སྨན་རྩིས་དྲ་བ། - དྲི་མེད་ཤེལ་ཕྲེང་།

གཉིས་པ། གླེང་བསླང་བ་རྣམ་པར་དབྱེ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 15.06.2015
དྲི་མེད་ཤེལ་ཕྲེང་། >>

 

 

གཉིས་པ། གླེང་བསླང་བ་རྣམ་པར་དབྱེ་བ།

 

གཉིས་པ་གླེང་བསླང་བ་རྣམ་པར་དབྱེ་བ་ལ། ནུས་པ་རྣམ་པར་དབྱེ་བ་དང༌། སྡེ་ཚན་སྡོམ་དུ་བཀོད་པ་གཉིས་སོ།།

༡། ནུས་པ་རྣམ་པར་དབྱེ་བ།

དང་པོ་ནི། སྨན་གྱི་ནུས་པ་ལའང་འབྱུང་བའི་ནུས་པ་དང༌། ངོ་བོའི་ནུས་པ་གཉིས་ཡོད་པས།

དང་པོ་འབྱུང་བའི་ནུས་པ་ལ་དགོངས་ནས། རྒྱུད་ལས། རོ་སྡེབས་ནུས་སྡེབས་ཞུ་རྗེས་སྦྱར་ཏེ་སྡེབས་ཞེས་གསུངས་པས། འབྱུང་བ་ལྔས་བསྐྱེད་པའི་རོ་དྲུག་དང༌། ཞུ་རྗེས་གསུམ་དང༌། ནུས་པ་བརྒྱད། ཡོན་ཏན་བཅུ་བདུན་ངོས་བཟུང་དགོས་པས་ན། སྐྱེས་ཚད་མཐོང་ཚད་སྨན་དུ་མ་འཁོལ་ན། །ནུས་ལྡན་དཀོན་པས་བཙལ་དུ་ག་ལ་རྙེད། །ཅེས་པ་ལྟར། མཐོང་ཚད་སྨན་དུ་སྦྱར་བཏུབ་པ་གཞིར་བཅས། དེ་བས་ས་སྟེང་སྨན་མིན་ཅི་ཡང་ཡོད་མ་ཡིན། །གསུངས་བཞིན་གང་མཐོང་ཚད་བཏུ་བ་དང་སྦྱར་བས་ཆོག་ཅིང༌། དེ་བྱེད་པ་ལ་རོ་རྐྱང་པ་དང་ལྡན་འདུས་ཚོགས་པ་སོགས་ནང་ཚན་དབྱེ་བ་བཞི་ཁྲི་དྲུག་སྟོང་དྲུག་བརྒྱ་ང་དྲུག་གི་རྡེའུ་འགྲེམས་ལ་བྱང་ཆུབ་པ་ཞིག་དགོས་པས། དེའི་གསལ་ཁ་རྡེའུ་འགྲེམས་ཁོ་བོས་ལོགས་སུ་བྱས་པར་གོམས་པར་བགྱིས་ཚེ་སྔ་རབས་རྣམས་ཀྱིས་ངོས་བཟུང་བ་དང་མིང་གདགས་པ་དག་ལ་ལྟོས་མི་དགོས་པར། གསར་མཐོང་རྣམས་ཀྱང་རོའི་སྒོ་ནས་ནུས་པ་ངོས་གཟུང་ལ། འདི་ནི་རོ་འདིའོ། །འབྱུང་བ་འདིས་བསྐྱེད་དོ། །ཞུ་རྗེས་འདིའོ། །ནུས་པ་འདིའོ། །ཡོན་ཏན་འདི་ལྡན་ནོ། །ཉེས་པ་འདི་སེལ་ལོ། །འདི་བསྐྱེད་དོ། །ཞེས་བརྗོད་ལ་མིང་ཡང་དབྱིབས་དང་བྱེད་ལས་སོགས་ལ་དཔགས་ནས་གསར་དུ་འདོགས་པར་བྱ་སྟེ། སྔ་རབས་དག་གིས་དེ་ལྟར་མཛད་ནས་མིང་གདགས་པ་ཡིན་ལ། མིང་ནི་མི་ནོར་བའི་ཆེད་དུ་ངེས་པར་དགོས་ཏེ། ལང་ཀར་གཤེགས་པ་ལས། མིང་དུ་གདགས་པར་མ་མཛད་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། དེ་བས་རྨོངས་པ་བསལ་བའི་ཕྱིར། །མགོན་པོས་མིང་དུ་གདགས་པར་མཛད། །གསུངས་པས། སྔོན་དུ་མིང་གྲགས་མ་གྲགས་ལ་ལྟོས་མི་དགོས་མོད། འོན་ཀྱང་ངོ་བོའི་ནུས་པ་དང་ཐ་དད་དོ།།

 

གཉིས་པ་ངོ་བོའི་ནུས་པ་ནི། རོ་འདྲ་ཡང་ཞུ་རྗེས་དང་ནུས་པ་མི་འདྲ་བ་དང༌། ནུས་པ་འདྲ་ཡང་བྱེད་ལས་མི་འདྲ་བ་དུ་མ་དག་བྱུང་བ་ནི། སྔོན་གྱི་སངས་རྒྱས་དང་དྲང་སྲོང་མངོན་པར་ཤེས་པའི་སྤྱན་མངའ་བ་རྣམས་མ་གཏོགས་མཁས་པ་གཞན་པའི་སྤྱོད་ཡུལ་མིན་ཏེ། བྱང་པ་རིགས་ལྡན་ཆེན་པོས། དེས་ན་རོ་ལས་གོ་ལྡོག་པའི། །ནུས་པས་ལས་ནི་བྱེད་པ་དང༌། །རོ་དང་མི་མཐུན་ཞུ་རྗེས་ལས། །བྱེད་པ་སོགས་ཀྱི་དངོས་སྟོབས་ནི། །མངོན་ཤེས་ལྡན་པས་བྱས་པ་ཡི། །གཞུང་ལས་གསལ་བར་མ་རྟོགས་པ། །རིག་པས་མི་ཆོད་མཁས་པས་གསུངས། །ཞེས་གསུངས་པའི་ཕྱིར། མངོན་ཤེས་ཅན་གྱིས་མཛད་པའི་གཞུང་དག་ཀྱང་ཕྱོགས་གཅིག་ཏུ་ཚང་བ་ནི་དཀོན། གཞུང་མང་པོ་ནི་རྙེད་པའི་གོ་སྐབས་དང་བཙལ་བའི་བརྩོན་པ་གཉིས་ཀས་ཕོངས་པ་རྣམས་ལ་འདི་ལྟར་ངོ་བོ་རྫས་རེ་རེའི་ནུས་པ་དང༌། དེའི་ངོས་འཛིན་མིང་བཅས་ཆེད་དུ་འགོད་བྱར་དམིགས་སོ། །

 

དེ་ལ་ངོ་བོའི་ནུས་པ་ལའང་ནང་ཚན་དུ་དབྱེ་ན། སྟོབས་ཀྱི་ནུས་པ་དང༌། རོ་དང་ཕྱོགས་མཐུན་གྱི་ནུས་པ་དང༌། དྲིའི་ནུས་པ་དང༌། གཉེན་པོའི་ནུས་པ་དང༌། རིགས་མཐུན་གྱི་ནུས་པ་དང༌། དབྱིབས་མཐུན་གྱི་ནུས་པ་དང༌། རྟེན་འབྲེལ་གྱི་ནུས་པ་དང༌། སྨོན་ལམ་གྱི་ནུས་པ་སྟེ་བརྒྱད་དུ་ཡོད་དེ།

 

དེའི་དང་པོ་སྟོབས་ཀྱི་ནུས་པ་ནི། རྒྱུད་ལས། གངས་ཅན་འབིགས་བྱེད་ཟླ་ཉིའི་སྟོབས་ལྡན་པས། །ཞེས་གསུངས་པས། གངས་ཅན་ཏེ་གངས་རི་རྫ་མཐོན་སྲིབ་ཕྱོགས་ཏེ། བསིལ་བའི་སར་སྐྱེས་པ་ནི་ཟླ་བའི་སྟོབས་དང་ལྡན་ཞེས་ཤིན་ཏུ་བསིལ་བས། གནས་དེར་སྐྱེས་པའི་བསིལ་སྨན་ནི་སྐྱེ་སར་སྐྱེས་པས་མཆོག་ཏུ་བཟང་ལ། གནས་དེའི་དྲོད་སྨན་ནི་གནས་མ་ཡིན་པར་སྐྱེས་པས་ནུས་པ་དམན་པས་བཏུ་བར་མི་བྱའོ། །འབིགས་བྱེད་དེ་ཉིན་ཕྱོགས་དང་ཚད་རོང་སོགས་དྲོ་སར་སྐྱེས་པ་ནི་ཉི་མའི་སྟོབས་དང་ལྡན་ཞེས་ཤིན་ཏུ་དྲོ་བས། གནས་དེར་སྐྱེས་པའི་དྲོད་སྨན་ནི་སྐྱེ་སར་སྐྱེས་པས་མཆོག་ཏུ་བཟང་ལ། གནས་དེའི་བསིལ་སྨན་ནི་གནས་མ་ཡིན་པར་སྐྱེས་པས་ནུས་པ་དམན་པར་འགྱུར་ཕྱིར་སྤང་བར་བྱའོ། །འདི་ནི་རྒྱུད་དང་མན་ངག་ཐམས་ཅད་ལས་ཡོན་ཏན་གྱི་སྙིང་པོ་ནུས་པའི་སྟོབས་སུ་བསྟན་པས་ཤིན་ཏུ་གལ་ཆེ་བའོ། །

གཉིས་པ་རོ་དང་ཕྱོགས་མཐུན་གྱི་ནུས་པ་ནི། འཆད་བྱ་དངོས་ཀྱི་རྐྱང་སེལ་འདི་ག་ཡིན་ཏེ་ངོ་བོའི་ནུས་པ་ཡིན་ཡང་རོ་དང་ཕྱོགས་མཐུན་པའོ།།

གསུམ་པ་དྲིའི་ནུས་པ་ནི། ག་བུར་དང༌། ཙན་དན་དཀར་པོ། ཤིང་ཀུན། ཁ་ཆེའི་གུར་གུམ། གླ་རྩི་སོགས་ཏེ་རྩི་སྨན་དྲི་དང་ལྡན་ཚེ་ནུས་པ་སྨན་དུ་འགྱུར་ལ། དྲི་མ་ཡལ་ནས་རོ་ཡོད་ཀྱང་སྨན་གྱི་ནུས་པ་མི་འབྱུང་བའོ།།

བཞི་པ་གཉེན་པོའི་ནུས་པ་ནི། རྨ་བྱའི་ཤ་དང་མཁྲིས་སྒྲོས་དུག་ལ་ཕན་པ་དང༌། ཕག་སྣས་གཉན་ལྷོག་ལ་ཕན་པ། སྲམ་གྱི་ཤ་ཚིལ་གྱིས་གྲེ་བར་ཉ་རུས་ཟུག་པ་ལ་ཕན་པ། ཆུ་བལ་དང་ཆུར་གནས་མཁྲིས་པས་མེས་ཚིག་ལ་ཕན་པ། གཟིག་དང་འབྲུག་གི་རུས་པས་ཁྱིའི་སོས་བཏབ་པའི་རྨ་ལ་ཕན་པ། གླ་རྩིས་སྦྲུལ་དུག་ལ་ཕན་པ། གཞན་ཡང་འབྱུང་པོའི་གདོན་ལ་གཉེན་པོ་སྐྲོད་པའི་རྫས་རིགས་ལྟ་བུའོ།།

ལྔ་པ་རིགས་མཐུན་གྱི་ནུས་པ་ནི། མགོ་གཟེར་ལ་ཐོད་རུས་དང༌། མིག་ལ་སྦྲུལ་མིག ལྕེ་སྐྲངས་ལ་སྤྱང་ལྕེ། སོ་གཟེར་ལ་སྟག་གཟིག་འབྲུག་གསུམ་གྱི་སོ། མགུལ་ལྦ་ལ་ལུག་གི་སྐེ་རྨེན། སྙིང་གཟེར་ལ་འབྲོང་དང་ནེ་ཙོ་རི་བོང་མི་གྲིར་ཤིའི་སྙིང༌། གློ་ནད་ལ་ཝ་དང་ཁུག་རྟ་རེའུ་ཞོ་འཐུང་གི་གློ་བ། མཆིན་དུག་ལ་བུ་མོ་སྟག་ལོ་བཅུ་གཉིས་ལོན་པ་གྲིར་ཤིའི་མཆིན་པ། མཁྲིས་ནད་ལ་མཁྲིས་པ་སྣ་ཚོགས་ཀྱིས་ཕན་པ་དང༌། མཁལ་ཚབ་ལ་ཐོང་ཚེར་མཁལ་མ། རྒྱུ་གཟེར་ལ་གཡི་དང་གྲུམ་པའི་རྒྱུ་མ་རྣམས་ཀྱིས་ཕན་པ་ལྟ་བུའོ།།

དྲུག་པ་དབྱིབས་མཐུན་གྱི་ནུས་པ་ནི། དབྱིབས་ནི། ཀླད་པ་ལ་རྡོ་ཀླད་དང༌། སྙིང་མཆིན་མཁལ་མཚེར་གྱི་ནད་ལ་ཞོ་ཤ་བཞི་པོ་སོ་སོས་ཕན་པ་ལྟ་བུ་དང༌། ཙན་དན་འབྲི་མོག་མཚལ་མཛོ་ཤིང་སྐག་སོགས་དམར་པོས་ཁྲག་དང༌། སྐྱེར་པ་སོགས་སེར་པོས་མཁྲིས་པར་ཕན་པ་ལྟ་བུའོ།།

བདུན་པ་རྟེན་འབྲེལ་གྱི་ནུས་པ་ནི། མི་ཐོག་གིས་བསད་པའི་རུས་པ་དང༌། རྒྱུ་གཟེར་གྱིས་ཤི་བའི་རུས་པས་རྒྱུ་གཟེར་ལ་ཕན་པ་དང༌། སྒོ་དབྱིབས་ཀྱིས་ལྦ་བ་དང་རྙིལ་ནད་ལ་ཕན་པ་དང༌། ཤར་ལྟའི་བྱི་སས་རྒྱུ་རྒན་ལ་ཕན་པ། རི་བོང་ཀླད་པ་དང་པད་རག་གིས་དམར་བཤལ་ལ་ཕན་པ། མགོ་ཆག་གི་རུས་པ་ཟུར་གསུམ་པས་མགོ་ཆག་ལ་ཕན་པ་ལྟ་བུ་རྣམས་སོ།།

བརྒྱད་པ་སྨོན་ལམ་གྱི་ནུས་པས་ཕན་པ་ནི། སྔོན་གྱི་སངས་རྒྱས་བྱང་སེམས་ལྷ་དང་དྲང་སྲོང་སོགས་ཀྱིས་འགྲོ་བའི་དོན་དུ་སྨོན་ལམ་བཏབ་པའི་མཐུ་ལས་འཁྲུངས་པ་དབང་པོ་རིལ་བུ་དང་ཀོ་ཋས་དུག་ལ་ཕན་པ་དང༌། ད་ལིས་དང་དབང་ལག་བཅུད་ལེན་དུ་སྨན་པ་སོགས་ཀྱིས་མཚོན་པའོ།།

 

༢། སྡེ་ཚན་སྡོམ་དུ་བཀོད་པ།

གཉིས་པ་སྡེ་ཚན་སྡོམ་དུ་བཀོད་པ་ལའང་རྣམ་པ་བཅུ་གསུམ་སྟེ། ངོ་བོའི་ནུས་པ་རྫས་རེ་རེའི་ནུས་པ་བཤད་པ་འདིར་ནི། རིན་པོ་ཆེའི་སྡེ་ཚན་དང༌། རྡོ་སྨན་གྱི་སྡེ་ཚན་དང༌། ས་སྨན་གྱི་སྡེ་ཚན་དང༌། རྩི་སྨན་གྱི་སྡེ་ཚན་དང༌། ཤིང་སྨན་གྱི་སྡེ་ཚན་དང༌། ལྡུམ་སྨན་གྱི་སྡེ་ཚན་དང༌། སྔོ་སྨན་གྱི་སྡེ་ཚན་དང༌། ལན་ཚྭའི་སྡེ་ཚན་དང༌། སྲོག་ཆགས་ལས་བྱུང་བའི་སྨན་སྡེ་དང༌། ལོ་ཏོག་ལས་བྱུང་བའི་སྨན་སྡེ་དང༌། ཆུའི་སྨན་དང༌། མེ་སྨན་དང་བསྡུས་པའི་སྡེའོ། དེ་ཡང་སྡེ་ཚན་དབྱེ་ལུགས་ཀྱང༌། བཤད་རྒྱུད་དུ། རིན་པོ་ཆེ་ཡི་སྨན་དང་ས་རྡོའི་སྨན། །ཤིང་སྨན་རྩི་སྨན་ཐང་སྨན་སྔོ་སྨན་དང༌། །སྲོག་ཆགས་སྨན་དང་དབྱེ་བ་བརྒྱད་དུ་བཤད། །ཅེས་ལན་ཚྭ་ས་སྨན་གྱི་ཁོངས་སུ་བསྟིམ་ལ་སྐབས་འདིར་ལོ་ཏོག་དང་མེ་ཆུ་མ་གསུངས་པའོ། །ནང་ཚན་ཀྱང༌། རིན་ཆེན་ས་རྡོ་རྣམས་ལ་རེ་རེ་དང༌། །ཤིང་སྨན་རྩ་བ་ལྡུམ་བུ་སྡོང་པོ་དང༌། །ཡལ་ག་རྐང་དང་ཤུན་པ་ཐང་ཆུ་དང༌། །ལོ་མ་མེ་ཏོག་འབྲས་བུ་བཅུ་རུ་འགྱུར། །ཞེས་བཅུ་དང༌། རྩི་སྨན་རྩྭ་ཤིང་སྲོག་ཆགས་ལས་བྱུང་བ། །ཞེས་རིགས་གསུམ་དང༌། ཐང་སྨན་རྩ་བ་ངར་པ་ལོ་མ་དང༌། །མེ་ཏོག་འབྲས་བུ་ལྔ་རུ་འགྱུར་བ་ཡིན། །ཞེས་དང༌། སྔོ་ལ་ནང་དབྱེ་མ་གནང་ཞིང༌། །དེ་དག་བཤད་པའི་སྐབས་སུ་ཡང༌། བསྲེ་དཀྲུགས་སྦས་ཐབས་སུ་མཛད་ལ། །སྲོག་ཆགས་ལས་བྱུང་རྭ་དང་རུས་པ་དང༌། །ཤ་ཁྲག་མཁྲིས་ཚིལ་ཀླད་པ་ལྤགས་སེན་སྤུ། །ཆུ་བྲུན་བུབ་རིལ་ལུས་དང་བཅུ་གསུམ་འགྱུར། །ཞེས་དང༌། རིན་ཆེན་སྤུངས་པ་ལས། རྩ་བ་བརྒྱད་ནི་ཤིང་སྔོ་ས་དང་རྡོ། །རིན་ཆེན་ཆུ་མེ་འབྲུ་དང་སྲོག་ཆགས་སོ། ཞེས་རྩ་བ་བརྒྱད་དང༌། ནང་དབྱེ་ནི། བྱེ་བའི་ཚུལ་ནི་ཤིང་གི་གསོ་བྱ་བརྒྱད། ཕ་ལ་པུཥྤེ་པཊ་ཀེ་སར། །ཙ་རྨ་མཱུ་ལ་རྐང་དང་ཐང་ཆུའོ། །ཞེས་འབྲས་བུ་མེ་ཏོག་ལོ་མ་གེ་སར་པགས་པ་རྩ་བ་རྐང་ཐང་ཆུ་བརྒྱད་དུ་དབྱེ་བ་དང༌། སྔོ་ནི་དབྱེ་བ་ལྔ་སྟེ་མཱུ་ལ་ལྡུམ།།  པ་ཏྲ་པུཥྤ་ཕ་ལས་གསོ་བའོ། །ཞེས་རྩ་སྡོང་ལོ་མེ་འབྲས་ལྔར་བཤད་པ་དང༌། ས་རྡོར་དབྱེ་བ་དྲུག་སྟེ་ཁ་དོག་དང༌། །རོ་དང་རེག་བྱ་ས་རྡོའི་གནད་ཀྱིས་སོ། །ཞེས་དང༌། རིན་པོ་ཆེ་ལ། རིན་ཆེན་གསོ་སྨན་དབྱེ་བ་ཉི་ཤུ་གསུམ། །རེ་རེར་གཙོ་ལྔའི་སྨན་དང་ཉེ་བ་ལྔ། །འཆོལ་པ་ལྔ་དང་ནོར་བུ་བརྒྱད་ཀྱིས་གསོ། །ཞེས་རིན་པོ་ཆེའི་རིགས་རང་གི་ངེས་པ་མེད་པ་སྦྱོར་བའི་སྡེ་བཅས་གསུངས་པ་དང༌། ཆུ་སྨན་དབྱེ་བའི་ཚུལ་ནི་བཅོ་ལྔར་གནས། །དུས་ཆུ་ཡུལ་ཆུ་ན་སོ་སྤྱོད་ལམ་ཆུ། །ནད་ཆུ་འབྱུང་བ་དྲི་དང་རོ་ཡི་ཆུ། །ནུས་པ་གཟུགས་བརྙན་བསྒྱུར་བའི་ཆུ་སྨན་ནོ། །ཞེས་དང༌། མེ་ཡི་སྨན་ནི་དབྱེ་བ་བཅུ་གཅིག་སྟེ། །ཡུལ་དུས་ན་སོ་སྤྱོད་ལམ་སྨན་གྱི་མེ། །ཟས་མེ་རྒྱུ་མེ་གྲོགས་མེ་ནད་ཀྱི་མེ། །འབྱུང་བའི་མེ་དང་སྤྱི་གསོ་མེ་སྨན་ནོ། །ཞེས་མེ་ཆུའི་དབྱེ་བ་གསོ་བྱ་གསོ་བྱེད་གཉིས་ཀའི་སྒོ་ནས་དང༌། འབྲུ་ཡི་རིགས་ཀྱི་སྨན་དང་བསྒྱུར་བའི་སྨན། །འབྲུ་ཡི་བཅུད་དང་ཚིགས་མས་གསོ་བའོ། ཞེས་རང་བྱུང་དང་བཅོས་པ་གཉིས་ཀྱི་སྒོ་ནས་བཤད་པ་དང༌། སྲོག་ཆགས་སྨན་ནི་དབྱེ་ཚུལ་བཅུ་དྲུག་གོ །སྤུ་དང་རྭ་དང་སོ་ལྕེ་རུས་པ་ཁྲག །ཤ་ཚིལ་རྐང་མར་ཀླད་པ་མཁྲིས་པ་དང༌། །བཤང་གཅི་གཟུགས་དང་དྲི་ལྤགས་སྒྲོས་གསོའོ། །ཞེས་སོ།། རྗེ་རང་བྱུང་རྡོ་རྗེས་སྨན་གྱི་ནུས་པ་རྒྱས་པར་བཤད་པ་ལས། རིན་ཆེན་རྡོ་དང་ཆུ་དང་ཤིང༌། །རྩི་དང་སྔོ་ལྡུམ་བྱེ་བྲག་དང༌། །སྲོག་ཆགས་ལས་བྱུང་ཤ་ལ་སོགས། །སོ་སོའི་ནུས་པ་བཤད་པར་བྱ། །ཞེས་རྩ་རིགས་བརྒྱད་དུ་མཛད་ལ་ནང་གསེས་དབྱེ་བར་མ་མཛད་མོད། དེ་ལ་སོགས་པ་དབྱེ་ཚུལ་མང་ཡང༌། འདིར་ནི་དེང་སང་རང་གཞན་གྱི་ལག་ཏུ་ལེན་ཚུལ་དང་མཐུན་པ་ཙམ་དུ་བསྡུས་ན་གོ་བ་གསལ་བར་མངོན་པས་དེ་བཞིན་བགྱིས་ལ། དེ་ཡང་རིན་པོ་ཆེ་ལ་མཆོག་གི་རིན་ཆེན་ནི། མཐར་ཐུག་གཏན་གྱི་དོན་ཆེན་བྱིན་རླབས་འབྱུང་བའི་གནས་དང༌། ཐུན་མོང་གི་རིན་ཆེན་ནི་གནས་སྐབས་ལུས་དང་ཚེ་ལ་ཕན་པའི་ཆེད་ཙམ་སྟེ། དེ་ཡང་མི་བཞུ་བའི་ཁམས་ནི་མེར་བསྲེགས་པས་མི་འཇུ་བ་གཡུ་བྱུར་ལྟ་བུ་སོགས་དང༌། བཞུ་བའི་ཁམས་ནི་མེར་བསྲེགས་ཚེ་འཇུ་བ་གསེར་དངུལ་ལྟ་བུའི་སྡེའོ། །དེ་བཞིན་རྡོ་ལ་བཞུ་བ་དངུལ་རྡོ་དང་ཟངས་རྡོ་ལྟ་བུ། མི་བཞུ་བ་སྦལ་རྒྱབ་རིགས་སོགས་ལྟར་རྡོ་བཞུ་རུ་མེད་པའོ། །ས་ལ་རང་བྱུང་བཙག་དང་སིནྡྷུ་ར་ལྟ་བུ་དང༌། བཅོས་པ་ལས་ཀྱིས་གཙང་བར་བྱས་པ་མུ་ཟི་ལྟ་བུའོ། །རྩི་ལ་རྒྱུད་དང་རང་བྱུང་རྡོ་རྗེའི་གསུང་སོགས་ལས་ས་བཅད་སྐབས་སྨོས་པ་ལས་མ་དབྱེས་ལ། རིན་ཆེན་སྤུངས་པར། ཤིང་སྔོ་ས་རྡོ་རིན་ཆེན་ཆུ་མེ་འབྲུ་སྲོག་ཆགས་རྣམས་ཀྱི་བཅུད་ཀྱི་མན་ངག་རིན་ཆེན་ཤེལ་བུམ་དུ་མང་བར་བཤད་ཀྱང་འདིར་ཤིང་སྔོ་སྲོག་ཆགས་རྡོ་བཞིའི་བཅུད་ཙམ་བསྟན་པ་དང༌། ཤིང་ལ་ཙན་དན་དཀར་དམར་ལྟ་བུའི་སྡོང་པོ་དང༌། ཨ་རུ་ར་ལ་སོགས་པའི་འབྲས་བུ། གེ་སར་དང་སེ་བའི་མེ་ཏོག་ལྟ་བུའི་པུ>a8་དང༌། སྤྱི་བཞུར་དང་ཤིང་ཚ་ལྟ་བུའི་པགས་པ། གུ་གུལ་དཀར་ནག་ལྟ་བུའི་ཐང་ཆུ། ཡལ་ག་སྟེ་སྡོང་པོ་ཆེར་མེད་པའི་ཡལ་ག་ལྕེ་མྱང་ཚ་དང་ཙི་ཏྲ་ཀ་བ་ལེ་ཀ་སོགས་ལྟ་བུའི་ཤིང་ཕྲན་ནོ། །རྒྱུད་དུ་རྩ་བ་གསུངས་ཀྱང་ལག་ཏུ་ལེན་བྱའི་སྐབས། སྦྱོར་བ་བརྒྱ་པར་སྐྱེར་རྩ་བཤད་ཀྱང་རྒྱུད་ཆེན་དུ། བྲ་མའི་རྩ་བ་ཙམ་མ་གཏོགས་དགོས་དམིགས་མེད་པས་སོ། །ཐང་ཞེས་པ་དང་ལྡུམ་བུ་ནི་དོན་གཅིག རྩ་བ་རྒྱས་ཤིང་ལོ་སྡོང་སོགས་ལོ་རེར་ཤིང་ལྟར་སྐྱེ་ཡང་དགུན་ནས་རྩ་བ་མ་གཏོགས་སྔོ་ལྟར་རྒས་ནས་ལོ་རེ་བཞིན་བརྗེ་བས་མ་ནུ་དང་ལྕུམ་ལྟ་བུའི་རིགས་ལ། རྒྱུད་ལས། ཐང་གི་གཙོ་བོ་ཏིག་ཏ་བ་ཤ་ཀ །གསུངས་པས་རྩ་བ་ཤིང་ལ་སྡོང་པོ་ལྡུམ་ལོ་མེ་སྔོའི་རང་བཞིན་ཅན་ཏིག་ཏ་བ་ཤ་ཀ་ཡུ་གུ་ཤིང་སོགས་ཀྱང་འདྲ་བར་མངོནཔའོ།། སྔོ་ནི་རྩ་བ་ཕྲ་བའི་རིགས་ཀྱི་རྩྭའི་རིགས་སོ། །དེ་ལའང་བཏུ་བའི་ཚེ་རྩ་བ་དང་ལོ་མ་དང་མེ་ཏོག་དང་འབྲས་བུ་སྟེ་བཞི་པོ་སོ་སོར་དགོས་རིགས་དང༌། རྩ་ལོ་མེ་འབྲས་བཞི་ཀ་དགོས་པ་དང༌། ལོ་སྡོང་མེ་འབྲས་བཞིའམ་སྡོང་པོ་དོར་བའི་གསུམ་བཏུ་རིགས་སོ། །ལན་ཚྭ་ལ་རང་བྱུང་སྭ་རྡོ་ཆུ་སོགས་ལས་ཆགས་པ་དང༌། དེར་ཡང་ཆུ་ལས་བྱུང་བ་དང༌། ས་རྡོ་ལས་བྱུང་བ་གཉིས། དེ་རིགས་སྦྱོར་བའི་ཆོ་གས་བཅོས་པ་དང་གསུམ་མོ། །སྲོག་ཆགས་ལ་དབྱེ་ན་མང་ཡང་སུམ་ཅུར་བསྡུས་པ་གོ་སླ་བ་དང༌། མེ་ཏོག་རྩ་ལོ་ཅན་དང༌། འབྲས་བུ་ཅན་གཉིས། འབྲས་བུ་ལ་སྙེ་མ་ཅན་དང་གང་བུ་ཅན་གཉིས་སུ་བྱེད་པར་ཚིག་འཁྲི་མི་འབྱུང་ལ། རྒྱུད་དུ་གྲ་མ་ཅན་དང་གང་བུ་ཅན་གསུངས་ཀྱང༌། ཚིག་འཁྲི་བགྱིས་ན་འབྲས་གྲ་མ་ཅན་དུ་གསུངས་ཀྱང༌། སྙེ་མ་ལས་གྲ་མ་དང་གང་བུ་གཉིས་ཀ་མེད་པའོ། །ཆུ་སྨན་ལ་བཏུང་རེག་གཉིས་དང༌། མེ་སྨན་ལ་མེ་དཔྱད་རེག་པ་དང་མེས་བསྲེགས་པའི་དྲེག་ཐལ་ཙམ་མོ། །གདུས་པ་ལ་མེས་གདུས་པ་དང་ཆུས་གདུས་པ་གཉིས་སོ།།  ཞེས་དྲི་མེད་ཤེལ་གྱི་ཕྲེང་བ་ལས་ཐོག་མར་དགེ་བ་ཀླད་ཀྱི་དོན་རྣམ་པར་དབྱེ་བའི་སྐབས་ཏེ་དང་པོའོ།། །།

མཐའ་མའི་འདོན་ཐེངས་།: 15.06.2015 ཉིན། 2:10 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།