སྨན་རྩིས་དྲ་བ། - སྨན་རྩིས་འདོན་ཆོག

གནམ་ཆོས་ལས་སྨན་བླ་ཞང་བློན་གྱི་སྒྲུབ་ཐབས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 04.07.2024
སྨན་རྩིས་འདོན་ཆོག >>

 



༄༅།། གནམ་ཆོས་ལས༔ སྨན་བླ་ཞང་བློན་གཉིས་ཀྱི་སྒྲུབ་ཐབས་བསྡུས་པ་བཞུགས་སོ༔

འདི་ལ་མཆོད་པའི་རྟེན་སོགས་མི་དགོས༔ མཆོད་པ་ཡིད་ཀྱིས་སྤྲུལ་ནས་མཆོད༔ ཆོས་སྤྱོད་ལྟར་འདོན་ཆོག༔ ན་མོ། དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྐྱབས་གནས་རྣམས་ལ་སྐྱབས་སུ་མཆི༔ འགྲོ་ཀུན་སངས་རྒྱས་ལ་འགོད་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ཀ་དག་ཀློང་ནས་སྤྲུལ་པ་ཡི༔ གནམ་ས་གང་བ་མཆོད་པའི་སྤྲིན༔ སྨན་གཏོར་རཀྟ་ལྷ་མོར་བཅས༔ ཟད་མེད་གྱུར་ཅིག་པཱུ་ཙ་ཧོ༔ དེ་ནས་སྐད་ཅིག་དྲན་རྫོགས་ནི༔ རང་ཉིད་སྨན་བླ་སྐུ་མདོག་སྔོ༔ ཞལ་གཅིག་ཕྱག་གཡོན་ལྷུང་བཟེད་འཛིན༔ ཕྱག་གཡས་མཆོག་སྦྱིན་ཨ་རུ་ར༔ ཆོས་གོས་རྣམ་གསུམ་སྐུ་ལ་གསོལ༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ རང་གི་སྤྱི་བོར་དེ་བཞིན་གཤེགས༔ ཆོས་བསྒྲགས་རྒྱ་མཚོའི་སྐུ་མདོག་དཀར༔ ཞལ་གཅིག་ཕྱག་གཉིས་གཡས་པ་ཡིས༔ སྐྱབས་སྦྱིན་གཡོན་པས་མཉམ་བཞག་མཛད༔ ཞབས་གཉིས་རྡོ་རྗེ་དཀྱིལ་ཀྲུང་བཞུགས༔ ཆོས་གོས་རྣམ་གསུམ་སྐུ་ལ་གསོལ༔ པདྨ་ཟླ་བའི་གདན་ལ་བཞུགས༔ བདག་བསྐྱེད་ཡིན༔ མདུན་བསྐྱེད་ལ༔ སྟོང་གསུམ་འདི་ལྟ་ན་སྡུག་གི་ཕོ་བྲང་དུ་གྱུར་པའི་ནང་མདུན་གྱི་ནམ་མཁར་སྨན་བླ་སྐུ་མདོག་བཻཌཱུརྱ་ལྟ་བུ་འོད་ཟེར་འཕྲོས་པའི་སྐུ་ཅན༔ ཆོས་གོས་གསུམ་གྱིས་བཀླུབས་པ༔ ཕྱག་གཡས་མཆོག་སྦྱིན་ཨ་རུ་ར༔ གཡོན་ལྷུང་བཟེད་བསྣམས་པ༔ དྲང་སྲོང་དང་སྨན་གྱི་ལྷ་ཚོགས་ཀྱིས་བསྐོར་བའི༔ བདག་མདུན་གྱི་གནས་གསུམ་དུ་ཨོཾ་ཨཱཿཧཱུཾ་གསུམ་ལས་འོད་ཟེར་འཕྲོས༔ ཡེ་ཤེས་པ་སྤྱན་དྲངས་གཉིས་སུ་མེད་པར་གྱུར༔  ཧཱུྃ༔ བདེ་གཤེགས་སྨན་བླའི་ལྷ་ཚོགས་མ་ལུས་རྣམས༔ གནས་འདིར་སྤྱན་འདྲེན་བྱིན་ཆེན་དབབ་དུ་གསོལ༔ སྐལ་ལྡན་དད་ལྡན་བདག་ལ་དབང་མཆོག་སྐུར༔ ལོག་འདྲེན་ཚེ་ཡི་བར་ཆད་བསལ་དུ་གསོལ༔  ཨོཾ་བཛྲ་ཨ་ཝེ་ཤ་ཡ་ཨཱཿ བཛྲ་ས་མཱ་ཡ་ཛ་ཛ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ ཨ་ཏི་པུ་ཧོ༔  ཧཱུྃ༔ བཅོམ་ལྡན་སྨན་བླའི་ལྷ་ཚོགས་ལ༔ བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན༔ མཆོད་པ་འབུལ་ལོ་ཐུགས་དམ་བསྐང༔ ཧཱུྃ༔  སྐུ་མདོག་བཻཌཱུརྱ་ཡི་རི་བོ་འདྲ༔ འགྲོ་བ་སེམས་ཅན་ནད་ཀྱི་སྡུག་བསྔལ་སེལ༔ བྱང་ཆུབ་སེམས་དཔའ་བརྒྱད་ཀྱི་འཁོར་གྱིས་བསྐོར༔ རིན་ཆེན་སྨན་འཛིན་ལྷ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ བཅོམ་ལྡན་སྨན་བླ་འཁོར་བཅས་ལ༔ འཁོར་བའི་ཉོན་མོངས་དབང་གྱུར་པའི༔ མི་ཤེས་ཐུགས་དང་འགལ་གྱུར་པ༔ མཐོལ་ལོ་བཤགས་སོ་ས་མཱ་ཡ༔ དེ་ནས་བདག་མདུན་གཉིས་ཀའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུཾ་མཐིང་ལས་སྔགས་ཕྲེང་གཡས་སུ་འཁོར་བ་ལས་འོད་ཟེར་ཁ་དོག་སྣ་ཚོགས་འཕྲོས་པས་ཤར་ཕྱོགས་བཻཌཱུརྱ་སྣང་གི་ཞིང་ཁམས་ནས་སངས་རྒྱས་སྨན་བླ་ལ་ཕོག་པས་ཐུགས་རྗེ་བསྐུལ༔ དེ་ལས་སྨན་བླ་ཆེ་ཆུང་སྣ་ཚོགས་དང་༔  གསུང་སྔགས་ཕྲེང་༔ ཐུགས་ཨ་རུ་ར་དང་ལྷུང་བཟེད་བདུད་རྩིས་བཀང་བ་ཆར་བབས་པ་ལྟར་བྱོན་ནས་རང་ལ་ཐིམ་པར་བསམ༔ ཏདྱཐ༔ ཨོཾ་ བྷཻཥཛྱེ་ བྷཻཥཛྱེ་ མཧཱ་ བྷཻཥཛྱེ་ བྷཻཥཛྱེ་ རཛ་ སམུངྒཏེ་ སྭཱཧཱ༔ ཞེས་གཟུངས་དང༔ ཨོཾ་མཧཱ་བྷཻཥཛྱེ་སྭཱཧཱ༔ ཞེས་སྙིང་པོ་ཅི་ནུས་བཟླའོ༔ སྨན་བསྡུ་བའི་དུས་དེ་ལྟར་སྨན་བླ་མང་པོ་སྨན་ལ་ཐིམ་པར་བསམ༔ གོང་གི་སྔགས་མཇུག་ཏུ་ནད་མེད་པར་བྱེད་པའི་ནོར་བུ་བཟང་པོའི་རྟོགས་པའམ༔ རྟོགས་པ་ནས་གསུངས་པའི་སྔགས་འདི་བཏགས་ལ་སྨན་རབ་གནས་ཀྱི་ཚུལ་དུ་སྔགས་ན་ཕན་ཐོགས་ཆེའོ༔ ཨོཾ༔ ཀྵ་པ་ཡ་ཀྵ་པ་མི་ཀྵ་སྭཱཧཱ༔ རིམས་ནད་ལ་སྐྲག་ན་གོང་གི་སྨན་བླའི་སྔགས་ལ་རིམས་ནད་ཐམས་ཅད་མེད་པར་བྱེད་པའི་སྔགས་འདི་བཏགས་ལ་བཟླ༔ རིམས་སྨན་ལ་སྔགས་ན་ཕན་ཡོན་ཆེའོ༔ ཨོཾ་ཕཊ་ཕཊ་ཧཱུཾ་སྭཱཧཱ༔ ནད་འགོས་དོགས་ན་གོང་གི་སྔགས་མཇུག་ཏུ་འགོ་བའི་ནད་ཐམས་ཅད་མེད་པར་བྱེད་པའི་སྔགས་འདི་བཏགས་ལ་བཟླའོ༔ ཨོཾ་ཀྵི་ཀྵ་སྭཱཧཱ༔ དེ་ལྟར་སྔགས་གསུམ་པོ་རྒྱུད་འབུམ་ནས་གསུངས༔ ཡང་སྐབས་སུ་རང་གི་སྤྱི་བོར་བདེ་གཤེགས་ཆོས་བསྒྲགས་རྒྱ་མཚོའི་དབྱངས་ལ་དད་འདུན་རྩེ་གཅིག་པར༔ དེ་བཞིན་གཤེགས་པ་ཆོས་བསྒྲགས་རྒྱ་མཚོའི་དབྱངས་ལ་ཕྱག་འཚལ་ལོ༔ ཞེས་ཅི་ནུས་བཟླས་པའི་བསྙེན་པའོ༔  དེ་ནས་དེའི་ལས་ཚོགས་ནིཿ ཨཱཿཀི་ཧ་ནི་ཨ་ཡཻ་སྭཱཧཱ༔ མང་དུ་བཟླས་ན་ཁ་མཆུ་ཞི༔  ཨོཾ་ལ་མི་ཧ་ན་ཨ་ཀི་ཧཱུཾ་ཕཊ༔ མང་དུ་བཟླས་པས་དགྲ་མི་འོང་༔ ཨོཾ་བུ་ཧི་ཀྐ་ཏི་ཏ་ཧཱུྃ་ཕཊ༔ མང་དུ་བཟླས་ན་དུས་མིན་འཆི་བ་བཟློག༔   དེ་གསུམ་གནམ་ཆོས་སོ༔  ཐུན་མཇུག་ཏུ་མདུན་བསྐྱེད་སྨན་བླའི་སྨན་ཡིག་དང་སྨན་སྒྲོ་ལ་ཐིམ་པར་བསྒོམ༔ བདག་བསྐྱེད་བསྡུ་རིམ་སོགས་མི་དགོས༔ སེམས་ངོར་བཞག་པས་ཆོག༔ བདག་གི་ཡེ་ཤེས་པ་ནམ་ཡང་མི་གཤེགསཿ རྙིང་མ་རྫོགས་ཆེན་ལུགས་སོ༔ རྒྱུད་བཞིའི་བཀའ་སྲུང་ཞང་བློན་མཆོད་ཅིང་བསྙེན་ན་བདག་བསྐྱེད་མ་བསྡུས་གོང་དེར༔ རབ་གཏོར་མ་ཟུར་གསུམ་མར་རྒྱན་རིན་པོ་ཆེའི་དབྱིབས་ཅན་ཤ་གཙང་མས་བརྒྱན་པ༔ མེད་ན་ཟངས་སྡེར་ནང་དུ་འབྲུ་སྣའམ༔ ཕྱེ་མར་རམ་ཤ་གཙང་མའམ མར་རམ་ཐུད་བྲན༔ མེད་ན་ཇ་ཕུད་བཤམ་ཡང་རུང་སྟེ༔  མཆོད་པ་གཅིག་ནི་ངེས་པར་དགོས༔ མདུན་དུ་རྡོ་རྗེ་བདུད་འདུལ་ནི༔ སྐུ་མདོག་ནག་པོ་ཞལ་གཅིག་པ༔ ཕྱག་གཉིས་སྐུ་ལ་བེར་ནག་གསོལ༔ གཡས་གཡོན་བེང་དང་ལྕགས་སར་བསྣམས༔ ཞབས་གཉིས་ཕྱེད་པའི་སྐྱིལ་མོས་བཞུགས༔ ཧཱུྃ༔ འོག་མིན་དུར་ཁྲོད་ཆེན་པོ་དང༔ རྩུབ་འགྱུར་ཚལ་དང་བསིལ་བའི་ཚལ༔ དུར་ཁྲོད་བརྒྱད་དང་ཉེར་བཞིའི་གནས༔ གཙུག་ལག་ཆོས་འཁོར་བཞུགས་གནས་ནས༔ ཞང་བློན་འཁོར་བཅས་སྤྱན་འདྲེན་ནོ༔ གཙོ་འཁོར་འཚམས་པའི་གདན་ལ་བཞུགས༔ ཕྱི་ནང་གསང་བའི་མཆོད་སྤྲིན་དང༔ རང་རང་མཐུན་པའི་རྫས་ཀྱིས་བསྐངས༔ སྨན་རག་གཏོར་མ་འབུལ་གྱིས་བཞེས༔ ཨོཾ་མ་ཧ་ཀ་ལ་ཙིཏྟ་ར་ག་ར་གེ་ཧཱུཾ་ཕཊ༔ ས་པ་རི་ཝ་ར་བ་ལིཾཏ་ཁ་ཧི་ཁ་ཧཱི༔  ཧཱུྃ༔  སྔོན་ཚེ་རྒྱལ་བའི་སྤྱན་སྔ་རུ༔ ཁས་བླངས་སངས་རྒྱས་བསྟན་པ་སྲུངས༔ མཐུ་སྟོབས་ནམ་མཁའི་མཐའ་དང་མཉམ༔ ཞང་བློན་འཁོར་བཅས་བདག་གིས་བསྟོད༔ དམ་རྫས་བརྒྱན་པའི་གཏོར་མ་བཞེས༔ ཕྲིན་ལས་རྣམ་བཞི་འགྲུབ་པ་དང༔ གང་བཅོལ་ལས་རྣམས་འགྲུབ་པར་མཛོད༔ ཅེས་གནམ་ཆོས་ཀྱི་ལས་བྱང་དང༔ རྒྱས་པར་འདོད་ན་སྔར་གྱི་བསྟོད་སྙིང་གིས་བསྟོད༔ ཧཱུྃ༔ གོས་སྔོན་འཆང་དང་ལག་ན་རྡོ་རྗེའི་སྲས༔(ཐུགས་སྲས་ཡིན་སྐུའི་མིན) གཏེར་བདག་བྱེ་བའི་ཅོད་པན་གྱིས་ ༄༅།། བཏུད་པ༔ ཞང་བློན་བན་ཆེན་རྡོ་རྗེ་བདུད་འདུལ་ཏེ༔     གནོད་སྦྱིན་ནག་པོ་ཁྲག་རལ་ཅན་ཞེས་བྱ༔ འཇིག་རྟེན་འཇིག་རྟེན་འདས་པའི་ལས་རྣམས་ཀུན༔ ཐོགས་མེད་སྒྲུབ་ལ་རྫུ་འཕྲུལ་མཛད་པའི་སྐུ༔ དུས་མཐའི་ཆར་སྤྲིན་འཁྲིགས་འདྲ་ཆེར་གནག་ཅིང༔ ཐུང་ཞིང་སྦོམ་ལ་ཡན་ལག་རགས་པ་ཅན༔ ཁྲོས་པའི་མིག་དམར་གཙིགས་ཞལ་གད་རྒྱངས་ཅན༔ སྨིན་མ་ཨག་ཚོམ་དམར་སེར་འབར་ལ་འཁྲུགས༔ སྒྲུབ་པའི་རེ་སྐོང་ཡིད་བཞིན་ནོར་བུ་དང༔ ལུས་ཅན་ནད་འཇོམས་བདུད་རྩི་བུམ་པ་འཛིན༔ པྲོག་ཞུ་རིན་ཆེན་རྒྱན་དང་ཟ་འོག་བེར༔ གསེར་སྐེད་སག་ལྷམ་གསོལ་ནས་དོར་སྟབས་ཀྱིས༔ སྲིན་མོ་རྡོ་རྗེ་ཀུན་འགྲུབ་མར་བཅས་ནས༔ ས་བདག་རྣམ་པར་བྱོན་ལ་ཕྱག་འཚལ་བསྟོད༔ དམ་རྫས་བརྒྱན་པའི་མཆོད་གཏོར་འདི་བཞེས་ལ༔ བདག་གི་འདོད་པའི་དོན་ཀུན་འགྲུབ་པར་མཛོད༔ ཅེས་བསྟོད་ནས༔  རང་སྨན་བླར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ རང་ཉིད་ཀྱི་མདུན་གྱི་མགོན་པོའི་ཐུགས་ཀར་ཉི་མའི་སྟེང་དུ་ཧཱུཾ་མཐིང་ནག་སྔགས་ཀྱིས་གཡས་སུ་བསྐོར་བ་ལ་ཕོག་པས༔ སྔགས་གཡས་སུ་དྲག་དུ་འཁོར་བས་ཐུགས་རྒྱུད་བསྐུལ༔ དེ་ལས་འོད་ཟེར་ཕྱོགས་བཅུརའཕྲོས་རང་བཞིན་གྱི་གནས་དང་བྱང་ཕྱོགས་ལྕང་ལོ་ཅན་ནས་ཞང་བློན་དཔག་ཏུ་མེད་པ་སྤྱན་དྲངས་ནས་མདུན་བསྐྱེད་ལ་ཐིམ་པར་བསྒོམ༔ སླར་རང་གི་ཞལ་ནས་འོད་ཟེར་འཕྲོས། ཞང་བློན་གྱི་ཞལ་དུ་ཞུགས་པས་མཆོད་པར་གྱུར་ནས་ཐུགས་མཉེས༔ ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་པས་ཐུགས་རྒྱུད་བསྐུལ༔ དེ་ལས་འོད་ཟེར་ཕྱོགས་ཐམས་ཅད་དུ་འཕྲོས་པས་འཇིག་རྟེན་ཁམས་ཀྱི་དངོས་གྲུབ་ཐམས་ཅད་དང་༔ ལྷ་སྲིན་སྡེ་བརྒྱད་ཀྱི་མཐུ་སྟོབས་ནུས་པ་ཐམས་ཅད་འོད་ཟེར་ཁ་དོག་སྣ་ཚོགས་ཀྱི་རྣམ་པར་ཞང་བློན་ལ་ཐིམ༔ ཞང་བློན་གྱི་བྱིན་རླབས་དངོས་གྲུབ་མཐུ་སྟོབས་ཐམས་ཅད་འོད་ལྔའི་རྣམ་པར་ཐུགས་ཀ་ནས་ཚུར་བྱུང༔ རང་ལ་ཐིམ་པས་མཐུ་སྟོབས་གཟི་བརྗིད་རྒྱས་པར་བསྒོམ༔ བཟླས་པ་ནིཿ ཨོཾ་མཧཱ་ཀལ་ཙིཏྟ་ར་ག་ར་གེ་ཧཱུྃ་ཕཊ༔ ཅེས་པ་གནམ་ཆོས་ལུགས་ཀྱི་སྙིང་པོ་དང༔ ཨོཾབཛྲ་རཏྣ་ཙིཏྟ་ར་གཱ་ཏུ་གེ་ཧཱུྃ་ཕཊཿ སྭཱཧཱ༔ ཤནྟིཾ་ཀུརུཡེ་སྭཱཧཱཿ ཞེས་བཀའ་མའི་ལུགས་ཏེ་སྔགས་གང་འདོད་ལ་བསྙེན་པ་ཅི་ནུས་བྱའོ༔ མཚམས་ཡིན་ན་ལས་བྱང་ཐུན་བཞིར་བྱའོ༔ དེ་ནས་ལས་སྦྱོར་གང་འདོད་བྱ་བ་ནི༔ ཞང་བློན་སྐད་ཅིག་གིས་སྐུ་མདོག་སེར་པོ་གསེར་བཙོ་མ་ལྟ་བུར་གྱུར་ཅིང་སྐུ་ལ་རིན་ཆེན་སྣ་ཚོགས་ཀྱིས་བརྒྱན་པའི་ཐུགས་ཀ་ནས་འོད་ཟེར་སེར་པོ་འཕྲོས་པས༔ འཇིག་རྟེན་གྱི་བསོད་ནམས་ལོངས་སྤྱོད་དངོས་གྲུབ་ཐམས་ཅད་བསྡུས་ནས་བདག་ལ་བསྟིམ་ཞིང་༔ འོད་ཟེར་གྱི་སྣ་ལ་རིན་ཆེན་སྣ་ཚོགས་ཆར་སི་ལི་ལི་བབས་པར་བསྒོམ་ལ༔ ཨོཾ་མ་ཧཱ་ཀ་ལ་རཏྣ་སིདྔྷི་ཧཱུྃ༔ པཱུ་ཥྚིཾ་ཀུ་རུ་ཡེ་སྭཱ་ཧཱཿ ཞེས་བཟླས། གཏོར་མ་མང་དུ་བྱས་པས་ནོར་སྒྲུབ་ལོངས་སྤྱོད་དང་ནོར་འཕེལ་ལོ༔ ཚོང་ལེགས་འདོད་ན་འདོད་གསོལ་བྱ་ཞིང་གཏོར་མ་ཕུལ་ནས༔ ཨོཾ་མཧཱ་ཀལ་ཨ་ཏི་ཧ་ཧ་ཏི་ཧཱུྃ་ཕཊ༔ ཅེས་མང་དུ་བཟླས་པས་ཚོང་ལེགས་སོ༔ ཡང་སྐུ་མདོག་དམར་པོ་བྱུ་རུ་ལྟར་གྱུར་པ་ལས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟར་གྱུར་པས་སྣང་སྲིད་དབང་དུ་འདུས་པར་བསྒོམ༔ འདོད་གསོལ་བྱ་ཞིང་གཏོར་མ་འབུལ༔ ཨོཾ་མ་ཧཱ་ཀ་ལ་ལོ་ཀ་པ་ཤཾ་ཀུ་རུ་སྭཱ་ཧཱ༔ ཞེས་བཟླས་པས་དབང་དུ་འདུས་སོ༔ བསད་ལས་འདུག་པ་ཉེས་པར་འགྲོ་དོགས་པས་མ་བྲིས་སོ༔ སྡིག་ཀུན་བཤགས་སོགས། བསྔོ་སྨོན་རྒྱས་གདབ༔ ཅེས་ཨ་རཱ་གས་མཛད་པའོ།། བཀྲ་ཤིས་པར་ཤོག།  །།



 


མཐའ་མའི་འདོན་ཐེངས་།: 04.07.2024 ཉིན། 2:26 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།