་གཞུ་ཤུབས་འདྲ། །པ་ཡག་འབྲས་བུ་སྙིང་དང་འདྲ། །འོལ་མོ་སེ་ནི་ཁྲག་རྐྱལ་འདྲ། །རྒུ་དྲུས་རྩ་བ་ཤིང་མངར་འདྲ། །བདུད་རྩི་གངས་ཤམ་པད་བརྩེགས་འདྲ། །པ་ཏོ་ལ་ནི་སྒ་སྐྱ་འདྲ། །རྒྱ་ཚྭ་རྡོ་རྒྱུས་སྣ་རིང་འདྲ། །རྒྱམ་ཚྭ་ཁྱགས་པ་བཅག་པ་འདྲ། །ཁ་རུ་ཚྭ་ནི་མེ་རྡོ་བཅག་པ་འདྲ། །རྩབས་རུ་ཚྭ་ནི་རྭ་བསྲེགས་འདྲ། །ལྕེ་མྱང་ཚྭ་ནི་ཚྭ་དམར་འདྲ། །ཡ་བཀྵ་ར་བག་ཕྱེ་འདྲ། །རྭ་ཚྭ་རྭ་རུ་བསྲེག་པ་འདྲ། །ཐལ་ཚྭ་ཐལ་བའི་རིལ་བུ་འདྲ། །མཚོ་ཚྭ་སྔོན་པོ་རྒྱམ་ཚྭ་འདྲ། །རྡོ་རྗེ་ཕ་ལམ་ལ་སོགས་པའི་རིན་པོ་ཆེ་རིགས་ས་དང་རྡོ། སྲོག་ཆགས་ལས་བྱུང་སྨན་ངོས་འཛིན་འདྲ་དཔེ་མེད་ཕྱིར་འདིར་མ་བཀོད། །རོ་དང་ཞུ་རྗེས་ནུས་པ་དང་། །སྐྱེ་ས་འཁྲུངས་དཔེ་རྒྱས་པ་རྣམས། །ཟུར་མཁར་མེས་པོའི་ཞལ་ལུང་དང་། །བཻ་སྔོན་སོགས་ལས་དཔྱད་པར་འཚལ། །འདི་བྲིས་དགེ་བས་བདག་སོགས་འགྲོ། །མ་རིག་ལས་ཉོན་ནད་རིགས་ལས། །མྱུར་ཏུ་གྲོལ་ཏེ་སྨན་གྱི་བླའི།  །གོ་འཕང་དམ་པ་ཐོབ་ཕྱིར་བསྔོ། །ཞེས་པ་འདི་ནི་གཙང་སྨན་གྱི་གསུང་དངོས་ཡིན་ནོ།།


 

མཐའ་མའི་འདོན་ཐེངས་།: 25.04.2017 ཉིན། 2:24 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།