སྨན་རྩིས་དྲ་བ། - ཆེད་རྩོམ།

ཁྲག་གི་གནས་ལུགས་ལ་དཔྱད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 28.01.2015
ཆེད་རྩོམ། >>


ཁྲག་གི་གནས་ལུགས་ལ་དཔྱད་པ་བྱིས་པའི་སྙིང་གཏམ།

 

ངག་དབང་ཚེ་རིང་།

ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་།


གླེང་གཞི།

དུས་རབས་ཉེར་གཅིག་པ་འདིའི་ནང་དུ་ཕྱི་དངོས་པོའི་ཚན་རིག་ཡར་རྒྱས་ཆེན་པོ་འགྲོ་བ་དང་བསྟུན། དེང་དུས་རིག་གསར་སྨན་བཅོས་ཀྱི་རིག་པའང་ཚད་མཐོའི་གོང་འཕེལ་དུ་ཕྱིན་ནས་མིའི་ལུས་ཀྱི་གནས་ལུགས་ཆེ་ཕྲ་ཆུང་གསུམ་ཆ་ཚང་གནད་ལ་འཁེལ་པ་འགྲེལ་བཤད་རྒྱག་ཐུབ།  དེ་ཡང་ལུས་ཀྱི་ཆ་ཤས་ཕྲ་མོ་ཡན་གྱི་གནས་ལུགས་རྣམས་ཚན་རྩལ་འཕྲུལ་འཁོར་དང་རྫས་འགྱུར་སྟེང་ནས་ཤེས་རྟོགས་བྱུང་དང་འབྱུང་བཞིན་ཡོད་པ་མ་ཟད་དབང་པོའི་ལྐོག་ཡུལ་དུ་གྱུར་བའི་ལུས་ཀྱི་ཕྲ་ཕུང་རེ་རེའི་སྟེང་གི་རྡུལ་ཕྲན་རྣམས་ཀྱི་གནས་ལུགས་ཀྱང་རྟོགས་པར་བྱེད།  ཚན་རྩལ་རིག་པའི་འཕྲུལ་འཁོར་དང་རྫས་འགྱུར་ཁོ་ན་ལ་བརྟེན་ནས་ཤེས་རྟོགས་བྱུང་བ་ཞིག་ལས་ཚན་རྩལ་རིག་པའི་འཕྲུལ་འཁོར་སོགས་མེད་ན་དེ་ལྟར་རྟོགས་མི་སྲིད།  དེ་ནི་མིའི་རྣམ་དཔྱོད་དང་གསར་གཏོད་ཀྱི་རིག་པ་ལ་བརྟེན་ནས་བྱུང་བ་ཞིག་དང་།  གསར་གཏོད་ཀྱི་རིག་པ་མེད་ན་ཚན་རྩལ་གྱི་རིག་པ་རྒྱས་ས་མེད་པ་ནི་སྨོས་མ་དགོས།  ཚན་རིག་པ་ཚོས་བརྗོད་པ་ལྟར་ན་ད་ལྟའི་ཚན་རིག་གི་གྲུབ་འབྲས་འདི་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་གནའ་བོའི་སྲོལ་རྒྱུན་གྱི་རིག་པ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པར་འགྲེལ་བརྗོད་བྱེད་ཀྱི་ཡོད་པས་དོན་དུའང་དེ་ལྟར་གནས།  གནའ་བོའི་སྲོལ་རྒྱུན་གྱི་རིག་པ་ལ་མ་བརྟེན་པའི་ཚན་རིག་གི་རིག་པ་གསར་པ་ཞིག་གང་དུའང་འབྱུང་མི་སྲིད་པས་ཚན་རིག་གི་གྲུབ་འབྲས་ཡོངས་རྫོགས་སྲོལ་རྒྱུན་གྱི་རིག་པའི་གཞུང་ལུགས་ལ་བརྟེན་ནས་བྱུང་བ་ཡིན་པས་ཚན་རིག་གི་རིག་པ་འདི་སྲོལ་རྒྱུན་གྱི་རིག་པའི་ཕྲུ་གུ་ལྟ་བུ་ཆགས་ཡོད།  དེས་ན་སྲོལ་རྒྱུན་གྱི་རིག་པར་རྨོངས་པའི་བློ་གསར་ཚོས་སྲོལ་རྒྱུན་གྱི་རིག་པའི་གཞུང་ལ་བློ་གཅིག་ཕྱོགས་ནས་རིག་པའི་བརྡར་ཤ་དཔྱད་ཐུབ་ན་སྲོལ་རྒྱུན་གྱི་རིག་པའི་གཞུང་ལུགས་ཀྱང་ཚན་རིག་གི་རིག་པ་ཞིག་ཡིན་པས་ཕན་ཚུན་ངོ་བོ་དབྱེ་མེད་དུ་འགྲེལ་ཐུབ། དེ་ནི་ང་ཚོར་ཐོབ་པའི་རྒྱལ་ཁ་ཞིག་ཡིན།  དེ་མིན་ཚན་རིག་དུ་ཡོད་པ་སྲོལ་རྒྱུན་དུ་མེད་པ་དང་། སྲོལ་རྒྱུན་དུ་ཡོད་པ་ཚན་རིག་དུ་མེད་ལུགས་རྐྱང་རྐྱང་བརྗོད་ན་རྗེས་ལུས་གྱི་ལམ་བུ་རང་གིས་མདུན་དུ་བསུ་བར་བྱེད་པ་དང་གཉིས་སུ་མེད་པར་མཐོང་། སྲོལ་རྒྱུན་རིག་པ་དང་དེང་དུས་རིག་གསར་གཉིས་ནི་ཕན་ཚུན་བློ་ཐག་ཉེ་བའི་མ་དང་བུའི་འབྲེལ་བ་ལྟ་བུ་ཆགས་ཡོད།  མ་ཟད་སྲོལ་རྒྱུན་གྱི་སྨན་དཔྱད་རིག་པ་ལ་བརྟེན་ནས་དེང་དུས་རིག་གསར་སྨན་བཅོས་ཀྱི་རིག་པ་འདི་འཚར་ལོངས་བྱུང་བ་ཞིག་ཡིན་པ་ནི་ཡོངས་གྲགས་ཡིན།  དེའི་ནང་གསེས་གསོ་བ་རིག་པ་ནི་ལོ་ངོ་སྟོང་ཕྲག་གོང་ནས་འགྲོ་བ་མིའི་འཚོ་བའི་རྒྱུན་རིམ་ཁྲོད་དཀའ་སྤྱད་འབད་བརྩོན་དང་འཐབ་འཚོལ་བྱས་པ་བརྒྱུད་བྱུང་བ་ཞིག་དང་ཉམས་མྱོང་གི་རིག་པའི་སྙིང་བཅུད་བསྡུས་པའི་རིག་པའི་གཞུང་ལུགས་ཤིག་ཡིན་པས་གང་ལས་ཀྱང་ཚན་རིག་པ་ཡིན།         

རྒན་རིན་པོ་ཆེ་མཆོག་ནས་ཀྱང་ "ད་ལྟའི་འཛམ་བུ་གླིང་གི་ཕྱིའི་དངོས་པོའི་ཡར་རྒྱས་དེ་ཚད་ལས་བརྒལ་བ་ཕྱིན་ཡོད་པ་རེད།  འཛམ་བུ་གླིང་གི་ཕྱིའི་དངོས་པོའི་ཡར་རྒྱས་ཀྱི་མ་རྩ་ལྟ་བུ་དེ་ཚན་རིག་ཆགས་ཡོད།  ཚན་རིག་དེའི་ནང་ལོགས་ནས་མིའི་འཕྲོད་བསྟེན་གྱི་གནས་ཚུལ་ལ་ཆ་བཞག་པ་ཡིན་ན་རྫས་སྦྱོར་གྱི་རིག་པ་རྨང་གཞི་བྱས་ནས་ནད་དང་ནད་དེའི་གཉེན་པོར་བསམ་བློ་བཏང་གི་ཡོད་པ་རེད།  དེ་འདྲའི་རྫས་སྦྱོར་གྱི་རིག་པ་དེ་གནའ་སྔ་མོའི་རྫས་སྦྱོར་གྱི་རིག་པ་རྨང་གཞི་ཐོག་ནས་རྫས་སྦྱོར་གྱི་རིག་པ་གསར་པ་མང་པོ་ཞིག་གསར་གཏོད་བྱེད་ཡོད་པ་རེད་" ཅེས་གསུངས།    

འདིར་བརྗོད་པར་བྱ་བ་ནི་ཁྲག་གི་གནས་ལུགས་སྐོར་ཡིན།  ཁྲག་གི་གནས་ལུགས་ཞེས་པ་ནི་ཁྲག་ལ་ལྷན་སྐྱེས་སུ་ཡོད་པའི་ཁྲག་གི་ལྡང་ཚད་དང་། ངོ་བོ།  གྲུབ་ཆ།  དེའི་བྱེད་ལས་གང་དང་གང་ཡིན་པ་ཇི་བཞིན་བསྟན་པ་ལ་གོ།  དེ་ཡང་གསོ་བ་རིག་པའི་གཞུང་དུ་ཁྲག་གི་གནས་ལུགས་སྐོར་དེང་དུས་རིག་གསར་སྨན་དུ་ཇི་ལྟར་གསལ་བ་བཞིན་བསྟན་ཡོད་ཅེས་མཇིང་པ་གཟེངས་སུ་གཏད་དེ་བརྗོད་པར་སྤྲོ།

རྒྱུད་ལས།  མང་དུ་ཕྱེས་ལ་ནད་ངོས་མ་འདྲེས་བཟུང་། །ཉུང་དུ་བསྡུས་ལ་ལག་ལེན་གཉིས་སུ་འདྲིལ། །ཞེས་རྒྱུད་བཞི་ནི་ཕྱི་ལུགས་ལྟར་ཚིག་དོན་རེ་རེར་བཞིན་མ་བཀྲལ་པར་ཚིག་ཉུང་ལ་དོན་ཟབ་པའི་གཞུང་ལུགས་ཤིག་ཏུ་བསྟན་ལ་ཕབ་པས་དེར་མ་ཚང་བ་དང་མ་གསུངས་པ་ནི་གཅིག་ཀྱང་མེད་པས་གཡུ་ཐོག་གིས་ཀྱང་ཆེ་བ་བཅུ་གཅིག་དང་ལྡན་པའི་དཔལ་ལྡན་གསོ་བ་རིག་པ་ཞེས་ཆེས་བསྟོད་ཆེན་པོ་གནང་བར་དོན་སྙིང་ལྡན་ཞིང་རྒྱུད་བཞི་འདི་ཉིད་གསོ་བྱ།  གསོ་བྱེད།  ཇི་ལྟར་གསོ་བ་དང་། གསོ་བ་པོ་བཅས་རྣམ་པར་བཞི་རུ་དབྱེ་ནས་མ་ལྷག་མ་ཆད་པར་བསྟན་མོད།  འོན་ཀྱང་རྒྱུད་བཞིའི་ནང་དོན་རྣམས་འཁྲིད་རྒྱུན་ཡོད་པ་ཙམ་ལ་བརྟེན་ནས་དོན་རྟོགས་པར་མི་འགྱུར་ལ་བལྟས་པ་ཙམ་གྱིས་དེ་བས་རྟོགས་པར་མི་འགྱུར་རོ། །

 

དེས་ན་ཁྲག་གི་གནས་ལུགས་སྐོར་འཆད་པར་བྱ་བ་ལ་ས་བཅད་མི་འདྲ་བ་བཞི་སྟེ།  ༡། ཁྲག་གི་གྲུབ་བྱ་དང་གྲུབ་ཚུལ།  དེའི་ངོ་བོ་མཚན་ཉིད།  ༢། ཁྲག་གི་ཁྱད་ཆོས་དང་དེའི་བྱེད་ལས།  ༣། ཁྲག་ལ་བརྟེན་ནས་ནད་སྐྱེད་ཚུལ་དང་དེ་ལས་བྱུང་བའི་ནད།  ༤། མཇུག་བསྡུ་བ་བཅས་སོ།།

 

དང་པོ།  ཁྲག་གི་གྲུབ་བྱ་དང་གྲུབ་ཚུལ།  ངོ་བོ།  མཚན་ཉིད།

དཔལ་ལྡན་གསོ་བ་རིག་པའི་གཞུང་དུ་ཁྲག་གི་གྲུབ་བྱ་སྟེ།  རྒྱུད་ལས།[1]  ཆུ་ལས་ཁྲག་དང་ལྕེ་རོ་རླན་པ་སྐྱེད། །ཅེས་ཁྲག་དེ་ངོ་བོ་གཤེར་གཟུགས་ཡིན་པར་བརྟེན་རླན་གཤེར་ཆེ་བའི་འབྱུང་བ་ཆུ་ལས་གྲུབ་པར་བསྟན།    གཞན་ཡང་རྒྱུད་ལས།[2]  འབྱུང་བ་ལྔ་ལྡན་ཟས་ཀྱི་ཡོན་ཏན་གྱིས། །ལུས་ཀྱི་འབྱུང་བ་ལྔ་པོ་རྒྱས་པར་བྱེད། །ཅེས་ཕྱི་རོལ་དུ་ཡོད་པའི་ཟས་སྐོམ་འབྱུང་བ་ལྔ་ལྡན་གྱིས་གཟུགས་པོའི་ནང་གི་འབྱུང་བ་ལྔ་པོ་རྒྱས་པར་བྱེད་པ་དང་།  ནང་གི་འབྱུང་བ་ལྔ་པོ་ལས་ཁྲག་སོགས་ལུས་ཟུངས་མཐའ་དག་གྲུབ་པར་བརྟེན་འབྱུང་བ་ལྔ་པོ་ནི་ལུས་ཟུངས་ཀུན་ཀྱི་གྲུབ་ཆ་དང་།  བྱེ་བྲག་ཆུའི་འབྱུང་བ་ནི་ཁྲག་གི་གྲུབ་ཆ་གཙོ་བོ་དེ་ཡིན།

དེང་དུས་རིག་གསར་སྨན་གྱི་ནང་དུའང་ཁྲག་ནི་ངོ་བོ་རླན་གཤེར་ཤས་ཆེ་བའི་རྫས་ལས་གྲུབ་ཏེ།  དེ་ཡང་ཁྲག་གི་གྲུབ་ཆ་བརྒྱ་ཆ་50% ནས་ 55% པ་ལཛ་མ་Plasma ཡིས་གྲུབ་པ་དང་།  པ་ལཛ་མ་ plasma བརྒྱ་ཆ་ 91% ཆུ་ལས་གྲུབ་པར་བཤད།   དེ་ལྟར་འབྱུང་བའི་ངོ་བོ་ཤས་ཆེ་ཆུང་ལ་གཞིགས་ཏེ་ཆུ་ལས་ཁྲག་གྲུབ་ཅེས་གསུངས་པ་ལ་གནས་ལུགས་དང་རིག་པ་ལྡན། 

དེང་དུས་རིག་གསར་སྨན་གྱི་ནང་དུ་ཁྲག་གི་གྲུབ་ཆ་གཉིས་སུ་དབྱེ་སྟེ། ཁྲག་གི་རྡུལ་45%དང་། པ་ལཛ་མ་55%གཉིས་སོ། །ཁྲག་གི་རྡུལ་ལ་གསུམ་ཏེ།  ཁྲག་རྡུལ་དམར་པོ། RBC ས་ཡ་ལྔ། ཁྲག་རྡུལ་དཀར་པོ་ WBC ཁྲི་གཅིག  ཁྲག་མིག Platelets གསུམ་འབུམ་ཙམ་བཅས་སོ། །ཡང་ཁྲག་རྡུལ་དཀར་པོ་ལ་གཉིས་ཏེ། Granulocytes, Agranulocytes བཅས་གཉིས་ཡོད་འདུག ཡང་། Granulocytes ལ་དབྱེ་ན་མི་འདྲ་བ་གསུམ་སྟེ། Neutrophils (40-70)%, Basophils (0-1)%, Oesinophils (1-5)% བཅས་གསུམ་ལྡན།  Agranulocytes ལ་གཉིས་ཏེ།  Lymphocytes(25-40)% དང་ Monocytes (2-8)% གཉིས་སོ། །དེ་བཞིན་པ་ལཛ་མ་ plasma ལ་གཉིས་ཏེ།  ཆུ་water 91%དང་། སྲ་གཟུགས་solid 9%གཉིས་སོ། །ཡང་སྲ་གཟུགས་ཅན་ལ་དབྱེ་ན་གཉིས་ཕྱེས་ཏེ། organic དང་ inorganic གཉིས་སོ།། Organic 8% ནང་དུ་སྤྲི་དཀར་རྫས་(protein) ཀྱི་སྡེ་ཁག་Albumin , Globulin, Fibronogen, Prothrombin, amino acid བཅས་ལྡན།  གཞན་ཡང་མངར་རྫས་Glucose དང་། ཚིལ་Fats and lipid བཅས་ཡོད།  inorganic 1% ནང་དུ་གཏེར་རྫས་ mineral རིགས་རྣམས་ལྡན།  མདོར་ན་ཁྲག་གི་ནང་ཆུ་ཁམས་ཤས་ཆེ་བ་བསྟན་ཡོད་པས་ཕན་ཚུན་འགལ་བ་མི་མཐོང་།

 

ཁྲག་གི་གྲུབ་ཚུལ་ནི།

བཤད་རྒྱུད་[3]ལེའུ་ལྔ་པ་ལུས་ཀྱི་མཚན་ཉིད་ལས། །དྭངས་མ་ལུས་ཟུངས་རང་རང་མེ་དྲོད་ཀྱིས། །སྨིན་པར་འགྱུར་ཏེ་དྭངས་མ་ཕོ་བ་ནས། །དྭངས་མ་ལེན་པའི་རྩ་དགུར་མཆིན་ལམ་བརྒྱུད། །མཆིན་པའི་གནས་སུ་ཁྲག་འགྱུར་ཁྲག་ལས་ཤ །ཞེས་ཁྲག་གི་གྲུབ་ཚུལ་སྟེ་ཟས་ཀྱི་དྭངས་མ་ལུས་ཟུངས་རང་རང་སོ་སོའོ་མེ་དྲོད་རྣམ་གསུམ་གྱིས་སྨིན་པར་འགྱུར་ཏེ་དྭངས་མ་དེ་ཕོ་བའི་འདེབས་ཀྱི་སྤུ་ཕྲན་འདྲ་བའི་རྒྱུ་གྲོག་གི་རྩ་སྦུབས་བརྒྱུད་མཆིན་པའི་གནས་སུ་སོང་ནས་མཆིན་པའི་ནང་རོལ་དུ་ཁྲག་བཟོ་ཡི་ཡོད། 

དེང་དུས་རིག་གསར་སྨན་གྱི་ནང་དུའང་ཁྲག་ནི། ཁྲག་རིལ་དམར་པོ་(RBC)དང་། དཀར་པ་(WBC)། ཁྲག་མིག་(Platelets)། པ་ལཛ་མ་(Plasma)བཅས་ཀྱིས་གྲུབ་པ།  པ་ལཛ་མ་(plasma) ཞེས་པ་དེ་ཟས་སྐོམ་གྱི་དྭངས་མ་དང་དེའི་ནང་དུ་སྤྲི་དཀར་དང་རླན་གཤེར་ཆེ་བའི་རྡུལ་རྫས་ཀྱིས་གྲུབ་ཚུལ་བཤད།  མདོར་ན་ནར་སོན་པའི་དར་མའི་ཁྲག་ནི་མཆིན་པའི་ནང་དུ་བཟོ་མོད།  འོན་ཀྱང་རུས་པའི་ནང་དུའང་ཁྲག་བཟོ་གི་ཡོད་པར་ཤུགས་ཀྱིས་རྟོགས་དགོས་པ་ལས་གསོ་བ་རིག་པའི་ནང་དུ་བཤད་མིན་འདུག་སྙམ་མི་དགོས་ཏེ།  དྭངས་མ་ལུས་ཟུངས་རང་རང་རྟེན་དང་བརྟེན་པའི་འབྲེལ་བ་ཡོད་པའི་ཕྱིར།

 

ཁྲག་གི་ངོ་བོ་དང་མཚན་ཉིད།

སྤྱིར་གསོ་བ་རིག་པའི་གཞུང་དུ། ཁྲག་གི་གྲུབ་ཆ་ཆུའི་འབྱུང་བ་ཡིན་ནའང་ཁྲག་གི་ངོ་བ་ཚ་བ་ཡིན་ཏེ། རྩ་རྒྱུད་ལེའུ་གསུམ་པ་གནས་ལུགས་ནད་གཞི་[4]ལས། ཁྲག་དང་མཁྲིས་པ་ཚ་བ་མེ་རུ་འདོད། །ཅེས་ཁྲག་གི་གྲུབ་ཆ་གཤེར་གཟུགས་ཡིན་ནའང་ངོ་བོ་ཚ་བ་ལྡན་པའི་ཕྱིར།

དེང་དུས་རིག་གསར་སྨན་གྱིས་ནང་དུའང་། ཁྲག་ལ་དྲོད་ཀྱི་ནུས་པ་ཆེན་པོ་ཡོད་པར་བཤད།  དེ་ཡང་ཁྲག་ནི་སྡོད་ལོང་མེད་པར་རླུང་གིས་དེད་ནས་ལུས་ཀྱི་ཆ་ཤས་ཀུན་ལ་ཁྱབ་པར་བྱེད་པས་དྲོད་ཀྱིས་ངོ་བོར་འགྱུར།  ཁྲག་གི་མཚན་ཉིད་ནི་བཤད་རྒྱུད་ལེའུ་ལྔ་པ་ལུས་ཀྱི་མཚན་ཉིད་བསྟན་པ་ལས། ་་་ཁྲག་གིས་བརླན་ཞིང་སྲོག་འཚོ། །ཞེས་གྲུབ་ཆ་རླན་གཤེར་ཅན་ལས་ངོ་བོ་ཚ་ཞིང་ལྡན་པ་དང་། དེས་སྲོག་འཚོ་བར་བྱེད་པ་ལ་ཁྲག་གི་མཚན་ཉིད་ཅེས་བྱའོ། ། དེང་དུས་རིག་གསར་སྨན་གྱི་ནང་དུའང་ཁྲག་གི་མཚན་ཉིད་ནི་ངོ་བོ་རླན་གཤེར་ཡིན་པ་ལ་དྲོད་དང་ལྡན་པ།  དེས་གཟུགས་པོའི་རྡུལ་ཕྲན་མཐའ་དག་བརྩམ་པར་བྱེད་ནས་སྲོག་འཚོ་བར་བྱེད་པ་ལ་མེད་དུ་མི་རུང་བའི་ཕུང་གྲུབ་གལ་ཆེན་ཞིག་ཏུ་བརྩིས་བཞིན་ཡོད་འདུག།

 

གཉིས་པ།  ཁྲག་གི་ཁྱད་ཆོས་དང་དེའི་བྱེད་ལས།

དཔལ་ལྡན་གསོ་བ་རིག་པ་ལས་ཁྲག་གི་ཁྱད་ཆོས་ནི། བཤད་རྒྱུད་ལེའུ་བཞི་པ་ལུས་ཀྱི་གནས་ལུགས་བསྟན་པ་ལས། ཁྲག་དང་ཕྱི་སའི་ལྡང་ཚད་སྙིམ་པ་བདུན[5]།  །ཞེས་ཁྲག་གི་ལྡང་ཚད་སྙིམ་པ་བདུན་ལས་མེད་པའི་དོན་མ་ཡིན་ཡང་ནད་མེད་ཐ་མལ་གྱི་དར་མ་ལ་ཆ་སྙོམས་ཀྱི་ཚད་དུ་རང་རང་སོ་སོའི་སྙིམ་པ་བདུན་ཡོད་ཅེས་ཆུ་ཁམས་དོར་བའི་ཁྲག་དྭངས་མ་ཞིག་གི་ཚད་གཞི་བསྟན་པས་དེང་དུས་རིག་གསར་སྨན་དུ་བསྟན་པའི་ཚད་གཞི་དག་དང་འགལ་བ་ཡོད་པ་ཞིག་མི་མཐོང་ལ་གནས་ལུགས་དང་མི་མཐུན་པ་ཞིག་དེ་བས་མི་སྲིད།  ཟླ་བའི་རྒྱལ་པོ་ལས། ཁྲག་ནི་བྲེ་གསུམ་ཕྱེད་དང་དོ། །ཞེས་ཁྲག་གི་ལྡང་ཚད་བཤད་རྒྱུད་ལས་མང་བར་བསྟན་འདུག་ཀྱང་དོན་དུ་ཕན་ཚུན་འགལ་བ་མི་མཐོང་།  ཁྲག་ལ་ཡོད་པའི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཞིག་ནི་ཟླ་བའི་རྒྱལ་པོ་[6]ལས།  འཁོར་བའི་རྟེན་ནི་བུ་གའི་དབུས། །རླུང་དང་ཁྲག་གིས་མཚམས་འཛིན་ཏེ།  །ཀུན་གཞི་རྣམ་ཤེས་ཆུ་དང་འོད།  །རླུང་གིས་གཡོ་བ་དག་བྱེད་དོ།  །དཔེར་ན་ཆུ་འོད་མཁའ་ལ་འཆར་བ་བཞིན།  །རླུང་གི་གཡོ་བ་དེ་བཞིན་དུ།  །ཀུན་གཞི་ཆུ་དང་འདྲ་བ་སྟེ། །རྣམ་ཤེས་ནམ་མཁའི་གཟུགས་བརྙན་བཞིན། །གཡོ་བའི་རྣམ་རྟོག་རླུང་དང་འདྲ། །ཁྲག་དང་རླུང་གི་ས་འཛིན་པའོ།།[7]ཞེས་ཁྲག་དང་རླུང་གཉིས་ནི་ལས་ཉོན་གྱིས་བཅིངས་པའི་རྣམ་ཤེས་དེ་ཐོག་མར་འཇུག་པ་ལ་ལྷན་གཅིག་བྱེད་རྐྱེན་གཙོ་བོ་ཞིག་ཏུ་འགྱུར་ཏེ། རྣམ་ཤེས་ནི་དྲོད་ལ་མ་བརྟེན་ཐབས་མེད་དང་ཁྲག་ནི་ངོ་བོ་དྲོད་དང་ལྡན་པས་རྣམ་ཤེས་འཇུག་པ་ལ་རྐྱེན་བྱེད་མཁན་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་མཐོང་བས་དཔྱད་པར་མཛོད།

དེང་དུས་རིག་གསར་སྨན་གྱི་ནང་དུའང་། ཁྲག་གི་ལྡང་ཚད་བཤད་ཅིང་།  ཆུ་ཁམས་དྭངས་སྙིགས་འབྲེལ་བའི་ཁྲག་གི་ཆ་སྙོམས་ཀྱི་ཚད་གཞི་དེ་དར་མ་རེར་ལི་ཊར་ litre 5-6 ལྡན་དགོས་པར་བཤད་པས་ཕན་ཚུན་འགལ་བར་མི་མཐོང་།  གཞན་ཡང་ཁྲག་ནི་མདོག་དམར་པོ་ཡིན་ཏེ།  ཁྲག་གི་ནང་དུ་ཁྲག་དམར་སྤྲི་དཀར་ haemoglobin ལྡན་ཡོད་པའི་ཕྱིར།  ཁྲག་གི་ནང་དུ་བག་ཚིལ་ཆུ་ལས་འདབ་འགྱུར་ལྔ་ཡི་མང་བ་དང་ཆུ་ལས་མཐུག་པ་བཅས་མདོར་ན་ཁྲག་ནི་ངོ་བོ་རླན་གཤེར་ཅན་ལ་དྲོད་དང་ལྡན་པའི་ལུས་ཟུངས་རྣམས་འཕེལ་འགྲིབ་བྱེད་མཁན་གྱི་ལུས་ཟུངས་ཤིག་ཡིན།

 

ཁྲག་གི་བྱེད་ལས་ནི།

བཤད་རྒྱུད་ལེའུ་ལྔ་པ་ལུས་ཀྱི་མཚན་ཉིད་བསྟན་པ་ལས།  ཁྲག་གིས་བརླན་ཞིང་སྲོག་འཚོ། །[8]ཞེས་ཚིག་ཉུང་ལ་དོན་མཐའ་དག་བསྡུས་པའི་མན་ངག་འདི་ལྟར་བསྟན་ཡོད།  དེ་ཡང་གཟུགས་པོར་མཁོ་བའི་རྡུལ་རྫས་རླན་གཤེར་ཅན་ནམ་ངོ་བོ་གཤེར་གཟུགས་ཅན་གྱི་ཟུངས་ཁྲག་དམར་པོ་ཅན་དང་།  དེའི་ནང་དུ་འཚོ་རླུང་ oxygen དང་ཟས་སྐོམ་གྱི་དྭངས་མ་ཡོངས་རྫོགས་ལྡན་ལ།  དྭངས་མ་དེ་དག་བུ་ག་བརྒྱུད་གཅིག་ལ་གཅིག་རྟེན་གྱི་ཚུལ་དུ་གཟུགས་པོའི་ཆ་ཤས་ཡོངས་ལ་དབོར་འདྲེན་བྱེད་ནས་སྲོག་འཚོ་བར་བྱེད།  སྲོག་འཚོ་ཞེས་པའི་དོན་ནི། སྲོག་གནས་པར་བྱེད་པ་ལ་འཚོ་རླུང་ oxygen ནི་མི་མཁོ་ཐབས་མེད་ཅིག་ཡིན་ཏེ། དེང་དུས་རིག་གསར་སྨན་གྱི་ནང་དུའང་། གཟུགས་པོར་འཚོ་རླུང་ oxygen མེད་ན་འཚོ་མི་ཐུབ་པ་དང་། ཁྲག་གི་ནང་དུ་ཡོད་པའི་ཟུངས་ཁྲག་haemoglobin གིས་འཚོ་རླུང་oxygen འཁྱེར་ནས་ལུས་ཀྱི་ཆ་ཤས་ཀུན་ལ་འཚོ་རླུང་འདང་ངེས་བཞིན་པ་འདྲེན་ནས་སྲོག་འཚོ་བར་བྱེད་པས་ན་ཁྲག་གི་སྲོག་འཚོ་ཞེས་དོན་དང་མཐུན་པར་སྣང་།  དེང་དུས་རིག་གསར་སྨན་གྱི་ནང་དུའང་ཁྲག་གིས་བྱེད་ལས་གཙོ་བོ་སྟེ་ཁྲག་གི་ནང་དུ་ཡོད་པའི་ཟས་སྐོམ་གྱི་དྭངས་མ་(Nutrition) དང་འཚོ་རླུང་(oxygen) རྣམས་ལུས་ཀྱི་ཆ་ཤས་ཀུན་ལ་མཁོ་སྤྲོད་བྱེད་པ་དང་།  ལུས་ལ་ཕན་ཐོགས་མེད་པའི་དུག་རྫས་(Toxic) དང་རླུང་རོ་(carbon dioxide)བཅས་ནི་གློ་བ་དང་གཅིན་པ་བརྒྱུད་ཕྱིར་དབྱུང་བར་བྱེད།  

གཞན་ཡང་བཤད་རྒྱུད་ལེའུ་ལྔ་པ་ལུས་ཀྱི་མཚན་ཉིད་བསྟན་པ་ལས།  མཁྲིས་ལས་བཀྲས་སྐོམ་ཟས་ལེན་འཇུ་བ་དང་། །ལུས་དྲོད་མདངས་གསལ་སྙིང་དཔའ་བློ་ལྡན་བྱེད།  །[9]ཞེས་མཁྲིས་པའི་བྱེད་ལས་བསྟན་ནའང་།  རྒྱུད་ལས་ཁྲག་དང་མཁྲིས་པ་ཚ་བ་མེ་རུ་འདོད། །ཅེས་ཁྲག་དང་མཁྲིས་པ་གཉིས་པོ་ངོ་བོ་གཅིག་ལ་ཕན་ཚུན་རྟེན་དང་བརྟན་པའི་འབྲེལ་བ་ཆེན་པོ་ཡོད་པས་བྱེད་ལས་ཀྱང་འདྲ་བ་ཡིན།  དེ་ཡིས་གྲོད་ཁོག་ལྟོགས་སུ་བཅུག་པ་དང་ཁ་སྐོམ་པར་བྱེད་པ།  ཟས་སྐོམ་རྣམས་འཇུ་རོགས་བྱེད་པ།  ལུས་ཀྱི་མེ་དྲོད་སྤྱི་དང་བྱེ་བྲག་ཕོ་བའི་མེ་དྲོད་སྐྱེད་པར་བྱེད་མཁན་ཞིག་ཡིན།  ཁྱད་པར་དུ་ལུས་ཀྱི་མདངས་སམ་འགོག་སྲུང་བྱེད་མཁན་(immune system )དང་། སྙིང་།  ཀླད་པ་བཅས་ལ་ཕན་ནུས་ཆེན་པོ་འབྱིན་པ།  འདིར་སྙིང་དཔའ་བློ་ལྡན་ཞེས་པ་སྙིང་ལ་འཚོ་བཅུད་ཀྱིས་ནུས་ཤུགས་འདྲེན་པས་སྙིང་བདེ་ཐང་དུ་གནས་ཤིང་བྱ་བ་གང་ལའང་དཔའ་མི་ཞུམ་པར་འཇུག་པར་འདོད་པ་ལ་སྙིང་དཔའ་དང་། ཁྲག་གིས་ཀླད་པ་ལ་འཚོ་རླུང་དང་འཚོ་བཅུད་རིགས་མ་ལྷག་མ་ཆད་པར་འདྲེན་ཐུབ་ན་ཀླད་པའི་བྱེད་ལས་ཚུལ་བཞིན་བྱེད་ཅིང་རིག་པ་གསལ་བས་བློ་ལྡན་ཞེས་དོན་གོ་བ་ལགས་ན་དཔྱད་པ་གནང་རོགས།  དེང་དུས་རིག་གསར་སྨན་གྱི་ནང་དུའང་ཁྲག་གིས་ནང་གསེས་ཁྲག་རིལ་དཀར་(WBC)པོས་ཕྱི་རོལ་དུ་ཡོད་པའི་ཤིན་ཏུ་ཕྲ་བའི་ནད་འབུ་རྣམས་ལུས་ཀྱི་ནང་རོལ་དུ་མ་བཏང་བར་དམག་མི་ལྟར་སྲུང་སྐྱོབ་བྱེད།  དེས་གཟུངས་པོའི་མདངས་སམ་འགོག་སྲུང་ནུས་པ་ཤུགས་ཆེར་བཏང་ནས་ནད་མེད་ཐ་མལ་དུ་གནས་པར་བྱེད།


གསུམ་པ། ཁྲག་ལ་བརྟེན་ནས་ནད་སྐྱེས་ཚུལ་དང་དེ་ལས་བྱུང་བའི་ནད།

ཁྲག་ནི་ལུས་ཀྱི་ཚེ་སྲོག་སྐྱོབ་མཁན་གྱི་ལྷ་དང་ཚེ་སྲོག་འཇོམ་པར་བྱེད་པའི་གདོན་འདྲེ་ཡང་ཡིན་ཏེ།  དུག་རྫས་ཀྱི་ལྷད་མེད་པའི་ཁྲག་བཟང་པོས་ལུས་འཚོ་བར་བྱེད་པ་དང་། དུག་རྫས་ཀྱིས་ཁེངས་པའི་ཁྲག་ངན་པས་ཚེ་ལ་བར་ཆད་གཏོང་གི་ཡོད་པས་ཁྲག་ངན་པ་ནི་ལྷ་བདུད་དུ་བབས་པ་དང་འདྲ་བ་ཡིན།  འདིར་ཁྲག་ལས་ནད་འབྱུང་ཚུལ་སྐོར་ལ་རགས་ཙམ་འཕྲོས་ན།  དེ་ཡང་བཤད་རྒྱུད་ལེའུ་བཅུ་གཅིག་པ་ནད་ཀྱི་མཚན་ཉིད་བསྟན་པ་ལས།  ཁྲག་འཕེལ་མེ་དབལ་ཁོང་འབྲས་མཆེར་པའི་ནད། །མཛེ་སྐྲན་ཁྲག་མཁྲིས་ནད་དང་མིག་སེར་དང་། །རྙིལ་ནད་བསྐྱོད་དཀའ་མིག་དང་གཅིན་ལྤགས་དམར། །[10]ཞེས་ཁྲག་གི་ནང་དུ་ངན་ཁྲག་ཆུ་སེར་སོགས་འཕེལ་བ་ལ་བརྟེན་ནས་མེ་དབལ་(Ringworm)དང་། ཁོང་གི་འབྲས་ནད།  མཆེར་པའི་ནད།  མཛེ།(leprosy)  སྐྲན།(tumour) ཁྲག་དང་མཁྲིས་པའི་ནད།  མིག་སེར་པོ་ཆགས་པ།  སོ་རྙིལ་ནད།  འགུལ་བསྐྱོད་བྱེད་དཀའ་བ།  མིག་དང་གཅིན་པ།  པགས་པ་བཅས་རྣམས་མདོག་འགྱུར་བ་སོགས་འབྱུང་།

དེང་དུས་རིག་གསར་སྨན་གྱི་ནང་དུའང་། ཁྲག་གིས་རྐྱེན་པས་ནད་མང་པོ་ཞིག་འབྱུང་ཚུལ་མཐུན་པར་གསུངས།  དེ་ཡང་རྫས་འགྱུར་བརྟག་དཔྱད་བྱས་པ་བརྒྱུད་ནད་རིགས་མང་པོ་ཞིག་ངོས་འཛིན་བྱེད་ཐུབ།   གསོ་བ་རིག་པ་ལྟར་ཐ་མལ་གྱི་ཁྲག་ལ་ཆ་སྙོམས་ཚད་གཞི་དབྱེ་ཡོད་པ་དང་།  བྱེ་བྲག་ཁྲག་གི་གྲུབ་ཆ་རེ་རེའི་ཚད་གཞི་གཏན་འབེབས་བྱས་ཡོད།  གལ་ཏེ་གཏན་འབེབས་བྱས་པའི་ཚད་གཞི་ལས་བརྒལ་ན་གྲུབ་ཆ་སོ་སོའི་ཚད་གཞི་ལ་གཞིགས་པའི་ནད་རིགས་ཀྱང་མི་འདྲ་འབྱུང་ཚུལ་བསྟན།  དཔེར་ན་ཁྲག་གི་ནང་དུ་ཡོད་པའི་ཟུངས་ཁྲག་(Haemoglobin) ལྟ་བུར་མཚོན་ན།   སྐྱེས་པར་14.0-18.0 དང་། བུད་མེད་ལ་12.0-16.0 དགོས་པ།  དེ་ལས་ཉུང་དྲགས་ཚེ་གློ་བུར་དུ་བརྒྱལ་འགྲོ་བ་དང་། དྲན་པ་འཐོར་བ།  གཟུགས་པོ་ཐང་ཆད་པ།  གཉིད་ཡེར་བ།  མགོ་ན་བ། རིམ་པས་སྐྱ་རྦབ་(anemia) སོགས་འབྱུང་།  གཟུགས་པོར་ཁྲག་རིལ་དཀར་པོའི་(WBC)ལྡང་ཚད་ནི་ཁྲག་རིལ་དཀར་པོའི་ཕྲ་ཕུང་ 5,000-10,000 དགོས་པ།  དེ་ལས་མང་བ་ཡོད་ན་གཟུགས་པོའི་ནང་དུ་ནད་ཡམས་འབྱུང་བ།  བྱེ་བྲག་ཁྲག་རིལ་དཀར་པོའི་གྲུབ་ཆ་སོ་སོའི་ཚད་གཞི་ལས་བརྒལ་བའི་ནད། DLC

1. Polymorphs: (40-70) ཚད་གཞི་ལས་བརྒལ་ན་གཅོང་ནད་སོགས་འབྱུང་།  Chronic disease  དཔེར་ན་གཅོང་ཆེན་ཟད་བྱེད།  TB ལྟ་བུའོ། །

2. Lymphocytes:(20-25) ཚད་གཞི་ལས་བརྒལ་ན་གློ་བུར་དུ་ནད་འགོ་སླ་བ་སོགས་འཕྲལ་གྱི་ནད་འབྱུང་། 

3. Esinophils:(01-08) ཚད་གཞི་ལས་བརྒལ་ཚེ་མི་འཕྲོད་པའི་ནད། Allergy དང་། ཆམ་པ་cold གཞན་ཡང་རིམས་ཚད་སོགས་འབྱུང་། 

4. Monocytes:(02-08) ཚད་གཞི་ལས་བརྒལ་ན་དུག་སྦྲང་ལས་བྱུང་བའི་ཚད་རིམས་Malaria སོགས་འབྱུང་།

5. Basophiles: (0-01)  ཚད་གཞི་ལས་བརྒལ་ན་མཛེ་ནད་(leprosy) སོགས་འབྱུང་།

6. Platelets: (1,50,000-4,00,000) ཚད་གཞི་ལས་བརྒལ་ན་འགོས་ནད་ཅན་གྱི་རུས་ཚད་(dengue )དང་།  སྣ་དང་ཁ་ནས་དོན་མེད་ཁྲག་འཛགས་པ།  སོ་རྙིལ་ནད། གཞན་ཡང་ཁྲག་གི་བརྟག་དཔྱད་བྱས་པ་བརྒྱུད་རྐང་འབམ་(Microfilaria) དང་རྒྱུ་ཚད་(typoid) གཅིན་སྙི་ཟ་ཁུ་སོགས་ཁྲག་ལ་བརྟེན་ནས་འབྱུང་བ་ཡིན།  མདོར་ན་གསོ་བ་རིག་པའི་གཞུང་དུ་ཁྲག་ལས་སྐྱེད་པའི་ནད་ཀྱི་རྣམ་གྲངས་མང་བས་རེ་རེ་བཞིན་བགྲངས་དཀའ་བས་འདིར་དཔེར་མཚོན་ཙམ་བཀོད་ན།  ཁྲག་ལས་འབྱུང་བའི་ནད་རིགས་འགའ་ཞིག་ནི་མཁྲིས་པའི་ནད།  ཚ་བ་ཐམས་ཅད།  རིམས་ཚད།  ཚད་འཁྲུ།  གཉན་ནད་སོགས་མང་པོ་ཡོད།  དེང་དུས་རིག་གསར་སྨན་གྱི་ནང་དུའང་ཁྲག་ལས་འབྱུང་བའི་ནད་གཞི་དཔེར་ན།  plague, Deptheria, AIDS, typhus, meals སོགས་མང་ངོ་།།

 

བཞི་པ། མཇུག་སྡོམ།

དེས་ན་གོང་དུ་ཁྲག་གི་གནས་ལུགས་ལ་དཔྱད་པ་འདི་གསོ་བ་རིག་པའི་གཞུང་དུ་དེང་དུས་རིག་གསར་སྨན་གྱི་རིག་པ་དང་གཉིས་སུ་མེད་པའི་རིག་པའི་གཞུང་ལུགས་ཚད་ལྡན་ཡོད་པས་བློ་ལྡན་ཤེས་རབ་ཀྱིས་གྲོགས་དང་འགྲོགས་ཏེ་རྒྱུད་ཀྱི་དགོངས་པ་ཇི་བཞིན་བཀྲལ་ཐུབ་ན། གསོ་བ་རིག་པ་འདི་ཉིད་དེང་དུས་རིག་གསར་སྨན་ལས་ཀྱང་ཚད་མཐོ་བའི་སྨན་དཔྱད་ཀྱི་ལོ་རྒྱུས་ཙམ་མིན་པར་སྨན་དཔྱད་ཀྱི་ལག་ལེན་ཁྲོད་ནས་བྱས་རྗེས་མ་དམན་པ་ཞིག་འཇོག་ཐོབ་པའི་སྤོབས་པ་དང་གདེང་ཚོད་ཡོད།  རྒྱུད་ལས། ཉུང་དུ་བསྡུས་ལ་ལག་གཉིས་སུ་འདྲིལ་ཞེས་དང་རྒན་རིན་པོ་ཆེ་མཆོག་ནས་ཀྱང་རྒྱུད་ནི་རྒྱུད་བཞིན་ཤེས་པར་བྱའོ། །དེང་དུས་རིག་གསར་སྨན་གྱི་ནང་དུ་བཤད་པའི་ཁྲག་གི་གནས་ཚུལ་སྐོར་ལ་ལྟ་ཀློག་བྱེད་སྐབས་ཇི་ལྟར་གསོ་བ་རིག་པའི་གཞུང་དུ་བསྟན་པའི་ཁྲག་གི་གནས་ལུགས་དང་འདྲ་བ་བཤད། དེ་ལྟར་གསོ་བ་རིག་པའི་གཞུང་དུ་བསྟན་པའི་ཁྲག་གི་གནས་ལུགས་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས་དེང་དུས་རིག་གསར་སྨན་གྱི་ནང་དུ་བཤད་པའི་ཁྲག་གི་ངོ་བོ་དང་གྲུབ་ཆ།  མཚན་ཉིད་དང་བྱེད་ལས་སོགས་དང་མཐུན་པའི་ཕན་ཚུན་འགལ་བ་མེད་པར་ནང་དོན་གཅིག་ཏུ་བཀྲལ་བའི་ཆེད་རྩོམ་འདི་ལ་འཚོ་བྱེད་རྣམས་ཀྱིས་གཟིགས་ཞིབ་གནང་ནས་དཔྱད་པ་དང་ལམ་སྟོན་གང་མང་གནང་རོགས་ཞུ་རྒྱུ་ཡིན།། །།

 

བཅས་དཀའ་བཅུ་པ་ལོ་རིམ་ལྔ་པའི་སྨན་སློབ་ངག་དབང་ཚེ་རིང་གིས་ཕྱི་ལོ་༢༠༡༤ ཟླ་༩ ཚེས་༢༧ རེས་གཟའ་སྤེན་པ།  ལྷིང་འཇགས་ལྡན་པའི་ཝཱཎ་མཐོ་སློབ་ཀྱི་ཞི་འཚོ་དཔེ་ཁང་དུ་ཀློག་ཀླད་འཕྲུལ་འཁོར་གྱི་གར་སྟེགས་སུ་མཛུབ་གནོན་གྱིས་འཁྲབ་རྩལ་མཚམས་བཞག་པ་ལགས། གསོ་རིག་བསྟན་པ་རྒྱས་གྱུར་ཅིག  །


་་་་་་་་་་་་་་་་་་་་་་་་

ལུང་འདྲེན་ཡིག་ཆ།

1 གཡུ་ཐོག་ཡོན་ཏན་མགོན་པོ། [བཤད་རྒྱུད་ལེའུ་གཉིས་པ་ལུས་ཆགས་ཚུལ་བསྟན་པ] ཤོག 40 རྡ་ས་སྨན་རྩིས་ཁང་། ༡༩༩༩ཟླ་༧ཚེས་༢༥ ལ།

2 གཡུ་ཐོག་ཡོན་ཏན་མགོན་པོ། [ རྒྱུད་བཞི་ལས་བཤད་རྒྱུད་ལེའུ་ལྔ་པ་ལུས་ཀྱི་མཚན་ཉིད་བསྟན་པ།] ཤོག 55 རྡ་ས་སྨན་རྩིས་ཁང་། ༡༩༩༩ཟླ་༧ཚེས་༢༥ལ།

3 གཡུ་ཐོག་ཡོན་ཏན་མགོན་པོ། [བཤད་རྒྱུད་ལེའུ་ལྔ་པ་ལུས་ཀྱི་མཚན་ཉིད། ] ཤོག 56 རྡ་ས་སྨན་རྩིས་ཁང་།  ༡༩༩༩ཟླ་༧ཚེས་༢༥ ལ།

4 གཡུ་ཐོག་ཡོན་ཏན་མགོན་པོ། [རྩ་རྒྱུད་ལེའུ་གསུམ་པ་གནས་ལུགས་ནད་གཞི། ] ཤོག 24 རྡ་ས་སྨན་རྩིས་ཁང་།  ༡༩༩༩ཟླ་༧ཚེས་༢༥ ལ།

5 གཡུ་ཐོག་ཡོན་ཏན་མགོན་པོ། [བཤད་རྒྱུད་ལེའུ་བཞི་པ་ལུས་ཀྱི་གནས་ལུགས་བསྟན་པ།] ཤོག 48 རྡ་ས་སྨན་རྩིས་ཁང་།  ༡༩༩༩ཟླ་༧ཚེས་༢༥ ལ།

6 སྨན་དཔྱད་ཟླ་བའི་རྒྱལ་པོ། [ལེའུ་ལྔ་པ་ལྡང་བ་དང་ལུས་ཀྱི་ཚད་བསྟན་པ། ]  ཤོག  22  མི་རིགས་དཔེ་བསྐྲུན་ཁང་།  ༡༩༨༥ ལོའི་ཟླ་༧།

7 སྨན་དཔྱད་ཟླ་བའི་རྒྱལ་པོ། [ལེའུ་བཞི་པ་ཡན་ལག་བཞིའི་ཀེང་རུས་ཀྱི་རྣམ་བཞག་བསྟན་པ།]  ཤོག  18  མི་རིགས་དཔེ་བསྐྲུན་ཁང་།  ༡༩༨༥ ལོའི་ཟླ་༧།

8 གཡུ་ཐོག་ཡོན་ཏན་མགོན་པོ། [བཤད་རྒྱུད་ལེའུ་ལྔ་པ་ལུས་ཀྱི་མཚན་ཉིད་བསྟན་པ།] ཤོག 54 རྡ་ས་སྨན་རྩིས་ཁང་།  ༡༩༩༩ཟླ་༧ཚེས་༢༥ ལ།

9 གཡུ་ཐོག་ཡོན་ཏན་མགོན་པོ། [བཤད་རྒྱུད་ལེའུ་བཞི་པ་ལུས་ཀྱི་གནས་ལུགས་བསྟན་པ།] ཤོག 58 རྡ་ས་སྨན་རྩིས་ཁང་།  ༡༩༩༩ཟླ་༧ཚེས་༢༥ ལ།

10 གཡུ་ཐོག་ཡོན་ཏན་མགོན་པོ། [བཤད་རྒྱུད་ལེའུ་བཅུ་གཅིག་པ་ནད་ཀྱི་མཚན་ཉིད་བསྟན་པ།] ཤོག 80 རྡ་ས་སྨན་རྩིས་ཁང་།  ༡༩༩༩ཟླ་༧ཚེས་༢༥ ལ།


དཔྱད་གཞིའི་ཁུངས་གཏུགས་ཡིག་ཆ།

1. གཡུ་ཐོག་ཡོན་ཏན་མགོན་པོ། [རྩ་རྒྱུད།  ] དེབ་གཟུགས། རྡ་ས་སྨན་རྩིས་ཁང་། ༡༩༩༩ ཟླ་༧་ཚེས་༢༥ ལ།

2. གཡུ་ཐོག་ཡོན་ཏན་མགོན་པོ། [ བཤད་རྒྱུད །]  དེབ་གཟུགས། རྡ་ས་སྨན་རྩིས་ཁང་།  ༡༩༩༩ཟླ་༧ཚེས་༢༥ ལ།

3. ཧྭ་ཤང་མ་ཧྭ་ཡ་ན་དང་བེེ་རོ་ཙ་ནས་བསྒྱུར།  [སྨན་དཔྱད་ཟླ་བའི་རྒྱལ་པོ།]  རྡོ་རྗེ་རྒྱལ་པོས་བསྒྲིགས།  དེབ་གཟུགས།  མི་རིགས་དཔེ་བསྐྲུན་ཁང་། ༡༩༨༥ ལོའི་ཟླ་༧ པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ་པ། 

མཐའ་མའི་འདོན་ཐེངས་།: 28.01.2015 ཉིན། 3:52 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།