གཉའ་ཁྲི་བཙན་པོ་ནས་རབ་བྱུང་དང་པོའི་བར་གྱི་ལོ་ཚིགས་ལ་དཔྱད་པ། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 16.07.2020 |
བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོ་ནས་རབ་བྱུང་དང་པོའི་བར་གྱི་ལོ་ཚིགས་ལ་དཔྱད་པ།
བསོད་ནམས་དོན་གྲུབ།
(བོད་ལྗོངས་ཞིབ་འཇུག)
དེང་སྐབས་འཛམ་གླིང་གི་ཡུལ་གྲུ་ཀུན་ཏུ་བོད་རིག་པར་ཞིབ་འཇུག་བྱེད་པའི་ཚ་རླབས་ཤིག་འཕྱུར་བཞིན་ཡོད་པ་དེ་ཉིད་ཀྱི་གལ་ཆེའི་ཁྱབ་ཁོངས་ལོ་རྒྱུས་རིག་པ་འདི་ལ་སྔོན་བྱོན་མཁས་པ་རྣམས་ཀྱིས་རྒྱལ་རབས་དང་། ཆོས་འབྱུང་། རྣམ་ཐར། དཀར་ཆག གནས་བཤད། བསྟན་རྩིས་ལ་སོགས་པ་སྣེ་མང་ཕུན་སུམ་ཚོགས་པའི་རྣམ་གྲངས་སྤྱད་ན་མཛད་མཐའ་མེད་པའི་ཆུ་གཏེར་ཞིག་དང་མཚུངས་པ་རང་རེར་འཇོག་གནང་མཛད་ཡོད་པ་རེད། འོན་ཀྱང་དེ་རྣམས་ཀྱི་ལོ་ཚིགས་ལ་བཞེད་སྲོལ་མི་འདྲ་བ་མང་ཞིང་། ལྷག་དོན་དུ་གཉའ་ཁྲི་བཙན་པོ་ནས་རབ་བྱུང་དང་པོའི་བར་གྱི་ལོ་ཚིགས་ལ་རྙོག་འཛིང་དེ་བས་ཆེ་བ་ནི། གཅིག་ནས་མཁས་པ་རྣམས་དམ་ཆོས་ཀྱི་དགོངས་དོན་འཆད་སྤེལ་གནང་རྒྱུ་གཙོ་བོར་བྱས་ནས་ལོ་ཚིགས་ལ་མཐོང་ཆེན་དེ་ཙམ་གནང་སྲོལ་མེད་པ་དང་། གཉིས་ནས་དཔྱད་གཞིའི་ཡིག་རིགས་དགོས་མཁོ་ལྟར་ཕྱག་ཏུ་སོན་རྒྱུར་ཆ་རྐྱེན་འཛོམས་མིན་གྱིས་རྐྱེན་པས་མིན་ནམ་སྙམ།
གཤམ་དུ་ཁོ་བོས་འཕྲུལ་གྱི་ལྷ་བཙན་པོ་འོ་དེ་སྤུ་རྒྱལ་ནས་རབ་བྱུང་དང་པོ་བར་གྱི་ལོ་ཚིགས་རྣམས་ཤར་མར་བསྒྲིགས་ཏེ་ས་དཔྱད་ལྔ་རུ་དབྱེ་ནས་གླེང་བར་བྱེད་པ་འདི་དག་ནི་གྲགས་ཅན་གྱི་རྒྱལ་རབས་ལོ་རྒྱུས་ཕལ་མོ་ཆེ་དང་། རྒྱའི་ཡིག་ཚང་འགའ་ཤས་བཅས་ཕན་ཚུན་བསྡུར་ཞིབ་ཀྱིས་ལོ་རྒྱུས་ལ་ཞིབ་པ་གལ་ཆེ་བའི་རྩ་དོན་གཞིར་བཟུང་གཟབ་ནན་བགྱིས་ཁུལ་ལགས་ཀྱང་མ་རྟོགས་པ་དང་ལོག་རྟོག་གི་འགལ་འཕྲུལ་ཅི་ཡང་ལྷགས་སྲིད་ན་དཔྱོད་ལྡན་རྣམས་ཀྱིས་དོགས་དཔྱོད་གནང་རྒྱུའི་རེ་བ་ཞུ།
དང་པོ། བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོའི་འཁྲུངས་ལོའི་སྐོར།
བཙན་པོ་འདི་ཉིད་ཀྱི་འཁྲུངས་ལོར་བཞེད་པ་མང་དུ་མཆིས་ཏེ། ཕུག་པ་དང་རྫ་དཔལ་སྤྲུལ་གྱིས་ཤིང་ཕོ་སྟག་(སྤྱི་ལོའི་སྔོན་ 127) ལོར་འཁྲུངས་པར་བཞེད་པ་དང་། འགྲོ་མགོན་ཆོས་རྒྱལ་འཕགས་པས་མེ་མོ་ལུག་(སྤྱི་འི་སྔོན་ 134) ལོར་བྱོན་པར་བཞེད། དཔའ་བོ་གཙུག་ལག་ཕྲེང་བས་མེ་ཕོ་སྟག་(སྤྱི་ལོའི་སྔོན་ 115) དང་། མེ་རྟ་(སྤྱི་ལོའི་སྔོན་ 195) ལོ་གསུང་ཚུལ་གཉིས་དང་། ས་ཆེན་གྲགས་པ་རྒྱན་གྱིས་ལྕགས་གླང་(སྤྱི་ལོའི་སྔོན་ 200) ལོར་འཁྲུངས་པར་བཞེད། བཻ་དཀར་དང་འཇམ་བཞད་བསྟན་རྩིས་བཀྲ་ཤིས་འཁྱིལ་གྱི་གདན་རབས་སུ་ཤིང་བྱི་(སྤྱི་ལོའི་སྔོན་ 237) ལོ་དང་། སུམ་པ་མཁན་པོས་ཤིང་བྱི་(སྤྱི་ལོའི་སྔོན་ 417) ལོར་འཁྲུངས་པར་བཞེད་པ། སྟག་ཚང་པ་དཔལ་འབྱོར་བཟང་པོས། ཆུ་ཁྱི་(སྤྱི་ལོའི་སྔོན་ 539) ལོར་བཙན་པོ་བྱོན་གསུངས་པ་བཅས་ཡིན། གང་ལྟར་འཁྲུངས་ལོ་བྱི་གླང་སྟག་གསུམ་ལ་འདོད་མཁན་མང་བ་ཡིན། ཁོ་བོ་ནི་སྟག་ཚང་པའི་གསུངས་ཤིན་ཏུ་འཐད་པར་མཐོང་སྟེ། གནས་བརྟན་སྡེ་པའི་ལུགས་ཀྱི་སངས་རྒྱས་དགུང་ལོ་དྲུག་ཅུ་རེ་ལྔར་ཕེབས་པ་སྤྱི་ལོའི་སྔོན་གྱི་561 ལྕགས་ཕོ་བྱི་བའི་ལོར་འཁྲུངས་ཤིང་། དགུང་ལོ་ཉེར་གསུམ་ཆུ་ཁྱི་(སྤྱི་ལོའི་སྔོན་ 539) ལོར་བཙན་པོ་བྱོན་པ་སྟེ་ཁྲིར་མངའ་གསོལ་བར་སེམས། ནམ་མཁའི་ནོར་བུས་ཀྱང་སངས་རྒྱས་དང་གཉའ་ཁྲི་དུས་མཚུངས་ཡིན་ཚུལ་གསུངས་འདུག་པ་ཁུངས་མེད་ག་ལ་ཡིན། དེ་ལྟར་ན་གཉའ་ཁྲིའི་འཁྲུངས་ལོ་ནས་ལྷ་ཐོ་རི་འཁྲུངས་ལོའི་(སྤྱི་ལོ་ 244) བར་ལོ་བརྒྱད་བརྒྱ་བཅུ་མེད་ལྔ་སོང་ཡོད་པས། རྒྱལ་རབས་ཉེར་བདུན་གྱི་རྒྱལ་པོ་རེར་ཆ་སྙོམས་དགུང་ལོ་ཉེར་དགུ་ཐོབ། ཕུག་ལུགས་ལྟར་ན་རྒྱལ་པོ་རེར་ཆ་སྙོམས་དགུང་ལོ་བཅུ་གསུམ་ལས་མ་ཐོབ་པས་དེབ་ཐེར་རྣམས་སུ་’’གནམ་གྱི་ཁྲི་བདུན་དགུང་ལོ་བཅུ་གསུམ་ལ་ཕེབས་ནས་ཆིབས་ཁ་སྒྱུར་ཐུབ་པའི་ཚེ་འཇུ་ཐག་རྒྱུད་ནས་ནམ་མཁར་བྱོན”ཟེར་བ་ལས་དེ་རྗེས་རྒྱལ་པོ་རྣམས་སྐུ་ཚེ་དེ་བས་རིང་བ་བཞུགས་ཡོད་ངེས་ཤུགས་སུ་བསྟན་ཡོད་པ་དང་འགལ་ལ། རིག་པས་དཔྱད་ནའང་ཕྲུ་གུ་རྐྱང་པས་ཡུན་རིང་རྒྱལ་སྲིད་བསྐྱངས་ཞེས་ན་མི་འཐད་པ་མི་མངོན་གསལ་དོད་པོ་རེད། དེ་དང་ཕྱོགས་མཚུངས་ལྷ་ཐི་རི་ནས་གླང་དར་མའི་འདས་ལོ་ལྕགས་བྱ་(སྤྱི་ལོ་ 841) བར་རྒྱལ་རབས་བཅོ་བརྒྱད་ཀྱི་རྒྱལ་པོ་རེར་ཆ་སྙོམས་དགུང་ལོ་སོ་དགུ་ཐོབ་ཡོད་པས་བཅུ་གསུམ་དང་སོ་དགུའི་ཧེ་བག་ལྟ་བུ་གཏན་ནས་ཡོང་ཐབས་མེད།
གཉའ་ཁྲིའི་སྲས་མེ་ཁྲི་ནས་ཁྲི་ཐོག་རྗེ་ཐོག་བཙན་བར་གྱི་བཙན་པོ་རྣམས་ཀྱི་འཁྲུངས་འདས་ལོ་ཚིགས་གཅིག་ཀྱང་ད་བར་ཁོ་བོའི་འདྲེན་བྱེད་ཀྱི་ཡུལ་དུ་མ་གྱུར་བས་འདིར་རེ་ཞིག་གླེང་ཐབས་བྲལ་ལོ།
གཉིས་པ། རྒྱལ་རབས་ཉེར་བརྒྱད་པ་ལྷ་ཐོ་རི་སྙན་ཤལ་ནས་གནམ་རི་སྲོང་བཙན་བར་གྱི་ལོ་ཚིགས་སྐོར།
ལྷ་ཐོ་རི་སྙན་ཤལ་ནི་ཤིང་ཕོ་བྱི་བ་(སྤྱི་ལོ་244) ལོར་འཁྲུངས། དགུང་ལོ་གཅིག་ལ་སྤང་ཀོང་ཕྱག་རྒྱ་པ་དང་། ཙིནྡ་མ་ཎིའི་གཟུངས་ཀྱི་བསྐོས་ཕོར། མདོ་སྡེ་ཟ་མ་ཏོག ཡི་གེ་དྲུག་པ། གསེར་གྱི་མཆོད་རྟེན་རྣམས་ཕྱག་ཏུ་སོན། ལོ་རྒྱུས་རྣམས་སུ་དེ་རྣམས་གནམ་ལས་བབས་ཚུལ་བཤད་པ་གཅིག་དང་། ལི་ཐེ་སེ་དང་། ཐོ་གར་གྱི་ལོ་ཙཱ་བ་བློ་སེམས་འཚོ་གཉིས་ཀྱིས་རྒྱ་གར་གྱི་མཁས་པ་ལེགས་བྱིན་ (ལི་བི་ཡ་ན་) སྤྱན་དྲངས་ནས་ཁྱེར་ཡོང་ཚུལ་བཤད་པ་གཉིས་ལས། ནེལ་པ་པཎྜི་ཏས་ཕྱི་མ་ལྟར་འདོད་ཅིང་། ལྔ་བ་ཆེན་པོས་སྔ་མ་དེར་ཐུགས་འཐད་ཡོད་ཚུལ་གསུངས་ཡོད། གང་ལྟར་བོད་ལ་ཡོངས་གྲགས་ནི་དུས་དེར་དམ་ཆོས་དབུ་བརྙེས་ཞེས་ཟེར་ཏེ་སངས་རྒྱས་ཀྱིས་ ’’ང་ཡོངས་སུ་མྱ་ངན་ལས་འདས་ནས་གདོང་དམར་ཡུལ་དུ་དམ་པའི་ཆོས་དར་བར་འགྱུར་རོ” ཞེས་གསུངས་པ་དེ་སྐབས་དེར་ངོས་འཛིན་གནང་གི་ཡོད། དེང་གི་མཁས་པ་འགས་དེང་སང་ཡོ་རོབ་ལ་ནང་བསྟན་དར་བར་ངོས་འཛིན་གནང་གི་འདུག་པས་སྔ་མ་ལྟར་ན་སངས་རྒྱས་འདས་ནས་ལྷ་ཐོ་རི་བར་ལོ་བདུན་བརྒྱ་ལྷག་ཙམ་ལས་སོང་མེད་པ་རེད། ལྷ་ཐོ་རི་ཆུ་མོ་ཕག་ (སྤྱི་ལོ་263) ལོར་འདས། དེ་ནས་གནམ་རི་སྲོང་བཙན་བར་རྒྱལ་རབས་བཞིའི་རིང་ལོ་ཉིས་བརྒྱ་ལྔ་བཅུ་ང་བཞི་སོང་ངོ་།།
གསུམ་པ། རྒྱལ་རབས་སོ་གསུམ་པ་རྒྱལ་པོ་སྲོང་བཙན་སྒམ་པོ་ནས་ཁྲི་ལྡེ་གཙུག་བརྟན་བར་གྱི་ལོ་ཚིགས་སྐོར།
རྒྱལ་པོ་སྲོང་བཙན་སྒམ་པོའི་འཁྲུངས་ལོ་བཀའ་ཆེམས་ཀ་ཁོལ་མར་ལྕགས་གླང་འཁོད་པ་ཕུད། རྒྱལ་རབས་གཞན་རྣམས་སུ་མེ་གླང་དང་ས་གླང་གང་རུང་དུ་འདོད་པ་ཤ་སྟག་ཡིན་པས་གང་ལྟར་ཚང་མ་གླང་ལོར་འཁྲུངས་པར་བཞེད། ཁོ་བོས་ནི་ནེལ་པ་ཆོས་འབྱུང་དང་། བུ་སྟོན་ཆོས་འབྱུང་། མཁས་པའི་དགའ་སྟོན། དེབ་དམར་གསར་རྙིང་གཉིས། རྒྱལ་རབས་གསལ་མེ། རྒྱ་བོད་ཡིག་ཚང་། ཆོས་འབྱུང་བསྟན་གསལ་ཉི་འོད། སུམ་པ་ཆོས་འབྱུང་། མདོ་སྨད་ཆོས་འབྱུང་། དེབ་ཐེར་དཀར་པོ་སོགས་ཀྱི་རྗེས་སུ་འབྲངས་ནས་མེ་གླང་ (སྤྱི་ལོ་617) ལོར་འཁྲུངས་པ་དང་། དགུང་ལོ་བཅུ་གསུམ་ས་མོ་གླང་ (སྤྱི་ལོ་629) ལོར་རྒྱལ་སྲིད་བཞེས། དགུང་ལོ་ཉེར་ལྔ་ལྕགས་མོ་གླང་ (སྤྱི་ལོ་641) ལོར་ཏུན་ཧོང་ཡིག་རྙིང་དང་རྒྱ་ནག་ཡིང་ཚང་དུ་གསལ་བ་ལྟར་འུན་ཤིང་ཀོང་ཇོ་བག་མར་བཞེས་སྙམ།
གལ་ཏེ་ས་གླང་ལ་འཁྲུངས་པར་བརྩིས་ན། ས་གླང་སྔ་མ་དེ་ནི་ཀོང་ཇོ་བོད་དུ་ཕེབས་པའི་ལོ་དེར་བཙན་པོ་དགུང་ལོ་དོན་གསུམ་ཙམ་ལ་ཕེབས་དགོས་པས་ཀོང་ཇོ་བོད་དུ་ཕེབས་འདོད་མེད་པའི་སྐོར་གླེང་སྐབས་བཙན་པོ་དགུང་ལོ་མཐོན་པོར་ཕེབས་ཚུལ་ཟུར་ཙམ་གླེང་མེད། ས་གླང་ཕྱི་མའི་ལོར་ཡིན་ན་བཙན་པོ་དགུང་ལོ་བཅུ་གསུམ་སྟེ་སྤྱི་ལོ་ (641) ལོར་ཁྲིར་ཕེབས་པའི་ལོ་དེ་རང་ལ་ཀོང་ཇོ་བསུ་དགོས་པས། དེས་ན་ཐང་བོད་ལོ་མང་འཁྲུགས་ནས་ཞི་འཆམ་བྱུང་རྗེས་ཀོང་ཇོ་བསུས་པའི་ལོ་རྒྱུས་རྣམས་ཀྱང་མེད་པར་འགྱུར་འགྲོ་ངེས་རེད། སྲོང་བཙན་གྱི་འདས་ལོའི་ཐད་ཏུན་ཧོང་ཡིག་རྙིང་དང་། བོན་གྱི་ཡིག་རྙིང། དེབ་ཐེར་དཀར་པོ་ཕུད་དགུང་ལོ་གྱ་གཉིས་བཞུགས་པར་འདོད་མཁན་མང་བ་ཡིན། འཁྲུང་ལོ་མེ་གླང་དང་འདས་ལོ་ས་ཁྱི་ (སྤྱི་ལོ་698) ལོར་འདོད་ནའང་འདྲ། འཁྲུངས་ལོ་ས་གླང་དང་འདས་ལོ་ལྕགས་ཁྱི་ (སྤྱི་ལོ་710) ལོར་འདོད་ནའང་འདྲ། གང་ལྟར་འདི་གཉིས་ཀ་ཀིམ་ཤིང་ཀོང་ཇོ་བག་མར་སླེབས་རན་པའམ་སླེབས་པའི་ལོ་ཡིན་པས་དེས་ན་མང་སྲོང་དང་འདུས་སྲོང་གཉིས་གང་དུ་འཇོག དོ་སྣང་བྱེད་འོས་པ་ཞིག་ནི་རྒྱལ་རབས་གསལ་མེས་འཁྲུངས་ལོ་མེ་གླང་དང་འདས་ལོ་ལྕགས་ཁྱིར་ཁས་བླངས་པ་དེ། སྡོམ་ཚིག་རྒྱ་གཉིས་ནོར་བ་མ་གཏོགས་ལྕགས་ཁྱི་དེར་ཏན་ཏན་ཁུངས་ཤིག་ཏུ་བརྩིས་འདུག་སྙམ་པས། གང་ལྟར་འདས་ལོ་སྤྱི་ལོ་ (སྤཡི་ལོ་650) ལོའི་ལྕགས་ཁྱི་དེ་རང་ཡིན་ངེས།
དེས་ན་སྲོང་བཙན་དགུང་ལོ་སོ་བཞི་ལས་མ་བཞེས་པས་ལ་ལའི་ཐུགས་ལ་སྲོང་བཙན་སྐུ་ཚེ་ཐུང་ངུ་འདི་འདྲ་ཡིན་ན་བྱ་བ་རླབས་པོ་ཆེ་མང་པོ་དེ་འདྲ་ག་ལ་སྒྲུབ་སྙམ་པར་དེབ་དཀར་གྱིས་བཀག་ཟིན་པ་མ་ཟད། ཆིན་ཧྲི་ཧོང་དང་ན་ཕོ་ལུན་ལ་སོགས་པ་ཡང་བགྲང་བྱ་མཐོན་པོ་གང་ཡང་མིན་པར་ལག་རྗེས་ཇི་ཙམ་བཞག་ཡོད་པ་ཀུན་གྱིས་མཁྱེན་གསལ་ལྟར་དང་། ལྷག་པར་གཤམ་དུ་གསལ་བའི་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་དགུང་ལོ་ཉེར་གཅིག་ལ་ཕེབས་སྐབས་ཞི་བ་ཆོས་ཕྱོགས་ལ་ཨོ་རྒྱན་གྱི་གུ་རུ་པདྨ་འབྱུང་གནས་གདན་དྲངས་ཏེ་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་ནས་དགུང་ལོ་ཉེར་ལྔར་ཡོངས་སུ་འབྱོངས་པ་ལ་སོགས་པའི་མཛད་པ་དང་། དྲག་པོ་གཡུལ་འགྱེད་ཀྱི་ལས་ལ་མ་ཧཱ་ཙི་ནའི་སྟོབས་འབྱོར་གྱི་རྩེ་མོར་སོན་པའི་དུས་རབས་སུ་དེ་ཉིད་ཀྱི་རྒྱལ་ས་ཁྲང་ཨན་བཟུང་ཞིང་དུས་དེར་ད་དུང་འཛམ་གླིང་སུམ་གཉིས་དབང་དུ་བསྒྱུར་ཞེས་པ་དེ་བྱུང་བ་མ་ཡིན་ནམ། འཇམ་དཔལ་རྩ་རྒྱུད་ལས་ལོ་ནི་བརྒྱད་ཅུར་རྒྱལ་སྲིད་བྱས་ཞེས་བྱུང་བ་དེ་སྲོང་བཙན་ལ་གསུངས་པ་ཡིན་སྲིད་ཀྱང་འགྱུར་བ་མི་ཡོང་བ་མ་ཡིན་ཏེ། དེ་བཞིན་གཤེགས་པའི་བསྟན་པའི་ཡུན་ཚད་འདི་ཐོག་མར་ལོ་ལྔ་བརྒྱ་ཕྲག་བཅུ་དང་ཉག་མ་ལྔ་ཡིན་པ་ལ། སྐྱེ་རྒུའི་བདག་མོ་རབ་ཏུ་བྱུང་ནས་ལོ་ལྔ་བརྒྱ་འགྲིབ་བོ་ཞེས་གྲགས་པའི་ཕྱིར་རོ།།
གུང་སྲོང་གུང་བཙན་ནི། བུ་སྟོན་ཆོས་འབྱུང་དང་། བསྟན་གསལ་ཉི་འོད། དེབ་དམར་གསར་མ་རྣམས་ཀྱིས་སྲོང་བཙན་གྱི་དབོན་སྲས་སུ་འདོད་ཀྱང་། ཆོས་འབྱུང་དང་རྒྱལ་རབས་མང་ཆེ་བས་སྲོང་བཙན་གྱི་སྲས་རང་ཡིན་གསུངས་པ་ལྟར་བཞག ཁོང་གི་འཁྲུངས་ལོ་མཁས་པའི་དགའ་སྟོན་གྱིས”ཡབ་ཀྱི་ང་གསུམ་ལྕགས་སྦྲུལ་”ཟེར་ཡང་། ང་གསུམ་ཡིན་ན་ས་སྦྲུལ་འཁེལ་བས་ནང་འགལ་དུ་གྱུར། རྒྱལ་རབས་གསལ་མེས་ས་སྦྲུལ་ (སྤྱི་ལོ་669) ལོར་འཁྲུངས་ཤིང་། ད་དུང་ལོ་བཅོ་བརྒྱད་མེ་ཁྱིར་འདས་པར་བཞེད། རྒྱ་བོད་ཡིང་ཚང་དང་། དཔྱིད་ཀྱི་རྒྱལ་མོ་གཉིས་ཀྱིས་དགུང་ལོ་བཅོ་བརྒྱད་ལ་གཤེགས་ཟེར་བ་ལས་ལོ་ཁམས་མ་འཁོད། ཁོ་བོས་གུང་སྲོང་ཆུ་མོ་སྦྲུལ་ (སྤྱི་ལོ་633) ཏེ་ཡབ་ཀྱི་དགུང་ལོ་བཅུ་བདུན་སྟེང་འཁྲུངས་པ་དང་། དགུང་ལོ་བཅོ་བརྒྱད་དེ་ལྕགས་ཕོ་ཁྱི་ (སྤྱི་ལོ་650) ལོར་ཡབ་ཀྱི་སྔོན་དུ་གཤེགས་པར་འདོད། མཁས་པ་ལྡེའུའི་ཆོས་འབྱུང་དུའང་’’ཡབ་མ་འདས་པར་ཁོང་འདས་ཏེ”ཞེས་འཁོད་ཡོད།
མང་སྲོང་མང་བཙན་ནི་ཡབ་མེས་གཉིས་ཀ་འདས་པའི་ལྕགས་ཁྱི་ (སྤྱི་ལོ་650) ལོར་འཁྲུངས་ངེས་ཏེ་དེབ་དམར་དང་། ནེལ་པ་ཆོས་འབྱུང་། མཁས་པའི་དགའ་སྟོན། གསལ་མེ། སུམ་པ་ཆོས་འབྱུང་བཅས་ཀྱིས་མེ་ཁྱིར་འཁྲུངས་གསུངས་རུང། མེ་ཁྱི་སྔ་མ་ནི་སྤྱི་ལོ་626ལོར་ཡིན་པས་ཡབ་གུང་སྲོང་འཁྲུངས་རྒྱུ་ལྟ་ཅི། མེས་སྲོང་བཙན་ཡང་དགུང་ལོ་བཅུ་ལས་མ་སོན། གལ་སྟེ་ས་ཁྱི་ (སྤྱི་ལོ་638) ལོ་ལ་ཡིན་པར་ཆ་བཞག་ནའང་གུང་སྲོང་དགུང་ལོ་དྲུག་ལས་མ་སོན། མཁས་པ་ལྡེའུས་མང་སྲོང་ཁྱི་ལོར་འཁྲུངས་ཚུལ། “མང་སྲོང་བྱིས་པའི་ཚེ་ཡབ་འདས’’1ཞེས་པ་དང་། མང་སྲོང་སྐུ་ན་ཕྲ་བས་མགར་གྱིས་སྲིད་བསྐྱངས་ཚུལ། དེ་བཞིན་རྒྱའི་ཡིག་ཚང་དུ་ཤིང་བྱི་ (སྤྱི་ལོ་ 664) ལོར་མགར་འདས་ཞེས་པ་དང་། དེབ་དཀར་དུ་སྤྱི་ལོ་667ལོར་མགར་འདས་ཚུལ་འཁོད་པ་སོགས་ལ་གཞིག་ན། མ་མཐར་ཡང་མགར་གྱིས་མང་སྲོང་དགུང་ལོ་བཅུ་བཞི་མ་སོན་བར་དུ་སྲིད་བསྐྱངས་ངེས་རེད། དེས་ཀྱང་སྲོང་བཙན་སྐུ་ཚེ་རིང་པོ་ཐུབ་མེད་ཚུལ་ཤུགས་བསྟན་བྱས་ཡོད། མང་སྲོང་དགུང་ལོ་ཉེར་བདུན་ལ་འདས་ཚུལ་རྒྱལ་རབས་མང་ཆེ་བ་ཞལ་མཐུན་པས་མེ་ཕོ་བྱི་བ་ (སྤྱི་ལོ་676) ལོར་འདས་ངེས་སོ།།
འདས་སྲོང་མང་པོ་རྗེ་རླུང་ནམ་འཁྲུལ་གྱི་རྒྱལ་པོ་ནི། དེབ་དམར་དང་། རྒྱ་བོད་ཡིག་ཚང་གིས་ཆུ་བྱར་འཁྲུངས་གསུངས་ཀྱང་ལོ་འཁོར་གཅིག་མི་མཐུན། ནེལ་པ་ཆོས་འབྱུང་དང་། མཁས་པའི་དགའ་སྟོན། གསལ་མེ། སུམ་པ་ཆོས་འབྱུང་རྣམས་ཀྱིས་ཆུ་བྱི་ (སྤྱི་ལོ་712) ལོར་འཁྲུངས་པར་བཞེད། རྒྱའི་ཡིག་ཚང་(ཐུང་ཏེན)ནང་མེ་བྱི་ལོར་འཁྲུངས་པར་བཤད་པ་དང་། ཏུན་ཧོང་ཡིག་རྙིང་དང་། དེབ་དམར་གསར་མ། དཔྱིད་ཀྱི་རྒྱལ་མོས་ཀྱང་ཡབ་གཤེགས་ནས་ཉིན་ཤས་རྗེས་འཁྲུངས་གསུངས་པས་མེ་ཕོ་བྱི་བ་ (སྤྱི་ལོ་676) ལོར་འཁྲུངས་ངེས། དགུང་ལོ་ཉེར་དགུ་བཞེས་པ་ཤིང་ཕོ་འབྲུག་ (སྤྱི་ལོ་704) ལོར་འཇང་ཡུལ་དུ་གཤེགས་སོ།།
ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་ནི། དེབ་དམར་དང་། ནེལ་པ་ཆོས་འབྱུང་། མཁས་པའི་དགའ་སྟོན། གསལ་མེ། རྒྱ་བོད་ཡིག་ཚང་། སུམ་པ་ཆོས་འབྱུང་རྣམས་ཀྱིས་ལྕགས་འབྲུག་ (སྤྱི་ལོ་740) ལོར་འཁྲུངས་གསུངས་ཀྱང་འདི་ནི་ཀིམ་ཤིང་ཀོང་ཇོ་འདས་པའི་ལོ་ཡིན་པས་ག་ལ་འཐད། དེབ་དམར་གསར་མ་མར་’’དགུང་ལོ་བཅུ་ལ་རྒྱལ་སར་བཏོན”ཞེས་འཁོད་འདུག་པས། ཤིང་མོ་ལུག (སྤྱི་ལོ་695) ལོར་སྐུ་འཁྲུངས་ཤིང་། ཡབ་འདས་པའི་ཤིང་འབྲུག་ (སྤྱི་ལོ་704) ལོར་ཁྲིར་ཕེབས་པར་མངོན། དགུང་ལོ་བཅུ་དྲུག་ལྕགས་ཕོ་ཁྱི་ (སྤྱི་ལོ་710) ལོར་ཀིམ་ཤིང་ལྷ་སར་འབྱོར། སྔར་གྱི་ལོ་རྒྱུས་མང་པོ་ཞིག་ཏུ་བཙན་པོ་འདི་དགུང་ལོ་མཐོན་པོར་ཕེབས་སྐབས་རྒྱ་བཟའ་ལྷ་སར་འབྱོར་ཚུལ་དང་། སྲས་ལྗང་ཚ་ལྷ་དབོན་ཞེས་པ་ཤིན་ཏུ་མཚར་བ་ཞིག་འཁྲུངས་པར་བོད་ཀྱི་བུ་མོས་བཙུན་མོ་མི་ལོ་བར་རྒྱ་བཟའ་བསླངས་ཟེར་བ་ནི་ལོ་རྒྱུས་དངོས་དང་མི་མཐུན། ཁོ་བོའི་སེམས་པར་ཀིམ་ཤིང་ལྷ་སར་འབྱོར་རྗེས་ད་གཟོད་ལྗང་ཚ་ལྷ་དབོན་འཁྲུངས་སྙམ་སྟེ། ལོ་རྒྱུས་དག་ཏུ་ཁྲི་སྲོང་ལ་སྲིད་ཐོབ་ཕྱིར་བློན་པོས་ལྗང་ཚ་བཀྲོངས་2ཞེས་འཁོད་པས་སོ།། བཙན་པོ་འདི་ཤིང་ཕོ་རྟའི་ (སྤྱི་ལོ་754) ལོར་འདས།།
བཞི་པ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ནས་གླང་དར་མའི་བར་གྱི་ལོ་ཚིགས་སྐོར།
ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་ནི་བོད་ཀྱི་ཆོས་སྲིད་རིག་གནས་སོགས་སྒོ་ཀུན་ནས་འཕུར་མཆོངས་བྱེད་པའི་ལོ་ཟླ་ཞིག་ཡིན་པས། བསྟན་རྩིས་ཐད། ཨོ་རྒྱན་པདྨ་འབྱུང་གནས་ལོ་གང་དུ་གདན་དྲངས་པ་དང་། བསམ་ཡས་གཙུག་ལག་ཁང་གི་འདེབས་ལོ་དང་འབྱོངས་ལོ། རབ་བྱུང་གི་ཐོག་མ་དུས་ནམ་བྱུང་སོགས་ཀྱི་ལོ་ཚིགས་རྙོག་དྲ་ཅན་དེ་རྣམས་གཏན་ལ་དབབས་པར་བྱེད་ལ། སྔོན་ལ་བཙན་པོ་འདིའི་འཁྲུངས་ལོ་གཏན་ལ་འབེབས་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་ཡིན། འདིར་ཡང་བཞེད་པ་མང་དུ་མཆིས་ཏེ། པདྨ་བཀའ་ཐང་དང་། བུ་སྟོན་ཆོས་འབྱུང་། ཆོས་འབྱུང་བསྟན་གསལ་ཉི་འོད། དེབ་དམར་གསར་མ། མདོ་སྨད་ཆོས་འབྱུང་རྣམས་ཀྱིས་ས་ཕོ་རྟ་ (སྤྱི་ལོ་778) ལོར་འཁྲུངས་པར་བཞེད་ལ། ཚལ་པའི་དེབ་དམར། ནེལ་པ་ཆོས་འབྱུང་། མཁས་པའི་དགའ་སྟོན། རྒྱལ་རབས་གསལ་བའི་མེ་ལོང་། ལྷ་དབང་གཡུལ་ལས་རྒྱལ་བའི་རྔ་བོ་ཆེའི་སྒྲ་དབྱངས། ཕུག་ལུགས་རྣམས་ཀྱིས་ལྕགས་རྟ་ (སྤྱི་ལོ་790) ལོར་བཞེད། སྦ་བཞེད་ཀྱིས་ནི་’’ཕྱིས་ཀོང་ཇོ་ཡོས་བུའི་ལོ་ལ་རྒྱལ་བུ་ཆགས། དེའི་དུས་ན་རྒྱལ་པོ་ (མེས་ཨག་ཚོམས) ཕོ་བྲང་བྲག་དམར་འོམ་བུའི་ཚལ་ན་བཞུགས། ཡོས་བུའི་དཔྱིད་ཟླ་ར་བའི་ཚེས་གསུམ་ལ་འཁྲུངས”ཟེར། དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་དང་། ཏུན་ཧོང་གི་ཡིག་རྙིང་ནང་ཆུ་རྟ་ལོར་འཁྲུངས་པར་བཞེད་པས། ཁོ་བོས་ཀྱང་ཆུ་རྟ་ (སྤྱི་ལོ་742) ལོ་འདི་རང་ལ་འཁྲུངས་པར་སེམས། རྒྱའི་ཡིག་ཚང་(ཐུང་ཏེན)ནང་དུའང་བཙན་པོ་འདི་ཐང་ཐེན་པའོ་ལོ་དང་པོ་ (སྤྱི་ལོ་755) ལ་སྲིད་བཟུང་ཞེས་འཁོད་འདུག་པས་དགུང་ལོ་བཅུ་གསུམ་ཡར་དེད་ན་ཆུ་རྟ་ལོར་ཏག་ཏག་བབས། ལོ་རྒྱུས་འགའ་རེར་བཅོ་ལྔ་ལ་རྒྱལ་སྲིད་བཟུང་ཟེར་རུང་། དེབ་དམར་དང་། མཁས་པའི་དགའ་སྟོན་སོགས་སུ་བཅུ་གསུམ་ལོར་རྒྱལ་ས་བཟུང་བར་འདོད་པས་དེ་ཤིན་ཏུ་བདེན། སྦ་བཞེད་དུ་ཡོས་ཀྱི་ལོ་ལ་རྒྱལ་བུ་ཆགས། ཡོས་བུའི་དཔྱིད་ཟླ་ར་བའི་ཚེས་གསུམ་ལ་འཁྲུངས་ཞེས་པ་དེ་ཡང་ན་རྒྱལ་བུ་མངལ་དུ་ཟླ་གཅིག་ལྷག་མ་བཞུགས་ཤིང་། ཡང་ན་ལོ་བཅུ་གསུམ་བཞུགས་དགོས་པ་དོན་དངོས་ལ་ག་ན་ཐད། ཏུན་ཧོང་ཡིག་རྙིང་དང་རྒྱའི་ཡིག་ཚང་ཕུད་རྒྱལ་རབས་གཞན་རྣམས་ཀྱིས་ཁྲི་སྲོང་གི་ཡུམ་ཀིམ་ཤིང་ཡིན་ཚུལ་གསུངས་པ་ནི་ཤིན་ཏུ་མཚར་ཏེ། ཀིམ་ཤིང་ལྕགས་ཁྱི་ (སྤྱི་ལོ་710) ལོར་བོད་དུ་བསུས་ནས། ལྕགས་འབྲུག་ (སྤྱི་ལོ་740) ལོར་འདས་ཚུལ་རྒྱའི་ཡིག་ཚང་ན་གསལ་བས། ཁྲི་སྲོང་འཁྲུངས་པའི་ཆུ་རྟ་ལོ་སྟེ་སྤྱི་ལོ་ (སྤྱི་ལོ་742) ལོར་ཀིམ་ཤིང་འདས་ནས་ལོ་གཉིས་སོང་ཟིན་ན། མ་འདས་རྗེས་བུ་སྐྱེ་ཟེར་བ་འཇིག་རྟེན་ན་མི་སྲིད་པས། ཁྲི་སྲོང་གི་ཡུམ་ནི་སྣ་ནམ་བཟའ་ཡིན་པར་ཐེ་ཚོམ་ག་ལ་དགོས།
བཙན་པོ་འདིའི་བསྟན་སྲིད་ཀྱི་མཛད་པ་རླབས་པོ་ཆེ་ལས་མདོ་ཙམ་སྨོས་ན། དགུང་ལོ་ཉེར་གཅིག་སྟེ་ཆུ་ཕོ་སྟག་ (སྤྱི་ལོ་762) གི་ལོར་སློབ་དཔོན་ཆེན་གདན་དྲངས་ནས་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་རྨང་བཏིང་། མེ་རྟ་ (སྤྱི་ལོ་766) ལོར་ཡོངས་སུ་འབྱོངས།3 དེའི་ཕྱི་ལོ་སྟེ་མེ་མོ་ལུག་ (སྤྱི་ལོ་767) གི་ལོར་བོད་དུ་རབ་བྱུང་གི་ཐོག་མ་སད་མི་མི་བདུན་རབ་ཏུ་བྱུང་ནས་བོད་དུ་རྒྱལ་བསྟན་ཉི་མ་ཤར་བ་ལྟར་བྱས་སོ།།
བསམ་ཡས་ཀྱི་བཏབ་ལོ་དང་འགོར་ཡུན་ཐད་རང་ལུགས་གོང་ཞུས་ལྟར་ལ་གཞན་ལུགས་ཟུར་ཙམ་སྨོས་ན། ཡོས་ལ་རྨང་བཏིང་ནས་ཡོས་ལ་གྲུབ་པར་འདོད་པ་དང་། ཡོས་ལ་རྨང་བཏིང་ནས་ལུག་ལ་གྲུབ་པར་འདོད་མཁན་ཏེ། དེའང་དེབ་དམར་དང་བུ་སྟོན་ཆོས་འབྱུང་གིས་མེ་ཡོས་ནས་ས་ཡོས་བར་དང་། དེབ་དམར་གསར་མས་ས་ཡོས་ནས་ལྕགས་ཡོས་བར། མཁས་པའི་དགའ་སྟོན་གྱིས་ལྕགས་ཡོས་ནས་ཆུ་ཡོས་བར། དེབ་སྔོན་གྱིས་ཡོས་ནས་ལུག་བར་འདོད། (པདྨ་བཀའ་ཐང་དང་། འདྲ་སྦག་ཆེན་མོ། ཆོས་འབྱུང་བསྟན་གསལ་ཉི་འོད། ལྷ་དབང་གཡུལ་རྒྱལ་སོགས་སུ་སྟག་ནས་རྟ་བར་གསུངས་ཀྱང་དབང་ཐང་བསྟན་མེད། བཙུན་མོ་བཀའ་ཐང་ནང་ས་སྟག་ནས་ཆུ་རྟ་བར་ཟེར།) ཡོས་ནས་ཡོས་བར་ལོ་བཅུ་གསུམ་འགོར་གསུངས་པ་ལ། ལྔ་བ་ཆེན་པོས་འགོག་གནང་མཛད་པ་འདི་ལྟར’’སྦ་བཞེད་སོགས་སྔོན་གྱི་ཡིག་རྙིང་རྣམས་སུ། བསམ་ཡས་བརྩིགས་པའི་དགའ་སྟོན་ལོ་བཅུ་གཉིས་བར་དུ་བྱས་པས་རྗེ་བློན་རྣམས་རྩེ་སྤྲོ་ལ་ཡེངས་ནས་གཙུག་ལག་ཁང་གི་མཆོད་པ་དང་། ཞབས་ཏོག་མ་བྱུང་བར་བརྟེན་ལུག་གི་ལོ་ལ་ཐམས་ཅད་ཡོས་སྨྲའི་དགེ་སློང་འགའ་ཞིག་སྤྱན་དྲངས་ནས་སྦ་ཁྲི་གཟིགས་ཀྱིས་རབ་ཏུ་བྱུང་བ་བཤད་པ་སོགས་ནི་ལྷད་ཞུགས་པའི་བླུན་ཚིག་སྟེ། དེ་ལྟར་ན་སྦ་བཞེད་དུ་གཙུག་ལག་ཁང་ཡོས་ནས་ཡོས་ལ་བརྩིགས་གྲུབ་པར་བཤད། དགའ་སྟོན་ལོ་བཅུ་གཉིས་བར་དུ་བྱས་པས། ཡོས་ནས་སྟག་གི་བར་དུ་དུས་སྟོན་གྱིས་ཡེངས་པས་དེ་ལ་བརྟེན་ནས་རབ་ཏུ་བྱུང་བའི་ལོ་རྒྱུ་མཚན་གྱིས་ཐམས་ཅད་ཡོད་སྨྲའི་དགེ་སློང་ཡོས་ཀྱི་ལོ་ལ་གདན་འདྲེན་དགོས་པར་ལུག་ཏུ་བྱས་ན་ལོ་བཞི་ཙམ་འཁྱམས་རྒྱུག་པས་བསྟན་བཅོས་འགོར་བྲིས་པའི་ལོ་ཚིགས་རྣམས་ལ་བསམ་བློ་མ་བཏང་བའི་གཏམ་ཡིན་ཞིང་། སྤྱིར་ཡང་སྐྱེ་བོ་ཡ་རབ་དག་ཀྱང་རང་གི་འབད་པས་བསྒྲུབས་པའི་བྱ་བ་ཡལ་བར་མི་དོར་ན། བཙན་པོ་ཁྲི་སྲོང་ལྡེའུ་བཙན་ལྟ་བུ་རྗེ་བཙུན་བསྟན་པའི་འཁོར་ལོ་འགྲོ་བའི་མགོན་དུ་རྒྱལ་པོའི་ཚུལ་གྱིས་རྣམ་པར་རོལ་པའི་སྤྲུལ་པའི་གང་ཟག་གི་ཕན་བདེའི་སྨན་ཡོན་དུ་ཐབས་མཁས་ཀྱི་མཛད་པ་བརྒྱ་ཕྲག་གིས་བརྩིགས་པའི་གཙུག་ལག་ཁང་དགའ་སྟོན་གྱི་གཞན་དབང་དུ་བཏང་ནས་མཆོད་པ་དང་། ཞབས་ཏོག་མེད་པར་སྨྲ་བ། དམ་པའི་ཡུལ་ལ་སྐུར་བ་བཏབ་པའི་སྒྲིབ་པ་དཔག་ཏུ་མེད་པ་གསོག་་ཅིང་། སྐྱེ་བོ་ཐ་ཆད་པ་འགའ་ཞིག་དུས་སྟོན་དུ་མིང་གིས་བཏག་པའི་ཆང་སོགས་ཀྱིས་བག་མེད་པར་མྱོས་ཏེ་ཆོས་སྲིད་ཀྱི་བྱ་བ་མཐའ་དག་ཡལ་དོར་བའི་རྣམ་པ་ཆོས་ཀྱི་རྒྱལ་པོ་དེ་དག་ལ་འཆར་བའི་ཚིག་འདི་རྣམས་ལ་བརྟགས་ན། མཁས་པ་ཕལ་ཆེར་གྱིས་སྦ་བཞེད་ལ་ཁུངས་སུ་མཛད་ཀྱང་སླད་པ་མ་ཞུགས་པའི་ཁུངས་ཐུབ་པ་ཞིག་དཀའ་བར་སྣང་ངོ་།།”ཞེས་པ་ནི་ཐུགས་ཤིན་ཏུ་མད་དོ།།
བཙན་པོ་འདིའི་འདས་ལོར། བུ་སྟོན་ཆོས་འབྱུང་གིས་དགུང་ལོ་དྲུག་ཅུ་རེ་དགུ་མེ་སྟག་ལ་འདས་གསུངས། དེབ་དམེ་གསར་མས་རེ་དགུ་ས་སྟག་ལ་འདས་གསུངས་ཀྱང་ས་རྟ་ནས་བརྩིས་པའི་རེ་དགུ་ཡིན་ན་མེ་སྟག་ཡིན་དགོས། མཁས་པ་ལྡེའུ་ཅོས་འབྱུང་ནང་དགུ་ལོ་ང་དགུ་བཞུགས་གསུངས་ཀྱང་དབང་ཐང་མེད། དེ་མིན་གྱི་རྒྱ་བོད་ཀྱི་དེབ་ཐེར་མང་ཆེར་བར་ང་དྲུག་བཞུགས་གསུངས་པས་མེ་མོ་གླང་ (སྤྱི་ལོ་797) ལོར་འདས་ངེས་སོ།།
མུ་ནེ་བཙན་པོ་ནི། གསལ་མེ་དང་རྒྱ་བོད་ཡིག་ཚང་གིས་ཆུ་སྟག་སྤྱི་ལོ་ (སྤྱི་ལོ་822) ལོར་ཉེར་དགུ་སོན་སྐབས་བཀྲོངས་ཟེར། དེབ་དམར་གྱིས་ཉེར་བཞི་ལོ་ཆུ་སྟག་ལ་བཀྲོངས་ཞེས་དང་། བུ་སྟོན་གྱིས་བཅུ་བདུན་ཆུ་སྟག་ལ་བཀྲོངས་ཟེར། ནེལ་པ་ཆོས་འབྱུང་གིས་ཆུ་སྟག་ལ་འཁྲུངས་རྩ་བདུན་ལ་འདས་གསུངས། ཁོ་བོའི་སེམས་ལ་ས་ཕོ་སྤྲེལ་ (སྤྱི་ལོ་768) ལོར་འཁྲུངས་ཤིང་། དགུང་ལོ་སོ་གཅིག་ས་ཕོ་སྟག་ (སྤྱི་ལོ་798) ལོར་སྲིད་ཁྲིར་ཕེབས། ཤིང་ཕོ་སྤྲེལ་ (སྤྱི་ལོ་804) ལོར་གཤེགས་པར་བརྩིས་ན་དེབ་དམར་གསར་མར ’’ཀཾ་ཀཾཆོས་འབྱུང་གིས་སྲས་ཀྱིས་ (མུ་ནེ) རྒྱལ་སྲིད་ལོ་བདུན་དང་ཟླ་བ་དགུ་བཟུང་བར་བཤད་ལ་འདི་ནི་དག་པར་མངོན་ཏེ། རྒྱལ་པོ་འདིས་བོད་ལ་ལྟོགས་ཕྱུག་ལན་གསུམ་མཉམ་པར་གསུང་གི་ཆོས་འབྱུང་གཉིས་ཀྱི་ལོ་གྲངས་བཞིན་བྱས་ན་ལན་གསུམ་མཉམ་ལོང་མེད་དོ།།” ཞེས་གསུངས་པ་དེ་དང་། སློབ་དཔོན་ཆེན་པོ་ཤིང་ཕོ་སྤྲེལ་ (སྤྱི་ལོ་804) ལོར་སྲིན་ཡུལ་དུ་གཤེགས་4སྐབས་མུ་ནེས་སྲིད་སྐྱོང་བཞིན་པའི་སྐབས་ཡིན་ཚུལ་བཤད་པ་རྣམས་ཕན་ཚུན་འཐད་དོ་སྙམ་མོ།།
འོ་ན་སློབ་དཔོན་བོད་དུ་དུས་ཡུན་ཇི་ཙམ་བཞུགས་ཤེ་ན། ཟླ་བ་གསུམ་མམ། དྲུག་གམ། བཅོ་བརྒྱད་དམ། ལོ་འཁོར་སོ་བདུན་ནམ། ལྔ་བཅུ་རྩ་གཅིག་གམ། བརྒྱ་དང་བཅུ་གཅིག་སོགས་གསུངས་ཚུལ་མང་དུ་མཆིས་ཀྱང་འདིར་སྤྱི་ལོ་762 ཆུ་ཕོ་སྟག་ལོ་སྟེ་ཁྲི་སྲོང་ཉེར་གཅིག་ལ་ཕེབས་པའི་ལོ་ནས་ད་ལྟ་བཤད་མ་ཐག་པའི་སྤྱི་ལོ་804 ཤིང་ཕོ་སྤྲེལ་ལོ་4བར་བཞུགས་ངེས་སྙམས།
དེང་སྐབས་ཀྱང་མཁས་པ་འགའ་རེས་གུ་རུ་བོད་དུ་ཡུན་ཐུང་ལས་བཞུགས་མེད་དེ། བི་མ་ལ་བོད་དུ་བྱོན་སྐབས་གུ་རུ་བོད་དུ་བཞུགས་མེད་ཟེར་རུང་། ཐང་ཡིག་ལས་འདི་ལྟ་སྟེ་ ’’དེ་ནས་ཁྲི་སྲོང་ལྡེའུ་བཙན་གྱིས་ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་དང་། ཁ་ཆེའི་སློབ་དཔོན་བི་མ་ལ་མི་ཏྲ་དང་། ཟ་ཧོར་གྱི་མཁན་པོ་བོ་དྷི་ས་ཏྭ་…..སློབ་དཔོན་པདྨ་འབྱུང་གནས། སྤྱིར་ཁམས་གསུམ་དབང་དུ་བསྡུས་ཤིང་སྲིད་གསུམ་ཟིལ་གྱིས་གནོན་པའི་ཐུགས་མངའ། ཡུལ་གང་དུ་བྱོན་ཀྱང་ཡུལ་དེའི་ལྷ་འདྲེས་གྲོག་སྙིང་འབུལ་ལོ། ཁྱད་པར་དུ་བསམ་ཡས་ཀྱི་གཞི་བཏུལ་བ་ཡིན་པས་གདན་སེང་གེའི་ཁྲི་སུམ་བརྩེགས་པའི་སྟེང་དུ་བཞུགས་སུ་གསོལ། སློབ་དཔོན་བི་མ་ལ་མི་ཏྲ་ནི་པཎྜི་ཏ་ལྔ་བརྒྱའི་ནང་ནས་མཁས་པ་རབ་ཏུ་བཞུགས་ཤིང་ཆོས་ཐམས་ཅད་རྒྱ་སྐད་དུ་མཚམས་སྦྱར་ནས། བཀའ་རྒྱ་མཚོའི་སྔགས་ཕྱི་ནང་། འདུལ་བ་མདོ་སྡེ་མངོན་པ་ལ་སོགས་ཆོས་ཐམས་ཅད་ཐུགས་ལ་མངའ། མི་བརྗེད་པའི་གཟུངས་ཐོབ་པ་ཆོས་ཀྱི་མིང་སྨྲོས་ན་དོན་ཝ་ལེ་མཁྱེན་འདུག་པས། གདན་སེང་གེའི་ཁྲི་ཉིས་བརྩེགས་བརྩེགས་ཏེ་བཞུགས་…..”ཞེས་དང་། སློབ་དཔོན་གཤེགས་དུས་ནི་’’ལྷ་སྲས་མུ་ནེ་བཙན་པོ་ལ་སོགས་པ་བོད་ཀྱི་རབ་བྱུང་དང་། དགེ་བཤེས་དང་། སྔགས་པ་དང་། བློན་པོ་དང་། གཙོ་བོ་དང་། བུད་མེད་ལ་སོགས་པ་རྣམས་ཀྱིས་བཞུགས་པར་ཞུ་བ་ཕུལ་བས་སློབ་དཔོན་གྱིས་བཞུགས་པར་མ་གནང་སྟེ། མང་ཡུལ་གྱི་རོང་གི་བར་བཙན་པོ་འཁོར་དང་བཅས་པས་སྐྱེལ་མཛད་དེ། དེ་ནས་སློབ་དཔོན་གྱིས་ཆོས་དང་གདམས་པ་ཞལ་སྒོ་མང་དུ་གསུངས་ནས་…..”ཞེས་འཁོད་པ་ལྟར། བཻ་རོའི་འདྲ་འབག་དང་། ཆོས་འབྱུང་བསྟན་གསལ་ཉི་འོད་རྣམས་སུ་ཡང་དྲངས་ཡོད། དེས་མ་ཚད་ཇོ་མོ་མཁར་ཆེན་མཚོ་རྒྱལ་གྱི་ཞུས་ལན་གདམས་ངག་མར་གྱི་ཡང་ཞུན་དུའང་’’ལོ་བརྒྱད་ལོན་ནས་ཞབས་ཏོག་ཞུས་ཤིང་ལུས་དང་གྲིབ་མ་བཞིན་དུ་འགྲོགས། སློབ་དཔོན་བོད་དུ་མི་བཞུགས་པར༔ སྲིན་པོའི་ཡུལ་དུ་བྱོན་པའི་ཚེ༔…..སློབ་དཔོན་ཁྱེད་ཀྱི་ཞབས་ཏོག་ཡུན་རིང་བྱས་ཀྱང་༔ བདག་རྒན་མོ་འཆི་ཁར་གདེང་གཅིག་ཀྱང་མི་འདུག་པས་༔ གདམས་ངག་ཐམས་ཅད་གཅིག་ཐོག་ཏུ་སྒྲིལ་བ་ཚིག་ཉུང་ལ་ཁྱེར་བདེ་བ་ཞིག་ཐུགས་རྗེས་འཛིན་པར་ཞུ་ཞུས་པས་༔…..”ཞེས་མཚོ་རྒྱལ་དགུང་ལོ་གང་མཚམས་ཕེབས་སྐབས་གུ་རུ་བོད་ནས་ཞལ་གྱེས་ཚུལ་འཁོད་འདུག དེས་ན་གུ་རུ་བོད་དུ་ལོ་ཧྲིལ་པོ་བཞི་བཅུ་ཞེས་གཉིས་བཞུགས་ངེས་སོ།།
ཁྲི་ལྡེ་སྲོང་བཙན་ནམ་སད་ན་ལེགས་འཇིང་ཡོན་ནི། ལོ་རྒྱུས་འགར་5ཤིང་འབྲུག་ལ་འཁྲུངས་ཟེར་རུང་། ཤིང་འབྲུག་སྔ་མ་སྤྱི་ལོ་764 ལོར་ཡིན་ན་གཅེན་ལས་ལོ་བཞིས་ཆེ་དགོས། ཕྱི་མ་སྤྱི་ལོ་824 ལོ་ནི་མི་སྲིད་དེ་དབོན་ཞང་རྡོ་རིང་བསླངས་ནས་ཀྱང་ལོ་གསུམ་ཙམ་སོང་། དེར་བརྟེན་མེ་ཕོ་འབྲུག་ (སྤྱི་ལོ་776) ལ་འཁྲུངས་ནས་དགུང་ལོ་ཉེར་བརྒྱད་ཤིང་ཕོ་སྤྲེལ་ (སྤྱི་ལོ་804) ལོར་སྲིད་བཟུང་། བྲག་ཡབ་ཀྱི་རྡོ་བརྐོས་ཡི་གེར་’’སྤྲེའུ་གི་ལོའི་དབྱར་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་རིང་ལ་”ཞེས་འཁོད་པས་སོ།། ལོ་འདིར་གོང་དུ་བཀོད་པ་ལྟར་གུ་རུ་སྲིན་ཡུལ་དུ་ཕེབས་རྗེས་མུ་ནེ་འདས་པར་མངོན། འདིའི་འདས་ལོ་རྒྱལ་རབས་6འགའ་ཤས་ལ་མེ་བྱ་ (སྤྱི་ལོ་877) ལོར་བཞེད། མཁས་པ་ལྡེའུས་ལུག་ལོ་གསུངས་ཀྱང་དབང་ཐང་མ་བསྟན། རྒྱ་བོད་ཡིག་ཚང་གིས་ཤིང་ལུག་ (སྤྱི་ལོ་815) ལོར་འདས་གསུངས་པ་དེ་བདེན་སྙམ།
ཆོས་རྒྱལ་མེད་དབོན་རྣམ་གསུམ་གྱི་ཡ་གྱལ་ཁྲི་གཙུག་ལྡེ་བཙན་ནམ་རལ་པ་ཅན་ནི་རྒྱལ་རབས་མང་ཆེ་བ་བཞེད་མཐུན་ལྟར་མེ་ཕོ་ཁྱི་ (སྤྱི་ལོ་806) ལོར་འཁྲུངས་ཤིང་། ཤིང་མོ་ལུག་ (སྤྱི་ལོ་815) ལོར་རྒྱལ་སྲིད་བཟུང་། ལྕགས་མོ་གླང་ (སྤྱི་ལོ་823) ལོར་བོད་རྒྱའི་ས་མཚམས་དང་ར་ས་གཙུག་ལག་ཁང་མདུན་སོ་སོར་རྡོ་རིང་བཙུགས་པར་དབོན་ཞང་རྡོ་རིང་ཞེས་འབོད། རྡོ་རིང་འདི་ལོ་དྲུག་ཅུ་སྐོར་གཅིག་ཕྱི་ནུར་བྱ་ཐབས་གཏན་ནས་མེད་པ་རྒྱ་བོད་གཉིས་ཀའི་རྒྱལ་རབས་ལ་བརྟགས་ན་ད་གཟོད་ཤེས་ཐུབ། མེ་འབྲུག་ (སྤྱི་ལོ་836) ལོར་དར་མས་བཀྲོངས་སོ།།
གླང་དར་མ་འུ་དུམ་བཙན་ནི། ཆུ་མོ་ལུག་ (སྤྱི་ལོ་803) ལོར་འཁྲུངས། (མཁས་པའི་དགའ་སྟོན་དང་། དེབ་དམར་གསར་མ། རྒྱ་བོད་ཡིག་ཚང་། སུམ་པ་ཆོས་འབྱུང་བཅས་ཀྱིས་ཆུ་ལུག་གསུངས་ཀྱང་། ཆུ་ལུག་ཕྱི་མ་ནི་སྤྱི་ལོ་863 ལོར་འཁེལ་བས་གོང་ལྟར་རྡོ་རིང་དང་འགལ་བ་ཐུག) ཆུང་དུས་ནས་ཚུལ་བཞིན་དུ་མེད་པར་བརྟེན། ཡབ་ཀྱིས་སྲིད་གཅུང་ལ་གཏད། མཐར་སྲིད་ལ་བརྔམས་ཏེ་གཅུང་པོ་བཀུམས། མེ་ཕོ་འབྲུག་ (སྤྱི་ལོ་836) ལོར་སྲིད་བཟུང་ནས་ལོ་དྲུག་ཙམ་བསྡད་རྗེས་ལྕགས་མོ་བྱ་ (སྤྱི་ལོ་841) ལོར་ལྷ་ལུང་དཔལ་རྡོར་གྱིས་བཀྲོངས། ལོ་རྒྱུས་ལ་ལར་རྒྱལ་སྲིད་ལོ་གཅིག་ལྷག་ཙམ་དང་། ལ་ལར་ལོ་དྲུག་བསྐྱངས་ཚུལ་བཤད་པས་ཕྱི་མ་དེ་བདེན་པར་འཁུམས་སོ།།
ལྔ་པ། བསྟན་པ་དར་སྔ་ཕྱི་གཉིས་བར་གྱི་ཡུན་ཚད་སྐོར།
བསྟན་པ་དར་སྔ་ཕྱི་གཉིས་བར་གྱི་དུས་ཡུན་རིང་ཐུང་གི་རྩོད་རྙོག་འདི་ནི། བསྟན་རྩིས་ཀྱི་འགག་གནད་ཐུག་ས་གཅིག་ཡིན་ཏེ། གོང་འཕྲོས་གླང་དར་བཀྲོངས་ནས་བགྲང་བྱ་ལྔ་བཅུ་རྩ་གཅིག་འདས་པའི་ཆུ་བྱི་ (སྤྱི་ལོ་892) ལོར་བླ་ཆེན་དགོངས་པ་རབ་གསལ་འཁྲུངས། ཁོང་ལོ་བཅུ་དྲུག་ (སྤྱི་ལོ་907) ལ་སོན་སྐབས་’’གནང་གསལ་ལྷ་ཁང་དུ་ཕྱིན་ནས་རབ་བྱུང་ཆོས་འཆད་པ་དང་། ཉན་པའི་གཟུགས་གྱང་རིས་ལ་འདུག་པ་མཐོང་ནས་འདི་ཅི་ཡིན་དྲིས་པས་རྒས་མོ་གཅིག་ན་རེ་རབ་ཏུ་བྱུང་བའི་གཟུགས་ཡིན་ཟེར། ལས་འཕྲོའི་སྟོབས་ཀྱིས་དད་གུས་སྐྱེས་ཏེ་འདི་འདྲ་བ་གང་ན་ཡོད་དྲིས་པས་རྒས་མོ་དེ་ན་རེ་གཞན་ནི་ཁུངས་མ་ཐོབ། ཆུ་བོ་རི་ནས་བྲོས་པའི་དམར་གཡོ་གཙང་གསུམ་ནི་ངེས་པར་ཡོད་འདུག་གོ་ཟེར་རོ་’’7ཞེས་པ་འདིར་བཤད་པའི་རྒས་མོ་དེ་བུ་སྟོན་སོགས་ཀྱི་བསྟན་པ་སྔ་དར་ཕྱི་བར་ལ་ལོ་བདུན་བཅུ་དོན་གྲངས་ལས་མ་སོང་བའི་གཞི་བཟུང་ས་གནང་བ་དེ་ཡིན་པར་ངེས། དོན་ངོ་མ་ལྟར་ན། བསྟན་པ་སྣུབ་འགོ་ཚུགས་དུས་རྒས་མོ་དེ་ལོ་དྲུག་ཙམ་ཡིན་པ་དང་། གླང་དར་གསོད་སྐབས་ལོ་བཅུ་གཅིག་ཙམ་ཡིན། འཁྲུལ་གཞི་ནི་བསྟན་པ་ཕྱི་དར་འགོ་ཚུགས་སྐབས་རྒས་མོ་ལོ་དོན་གསུམ་ཅན་ལ་སྐད་ཆ་དྲིས་ཚུལ་ལས་བྱུང་བར་ངེས། རྒས་མོའི་གཏམ་དྲངས་ཚུལ་ལའང་མི་འདྲ་བ་རེ་ཟུང་སྣང་རུང་མང་བས་མ་བྲིས། བླ་ཆེན་དན་ཏིག་ལ་ཕེབས་རྗེས་དམར་གཡོ་གཙང་གསུམ་གྱིས་འདུལ་བའི་དཔེ་ཆ་གཡར་ཏེ་ཆོས་ལ་མོས་གུས་ཡོད་པ་ཤེས་རྗེས་སྡོམ་པ་གནང་། དེ་ནས་ལོ་ཤས་སོང་རྗེས་’’ཟོག་པོ་མི་དྲུག་”གིས་དམར་གཡོ་གཙང་གསུམ་ལ་རབ་ཏུ་བྱུང་བར་ཞུས་པས། ངེད་རྒས་པས་མཁན་བུ་མི་སྐྱོང་། བླ་ཆེན་ཁྱེད་ཀྱིས་གྱིས་ཤིག་གསུངས། ངས་བསྙེན་པར་རྫོགས་ནས་ལོ་ལྔ་ལས་མ་ལོན་པས་མི་འོང་ཞུས། དེ་ལ་ཉེས་བྱས་ཤིག་འོང་སྟེ། སངས་རྒྱས་བསྟན་པ་སྤེལ་བའི་དགོས་པ་ཆེ་བ་ལ་གནང་གི་ཅི་ཡང་གྱིས་གསུངས་ནས་ཁས་བླངས་ཏེ་བླ་ཆེན་པོས་མཁན་པོ་མཛད། གཙང་གི་སློབ་དཔོན་མཛད། གཞན་རྣམས་ཀྱིས་དད་པའི་དགེ་འདུན་བྱས་ནས་རབ་ཏུ་བྱུང་སྟེ་མཁས་བཙུན་མི་དྲུག་གྲགས་སོ།། མི་དྲུག་པོ་ནི་འལ་སྣྲུབས་གཉིས་ཏེ། འལ་རྡོ་རྗེ་དབང་ཕྱུག་དང་། སྣྲུབས་དཔལ་གྱི་དབང་ཕྱུག སྤང་ཅོག་གཉིས་ཏེ། སྤང་གོང་ཡེ་ཤེས་གཡུང་དྲུང་དང་། ཅོག་རོ་ཤེས་རབ་བྱང་ཆུབ། ཤོང་འབར་གཉིས་ཏེ། ཤོང་ཆུང་པ་ཤེས་རབ་གྲགས་དང་། ཨན་འབར་བ་བྱང་ཆུབ་གཉིས་བཅས་ཡིན། དེའི་ཚེ་སྤང་གོང་ཡེ་ཤེས་གཡུང་དྲུང་གིས་གྲུམ་ཡེ་ཤེས་རྒྱལ་མཚན་རབ་ཏུ་ཕྱུངས། དེས་མཁན་པོ་མཛད་དེ་དབུས་གཙང་གི་མཁས་པ་བཅུ་གཉིས་རབ་ཏུ་བྱུང་བ་ཡིན་ཚུལ་ཀླུ་མེས་ཆེན་པོའི་བརྩམས་ཆོས་ལས་གསལ་བ་ལྟར་ཡིན་ཅེས་རྗེ་བཙུན་སྒྲོལ་བའི་མགོན་པོ་8དང་ནེལ་པ་པཎྜི་ཏས་གཅིག་མཐུན་དུ་བཞེད། ད་དུང་ནལ་པ་པཎྜི་ཏས་’’ལྕགས་མོ་བྱའི་ལོ་ལ་ཆོས་སྣྲུབས་པ་ནས་ས་མོ་བྱའི་ལོ་ལ་མེ་རོ་ལངས་པ་དང་། དབུས་གཙང་དུ་སྡེ་པ་བྱུང་པ་ཡན་ཆོད་ལ་ལོ་སྐོར་དགུ་ཐལ་ཏེ། ལོ་བརྒྱ་དང་དགུར་དབུས་གཙང་རུ་བཞི་ན་དགེ་སློང་གི་མིང་མེད་དོ།།”ཞེས་གསུངས་པ་ནི་ཐུགས་ཤིན་ཏུ་མད་དོ།། ཁ་གཅིག་གིས་ས་སྟག་ (སྤྱི་ལོ་978) ལོར་བསྟན་པ་ཕྱི་དར་གྱི་དབུ་བརྙེས་པར་བརྩིས་ནས་ལོ་བརྒྱ་དང་སུམ་ཅུ་རྩ་བདུན་ཡང་འདོད། མདོར་ན་ཆོས་ཀྱི་མེ་ནི་གདུང་རབས་བདུན་སྦས་”ཞེས་གསུངས་ལ། མངའ་བདག་ཡུམ་བརྟན་ནས་ཚ་ལ་ན་ཡེ་ཤེས་རྒྱལ་མཚན་བར་མི་རབས་མང་པོ་སོང་ཡོད་ཚུལ་མཁས་པ་ལྡེའུའི་ཆོས་འབྱུང་རྒྱས་པ་སོགས་ལ་གཟིགས་དང་། བསྟན་པ་སྔ་ཕྱི་བར་ལོ་བདུན་ཅུ་དོན་གྲངས་ཀྱིས་གཏན་ནས་མི་ཆོད་དོ།། དར་མའི་རྗེས་བཙན་པོའི་རྒྱལ་སྲིད་སོག་མའི་ཕོན་ཐག་ཆད་པ་ལྟར་གྱུར་པས་དེ་རྗེས་མངའ་བདག་རྣམས་ཀྱི་འཁྲུངས་འདས་དེད་ན་བསྟན་རྩིས་ལ་གསལ་ཁ་གཏོད་རྒྱུར་ཕན་པ་དེ་ཙམ་མེད་སྙམ་ནས་གྲགས་ཅན་སྐྱེས་བུ་གཞན་གྱི་འཁྲུངས་འདས་ལྟར་སྒྲིག་ན། འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ཆུ་མོ་སྦྲུལ་ (སྤྱི་ལོ་993) ལ་འཁྲུངས། ཁོང་རྒྱ་གར་དུ་ཆོས་སློབ་པར་ཕེབས་པའི་སྐབས་དགུང་ལོ་ཉི་ཤུ་ཟ་མ་ཟིན་ཡིན་ན་ཕྱི་དར་འགོ་ཚུགས་ནས་ལོ་དྲུག་ཅུ་རེ་གྲངས་སོང་ཡོད། དེ་བཞིན་ལོ་ཆེན་རིན་བཟང་ས་རྟ་ (སྤྱི་ལོ་958) ལོར་འཁྲུངས་པས་དར་མ་བཀྲོངས་པའི་ལྕགས་བྱ་ནས་འདི་བར་ལོ་བརྒྱ་དང་བཅོ་བརྒྱད་ཡོད། གཞན་ཡང་རིམ་བཞིན་ཆུ་ཕོ་རྟ་ (སྤྱི་ལོ་982) ལོར་ཇོ་བོ་རྗེ་འཁྲུངས། ཆུ་ཕོ་སྟག་ (སྤྱི་ལོ་1002) ལོར་ཟུར་ཆེན་ཤཱཀྱ་འབྱུང་གནས་འཁྲུངས། ཆུ་མོ་བྱི་ (སྤྱི་ལོ་1012) ལོར་མར་པ་ཆོས་ཀྱི་བློ་གྲོས་འཁྲུངས། སྤྱི་ལོ་1027 མེ་ཡོས་ལོར་དུས་འཁོར་བོད་དུ་བསྒྱུར་ཏེ་རབ་བྱུང་འགོ་ཚུགས། དེ་ནས་ད་བར་ལོ་རྟགས་དང་དབང་ཐང་འཚོལ་བདེ་བས་ལོ་ཚིགས་རྣམས་རྩྭ་ཀུ་ཤའི་རྩེ་མོ་ལྟར་མ་འཛིང་པར་བརྩི་བར་ནུས་སོ།། མངྒ་ལཾ།།
མཐའ་མའི་འདོན་ཐེངས་།: 16.07.2020 ཉིན། 3:39 PM
<< སྔ་མ།