སྨན་རྩིས་དྲ་བ། - ཆེད་རྩོམ།

གདོད་མའི་སྙན་བརྒྱུད་ཀྱི་བོད་སྨན།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 24.05.2018
ཆེད་རྩོམ། >>


གདོད་མའི་སྙན་བརྒྱུད་ཀྱི་བོད་སྨན།

- དབོན་པོ་རྡོ་རྗེ་དགྲ་འདུལ།

སྙན་བརྒྱུད་ཀྱོ་བོད་སྨན་ཞེས་པ་ནི་རང་འབྱུང་ཁམས་ལ་འཐབ་རྩོད་ལུ་གུ་རྒྱུད་བྱས་པ་ལས་བརྙེད་པའི་ནད་གསོ་ཐབས་ཀྱི་གདམས་ངག་རྣམས་ཡི་གེའི་གཟུགས་མ་བྱུང་བར་དུ་ངག་ནས་ངག་དང་སྙན་ནས་སྙན་དུ་བརྒྱུད་པའི་གདམས་ངག་གི་ཕུང་པོ་དེ་དག་ལ་སྙན་བརྒྱུད་ཀྱི་བོད་སྨན་ཟེར་བ་ཡིན། དེ་ལ་འདིར་དང་པོ་སྙན་བརྒྱུད་ཀྱི་བོད་སྨན་བྱུང་རིམ་དང་། གཉིས་པ་སྙན་བརྒྱུད་ཀྱི་བཅོས་ཐབས་རིག་པ་རྣམས་ཚུལ་ཇི་ལྟར་རྙེད་ཚུལ། གསུམ་པ་སྙན་བརྒྱུད་ཀྱི་དུས་སུ་བརྙེད་པའི་བཅོས་ཐབས་རིག་པ། བཞི་པ་སྙན་བརྒྱུད་བཅོས་ཐབས་རིག་པའི་རྣམ་པ། ལྔ་པ་སྙན་བརྒྱུད་ཀྱི་བཅོས་ཐབས་བར་མ་ཆད་པར་མི་ཐོག་རིམ་པར་བརྒྱུད་ཚུལ་བཅས་ས་བཅད་རྣམ་པ་ལྔ་ཡི་སྒོ་ནས་བསྟན་པར་བྱ་ཞིང་།

སྙན་བརྒྱུད་ཀྱི་བོད་སྨན་བྱུང་རིམ་ནི།

སྙན་བརྒྱུད་ཀྱི་སྨན་ནི་ནད་བྱུང་མ་ཐག་ཏུ་འགོ་ཚུགས་པ་ཞིག་ཡིན། སྤྱིར་ནད་ལ་ལུས་ཀྱི་ནད་དང་སེམས་ཀྱི་ནད་གཉིས་ཡོད་ཅིང་། ནད་དེ་དག་གི་བྱུང་རིམ་རགས་པ་གསུམ་དུ་དབྱེ་ཆོག་པ་ཡིན་ཏེ། དེ་ཡང་དང་པོ་སེམས་ཀྱི་ནད་དུ་གཏོགས་པ་རྣམས་ནི་བདག་འཛིན་མ་རིག་པ་དང་དེས་བསྐྱེད་པའི་དུག་གསུམ་ལ་སོགས་པ་འཁོར་བར་འཆིང་བྱེད་ཀྱི་ཉོན་མོངས་མཐའ་དག་ཡིན་ཞིང་། དེས་ན་ནད་འདི་དག་ནི་ཐོག་མ་མེད་པ་ནས་ལུས་དང་གྲིབ་མ་བཞིན་དུ་ཡོད་པ་ཡིན་ལ། འཕྲལ་གྱི་སེམས་སྨྱོ་བ་ལ་སོགས་པའང་དེར་གཏོགས་ཤིང་། གཉིས་པ་གང་ཟག་སྒེར་སོ་སོའི་ལུས་ཀྱི་ནད་ནི་ལུས་གྲུབ་པའི་ཉིན་དང་པོ་དེ་ནས་ནད་ཀྱི་བརྒྱུད་རིམ་འགོ་ཚུགས་པ་ཡིན། གསུམ་པ་འཛམ་གླིང་ཧྲིལ་པོར་ནི་ནད་དང་སྨན་རྣམས་སྣོད་བཅུད་ཆགས་ནས་དུས་ཡུན་རིང་པོ་ཞིག་གི་རྗེས་ལ་བྱུང་བ་མ་ཡིན་པར་ལོ་རྒྱུས་སྨྲ་བ་པོ་མཁས་པ་རྣམས་ཀྱིས་ས་ཡི་གོ་ལར་སེམས་ཅན་དང་ན་ཚ་གཉིས་དུས་མཉམ་དུ་བྱུང་ཟེར་བ་ལྟར་སྣོད་བཅུད་ཀྱི་སེམས་ཅན་ཆགས་མ་ཐག་པ་ནས་ནད་དང་སྨན་བྱུང་བ་ཡིན་ཞིང་། དེ་ཡང་གསལ་རིག་གི་ཤེས་པ་དང་བཅས་པའི་འབྱུང་རྫས་འདུས་པའི་སྲོག་ཆགས་རྣམས་བྱུང་བ་དང་འབྱུང་བ་དེ་དག་མ་སྙོམས་པར་འཕེལ་ཟད་འཁྲུགས་པས་ནད་རྣམས་བྱུང་བ་རེད། ནད་བྱུང་མ་ཐག་ནད་དེ་དག་བཟློག་པའི་ཐབས་མང་དུ་སྤྱད་པ་ལས་སྨན་དཔྱད་ཀྱི་རིག་པ་ཡང་རྙེད་པ་རེད། དེས་ན་སྨན་གྱི་རིག་པ་མཐའ་དག་གི་རྩ་བའི་བྱུང་ཚུལ་དང་དམིགས་ཡུལ་གཅིག་ཡིན་ཞིང་། འོན་ཀྱང་མི་རིགས་སོ་སོའི་གནས་སའི་ཡུལ་ལུང་གི་འཁོར་ཡུག་གནས་བབས་དང་གནམ་གཤིས་ཚ་གྲང་དང་ཟས་སྤྱོད་གོམས་གཤིས་སོགས་མི་འདྲ་བའི་ཤུགས་རྐྱེན་ལས་བྱུང་བའི་སྲོལ་རྒྱུན་སྨན་གྱི་ལུགས་སྲོལ་མི་འདྲ་བ་མང་པོ་ཞིག་བྱུང་བ་དེང་འཛམ་གླིང་འདིར་དངོས་སུ་མཐོང་དང་མཐོང་བཞིན་པ་དེ་ལྟར་རེད། དེ་དག་ཀྱང་སྔར་གདོད་མའི་དུས་ primitive age སུ་མི་རྣམས་ས་གནས་གཅིག་ནས་གཅིག་ཏུ་རྒྱུ་འགྲུལ་བྱེད་པའི་སྐབས་དང་ཕྱིས་ཆོས་རྒྱལ་རིམ་བྱོན་གྱི་སྐབས་སོགས་སུ་བྱུང་བའི་ཆོས་ཤེས་ཚོང་འགྲུལ་སོགས་ཀྱིས་འབྲེལ་བའི་དབང་གིས་ཆོས་དང་རིག་གཞུང་གོམས་སྲོལ་སྤེལ་རེས་ཆེས་མང་པོ་བྱུང་ཡོད་པར་བརྟེན་ལྟ་གྲུབ་དང་ལག་ལེན་ཕན་ཚུན་ལ་འབྲེལ་བ་གཏིང་ཟབ་ཡོད་པར་མ་ཟད། ཕལ་ཆེ་བར་སྲོལ་རྒྱུན་ཕྱི་མ་རྣམས་སྔ་མ་སྔ་མའི་ལྟ་གྲུབ་དང་ལག་ལེན་སྲོལ་རྒྱུན་ལས་བྱུང་བ་དེ་དེ་བྱུང་གི་འབྲེལ་བའང་ཡོད་པ་ཡིན།

སྤྱིར་བདག་འཛིན་མ་རིག་པ་དང་དུག་གསུམ་སོགས་ཉོན་མོང་གིས་བསྐུལ་བའི་སྒོ་གསུམ་གྱི་ལས་ངན་རྒྱུན་ཆགས་སུ་གསོག་པ་དང་། ལས་བསགས་པ་རྐྱེན་གྱིས་སད་ནས་འཁོར་བའི་རིགས་དྲུག་ཏུ་ལས་བཟང་ངན་ལ་གཞིགས་ཏེ་ལུས་བཟང་ངན་སྣ་ཚོགས་ཤིག་ལེན་པ་དང་། ལས་ཉོན་གྱི་རྒྱུས་ལུས་རྟེན་ཞིག་བླངས་ཕྱིན་ནད་ཀྱིས་མནར་རྒྱུ་ཡིནཔ་ཆོས་ཉིད་ཡིན། དེས་ན་འཛིམ་གླིང་འདིར་མིའི་འགྲོ་བ་ཆགས་པ་ནས་བཟུང་ནད་ཀྱིས་མནར་བ་དེ་དག་ལས་གྲོལ་ཐབས་ཀྱི་ཐབས་ཤེས་འདྲ་མིན་སྤྱད་པ་ལ་བརྟེན་ནས་ནད་འགོག་ཐབས་ཀྱི་རིག་པ་སྣ་ཚོགས་ཤིག་དུས་དེ་སྙེད་ནས་བརྙེད་ཡོད་ཅིང་། རང་རང་གི་གནས་སའི་ཡུལ་ལུང་གི་གནམ་གཤིས་ཚ་གྲང་དང་། ས་ཆའི་མཐོ་དམན། འཚོ་བ་སྐྱེལ་སྟངས། ཟས་སྤྱོད། གོམས་གཤིས། ཁོར་ཡུག་གི་གནས་སྟངས་སོགས་ལ་གཞིགས་པའི་ནད་ལ་འཐབ་རྩོད་སྣ་ཚོགས་བྱས་པར་ནད་བཅོས་ཐབས་ལམ་འདྲ་མིན་ཤེས་རྟོགས་དང་གསར་གཏོད་བྱུང་བ་དང་། བཅོས་ཐབས་དེ་དག་ཡི་གའི་གཟུགས་མ་བྱུང་བར་དུ་སྙན་ནས་སྙན་དུ་བརྒྱུད་པ་ལས་གཞུང་ལུགས་ཀྱི་རྣམ་པར་དེབ་དང་པོད་སོགས་ཀྱི་གཟུགས་སུ་བཀོད་པ་མེད་ཀྱང་རིམ་པས་ཡི་གེའི་གཟུགས་བྱུང་མཚམས་བསྡུ་བསྒྲིགས་བྱས་ནས་གཞུང་ལུགས་རྣམས་བྱུང་བ་ཡིན། དེས་ན་མི་ཡི་འགྲོ་བ་བྱུང་བ་ནས་བཟུང་རང་འབྱུང་ཁམས་ལ་འཐབ་རྩོད་རིམ་པར་བྱས་པའི་བརྒྱུད་རིམ་ནང་བརྙེད་པའི་གདམས་ངག་གི་ཕུང་པོ་སྙན་ནས་སྙན་དུ་བརྒྱུད་པའི་སྙན་བརྒྱུད་ཀྱི་གདམས་པ་བྱུང་བའི་འགོ་ཚུགས་པ་རེད། སྙན་བརྒྱུད་ཀྱི་བཅོས་ཐབས་རིག་པ་རྣམས་ནི་གསོ་བ་རིག་པའི་གཞུང་ལུགས་ཀྱི་རྨང་གཞི་ཆགས་ཡོད། རིག་པ་དེ་དག་རིམ་པས་ཞིབ་ཚགས་དང་ཡར་རྒྱས་ཀྱི་རྣམ་པ་ཇེ་ཆེར་གྱུར་ནས་མཐར་ད་ལྟའི་གསོ་བ་རིག་པའི་གནས་སྟངས་བར་དུ་གྱུར་བ་རེད།

སྙན་བརྒྱུད་ཀྱི་བཅོས་ཐབས་རིག་པ་རྙེད་ཚུལ་ནི།

སྙན་བརྒྱུད་ཀྱི་གདམས་པ་དེ་དག་ཚུལ་ཇི་ལྟར་རྙེད་པའི་ཚུལ་ལ་ཡང་། དང་པོ་ཟས་སྤྱོད་མྱོང་གོམས་ལས་རྙེད་ཚུལ་དང་། གཉིས་པ་བཅད་འབྱོར་གྱི་རིག་པ་ལས་རྙེད་ཚུལ། གསུམ་པ་རྨི་ལམ་བརྟག་པ་ལས་རྙེད་ཚུལ། བཞི་པ་མོ་པྲ་བརྟག་པ་ལས་རྙེད་ཚུལ། ལྔ་པ་ཉམས་རྟོགས་ལས་འཁྲུངས་པ་བཅས་ས་བཅས་ལྔ་ཡི་སྒོ་ནས་འཆད་པར་འདོད།

ཟས་སྤྱོད་མྱོང་གོམས་ལས་རྙེད་ཚུལ་ནི། འཁོར་བ་འདིར་ལུས་རྟེན་ཞིག་བླངས་ཕྱིན་ཆད་ལུས་དེ་བླངས་མ་ཐག་ནས་ལུས་དེ་འཚོ་བར་བྱེད་པའི་ཟས་སྐོམ་བསྟེན་དགོས་པ་ནི་བརྗོད་མ་དགོས་པ་ཞིག་ཡིན་ཞིང་། དེས་ན་ཡེ་གདོད་མའི་དུས་སུ་ཤ་ལ་སོགས་པ་ཟས་ཐམས་ཅད་རྗེན་པར་སྤྱོད་པ་དང་། གོས་སུ་ཤིང་ལོ་གྱོན་ནས་རི་དྭགས་ལྟར་འཚོ་སྡོད་དགོས་པའི་གནས་སྐབས་སུ་གྲང་ལྷགས་གངས་ཆར་སོགས་འབྱུང་བའི་གནོད་འཚེ་འདྲ་མིན་ལ་བརྟེན་ནས་རིག་བྱེད་པས་ནད་ལ་སྔ་བ་མ་ཞུ་ཟེར་བ་ལྟར་ནད་སྣ་ཚོགས་ཤིག་བྱུང་ཡོད་ངེས་ཤིང་། ནད་དེ་དག་ལ་འཐབ་རྩོད་བྱས་པའི་བརྒྱུད་རིམ་ནང་ལུས་ལ་མི་འཕྲིད་པའི་ཟས་སྤྱོད་འགའ་རེས་ལུས་ཀྱི་འབྱུང་བ་འཁྲུགས་ནས་ནད་བསྐྱེད་པ་དང་། ཡང་ཟས་སྤྱོད་འགའ་རེས་ཕན་པ་སོགས་ཕན་གནོད་དང་འབྲེལ་བའི་ཚོར་བ་བདེ་སྡུག་དང་ཕན་གནོད་ཀྱི་རིག་པ་མང་པོ་ཞིག་རིམ་པས་ཟས་སྤྱོད་བསྟེན་པའི་བརྒྱུད་རིམ་ལས་རྙེད་པ་དང་། ཡང་ན་བའི་ཚེ་ཉེས་པ་གང་འཁྲུགས་པའི་མི་མཐུན་ཕྱོགས་ལ་རང་བཞིན་གྱིས་སྲེད་པ་སྐྱེད་པ་དཔེར་ན་ལུས་ལ་ཚ་བའི་ཁམས་འཕེལ་བའི་ཚེ་བསིལ་བའི་ཟས་སྤྱོད་ཡིད་ལ་འདོད་པ་སོགས་མི་མཐུན་པའི་ཕྱོགས་འདོད་ཅིང་དོན་དུ་གཉེར་བ་རང་བཞིན་གྱིས་འབྱུང་བ་ནི་དངོས་པོའི་ཆོས་ཉིད་ཡིན་ཞིང་། དེ་ལྟ་བུའི་ཆོས་ཉིད་ཀྱི་རིག་པ་དག་ལས་ཀྱང་སྐྱེས་དངོས་ཀྱི་ཁམས་ལ་ཡོད་པའི་ཕན་གནོད་ཀྱི་ནུས་པ་ཤེས་ཚོར་བྱུང་ཡོད་རེད། དུག་ཡོད་ན་སྨན་ཡོད་ཅེས་ཕན་པ་ལ་སྨན་དང་གནོད་པ་ལ་དུག་གི་ཐ་སྙད་རྣམས་ཀྱང་རིམ་པས་བྱུང་ཞིང་དེ་ལ་གཞིགས་པའི་ཟས་སྤྱོད་སྤང་བླང་བྱ་རྒྱུའི་ཁ་རྒྱུན་གདམས་ངག་རྣམས་རིམ་པས་རྙེད་པ་རེད།

བཅད་འབྱོར་གྱི་རིག་པ་ལས་རྙེད་ཚུལ་ནི། ཡང་དུས་དེ་སྙེད་ནས་བོད་ཀྱི་ཡུལ་མི་སྤྱི་དང་ཁྱད་པར་དུ་ཡུལ་ཕྲན་ཕན་ཚུན་འཐབ་རྩོད་རྒོལ་འཛིང་བྱེད་སྲོལ་མང་པོ་དར་བས་བརྡབ་ཆག་རྨས་སྐྱོན་མང་པོ་ཡོང་གི་ཡོད་པ་དང་། བརྡབ་ཆག་རྨས་སྐྱོན་དེ་དག་གྲོལ་བའི་ཐབས་ལམ་ནང་སེམས་ཅན་རྨས་པའི་རིགས་སོགས་ལ་ཉམས་ཞིབ་ཀྱིས་ཆག་པ་འབྱོར་ཞིང་བཅད་པ་སོས་པར་བྱེད་པའི་བཅད་འབྱོར་ཉི་ཤུ་ལ་སོགས་པའི་བཅོས་ཐབས་རིག་པ་མང་པོ་ཞིག་སེམས་ཅན་བརྒྱུད་ནས་བརྙེད་པ་བྱུང་ཡོད། དེ་ཡང་ལོ་རྒྱུས་ལྟར་ན་དྲང་སྲོང་རྣམས་ཀྱིས་བྱ་ཡི་སྒོ་ང་ལ་སོལ་བའི་རི་མོ་སོགས་བྲིས་ནས་བཞག་པས་བྱ་མོ་ཨ་མ་དེ་དག་ཡོང་ནས་རྨ་བཟོས་པར་བསམས་ཏེ་རི་མོ་དེ་ལ་སྔོ་འགའ་ཞིག་སྦྱར་ནས་བཞག་པ་མཐོང་ཞིང་། སྦྱར་བའི་སྔོ་དེ་དག་གིས་རྨལ་ཕན་གྱི་ཡོད་པ་ཤེས་རྟོགས་བྱུང་ནས་སྔོ་དེ་དག་རྨ་བཅོས་ལ་བེད་སྤྱོད་པའི་ལུགས་སྲོལ་དར་ཞིང་། དེ་ལ་སོགས་པ་སེམས་ཅན་གྱི་ལས་དང་རྣམ་དཔྱོད་བརྒྱུད་ནས་བཅོས་ཐབས་ཀྱི་རིག་པ་མང་པོ་ཞིག་རྙེད་ཡོད། དེ་དང་དེ་ཡི་དུས་ཀྱི་ཁོར་ཡུག་གི་གོམས་གཤིས་གནས་སྟངས་སོགས་ལ་བརྟེན་ནས་རྒྱུད་བཞི་ལ་སོགས་པ་རྒྱ་བོད་སྨན་གཞུང་རྣམས་སུ་རྨ་གསོའི་བཅོས་ཐབས་དེ་དག་ཤིན་ཏུ་རྒྱས་པོ་ཡོད་པ་དང་བཅད་འབྱོར་དེ་དག་བོད་སྨན་ནང་ད་ལྟ་ཡང་ལག་ལེན་བྱེད་ཀྱི་ཡོད། ཕལ་ཆེར་རྒྱུད་བཞིའི་ནང་དོན་དྲུག་ཆ་གཅིག་ཙམ་ནི་རྨ་ཡི་བཅོས་ཐབས་སྐོར་ལ་གསུངས་ཡོད། གཞན་ཡང་སྔར་གྱི་སྨན་གཞུང་རྙིང་པ་མང་པོ་ཞིག་ཏུ་རྨ་བཅོས་སྐོར་ལ་རྒྱས་བཤད་གནང་ཡོད་པ་ལས་ཤེས་རྟོགས་ཐུབ་ངེས་ཡིན། བཅད་འབྱོར་གྱི་རིག་པའི་འགྲོས་འདི་རྒྱ་གར་གྱི་དྲང་སྲིང་ཚོར་ཡང་བཤད་སྲོལ་ཡོད་པ་ཐོས་ཀྱང་ཡོངས་གྲགས་ཆེ་བ་ནི་མ་ཡིན།


རྨི་ལམ་བརྟག་པ་ལས་རྙེད་ཚུལ་ནི། གཞན་ཡང་རྨི་ལམ་བརྟག་པ་སོགས་ཀྱི་སྒོ་ནས་ནད་ངོས་འཛིན་དང་། གསོ་ཐབས་ཀྱི་རིག་པ་མང་པོ་ཞིག་རྙེད་སོན་བྱུང་ཡོད། དེ་ཡང་རྨི་ལམ་དུ་མཐོང་བ་འགའ་ཞིག་འབྲས་བུ་མངོན་སུམ་བྱུང་བའི་དངོས་མྱོང་བརྒྱུད་རིམ་མང་པོ་རིམ་གསོག་གིས་རྨི་ལམ་བརྟག་པ་ལ་བརྟེན་ནས་ནད་འབྱུང་བའི་སྔ་ལྟས་རྒྱུ་རྐྱེན་དང་། ངོས་འཛིན་བརྟག་ཐབས། ནད་བཅོས་ཐབས་མང་པོ་ཞིག་རྙེད་ཐུབ་པ་བྱུང་ཡོད། ཡི་གེའི་གཟུགས་བྱུང་ཟིན་རྗེས་སུ་རྨི་ལམ་གྱི་བརྟག་པ་དེ་དག་བསྡུ་སྒྲིག་གནང་བའི་གཞུང་ལུགས་མང་པོ་ཡོད།

མོ་པྲ་བརྟག་པ་ལས་རྙེད་ཚུལ་ནི། གདོད་མའི་འགྲོ་བ་རྣམས་ལ་རྐྱེན་ངན་གོད་ཆགས་བྱུང་དུས་དེའི་རྒྱུ་རྐྱེན་ལ་བརྟག་པས་ལྷ་ཀླུ་འབྱུང་པོ་མི་མ་ཡིན་ལ་སོགས་པའི་གདོན་གྱིས་བྱས་པར་དོགས་ནས་ལྷ་ཀླུ་དང་ཉི་ཟླ་ཆུ་རི་བྲག་རྩ་ཤིང་སོགས་ལ་གསོལ་མཆོད་བྱ་བའི་སྲོལ་དར། ཕྲན་བུ་ཡར་རྒྱས་སུ་གྱུར་ནས་སྤྱི་ཚོགས་ཀྱི་རྣམ་པ་དང་ཞིང་འབྲོག་སོགས་ཀྱི་འཚོ་རྟེན་ལ་བརྟེན་པའི་སྐབས་རིམ་གྱིས་ནད་ཀྱི་རྒྱུ་རྐྱེན་དང་འཚོ་འཆི་བཅོས་ཐབས་བཟང་ངན་གྱི་ལྟས་ཤེས་བྱེད་ཀྱི་རིག་པ་མང་པོ་ཞིག་མོ་པྲ་ལས་བརྙེད་པ་བྱུང་ཡོད། དེ་ཡང་ཐག་མོ་དང་། འཇུ་ཐིགས། ཤོ་མོ། སོག་མོ། ཕྲེང་མོ་སོགས་ལ་བརྟེན་ནས་བཟང་ངན་དང་ནད་ལྕི་ཡང་འཚོ་འཆི་སྤང་བླང་བརྟག་ཐབས་ཀྱི་རིམ་པ་མང་པོ་ཞིག་བརྙེད་ཡོད་པ་རེད། དེ་ལྟ་བུའི་རིག་པ་རྣམས་ལས་ཕྲེང་མོ་དང་ཤོ་མོ་ཐོག་མོ་སོག་མོ་རྣམས་ད་ལྟའང་ལག་བསྟར་བྱེད་བཞིན་པ་དངོས་དུ་མཐོང་རྒྱུ་ཡོད།


ཉམས་རྟོགས་ལས་འཁྲུངས་ཚུལ་ནི། ཉམས་རྟོགས་ཏིང་འཛིན་མཐོན་པོ་ཡོད་པའི་སྐྱེས་ཆེན་རྣམས་ཀྱིས་གཟིགས་སྣང་དངོས་ཉམས་རྨི་ལམ་ཅི་རིགས་སུ་ཤར་བ་ལས་བརྙེད་པའི་བཅོས་ཐབས་ཀྱི་རིག་པ་མ་ཉུང་བ་ཞིག་ཀྱང་ཡོད་པ་ཡིན། ད་ལྟ་རྒྱུད་བཞི་ལ་སོགས་པའི་སྨན་གཞུང་རྙིང་པ་མང་པོའི་ནང་སོ་སོའི་སྐྱེ་བོས་རྟོགས་པར་མི་ནུས་པའི་ལྐོག་འགྱུར་གྱི་གནས་ཚུལ་མང་པོ་ཞིག་མངོན་སུམ་རྗེན་པར་གཟིགས་ནས་གསུངས་པ་ཆེས་མང་པོ་ཞིག་ཡོད། དེ་བཞིན་འཁོར་ཡུག་གི་རི་བྲག་ཆུ་བོ་ལུ་མ་ལྗོན་ཤིང་སོགས་ལ་ལྷ་ཀླུ་མཐུ་ཆེན་མང་པོ་ཞིག་གནས་པ་དང་། དེ་དག་གིས་གནོད་པའི་ཚུལ་ལྐོག་འགྱུར་གྱི་གནས་ཚུལ་མང་པོ་ཞིག་ཀྱང་ཤེས་རྟོགས་ཐུབ་པ་བྱུང་ཞིང་། དེ་དག་བཟློག་པའི་ཐབས་ལམ་དུ་གྱུར་པའི་རིམ་གྲོ་དང་གཏོ་བཅོས་ལ་སོགས་པ་མང་པོ་ཞིག་ཀྱང་རིམ་གྱིས་རྙེད་ཐུབ་པ་བྱུང་བ་རེད།

སྙན་བརྒྱུད་ཀྱི་དུས་སུ་རྙེད་པའི་བཅོས་ཐབས་རིག་པ་ནི།

སྙན་བརྒྱུད་ཀྱི་དུས་སུ་བརྙེད་པའི་རིག་པ་ཆེས་མང་པོ་ཞིག་ཡོད་ཀྱང་ཐམས་ཅད་གསོན་པོར་གནས་ཐུབ་མེད་པ་ནི་གདོན་མི་ཟ་ཞིང་། དེ་ཡི་དུས་སུ་བརྙེད་པའི་བཅོས་ཐབས་ཀྱི་རིག་པ་ཆེ་ལོང་ཙམ་ཞིག་བརྗོད་ན། མེ་རྙེད་ནས་ཟས་རྣམས་བཙོ་བསྲེགས་བསྐོལ་བ་སོགས་བྱས་ཏེ་སྤྱོད་པ་དང་། ཆུ་བསྐོལ་ནས་བསྟེན་པས་མ་ཞུ་ཞི་བ། སེམས་ཅན་བཏུལ་ནས་འོ་མ་བཞོས་ནས་དཀྲོགས་པའི་མར་ཁུས་རྩ་ཁ་བསྡམ་པ། ཤ་ཁྲག་ཟས་སུ་སྤྱོད་པ་དང་གྲང་ལྷགས་ལས་སྐྱོབས་པའི་ཐབས་སུ་པགས་པ་གོས་སུ་གྱོན་པ། ཞིང་ལ་རྨོན་འདེབས་ནས་འབྲུ་རིགས་ལས་ཆང་བཟོས་ཏེ་ཆང་གི་སྦང་མའི་འབྱར་གྱིས་ཀྲང་པོ་འཇོམས་པ། དཔྱད་བྱེད་སྐབས་གཙང་སེལ་དང་སྦྲིད་བེམ་བཟོ་བའི་ཆེད་ཆང་སྤྱོད་པ། དུགས་རྒྱག་པ། ཚུ་ཚན་དུགས་པ། ལུམས་རྒྱག་པ། མེ་བཙའ་འཇོག་པ། ཁྲག་གཏར་པ། རུས་པས་རྣག་རྟོལ་བ་སོགས་ཀྱི་རིག་པ་མང་པོ་ཞིག་སྔ་རྗེས་སུ་རྙེད་ཐུབ་པ་བྱུང་ཡོད། དེ་དུས་སུ་རྙེད་པའི་བཅོས་ཐབས་རིག་པ་དེ་དག་རྒྱུད་བཞི་ལ་སོགས་པའི་གཞུང་རྣམས་སུ་འཁོད་ཡོད་པར་མ་ཟད་དེང་དུས་སུའང་ལག་ལེན་དུ་མི་ཉུང་བ་ཞིག་བཀོལ་སྤྱོད་བྱེད་ཀྱི་ཡོད།

སྙན་བརྒྱུད་ཀྱི་བཅོས་ཐབས་རིག་པ་རྣམ་པ་ནི།

དེ་ལྟ་བུའི་གོང་གསལ་སྙན་བརྒྱུད་ཀྱི་བཅོས་ཐབས་རིག་པ་རྣམས་ཡི་གེའི་གཟུགས་དང་གཞུང་ལུགས་གསར་གཏོད་མ་བྱུང་བར་དུ་ལྷ་ཀླུ་གསོལ་མཆོད་དང་། སྒྲུང་འདྲ་མིན། ལྡེའུ། གཏམ་དཔེ། གླུ་གཞས། ཁ་ཤགས་སོགས་སྤྱི་ཚོགས་ཀྱི་ཡུལ་སྲོལ་གོམས་གཤིས་འདྲ་མིན་གྱི་རྣམ་པར་བར་མ་ཆད་པར་རིམ་པར་བརྒྱུད་ཅིང་མ་ཉམས་པར་འགྲོ་བའི་སྲོག་འཚོའི་དཔལ་དུ་གསོན་གནས་ཐུབ་པ་བྱུང་བ་ཀུན་གྱིས་མཁྱེན་གསལ་ལྟར་ཡིན།

སྙན་བརྒྱུད་ཀྱི་བཅོས་ཐབས་ཇི་ལྟར་བརྒྱུད་ཚུལ།

དེ་ཡང་སྙན་བརྒྱུད་ཀྱི་དུས་སུ་བརྙེད་པའི་གདམས་ངག་རྣམས་ལྷ་ཀླུ་གསོལ་མཆོད་དང་། སྒྲུང་། ལྡེའུ། བོན། གཏམ་དཔེ། གླུ་གཞན། ཁ་ཤགས་སོགས་ཀྱི་སྒོ་ནས་ཕ་མ་དང་རྒན་རབས་རྣམས་ཀྱི་བུ་བརྒྱུད་དང་གཞོན་པ་རྣམས་ལ་ལམ་སྟོན་གྱི་ཚུལ་དུ་གཅིག་ནས་གཅིག་ལ་བར་མ་ཆད་པར་སྙན་ནས་སྙན་དུ་བརྒྱུད་དེ་ཁ་རྒྱུན་དུ་ཆགས་པ་རྣམས་ནི་གདོད་མའི་སྙན་བརྒྱུད་ཀྱི་བོད་སྨན་ཞེས་བོད་ཀྱི་གསོ་བ་རིག་པའི་གཞི་རྩ་ཡིན་ཞིང་། ཁ་རྒྱུན་དུའང་ཕྲུ་གུའི་ལྟོ་ཚོད་ཕ་མས་བྱེད། ཕ་མའི་ལྟོ་ཚོད་སེམས་ཀྱིས་བྱེད་ཅེས་གསུངས་སྲོལ་ཡོད་པ་ལྟར་གཞོན་པ་དང་ཕྲུ་གུར་སྤང་བླང་ལམ་སྟོན་བྱེད་མཁན་གྱི་སྨན་པ་ཐོག་མ་ནི་ཕ་མ་རྒན་རབས་རྣམས་ཆགས་ཡོད་ཅིང་། དེ་དག་ལས་བུ་ཕྲུག་གཞོན་པ་རྣམས་ཀྱིས་སྦྱངས་ཏེ་ཉམས་མྱོང་གི་མན་ངག་ལམ་སྟོན་རྣམས་བར་མ་ཆད་པར་གནས་པ་རེད། དེ་ལ་ཡང་བར་མ་ཆད་པར་བརྒྱུད་པའི་མུ་ཕྲེང་དང་ཁ་རྒྱུན་ཐོར་བུ་བ་བཅས་རིགས་གཉིས་སུ་དབྱེ་བའི་ལུགས་ཀྱང་ཡོད། དེ་ལྟར་རིམ་པར་བརྒྱུད་པའི་ཁ་རྒྱུན་གྱི་མན་ངག་རྣམས་སྣོད་བཅུད་ཆགས་པ་ནས་མཐར་ཡི་གེའི་སྲོལ་གསར་གཏོད་མ་བྱུང་བར་ལོ་སྟོང་ཕྲག་མང་པོའི་རིང་གནས་ཤིང་དེ་ནས་བསྡུ་བསྒྲིགས་བྱས་ཏེ་རིམ་པས་གཞུང་ལུགས་སུ་གྱུར་པ་ཞིག་ཡིན།།


- དབོན་པོ་རྡོ་རྗེ་དགྲ་འདུལ་མཆོག་གིས་རྩོམ་སྒྲིག་བྱས་པའི་དེབ་ ''བོད་ཀྱི་གསོ་བ་རིག་པའི་བྱུང་རབས་ལོ་རྒྱུས་གཟུར་གནས་མཁས་པ་དགྱེས་པའི་མཆོད་སྤྲིན་དེབ་ཐེར་ཀུན་གསལ་ཚངས་ཐིག་ཅེས་བྱ་བ།། དེབ་ཕྲེང་དང་པོ།"  ཞེས་པ་ནས་ཟུར་འདོན་ཞུས། 


མཐའ་མའི་འདོན་ཐེངས་།: 24.05.2018 ཉིན། 3:23 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།