སྨན་རྩིས་དྲ་བ། - སྨནརྩིས་བགྲོ་གླེང་དང་ཟབ་སྦྱོང་ཡིག་ཆ།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.09.2024
སྨནརྩིས་བགྲོ་གླེང་དང་ཟབ་སྦྱོང་ཡིག་ཆ། >>



༄༅། །བོད་ཀྱི་གསོ་བ་རིག་པ་ལས་ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

སྨན་པ་ཚེ་དབང་རྟ་མགྲིན།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་།

༄༅། །ཐུགས་རྗེས་འགྲོ་བའི་དོན་མཛད་བཅོམ་ལྡན་འདས།།

མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སྐྱོབ།།

དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ།།

བཻཌུརྱ་ཡི་འོད་ལ་ཕྱག་འཚལ་ལོ།།

 

༡།  སྔོན་གླེང་།

མཁས་རྒྱུ་མེད་ཀྱང་ལམ་རྒྱུས་དང་རང་དཔེ་གཞན་བཀབ་ཞེས་པའི་དཔེ་ལྟར་ད་ལྟ་སློབ་སྦྱོང་གནང་བཞིན་པའི་སློབ་མ་རྣམས་དང་། ནད་ཐོག་ལག་ལེན་ནང་མི་རིང་བ་ལོ་ལྔ་མན་གྱི་སྨན་པ་གསར་བུ་བ་རྣམས་ལ་བློ་སྐྱེད་ཕྲན་བུ་ཞིག་ཡོང་བ་ལ་དམིགས་ཏེ་གོ་སྐབས་འདི་དང་ལེན་ཞུས་པ་ཞིག་ཡིན།

༢།  ཕྱི་ལུགས་ལས་འབྲས་ནད་ངོས་འཛིན་ཐོག་མའི་སྐོར།

ནུབ་ལུགས་སྨན་གྱི་ལོ་རྒྱུས་ནང་འབྲས་ནད་ཅེས་པའི་ནད་འདི་ཐོག་མར་ཕྱི་ལོ་ ༡༨༨༠ ཙམ་ལ་ཤེས་རྟོགས་ངོས་འཛིན་ཐུབ་པ་བྱུང་ཡོད།

འབྲས་ནད་དང་པོ་དེ་ཡང་ཕོ་བའི་འབྲས་ནད་ཡིན།

དེ་ནས་རིམ་བཞིན་བུ་སྣོད་དང་ནུ་མ་སོགས་ཀྱང་འབྱུང་བར་ཤེས་རྟོགས་བྱུང་། དེ་དག་ལ་ནང་གསེས་རིགས་མི་འདྲ་བ་ཧ་ཅང་མང་པོ་ཞིག་ཁྱབ་བརྡལ་དུ་འགྲོ་བ་རེད།

ནད་འདི་དེང་དུས་འཕྲུལ་ཆས་ཀྱི་བརྟག་དཔྱད་ལ་བརྟེན་ནས་ངོས་འཛིན་ཐུབ་ལ། ཉམས་ཞིབ་དང་གསོ་བཅོས་ཀྱི་ཐབས་ལམ་རིགས་མི་འདྲ་བ་བྱེད་བཞིན་ཡོད།

༣། བོད་ཀྱི་གསོ་རིག་གི་དམིགས་བསལ་ཁྱད་ཆོས།

བོད་ཀྱི་གསོ་བ་རིག་པ་ནི་ལོ་ངོ་བཞི་སྟོང་ལྷག་གི་ལོ་རྒྱུས་ལྡན་པའི་སྨན་གཞུང་ཆེས་སྔ་ཤོས་གྲས་ཀྱི་སྲོལ་རྒྱུན་སྨན་ལུགས་འཐུས་ཀ་ཚང་ལ་དམིགས་བསལ་ནང་ཆོས་ཀྱི་ལྟ་གྲུབ་དང་ལྡན་པའི་ཐུན་མོང་མ་ཡིན་པའི་སྲོག་སྐྱོབ་པར་བྱེད་མཁན་ཞིག་ཡིན།

 སྨན་གཞུང་འདིའི་ནང་དེང་དུས་ཀྱི་ནད་རིགས་སྤྱི་དང་ཁྱད་པར་གསོ་དཀའ་ཞིང་ཚེ་སྲོག་ལ་ཉེན་ཁ་ཆེ་བའི་གཉན་རིམས་རིགས་དང་། འབྲས་ནད། ཁྲག་རླུང་སྟོད་འཚངས། ཟ་ཁུ་གཅིན་སྙི། འཚོ་ཆེའི་ནད། སེམས་ཁམས། ཀླད་སྐྱོན་དབང་རྩའི་ནད་སོགས་མང་དག་གི་གསོ་ཐབས་སྐོར་བསྟན་ཡོད་པས། ཕན་འབྲས་ཀྱང་གང་འཚམ་བཟང་པོ་ཡོད་ལ་ཕྱི་ནང་མི་རིགས་ཀུན་གྱིས་དགའ་གུས་དང་བསྔགས་བརྗོད་ཡི་རང་བྱས་པ་མ་ཟད། སྲོག་སྐྱོབ་པའི་རེ་བ་བཅོལ་ཡུལ་ཞིག་ཀྱང་གྱུར་ཡོད་པ་ཚང་མས་མཁྱེན་ཆུབ་རེད།

༤། ཁྲག་འབྲས་ནད། (Leukaemia)

ནུབ་ལུགས་སྨན་གྱི་ལོ་རྒྱུས་ནང་ ༡༩༠༤ ལོར་ཁྲག་འབྲས་ (Leukaemia) ཀྱི་ནད་དངོས་སུ་ངོས་འཛིན་ཐུབ་པ་རེད།

ད་ལྟའི་ཆར་རྒྱ་གར་ལ་མཚོན་ན་ལོ་རེར་ཉུང་མཐར་ཡང་མི་ས་ཡ་གཉིས་ལ་ནད་འདི་ཕོག་གི་ཡོད།

དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་གཞན་དུའང་ནད་འདི་ཕོག་མཁན་ཇེ་མང་དུ་འགྲོ་བཞིན་ཡོད།

དེ་དག་གི་རྒྱུ་མཚན་གཙོ་བོ་ནི་རང་ལུགས་གསོ་བ་རིག་པའི་སྨན་གྱི་གཞུང་ལུགས་ཀྱི་ཕྱི་མོ་དཔལ་ལྡན་གསོ་རིག་རྒྱུད་བཞི་ལས་འབྲས་ནད་དང་སྐྲན་ནད་ཅེས་པའི་ཐ་སྙད་མི་འདྲ་བ་གཉིས་ཀྱི་སྤྱིའི་འབྱུང་རྐྱེན་གཙོ་བོ་ཕོ་བ་ (སྟག་ཚང་ལོ་ཙཱ་བས། རོ་དྲུག་ཟས་སྐོམ་ཟོས་པ་རྣམས།། མྱག་ཞུ་འདྲེས་པ་སྦྱངས་པ་དང་།། ཐུར་དུ་བཏང་ཞིང་ཕོ་བའི་ཕྱིར།། དེ་ལ་ཕོ་བ་ཞེས་སུ་བཤད།།) ཡིན་པས་སྔོན་བྱོན་མཁས་དབང་འགས་འདས་པོའི་ཕུང་པོར་དངོས་སུ་བརྟག་དཔྱད་མཛད་ནས་དེ་དག་དགོངས་པ་གཞི་མཐུན་དུ་སྨྲས་པ་ཡིན།

རྒྱུ་ནི་འགྲམས་འཁྲུགས་ཁ་ཟས་མ་སྨིན་པས།། ངན་ཁྲག་རྒྱས་ཏེ་རླུང་གིས་སྒྲིལ་ནས་བྱུང་།། ཞེས་པ་དེ་དངོས་སུ་ཕྱི་ལོ་ ༡༦༣༠ ནང་འབྲི་གུང་ཚེ་དབང་བསྟན་པས། རྣག་དང་ཆུ་སེར་དཀྱིལ་དུ་འབྲས་ལྟར་སྐྱེ་བའོ་ཞེས་གཟིགས་ཡོད།

དེ་ལ་ཡང་སྙིགས་མ་མ་ཞུ་བའི་སྐྲན་ (Benign Tumor) དང་། དྭངས་མ་མ་ཞུ་བའི་འབྲས་(Malignant Tumor)ཞེས་རིགས་མི་འདྲ་བ་གཉིས་སུ་གསལ་བར་གསུངས་ཡོད། དུས་དེ་ནས་བཟུང་སྟེ་ནད་འདིའི་རིགས་ན་མཁན་ཇེ་མང་དུ་འགྲོ་བ་ལས་ཉུང་དུ་ཕྱིན་མེད། དེའི་རྒྱུ་མཚན་ནི།

 ༡། ཁོར་ཡུག་ནང་འགྱེད་འཕྲོ་ (Radiation) དང་། དུ་རླངས་མང་བ།

༢། རྫས་སྦྱོར་གྱི་བཅོས་མའི་བཟའ་བཏུང་མང་དྲགས་པ།

༣། མ་གོམས་པའི་ཟས་རིགས་དུས་མིན་དུ་བསྟེན་དྲགས་པ།

༤། ཟས་ཀྱི་ཚོད་མི་ཤེས་པ།

༥། མ་འཕྲོད་པ་མང་པོ་གྱུར་དུག་དུ་འགྲོ་བ།

༦། རྗེན་ཟས་དང་འཁྱགས་པོའི་རིགས་བསྟེན་ཆེ་བ།

༧། ཁེངས་པོའི་རིགས་བཟའ་བཏུང་མང་བ།

༨། ཤིང་ཏོག་མ་སྨིན་པ་དང་། ཞོ་ཆང་མ་ལངས་པ། དགའ་ཕྱོགས་དང་མི་མཐུན་པའི་ཟས་སྐོམ་གྱི་མཚམས་མི་ཤེས་པ།

༩། གཞན་ཡང་སྨན་དཔྱད་ཀྱིས་གསོ་བ་ལོག་པ་མང་བ་སྟེ་དཔེར་ན་གཏར་ཁ་དོ་མ་སྙོམས་པ་དང་། འོད་འཕྲོའི་རྫས་སོགས་མང་དུ་སྤྱད་པས་ཕོ་བའི་མེ་དྲོད་དང་། མཆིན་པའི་དྲོད།  མཁལ་མའི་དྲོད། མངལ་གྱི་དྲོད་ཉམས་པ་ལས་བྱུང་བ་ནད་པའི་ས་ནས་མངོན་སུམ་དུ་མཐོང་ཐུབ་པ་ཡིན།

དེ་དག་ལས་ལུས་ལ་མཁོ་བའི་ཁྲག་རིལ་དཀར་པོ་དང་། ཁྲག་རིལ་དམར་པོ་ Hemoglobin ཞེས་པའི་ཁྲག་གི་ས་བོན་གྱི་གཞི་རྩའི་རྒྱུ་ཆ་དུས་ཐོག་ལ་བཟོ་སྐྲུན་བྱེད་མ་ཐུབ། བཟོ་སྐྲུན་བྱེད་ཐུབ་ཀྱང་དེ་དག་གི་སྤུས་ཚ། དཔེར་ན། མཚལ་མདོག་འདྲ་བ་ཚི་ཅན་བཟང་པོ་དགོས་པ་དེ་ལྟ་བུ་མེད་པའི་རྐྱེན་གྱིས་ནད་པ་ཕལ་ཆེ་བར་ངལ་དུབ་དང་། མགོ་ཡུ་འཁོར་བ། ན་ཟུག རྐང་ཉྭ་ན་བ། ཚིགས་གཞི་ན་བ། གདོང་པ་སྐྱ་སྦོས། མིག་པགས་སྐྲངས་ལ་སྐྱ་བོར་འགྱུར་བ། སྐྲ་འབྱི་བ། རྩ་སྦྲིད་པས་སྐེ་མི་ཐེག་པ། དངངས་ཚབས་ཀྱིས་དབུགས་ཧལ་བ། བྲང་བསྡམས་པ། ཁ་ནང་རྨ་དང་ཁྲག་རྡོག་ཐོན་པ། པགས་པར་སྨུག་ཐིག རྨེན་བུ་སྐྲངས་པ། རུས་གཟེར། ནུ་མ་འཁྲེགས་འཇམ་གྱུར་པ། ལུས་ཀྱི་ལྗིད་ཚད་ཆག་པ། གཉན་ཚད་རྒྱས་པ། དེ་དག་གི་ནད་ཡུན་རིང་དུ་གནས་པ་དང་ཡང་ཡང་ན་བ་ཡིན།

༥། ཁྲག་འབྲས་ཀྱི་ངོས་འཛིན་སྐོར།

ནད་ངོ་ཐམས་ཅད་བལྟ་རེག་དྲི་བས་ཡོངས་ཤེས་བྱ་ཞེས་པ་ལྟར། ནད་འདིའི་རིགས་ལ་རང་ལུགས་དང་། ཕྱི་ལུགས་ complete blood test or Cytometry གཉིས་ཟུང་འབྲེལ་དུ་གནང་དགོས་པ་གལ་ཆེ། སྨན་དཔྱད་ཤེས་ལོ་མ་བྱེད་རྟོག་དཔྱོད་གཟོབ།། ཅེས་དང་། བླ་སྨན་མཁྱེན་རབ་ནོར་བུས་(༡༨༨༢-༡༩༦༢)དེ་དག་ཁོང་དུ་ཆུད་པའི་ཐོག རྒྱལ་ཁབ་ཆེན་པོའི་ལུགས་སྲོལ་ལྟར་དཔྱད་ལུགས་ངེས་པར་མཁས་ལོབས་ནས་སྡུག་བསྔལ་ནད་སེལ་སྨན་བླ་དངོས་སུ་མཛད།།

རང་ལུགས་རྩའི་བརྟག་ཐབས་ལ།

            ༡། མི་འགྲིམས་ལྷོད་པ་མེ་དྲོད་ཉམས་པའི་རྩ།

            ༢། འབྲས་ནད་སྤྱི་རྟགས་རྩ་རྒྱུད་ཕྲ་ལ་འདར།

            ༣། ཁྲག་སྐྲན་འདྲིལ་བ་རྩ་རྒྱུད་ཕྲ་ཞིང་མགྱོགས།

            ༤། དྭངས་མ་མ་ཞུའི་རྩ་ནི་འཕྲང་ལ་ཐུང་།

            ༥། སྙིགས་མ་མ་ཞུའི་རྩ་ནི་སྦོམ་འཕྲང་རྒྱས་པར་འཕར།

༦། ཁྲག་འབྲས་སུ་ལ་མང་བ་ཡོད་པའི་སྐོར།

ཁྲག་འབྲས་ཀྱི་ནད་པ་མང་ཤོས་ནི་ལོ་ན་ ༨ ནས་ ༦༥ བར་དང་། ལོ་ན་ ༧༠ ལས་བརྒལ་བ་རྣམས་ཡིན། ཕོ་ལ་ཅུང་ཟད་མང་བ་མཐོང་།

རྒྱུ་མཚན་སྣ་ཚོགས་ཡོད་དེ། རིགས་རྒྱུད་དང་། ལས་རིགས། གནས་ཡུལ་ཚ་གྲང་། སེམས་ཁམས་བདེ་སྡུག་མི་སྙོམས་པ། གོམས་གཤིས་སོགས་ཀྱིས་འབྲས་ནད་འཕེལ་རྒྱས་དང་འགྱུར་ལྡོག་མང་དུ་གཏོང་། དཔེར་ན། སྙལ་བའི་སྐྱུར་ཚལ་ཟ་བ་མང་དྲགས་ན་མིད་པ་དང་ཕོ་བའི་འབྲས་ནད་ཕོག་པ་མང་བ་དང་། རྒྱུན་རིང་ཚིལ་རིགས་ཟ་བ་མང་ན་ལོང་འབྲས་དང་། ནུ་འབྲས་དང་། ལྒང་རྨེན་འབྲས་ནད་ཕོག་པ་མང་བ།  ཐ་མག་གིས་གློ་བ་དང་། མིད་པ། ཀླད་པ་དང་། སེམས་ཁམས་ལ་གནོད་སྐྱོན་ཆེ་བ། སྤྲོ་སྣང་མེད་ན་ནུ་མ་དང་མཆིན་པའི་འབྲས་ནད་འཕེལ་ཞིང་ཚབས་ཆེ་རུ་འགྲོ་བར་ཉམས་ཞིབ་པས་དཔྱད་འབྲས་ནང་བཀོད་ཡོད།

རྒྱུན་དུ་སེམས་ཁམས་སྙོམས་ཐབས་བྱེད་མཁན་ཚོར་དེ་འདྲ་བའི་གནས་ཚུལ་འབྱུང་རྒྱུ་ཧ་ཅང་དཀོན་པ་ཡིན།

 ༧། གསོ་ཐབས།

ཡན་ལག་ ༡༢ ལྡན་ན་གསོ་བ་སླ་ཞེས་སྨན་པ་དང་། སྨན། ནད་གཡོག་རྣམ་པ་གསུམ། དེ་མ་ཟད་གང་ཟག་ནད་པའང་གཞོན་ཞིང་འདུལ་བས་སྨན་རྣམས་ཀུན་བཟོད་པའི་ལུས་དགོས་པ་ཡིན།

རྩ་བའི་སྨན་གང་གཏོང་ཡང་ནད་ཀྱི་ཆོས་བཅུ་དང་བསྟུན་དགོས་པ་མ་ཟད་། ནད་པའི་གཟུགས་གཞིའི་གནས་བབས་དང་། ནད་དེའི་རྒྱུ་ལམ་གྱི་གནས་བབ། སེམས་ཁམས་སོགས་ལ་བསྟུན་དགོས་པ་ནི་ཤིན་ཏུ་གལ་ཆེ།

རྩ་བའི་སྨན་ནི་དྭངས་བཙོ་དང་། ཟླ་ཤེལ་ ༣༧། བདུད་རྩི་ ༣ སྦྱོར། གུར་ ༡༣།  ཨ་རུ་༧ པ། མན་བསིལ། ཟླ་བདུད། ཨར་ཀླུ། ཚངས་ལྷ། བྷི་མ་ལ། གསང་བདག  རྡོ་རྗེ་ཁྲབ། བསམ་ཁྱུང་། ཨ་རུ་ ༡༨།  ཨ་རྒྱན། ཁྱུང་ནི།  བྱ་ཁུད།  སྤང་རྩི་ ༡༢། ཨར་རྟ། མུ་ཁྲབ། སྐྲན་ཁྲབ། སྐྲན་གསང་། གྷི་ཁྲབ། གྷི་གསང་། གྷི་ཙན། མང་སྦྱོར། གྲང་སྦྱོར། བྱུར་དམར། གཡུ་རྙིང། ལྕགས་རིལ་སོགས་གཏོང་ལུགས་མང་ཀྱང་རིག་པས་དཔྱད་ནས་ནད་དང་སྨན་གྱི་ཚ་གྲང་ལ་ཤན་དབྱེ་ཤེས་ན་སྲོག་སྐྱོབ་མཁན་ངོ་མའོ།།

ཟས་སྨན་གསུམ་ནི། ༡། རླུང་ལ་ཏིལ་མར། ༢། མཁྲིས་པར་མར་གསར། ༣། བད་ཀན་ལ་སྦྲང་རྩི་བཅས་གསུམ་ཡིན།

ཀུན་ལ་སྤང་བྱའི་ཟས་རྣམས་ནི།  རུལ་བ་དང་། སྐྱུར་བ། སྔོ་ངད་རིད་པ་རྣམས་འཇུ་བར་དཀའ་བས་གང་ཟག་ནད་པ་ཀུན་ལ་སྤང་།

མན་ངག་རིན་ཆེན་འབྱུང་གནས་ལས། བཟའ་བཏུང་གཙོ་བོ་འཛེམ་དགོས་པ་ནི་སྐྱུར་དང་ལན་ཚྭ་འབྲས་ཀྱི་དུག་ཡིན་པས། ཧ་ལའི་དུག་བཞིན་རྒྱུན་དུ་སྤང་བར་བཤད།།

༨། གསོ་ཐབས་བྲལ་བ།

བཅོས་ཐབས་བྲལ་བ་ནི་ནད་ཟུག་ཆེ་ཞིང་། ཟས་སྐྱུག་པ། ཟུངས་གསུམ་ཤོར་བ་སྟེ།          ༡། མུར་གོང་གི་ཤ་སོགས་སྐམ་པ་ཕྱིའི་ཟུངས་ཤོར་བ། ༢། ཟས་སྐོམ་མི་འཇུ་བ་སོགས་ནང་མེ་དྲོད་ཀྱི་ཟུངས་ཤོར་བ།   ༣། རྩའི་ཤེད་ཤོར་བ་གསང་བ་རླུང་ཁྲག་གི་ཟུངས་ཤོར་བ་བཅས་ཡིན།

 ༩།  མཇུག་བསྡོམས།

ཇི་ལྟར་སྨན་པའི་སྲོག་ནི་རྒྱུ་དྲུག་ཡིན་པ་དང་། དེ་བཞིན་དགེ་འདུན་སྲོག་ཚུལ་ཁྲིམས། དྲང་སྲོང་སྲོག་བུ་རྒྱུད། རྒྱལ་པོའི་སྲོག་བཅའ་ཁྲིམས། བུད་མེད་སྲོག་ལུས། སྨན་པའི་སྒོ་གསུམ་གྱི་སྤྱོད་པ་ཚད་མེད་བཞི་ཡི་ལག་ལེན་མ་འཛོལ་བ་གནང་ན་འབྲས་བུ་བཟང་པོ་ཚེ་འདི་ཉིད་ལ་སྨིན་ཐུབ་པ་དང་། ཚེ་ཕྱི་མར་བག་ཆགས་བཟང་པོ་འཇོག་ཐུབ་པས་འདི་ཕྱི་གཉིས་ཀར་དགེ་ལེགས་ཡོང་བ་ཡིན་ནོ།། །།





མཐའ་མའི་འདོན་ཐེངས་།: 21.09.2024 ཉིན། 10:26 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།