སྨན་རྩིས་དྲ་བ། - གསོ་རིག་མཁས་དབང་རིམ་བྱོན།

ག་ལེ་ནོས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 11.02.2014
གསོ་རིག་མཁས་དབང་རིམ་བྱོན། >>

 

 

 

 ག་ལེས་ནོས།

- བྱམས་པ་འཕྲིན་ལས།

      ག་ལེས་ནོས་ཞེས་པ་ནི། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྙུན་གསོ་བའི་ཕྱིར་སྟག་གཟིག་གམ་ཁྲོམ་གྱི་ཡུལ་(1)ནས་གདན་དྲངས་པའི་སྨན་པ་མཁས་པ་ཞིག་ཡིན། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་《གསོ་རིག་ཁོག་འབུགས་དྲང་སྲོང་དགྱེས་པའི་དགའ་སྟོན། ཤོག་གྲངས་༧༧ བ་༦》 པར་སྟག་གཟིག་པས་མགོ་སྔོན་བསྡུས་པ་དང་།  དེ་ཕོ། རྨ་བྱ། ནེ་ཙོ་གསུམ་གྱི་དཔྱད་སོགས་བསྒྱུར། གསུམ་ག་བཀའ་བགྲོས་ཏེ་《མི་འཇིགས་པའི་མཚོན་ཆ་》ཞེས་བྱ་བ་བམ་པོ་བདུན་ཡོད་པའི་གསོ་དཔྱད་ཀྱི་གཞུང་གསར་དུ་བརྩམས་ནས་ཕུལ། དེ་ལས། ལུགས་ཆེན་གསུམ་པོའི་ཚུལ་དག་མ་རྟོགས་ན། །སྨན་པ་ཆེན་པོའི་གྲངས་སུ་མི་འགྲོ་སྟེ། །བདག་དང་གཞན་ལ་ཕན་པར་མི་ནུས་པས། །བར་སྣང་མཁའ་ལ་ཇི་ལྟར་མཐོས་བསྙབ་བཞིན། །བྷ་ར་དྷ་ཛ་དྲང་སྲོང་ཆེན་པོ་དང་།  །ག་ལེས་ནོས་ནི་རྒྱལ་ཚབ་ཐུ་བོ་དང་།  །ཧེན་ཝེན་ཧད་དེ་ས་བདག་དབང་བསྐུར་བ། །འཕྲུལ་ཆེན་གསུམ་པ་བདུད་རྩི་བུམ་པ་བསྔགས། །ཞེས་གསོ་དཔྱད་ཐམས་ཅད་ལུགས་སྡེ་གསུམ་དུ་བསྡུས་ནས་འཆད་པར་མཛད། རྒྱ་དཀར་ནག་གི་སྨན་པ་གཉིས་ལ་རྒྱལ་པོས་བྱ་དགའ་ཕུལ་ཏེ་རང་རང་གི་ཡུལ་དུ་བཞུད། ག་ལེས་ནོས་རྗེའི་བླ་སྨན་དུ་བཞུགས། ཕལ་ཆེར་ལྷ་སར་སྟན་ཆགས་ཤིང་བསྟན་བཅོས་ཀྱང་དུ་མ་བརྩམས་པར་གྲགས། ཡུམ་ཁབ་ཏུ་བཞེས་པར་སྲས་གསུམ་བྱུང་བའི་ཆེ་བ་གཙང་སྟོད་དུ་བཏང་བས་བི་ཇི་སོགས་ཀྱི་རྒྱུད་པ་དར། འབྲིང་པོ་གཡོར་པོར་བརྫངས་པས་ལྷོ་རོང་གི་སྨན་པ་རྣམས་འཕེལ། ཆུང་བ་ཡབ་ཀྱི་སྐུར་བཅར་བ་སོག་པོ་སྨན་པ་ཞེས་གླེང་།  ག་ལེས་ནོས་ལ་ཕྱིས་མཚན་འཛོ་རོར་འབོད་ཅིང་།  དེ་ལ་བོད་ཀྱི་རིགས་བཟང་བ་འགའ་ཞིག་སློབ་པར་འདོད་པ་མ་གནང་སྟེ། རིགས་ངན་པ་རྟུག ལྗང་།  སྣིགས། རྨོངས་ཞེས་པ་བཞིར་སྨན་དཔྱད་སློབ་ཏུ་བཅུག རིགས་བཟང་ངན་དང་མཐོ་དམན་མེད་པར་འཆོས་ཤིག་པར་བཀའ་བསྒོས། མིང་འཚོ་བྱེད་སྨན་པར་བཏགས། བྱ་དགའ་ལ་གཙིགས་ཆེན་དགུ་དང་།  གཙིགས་ཆུང་གསུམ་སྟེ་བཅུ་གཉིས་གནང་།  ཞེས་གསུངས།

          ཟུར་མཁར་བློ་གྲོས་རྒྱལ་པོས་མཛད་པའི་《ཤེས་བྱ་སྤྱིའི་ཁོག་འབུགས། ཤོག་གྲངས་༡༠༦ན་༣》 པར་《མི་འཇིགས་པའི་མཚོན་ཆ་》ཡང་དེ་ཉིད་ལས་སྨན་གྱི་ལུགས་ཆེན་པོར་གྲགས་པ་ནི་གསུམ་ཞིག་ཡོད་དེ། རྒྱ་གར་དང་།  སྟོད་ཕྱོགས་དང་།  རྒྱའོ། །རྒྱ་གར་གྱི་ནི་བྷ་ར་དྷ་ཛས་བྱས་སོ། །སྟོད་ཕྱོགས་པའི་ནི་ག་ལེས་ནོས་ཀྱིས་བྱས་སོ། །རྒྱའི་ནི་ཧན་ཝེན་ཧད་དེས་བྱས་སོ། །ཞེས་དང་། 《འཇམ་དཔལ་སྙིང་གི་ཟུར་ཐིག》ལས། རྒྱ་གར་རྒྱ་ནག་སྟོད་ཕྱོགས་གསུམ། །ལུགས་གསུམ་བྱང་ཆུབ་ཆེན་པོ་ཡིན། །ཞེས་པའི་སྐབས་སྟོད་ཕྱོགས་བོད་ཀྱི་ལུགས་ཟེར་བའང་སྣང་བས་ག་ལེས་ནོས་དང་དེའི་རིགས་སྲས་རྣམས་གངས་ཅན་ལྗོངས་ཀྱི་སྨན་དཔྱད་བསྟན་པའི་སྒྲོན་མེ་ལྟ་བུར་གྱུར་སྟབས་སྟོད་ཕྱོགས་བོད་ཀྱི་ལུགས་ཞེས་པའི་ཤོད་སྲོལ་དེ་ཡང་རྒྱུ་མཚན་ཆེ་བར་འདུག

          དེ་རྗེས་ཁྲི་སྲོང་ལྡེའུ་བཙན་སྐབས་ཁྲོམ་གྱི་སྨན་པ་མཁས་པ་ཙན་པ་ཤི་ལ་ཧ་ཞེས་པ་དེས་བོད་དུ་སྨན་དང་རྩིས་སོགས་མང་པོ་བསྒྱུར། སྲིད་བསྐྱངས་ཏེ་བི་ཇིའི་རྒྱུད་པ་སྔར་བྱུང་ཟིན་ནའང་འདི་ནས་ཀྱང་འཕེལ་བར་གྲགས། སློབ་བརྒྱུད་ལ་ཞང་དང་།  སྟོང་དང་།  བྲང་ཏི་གསུམ་གྱིས་གཙོས་དུ་མར་འཕེལ་བའི་སྐོར་《ཁོག་འབུགས་དྲང་སྲོང་དགྱེས་པའི་དགའ་སྟོན། ཤོག་གྲངས་༨༠་བ་༣》 པར་གསལ།

མཆན་བུ།

(1) 《བློན་པོ་བཀའ་ཐང་》ལྕགས་པར་《ཤོག་གྲངས་༤༣༤ བ་༦》ནང་།  ནུབ་ཕྱོགས་ཟླ་བ་ཚེས་པའི་འོག་ན་ནི། །ཏ་ཟིག་ནོར་གྱི་རྒྱལ་པོ་ཡོད་དོ་སྐད། །བྱང་ན་སྐར་མ་སྨེ་བདུན་འཆར་བའི་འོག །ཁྲོམ་ནི་གེ་སར་དམག་གི་རྒྱལ་པོ་ཡོད། །ཅེས་ཏ་ཟིག་དང་ཁྲོམ་གཉིས་ཁག་ཁག་ཡིན་པར་ལྟ་བུར་གསུངས། ལོ་རྒྱུས་འགར་ཏ་ཟིག་ཅེས་པ་ནི་ཤིན་ཅང་ཡར་ཁྱེན་གྱི་ནུབ་དང་།  ཨ་ཧྥུ་ཧན་གྱི་བྱང་ཕྱོགས་དེང་དུས་ཏ་སེ་ཀིན་ཞེས་པར་བཤད། གཡུང་དྲུང་བོན་གྱི་ལོ་རྒྱུས་《གདོད་མའི་ཆོས་ལུགས་གསལ་བར་བྱེད་པའི་སངས་རྒྱས་གཡུང་དྲུང་བོན་གྱི་ལོ་རྒྱུས་ངོ་མཚར་ནོར་བུའི་དོ་ཤལ་མཁས་པ་དགྱེས་པའི་མགུལ་རྒྱན་》ཞེས་པ་ལས། ཞིང་ཁམས་འདི་ལ་མཚན་གྱི་རྣམ་གྲངས་ཀྱང་རྒྱ་གར་མི་རྣམས་ཀྱི་ཤམ་བྷ་ལ། ཞང་ཞུང་མི་རྣམས་ཀྱིས་སྟག་གཟིག་ཁྲོམ་གྱི་ཡུལ། བོད་མི་རྣམས་ཀྱིས་སྟག་གཟིག་འོལ་མོ་ལུང་རིང་།  ཨོ་རྒྱན་གྱི་མི་རྣམས་ཀྱིས་ནུབ་ཕྱོགས་བདེ་ཅན་ཞིང་ཟེར་རོ། །ཞེས་དང་།  ཡང་དེ་ཉིད་ལས། ཡུལ་དབུས་ཀྱི་ཆགས་ལུགས་ལ་གཉིས། ཡོན་ཏན་གྱི་ཡུལ་དབུས། ས་ཚིགས་ཀྱི་ཡུལ་དབུས། དང་པོ་ནི་སྟག་གཟིག་འོལ་མོ་ལུང་རིང་ཞེས་བྱ་སྟེ། ཕྱོགས་གང་དུ་ཡོད་ཅེ་ན་《མདོ་འདུས་》ལས། འཛམ་བུ་གླིང་གི་ནུབ་བྱང་ན། །མུ་ཁྱུད་འཛིན་གྱི་ལྷོ་ཡི་ཕྱོགས། །འཛམ་བུ་པྲིཀྵ་ཤིང་གི་རྩར། །རི་བོ་གངས་ཅན་ཏི་སེའི་དྲུང་།  །མཚོ་ནི་མ་པང་གཡུ་མཚོའི་འགྲམ། །ཆུ་བོ་ཆེན་པོ་བཞི་འདུས་འགོ། །སྤོས་དྲི་ངད་ལྡན་ཉེ་བའི་ས། །རི་ནགས་དགུ་འདུས་ར་བ་སྟེ། །ཆུ་བོ་པཀྵུ་སིནྡྷུས་བཅད། །དུས་གསུམ་སངས་རྒྱས་བྱོན་པའི་ཞིང་།  །ཞེས་པའི་ཏི་སེ་ལ་ཡོན་ཏན་གྱི་དབུས་སྟག་གཟིག་ལ་ཡོད་པའི་ཏི་སེ་དང་།  ས་ཚིགས་ཀྱི་དབུས་བོད་ཀྱི་ཏི་སེ་གཉིས་སུ་ཡོད་པས། ལུང་འདིའི་ཏི་སེ་དང་།  །མཚོ་མ་པང་།  སྤོས་རི་ངད་ལྡན་སོགས་ནི་སྟག་གཟིག་ན་ཡོད་ལ་ཆུ་བོ་བཞི་ཡང་སྟག་གཟིག་ནས་འབབ་པ་དེའོ་ཞེས་གསུངས།།

- འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་འདོན་ཞུས།


མཐའ་མའི་འདོན་ཐེངས་།: 12.12.2017 ཉིན། 3:16 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།