སྨན་རྩིས་དྲ་བ། - སྨན་རྩིས་ཁང་གི་བྱུང་རབས། སྟོད་ཆ།

གནས་མཆོག་དྷརྨ་ཤཱ་ལཱ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 08.04.2016
སྨན་རྩིས་ཁང་གི་བྱུང་རབས། སྟོད་ཆ། >>

<< བོད་གཞུང་སྨན་རྩིས་ཁང་གི་བྱུང་རབས། སྟོད་ཆ། >>


བོད་གཞུང་དབུས་སྨན་རྩིས་ཁང་གང་དུ་བཙུགས་པའི་གནས་མཆོག་དྷརྨ་ཤཱ་ལཱ།

ངྷརྨ་ཤཱ་ལཱ་ཞེས་པ་རྒྱ་གར་བྱང་ཕྱོགས་ཀྱི་ཧི་མ་ཅལ་མངའ་སྡེའི་ཀངྒ་ར་རྫོང་ཁོངས་སུ་ཡོད་པའི་ས་གནས་ཤིག་ཡིན་ཞིང་། དེ་ཡང་དྷརྨ་ཤཱ་ལཱ་ཞེས་པ་ནི་རྒྱ་གར་སྐད་ཡིན་ལ་བོད་ཀྱི་སྐད་དུ་ཆོས་ཀྱི་མགྲོན་ས་ཞེས་པའི་དོན་ཡིན། དེ་ལྟར་གོ་དོན་ནི་གནས་འདིར་ཌེལ་ལེག་ཅེས་མཚེའུ་ (Dal lake) ཞིག་ཡོད་པ་དེ་ལྷ་དབང་ཕྱུག་ཆེན་པོའི་གནས་སུ་ངོས་འཛིན་གྱིས་རྒྱ་གར་བ་རྣམས་གནས་སྐོར་ལ་འགྲོ་བའི་ནུབ་བྱང་གི་འབབ་ཚིགས་ལྟ་བུ་ཡིན་པའི་ཆ་ནས་དེ་ལྟར་བཏགས་པར་བཤད། ཡུལ་ལྗོངས་དེའི་ས་བབ་ནི་རྒྱ་མཚོའི་ངོས་ནས་ཕི་ཌི༼༥༤༧༠༽ཡོད་པའི་མཐོ་ཚད་སྙོམས་ཤིང་།  རྒྱུན་དུ་དབྱར་དུས་ཕྱི་ཟླ་ ༧ ནས་ ༩ ཚེས་ཤར་བར་ཆར་དུས་ཡིན་ལ་དུས་དེར་ཆར་བ་འབབ་པའི་ཤུགས་ཚད་རྒྱ་གར་རྒྱལ་ཡོངས་ཀྱི་ཨང་གཉིས་པ་ཡིན་པ་དང་། དགུན་དུས་ཕྱི་ཟླ་ ༡༢ ཙམ་ནས་ཕྱི་ཟླ་ ༢ བར་ཟླ་ངོ་གཉིས་ཙམ་རིང་གནམ་གཤིས་གྲང་ངར་ཅུང་ཆེ་བ་མ་ཟད་རི་སྐེད་བར་དུ་ཁ་བ་ཆགས་ཏེ་ཉིན་རེ་ཟུང་ལ་བཞུ་མི་ཐུབ་པའི་རྐྱེན་གྱིས་འགྲུལ་བཞུད་རླངས་འཁོར་སོགས་འགྲོ་སྐྱོད་ལ་དཀའ་ངལ་འཕྲད་པའང་ཉུང་ཉུང་མིན།

 

རྒྱབ་ཕྱོགས་ཀྱི་རི་རྩེ་མཁའ་དབྱིངས་སུ་བསྙེགས་ཤིང་། དབྱར་དུས་ཙམ་མ་གཏོགས་ཁ་བའི་འདབ་མ་གོས་སུ་གྱོན་པའི་རི་རྒྱལ་ལྷུན་ཆགས་ཤིག་ཡོད་པ་དེར་ངྷོོ་ལཱ་ངྷར་ཞེས་འབོད་ཅིང་། རི་རྒྱལ་དེའི་རི་སྐེད་ནས་གཡས་གཡོན་ཐམས་ཅད་དུ་ཐང་ཤིང་གིས་གཙོས་ཤིང་སྣ་འདྲ་མིན་དང་། ཨ་མྲའི་འབྲས་བུ། ཀུ་ཤུ། ཚ་ལུ་མ་སོགས་ཤིང་འབྲས་ཞིམ་མངར་ལྡན་པ་དུ་མ། གཞན་ཡང་སྨན་སྣ་ཕུན་སུམ་ཚོགས་པ་བཅས་ཀྱིས་རྣམ་པར་བརྒྱན་པས་དུས་བཞིར་ལྗང་མདོག་གི་འཛུམ་མདངས་གནས་བཞིན་ཡོད། དེ་ལྟའི་ཡུལ་ལུང་མཛེས་པོར་གནས་བཅའ་བའི་ཡུལ་མི་ཕལ་མོ་ཆེ་ཧིན་ངྷུ་ཆོས་ལུགས་ཀྱི་རྒྱུད་འཛིན་པ་ཡིན་པས་གླང་ཤ་སྤྱོད་མི་ཆོག་པ་ཆོས་ལུགས་དེའི་གཞི་རྩའི་ཁས་ལེན་ཞིག་ཡིན། འོན་ཀྱང་ཡུལ་མིའི་ནང་དུ་ནང་པ་དང་། ཁ་ཆེ། ཡེ་ཤུ་ཆོས་ལུགས་པ་སོགས་ཀྱིས་ཀྱང་བརྒྱ་ཆ་གང་འཚམས་ཟིན་ཡོད།

 

ཕྱི་ལོ་ ༡༩༦༠ ལོ་ནས་ྋགོང་ས་མཆོག་དང་བཙན་བྱོལ་སྲིད་གཞུང་མ་སུ་རི་ནས་འདི་ག་གནས་སྤོར་གནང་བ་ནས་བཟུང་ངྷརྨ་ཤཱ་ལཱ་ནི་ྋགོང་ས་སྐྱབས་མགོན་ཆེན་པོའི་བཞུགས་སྒར་དང་བཙན་བྱོལ་བོད་གཞུང་གི་དབུས་ལས་ཁུངས་ཁག་གིས་གཙོས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་དབུས་སྡེ་ཚན་དང་ཚོགས་པ་སྐྱིད་སྡུག་མང་པོ་ཆགས་ཡུལ་དང་། རྩེ་རྣམ་རྒྱལ་གྲྭ་ཚང་གིས་མཚོན་པའི་ས་དགེ་བཀའ་རྙིང་གི་དགོན་སྡེ་ཁག་དང་། ངྷ་སྟེང་ཤོད་བོད་ཁྱིམ་སློབ་གྲྭ་ཁག་བཅས་ཡོད་པས་ཆོས་སྲིད་གཉིས་ཀྱི་བསྟི་གནས་ཤིག་ཏུ་གྱུར་ཡོད།

 

དུས་རབས་ཉི་ཤུའི་ལོ་རབས་དྲུག་ཅུའི་སྔོན་དུ་དྷརྨ་ཤཱ་ལཱའི་ཡུལ་ལུང་དེར་གྷ་ཏི་ཞེས་པའི་འབྲོག་པའི་ཁྱིམ་ཚང་རེ་ཟུང་མ་གཏོགས་མེད་པའི་ས་གནས་ཁུག་ཀྱོག་ཅིག་ཡིན་པར་བཤད། རྒྱུ་མཚན་ནི་དེ་སྔོན་ཡུལ་འདིར་ས་ཡོམ་གྱི་ཉེར་འཚེ་རྒྱུན་དུ་ཡོང་བའི་ས་རྒྱུད་ཅིག་ཡིན་པ་དང་། འགྲུལ་སྐྱོད་སོགས་ཀྱི་མཐུན་རྐྱེན་ཞན་པའི་དབང་གིས་ཡིན།

 

ཕྱི་ལོ་ ༡༩༦༠ ཟླ་ ༤ ཚེས་ ༣༠ ཉིན་ྋགོང་ས་སྐྱབས་མགོན་པོ་མཆོག་གིས་གཙོས་བཙན་བྱོལ་གཞུང་གི་སྒྲིག་འཛུགས་ཀྱི་རྟེན་གནས་སུ་གྱུར་བ་ནས་བཟུང་ལོ་རེ་ནས་ལོ་རེར་འདུ་འཛོམས་ཇེ་ཆེ་ནས་ཇེ་ཆེར་གྱུར་ཏེ་ད་ལྟ་ངྷརྨ་ཤཱ་ལཱ་ཞེས་པ་འཛམ་བུ་གླིང་གི་ཡུལ་སྐོར་སྤྲོ་འཁྱམ་བྱེད་ཡུལ་གྱི་ས་གནས་མིང་གྲགས་ཅན་ཞིག་ཏུ་གྱུར་ཡོད་པ་མ་ཟད། ཕྱི་རྒྱལ་ཡུལ་གྲུ་གང་སའི་དཔོན་རིགས་དུ་མ་དང་།  ཆོས་ལུགས་རིས་མེད་ཀྱི་བླ་ཆེན་མཁས་ཆེན་མང་པོ་ཡང་ཡང་འཛོམས་སའི་གནས་སུ་གྱུར་ཡོད་ལ། ྋགོང་ས་སྐྱབས་མགོན་ཆེན་པོའི་བཞུགས་གནས་གཙོ་བོ་ཡིན་པས་བོད་ཀྱི་རྒྱལ་ས་ལྷ་ས་གཉིས་པ་ལྟ་བུའི་ཕུན་སུམ་ཚོགས་པ་ལྔ་ཡི་ཁྱད་ཆོས་ཡོངས་སུ་ཚང་བར་ཀུན་གྱིས་བརྗོད།

 

ད་དུང་དེང་གི་བརྡ་འཕྲིན་ཡོ་ཆས་ཡོངས་སུ་ཚང་ཞིང་ལོངས་སུ་སྤྱོད་པའི་སྔོན་ཐོན་གྱི་ཡུལ་ལུང་ཞིག་ཏུ་གྱུར་ཡོད་པ་ནི་སུས་ཀྱང་མཐོང་ཐུབ། བཞུགས་སྒར་ཕོ་བྲང་ནས་བྱང་ངོས་སུ་ཀི་ལོ་མི་ཊར་བདུན་ཙམ་གྱི་མཚམས་དེར་བྷག་སུ་ཞེས་རྦབ་ཆུ་དྭངས་གཙང་ཞིག་རྒྱུན་ཆད་མེད་པར་འབབ་བཞིན་ཡོད་པའི་ལུང་ཆུང་དེ་སྔོན་གྲུབ་ཆེན་ན་རོ་པའི་སྒྲུབ་པ་མཛད་པའི་གནས་ཡིན་པའི་བཤད་རྒྱུན་ཞིག་འདུག་ལ། དེང་སྐབས་དེར་ཧིན་དྷུའི་ལྷ་ཁང་ཆུང་ངུ་ཞིག་ཡོད་པའི་མདུན་ནས་ཆུ་མིག་ཆེན་པོ་ཞིག་བརྡོལ་ཏེ་གནས་སྐོར་བ་རྣམས་ཆུ་རྩེད་བྱེད་སའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཡོད་པར་བརྟེན་ད་ཆ་བྷག་སུ་ཞེས་པའི་ལུང་ཆུང་དེ་ངྷརྨ་ཤཱ་ལཱའི་སྤྲོ་འཁྱམ་འགྲོ་ཡུལ་གལ་ཆེན་ཞིག་ཏུ་གྱུར་ཏེ་ཉིན་ལྟར་ཡུལ་ལུང་གང་ས་ནས་ཕེབས་པའི་ཡུལ་སྐོར་སྤྲོ་འཁྱམ་པའི་རླངས་འཁོར་བརྒྱ་ཕྲག་མང་པོས་འཚང་ཁ་བྱེད་བཞིན་ཡོད། སྔོན་ཆད་གྲུབ་ཆེན་ཏེ་ལོ་བ་དང་ནཱ་རོ་བ་རྣམ་གཉིས་ཡུལ་འདིར་ཡུན་རིང་བཞུགས་པའི་གསུང་རྒྱུན་ཡོད་པ་བཞིན་ངྷརྨ་ཤཱ་ལཱ་ནས་ཀི་ལོ་མི་ཊར༼༣༥༽ཙམ་གྱི་མཚམས་སུ་གྲུབ་ཆེན་ཏེ་ལོ་བའི་སྒྲུབ་ཕུག་དངོས་སུ་མཇལ་རྒྱུ་ཡོད། ངྷརྨ་ཤཱ་ལཱའི་ཉེ་འགྲམ་གྱི་ལྷོ་ནུབ་མཚམས་སུ་ཀང་ར་རྫོང་ཡོད་ཅིང་། ཀངྒ་ར་རྫོང་ཆགས་ཡུལ་དེ་ནི་དཔལ་འཁོར་ལོ་སྡོམ་པའི་གནས་ཡུལ་ཉེར་བཞིའི་ནང་ཚན་ཛ་ལན་ངྷ་ར་ཡིན་པར་གྲགས་ཀྱང་དེང་སྐབས་རྫོང་གི་ཐོད་དུ་ཧིན་དྷུའི་ལྷ་ཁང་ཞིག་གི་རྣམ་པ་ལས་གཞན་མི་མངོན། རྫོང་དེའི་ཉེ་འདབས་རང་དུ་ཀངྒ་ར་རྒྱལ་པོ་ཞེས་སྔོན་དུས་རབས་བཅུ་གཅིག་གི་མགོ་སྟོད་དེ་ཕྱི་ལོ་ ༡༠༩ ཙམ་བཙན་ཁང་གསར་རྒྱགས་བྱས་པ་ནས་་སྟོབས་འབྱོར་མངའ་ཐང་ཧ་ཅང་ཆེ་བའི་རྒྱལ་པོ་ཞིག་བྱུང་བའི་མཁར་ཤུལ་ཡོད་པ་མ་ཟད། རྒྱལ་པོ་དེའི་རིགས་རྒྱུད་ཕྱི་མ་སྟེ་ཀངྒ་ར་རྒྱལ་སྲས་སོགས་ཀྱི་ཁྱིམ་རྒྱུད་ཆེན་པོ་ཞིག་ད་ལྟ་ཡང་ཡོད་པ་མ་ཟད། རྒྱལ་རྒྱུད་དེ་དག་ལ་ཁུལ་དེའི་ས་གནས་མི་མང་གིས་དམིགས་བསལ་བརྩི་འཇོག་དང་ཆེ་བཀུར་ཞུ་བཞིན་ཡོད་པས་སྔོན་ཆད་ཀང་ར་རྒྱལ་བོ་དང་རྒྱལ་སྲས་རྣམས་ཀྱིས་རྒྱལ་སྲིད་ལེགས་པར་བསྐྱངས་པའི་མཛད་རྗེས་གང་འཚམས་ཡོད་པ་ཕལ་ཆེར་བཤད་ཐུབ།

 

ངྷརྨ་ཤཱ་ལཱ་ནས་ཤར་ཕྱོགས་སུ་ཀི་ལོ་མི་ཊར་བརྒྱ་ཙམ་སོང་མཚམས་ན་ཟ་ཧོར་རྒྱལ་བོའི་རྒྱལ་ས་མན་རྡེ་ཞེས་པ་ཡོད་ལ། དེ་ནས་རི་རྩེའི་ཕྱོགས་སུ་ཀི་ལོ་མི་ཌར་བཅོ་ལྔ་ཙམ་གྱི་སར་བོད་གངས་ཅན་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ་བའི་ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་ཀྱི་སྒྲུབ་གནས་བྱིན་ཅན་དང་། ཟ་ཧོར་རྒྱལ་བོས་གསོན་བསྲེག་མཛད་པའི་ཚེ། །འབྱུང་བ་མེ་ཡིས་མ་ཚིག་གྲུབ་རྟགས་བསྟན། །ཞེས་པ་བཞིན་མཚོ་པདྨ་ཞེས་ཡོངས་སུ་གྲགས་པའི་གནས་མཆོག་དེ་ཉིད་ད་ལྟ་ཡང་གསལ་ལེར་མཇལ་ཐུབ།

 

ཀངྒ་ར་རྫོང་ནི་ཧི་མ་ཅལ་མངའ་སྡེའི་ཁོངས་སུ་ཡོད་ཅིང་ཧི་མ་ཅལ་མངའ་སྡེ་ལ་ཕྱི་ལ་ོ ༢༠༡༡ ལོར་མི་འབོར་ཞིབ་བཤེར་བསྡོམས་ཐོ་དྲ་ལམ་དུ་སྤེལ་གསལ་ལྟར་ན་མི་གྲངས་ ༦༨༥༦༥༠༩ ཡོད་ལ། ཀངྒ་ར་རྫོང་ཁོངས་སམ་ངྷརྨ་ཤཱ་ལཱའི་ཁྱབ་ཁོངས་སུ་རྒྱུན་སྡོད་བོད་རིགས་ཉིས་ཁྲི་ལྷག་ཡོད་ཅིང་། ཕྱི་ལོ་ ༢༠༠༡ ལོའི་མི་འབོར་གྲངས་རྩིས་ལྟར་ན་ཀངྒ་ར་རྫོང་ཁོངས་སུ་ཡུལ་མི་༡༣༣༩༠༣༠ ཡོད་པའི་ནང་བུད་མེད་གྲངས་ ༦༦༢༥༥༤ དང་། སྐྱེས་པ་གྲངས་ ༦༧༧༧༧༦ ཡོད་པའི་ཁོངས་ནས་ངྷརྨ་ཤཱ་ལཱ་རང་དུ་ཡུལ་མི་ ༡༩༡༢༤ ཡོད་པར་འཁོད།

 

ཡུལ་མིའི་འཚོ་རྟེན་གཙོ་བོ་ཚོང་ལས་ཡིན་པ་དང་ཞིང་འབྲོག་གི་འཚོ་བར་བརྟེན་མཁན་ཡང་མི་ཉུང་བ་ཞིག་ཡོད། བོད་རིགས་ཚོའི་ཁོངས་ནས་གཞུང་གི་ལས་བྱེད་ཕུད་དེ་མིན་བོད་མི་ཕལ་མོ་ཆེའི་འཚོ་རྟེན་ནི་མགྲོན་ཁང་དང་ཟ་ཁང་། དེང་གི་དྲ་རྒྱ་དང་ཁ་པར། འགྲུམ་འགྲུལ་དང་ཡིག་པར་ཁང་སོགས་ཁེ་ལས་རིགས་བདག་གཉེར་བྱེད་བཞིན་ཡོད་ལ། ད་དུང་གཏན་འཇགས་ཚོང་ཁང་བརྒྱ་ཕྲག་དང་གཏན་འཇགས་མིན་པའི་ཚོང་ལས་ཆུང་ངུ་གཉེར་མཁན་བརྒྱད་ཅུ་ལྷག་ཡོད་པ་བཅས་ངྷརྨ་ཤཱ་ལཱའི་ངོ་སྤྲོད་མདོ་ཙམ་མོ།།

 

 

བརྗིད་ཆགས་གངས་དང་ནགས་རིས་ཡོངས་བརྒྱན་པའི།།

ཆོས་ཀྱི་མགྲོན་ས་ཞེས་པའི་གནས་མཆོག་དེ།།

གངས་ཅན་མགོན་པོའི་མཛད་འཕྲིན་རྒྱས་པའི་ས།།

ཆོས་སྲིད་ལེགས་བྱས་སྟོང་གི་བསྟི་གནས་ལགས།།
ཞེས་བར་སྐབས་ཀྱི་ཚིག་གིས་མཚམས་བཅད་དེ་ངལ་གསོ་པའོ།། །།

 


མཐའ་མའི་འདོན་ཐེངས་།: 16.04.2016 ཉིན། 11:05 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།