ཁྱེད་ཀྱིས་ཤེས་དགོས་པའི་གཉན་རིམས་ཨི་བོ་ལཱའི་(Ebola)སྐོར། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 14.08.2014 |
ཁྱེད་ཀྱིས་ཤེས་དགོས་པའི་གཉན་རིམས་ཨི་བོ་ལཱའི་(Ebola)སྐོར།
ཀ ཐོག་མའི་འབྱུང་ཁུངས།
ཨི་བོ་ལཱ་(Ebola)ཞེས་པ་ནི་ཆེས་ཕྲ་བའི་ནད་འབུ་ཕྲ་མོ་ཞིག་གི་མིང་ཡིན་ལ། ནད་འབུ་འདི་ཐོག་མར་ ༡༩༧༦ ལོར་ཨ་ཧྥི་རི་ཀའི་ཀོང་ཀོ་(Congo)སྤྱི་མཐུན་རྒྱལ་ཁབ་ཀྱི་ཨི་བོ་ལཱ་གཙང་པོའི་ཉེ་འགྲམ་ནས་གསར་དུ་རྙེད་པར་བརྟེན་མིང་དེ་ལྟར་ཐོགས་ཤིང་། ནད་འདིས་ཟིན་པའི་ནད་པ་བརྒྱ་ཆ་དགུ་བཅུ་ཙམ་འདས་གྲོངས་སུ་འགྲོ་བཞིན་ཡོད། འཛམ་གླིང་འཕྲོད་བསྟེན་ལས་ཁུངས་(WHO)ནས་གཉན་རིམས་འདིར་ཨི་བོ་ལཱ་ཚད་ནད་ཁྲག་ཤོར་(Ebola hemorrhagic fever) ཞེས་ཀྱང་འབོད་སྲོལ་འདུག ནད་འབུ་ཕྲ་མོ་འདི་ཧྥི་ལོ་ཞེས་པའི་གཉན་སྲིན་(Filovirus)རིགས་གསུམ་གྱི་ཡ་གྱལ་ཞིག་ཡིན་པ་དང་དེ་ལའང་ནང་གསེས་དབྱེ་བ་རིགས་ལྔ་ཡོད། ནད་འབུ་དེ་ལུས་ཀྱི་ནང་ཁྱབ་ཚེ་ལུས་པོའི་འགོག་སྲུང་གི་ནུས་པ་ཉམས་རྒུད་གཏོང་བ་དང་སྦྲགས་རང་བྱུང་ཁྲག་འགོག་གི་ནུས་པ་ཤོར་ཏེ་ཁོང་ཁྲག་ཤོར་བའམ་བུ་ག་རྣམས་ནས་ཁྲག་འགོག་མེད་དུ་ཕྱིར་ཐོན་པ་ཡིན།
ཨི་བོ་ལཱ་གཉན་རིམས་ཀྱི་ནད་འབུ་ཕྲ་མོའི་འབྱུང་ཁུངས་ད་དབར་ཤེས་རྟོགས་གསལ་པོ་བྱུང་མེད་ཀྱང་། ནད་འབུ་དེའི་རང་བཞིན་དང་བྱེད་ལས་སོགས་ལ་ཉམས་ཞིབ་སྐབས་སེམས་ཅན་ལས་བྱུང་བ་ཞིག་ཡིན་པ་དང་། དེ་ཡང་བྱ་མ་བྱིའམ་ཕ་ཝང་ནི་ནད་འབུ་དེའི་གནས་སར་ངོས་འཛིན་བྱེད་བཞིན་ཡོད།
ཁ། དབྱེ་བ།
ཨི་བོ་ལཱ་གཉན་རིམས་ནད་ལ་ནང་གསེས་དབྱེ་བ་རིགས་ལྔར་ཕྱེ་བ་ལས་ས་གནས་ཀྱི་ཁྱད་པར་དང་དེའི་ནུས་པའི་དབང་གིས་མིང་ཀྱང་མི་འདྲ་བ་བྱུང་བ་ཡིན། དེ་ཡང་ཛད་རེས་ཨི་བོ་ལཱ་གཉན་རིམས་(Zaire ebolavirus ) དང་སུ་ཏན་ཨི་བོ་ལཱ་གཉན་རིམས་ (Sudan ebolavirus) ཐེའི་ཧྥོ་ར་སི་ཨི་བོ་ལཱ་གཉན་རིམས་ (Taï Forest ebolavirus) སྦུན་རྡི་སྦུག་ཡོ་ཨི་བོ་ལཱ་གཉན་རིམས་(Bundibugyo ebolavirus) བཅས་བཞི་ཡིས་འགྲོ་བ་མིའི་ཚེ་སྲོག་ལ་གནོད་པ་དང་། ཅིག་ཤོས་རས་སེ་ཀྲོན་ཨི་བོ་ལཱ་
གཉན་རིམས་(Reston ebolavirus)ཀྱིས་འགྲོ་བ་མི་མ་ཡིན་པའི་མཐོ་རིམ་སྲོག་ཆགས་སྤྲ་དང་སྤྲེའུ། མི་རྒོད་ལྟ་བུར་གནོད་པ་ཡིན།
ག ཨི་བོ་ལཱ་གཉན་རིམས་འགོས་ཁྱབ་འགྲོ་སྟངས།
ཐོག་མར་ཨི་བོ་ལཱ་གཉན་རིམས་ནད་ཅན་གྱི་སྲོག་ཆགས་ཀྱི་ཁྲག་དང་ཆུ་སེར། བརླན་གཤེར་སོགས་ལ་ཐད་ཀར་རེག་ཐུག་བྱུང་བ་ལས་གཉན་ནད་དེ་མིའི་སྤྱི་ཚོགས་ནང་ཁྱབ་འགོ་ཚུགས་པ་དང་། དེ་ནས་རིམ་བཞིན་མི་ཕན་ཚུན་དབར་དངོས་ཤུགས་བརྒྱུད་གསུམ་ནས་རེག་ཐུག་འཕྲད་པ་སོགས་ལས་དངོས་སུ་མིའི་སྤྱི་ཚོགས་ནང་ཡམས་ཐབས་སུ་འགོས་ཁྱབ་བྱུང་བ་ལྟར། ཨི་བོ་ལཱ་གཉན་རིམས་ཀྱིས་མནར་བའི་མིའི་དབང་པོ་དང་ཁྲག གཤེར་ཁུ་ཟགས་རྫས་རིགས། ལུས་ཀྱི་བརླན་གཤེར་གྱི་ཆ་གང་དང་འཕྲད་པའམ་རེག་ཐུག་བྱུང་བ། འཕྲོད་བསྟེན་གྱི་ལས་ཀ་བྱེད་མི་གང་ཞིག་གིས་ཨི་བོ་ལཱ་གཉན་རིམས་ནད་ཅན་དང་འབྲེལ་ཐུག་བྱུང་བའམ་དེའི་ལུས་ཀྱི་བརླན་གཤེར་རིགས་ལ་རེག་ཐུག་བྱུང་བ། ཨི་བོ་ལཱ་གཉན་རིམས་ནད་ཅན་གྱི་སེམས་ཅན་དཔེར་ན། སྤྲེའུ་དང་མི་རྒོད། ཕ་ཝང་སོགས་ཀྱི་པགས་པ་དང་ལུས་ཀྱི་བརླན་གཤེར་ལ་རེག་ཐུག་བྱུང་བ། འདས་གྲོང་སོང་བའི་ཨི་བོ་ལཱ་གཉན་རིམས་ནད་ཅན་གྱི་མིའི་ལུས་ཀྱི་བརླན་གཤེར་དང་རེག་ཐུག་བྱུང་བ། གཞན་ཡང་ནད་འདིར་བེད་སྤྱོད་ཟིན་པའི་ཁབ་དང་སྣོད་སོགས་ལ་རེག་ཐུག་བེད་སྤྱོད་སོགས་བྱས་ན་འགོས་པ་ཡིན།
དམིགས་བསལ་ནད་འདི་ས་ཆ་གང་སར་འགྲོ་འོང་བྱེད་མཁན་ཡུལ་སྐོར་བ་དང་། གཅིན་སྙིའི་ཟ་ཁུའི་ནད་པ། འཇུ་བྱེད་ནུས་པ་ཞན་པ། མཁལ་མ་དང་མཆིན་པའི་བྱེད་ལས་ཉམས་པ། གཉན་ནད་རེག་དུག སྨན་ལས་པའི་རིགས་བཅས་ལ་འགོས་ཉེན་ཡོད།
འོན་ཀྱང་ཨི་བོ་ལཱ་གཉན་རིམས་འདི་མཁའ་རླུང་དང་ཆུ། ཟས། ནད་ཅན་ཞིག་ལ་ནད་རྟགས་གཏན་ནས་མེད་ན་འགོས་ཁྱབ་མི་
འབྱུང་བ་ཡིན།
ང་། ནད་རྟགས།
ནད་འགོས་ནས་ཉིན་གཉིས་ནས་ཉེར་གཉིས་ཙམ་གྱི་བར་ཐོག་མའི་ནད་རྟགས་སུ།
- ཚ་དྲོད་རྒྱས་པ།
- མགོ་ན་བ།
- ཚིགས་གཞི་དང་ཤ་སྒྲིམ་ན་བ།
- མིད་པར་རྨ་ཐོན་པ།
- ལུས་ངལ་བ།
- ཕོ་བར་ཟུག་ཆེ་བ།
- ཐོར་སིབ་དོན་པ།
- ཞེ་མེར་བ།
- སྐྱུགས་པ།
- བཤལ་བ།
- དང་ག་འགག་པ་བཅས་འབྱུང་བ་དང་ནད་རྒྱུན་རིང་ཞིང་ནད་ཚབས་ཆེ་རུ་ཕྱིན་ཚེ་ནད་རྟགས་སུ།
- ཁ་དང་རྣ་བ། སྣ། མིག་སོགས་ནས་ཁྲག་ཐོན་པ།
- པགས་པ་བརྩེ་བ།
- མཚན་མ་སྐྲངས་པ།
- ལུས་ལ་ཐོར་སིབ་དོན་པ།
- མཆུ་ཏོ་དམར་པོར་ཆགས་པ།
- གློ་རྒྱག་པ་དང་ལྷན་དུ་ཁྲག་ལུ་པ་བཅས་ཀྱི་རྟགས་འབྱུང་བ་ཡིན།
ཅ། ནད་བརྟག་ཐབས།
ཨི་བོ་ལཱ་གཉན་རིམས་ཡིན་མིན་བརྟག་དཔྱད་མ་བྱས་གོང་འདར་ཚད་དང་རྒྱུ་ཚད། འཁྲུ་སྐྱུག ཀླད་ཚད། མཆིན་དུག་ལ་སོགས་ཚ་བའི་ནད་དང་འབྲེལ་བའི་རིགས་རྣམས་མེད་པའམ་སྔོན་འགོག་བལྟ་བཅོས་དགོས། སྤྱིར་བཏང་སྨན་པ་ཚོས་གོང་གི་ནད་རྟགས་རྣམས་ལ་བརྟེན་ནས་ནད་ངོས་ཟིན་ཐུབ་ཀྱང་ནད་ལ་འཁྲུལ་སོ་མ་ཡོང་བའི་ཕྱིར་རྩ་བའི་བརྟག་དཔྱད་ལ་complete blood count (ཁྲག་ནང་ཕྲ་ཕུང་གི་གནས་སྟངས་ཤེས་ཆེད་དང་།) coagulation studies(ཁྲག་གར་པོའམ་འགག་རྒྱུར་དུས་ཚོད་ཇི་ཙམ་འགོར་མིན།) viral antigen testing (གཉན་འཇོམས་ཕྲ་གཟུགས་སྐྱེ་རྫས་བརྟག་དཔྱད།) liver function test(མཆིན་པའི་བྱེད་ལས།)བཅས་ཀྱི་བརྟག་དཔྱད་ཁག་གནང་དགོས་པ་ཡིན།
ཆ། བཅོས་ཐབས།
དུས་རྒྱུན་སྤྱོད་བཞིན་པའི་གཉན་སྲིན་འགོག་སྨན་རིགས་ཀྱིས་ཨེ་སྦོ་ལ་གཉན་རིམས་ལ་ནུས་པ་གང་ཡང་འདོན་ཐུབ་ཀྱི་མེད་པས། ད་ལྟའི་ཆར་ནད་འདིར་བཅོས་ཐབས་དམིགས་བསལ་གང་ཡང་མེད། དེར་བརྟེན་ང་ཚོའི་བཅོས་ཐབས་ཀྱི་དམིགས་ཡུལ་ཞིག་ནི་ནད་རྟགས་རྣམས་ཞི་བར་བྱ་རྒྱུ་དང་གཉན་ཁ་སླར་མི་ཡོང་བའི་སྔོན་འགོག་བྱ་རྒྱུ། བླ་གཉན་གྱི་ནད་གློ་ཚད་དང་མཆིན་པའི་བྱེད་ལས་ཉམས་པ་སོགས་མི་ཡོང་བ་བྱ་རྒྱུ་དེ་རེད། གཞན་ཡང་གཉན་སྲིན་དེ་འགོས་ཡོད་པའི་མི་ཕལ་ཆེ་བ་འཁྲུ་སྐྱུག་བྱེད་ཀྱི་ཡོད་པས་འཐུང་ཆུ་སོགས་གཤེར་ཁུའི་རིགས་མང་ཙམ་བསྟེན་དགོས་པ་ཡིན།
ཇ། སྔོན་འགོག
ད་ལྟའི་ཆར་གཉན་ནད་དེར་དམིགས་བསལ་སྨན་བཅོས་སོགས་གང་ཡང་མེད་ཀྱང་། རྒྱུན་ལྡན་ནས་ལག་པ་གཙང་མ་འཁྲུ་རྒྱུ་དང་ས་གཙང་ནས་འཐུང་ཆུ་ལེན་པ། མ་འཚོས་པའི་ཤ་རིགས་ཟ་རྒྱུ་མེད་པ། སོ་སོའི་ཁོར་ཡུག་གཙང་མ་ཉར་བ། མི་ཚོགས་ཁྲོད་འགྲོ་འོང་མང་པོ་མི་བྱེད་པ་བཅས་ཚུལ་བཞིན་བྱ་རྒྱུ་ནི་སྔོག་འགོག་གི་ཐབས་ལམ་ཡག་ཤོས་ཤིག་ཡིན་ལ། གཉན་ནད་དེ་ཕོག་ཡུལ་མཆིན་པ་དང་མཁལ་མ་སོགས་སྲུང་སྐྱོབ་དང་མིའི་གཟུགས་པོར་ལྷན་སྐྱེས་སུ་ཡོད་པའི་འགོག་སྲུང་གི་ནུས་ཤུགས་བསྐྱེད་པར་བྱེད་པའི་སྨན་ཁབ་ NPC1 སྤྱོད་པ་ལས་ཐབས་གཞན་མེད།
ཉ། གཉན་སྲིན་དེའི་བྱེད་ནུས་གཞན།
ཨེ་སྦོ་ལ་གཉན་སྲིན་དེ་མིའི་སྲོག་ལ་རྒོལ་བའི་ཆེས་རྣོ་མྱུར་ཅན་གྱི་ནད་འབུ་ཞིག་ཡིན་པར་བརྟེན། ཨ་རིའི་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་ཞིབ་འཇུག་བྱས་པ་བརྒྱུད་སྐྱེ་དངོས་དམག་འཁྲུག་ལ་བེད་སྤྱོད་ཀྱིས་འགྲོ་བ་མིའི་རིགས་ཀྱི་ཚེ་སྲོག་ལ་གནོད་སྐྱོན་བཟོ་མཁན་གྱི་ནུས་ལྡན་མཚོན་ཆ་ཞིག་ལ་ངོས་འཛིན་བྱས་ཡོད་པ་དང་། ཨ་རིའི་ཚན་རིག་པ་ཧྥོར་ཌ་རིག་(Fort Detrick)ཀྱི་བརྟག་དཔྱད་སྙན་ཐོའི་ནང་། ཨེ་སྦོ་ལོ་གཉན་སྲིན་དེ་སྔོན་གྲང་དམག་སྐབས་ཨུ་རུ་སུར་ཁ་གཏད་གཅོག་པའི་ནུས་ལྡན་མཚོན་ཆར་གྲ་སྒྲིག་བྱས་མྱོང་བའི་ལོ་རྒྱུས་དང་། དེ་རྗེས་ཉི་ཧོང་གིས་ཀྱང་དེ་མཚུངས་རང་དགྲར་ཁ་གཏད་གཅོག་པའི་ནུས་ལྡན་མཚོན་ཆར་བེད་སྤྱོད་ཆེད་ཉམས་ཞིབ་བྱས་པའི་ལོ་རྒྱུས་ཡང་ཡོད།
ཏ། ད་ལྟའི་གནས་བབས།
སྙན་ཐོ་གསར་པར་གཞིགས་ན་ཉེ་ཆར་ནུབ་ཨ་ཧྤེ་རི་ཀའི་ནང་ཨི་བོ་ལཱ་གཉན་ནད་ཀྱིས་འཆི་རྐྱེན་བྱུང་བའི་གནས་སྟངས་ཧ་ཅང་ཛ་དྲག་ཡིན་པ་བཀོད་ཡོད་ལ། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་སྙན་ཐོའི་ནང་། གཉན་ནད་དེ་འགོས་ཁྱབ་བྱུང་ནས་ཟླ་གཅིག་ནང་ཚུན་མི་གྲངས་ ༩༣༢ འདས་གྲོང་སོང་བ་དང་། དེའི་ནང་ནས་མི་གྲངས་ ༤༥ ཕྱི་ཟླ་ ༨ པའི་ཚེས་ ༢ ནས་ ༤ བར་ཏེ་ཉིན་གཉིས་རིང་འདས་གྲོང་སོང་བ། གཞན་ཡང་གཱི་ནིས་ཡཱ་(Guinea) དང་ལི་བི་རི་ཡཱ། (Liberia) སཱས་ར་ལིའོན།(Sierra Leone) ནཱི་ཇས་རི་ཡཱ་ (Nigeria) བཅས་ཀྱི་ནང་འདས་གྲོང་སུ་སོང་བ་རྣམས་བསྡོམས་ན་ཁྱོན་མི་གྲངས་༡༧༡༡ལྷག་ཙམ་ཟིན་ཡོད། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ནས་སླར་ཡང་རེས་གཟའ་སྤེན་པ་དང་ཟླ་བའི་དབར་ཨ་ཧྥི་རི་ཀའི་ལུང་པ་བཞི་ཡི་ནང་ཉེན་ཚབས་ཆེ་བའི་ནད་པ་གསར་པ་གྲངས་༡༠༨ གསལ་སྟོན་བྱས་ཡོད།
ཐ། ཨི་བོ་ལཱ་གཉན་རིམས་འགོས་ཁྱབ་ལོ་རྒྱུས་རེའུ་མིག
ལོ་ཚིགས། |
རྒྱལ་ཁབ། |
ཨི་བོ་ལཱ་གཉན་སྲིན་རིགས། |
གནད་དོན། |
འཆི་རྐྱེན། |
བརྒྱ་ཆ། |
2012 |
ཀོང་ཀོ་མང་གཙོ་སྤྱི་མཐུན། |
སྦུན་རྡི་སྦུག་ཡོ། |
57 |
29 |
51% |
2012 |
ཡུ་རྒན་ཏ། |
སུ་ཏན། |
7 |
4 |
57% |
2012 |
ཡུ་རྒན་ཏ། |
སུ་ཏན། |
24 |
17 |
71% |
2011 |
ཡུ་རྒན་ཏ། |
སུ་ཏན། |
1 |
1 |
100% |
2008 |
ཀོང་ཀོ་མང་གཙོ་སྤྱི་མཐུན། |
ཛད་རེས། |
32 |
14 |
44% |
2007 |
ཡུ་རྒན་ཏ། |
སྦུན་རྡི་སྦུག་ཡོ། |
149 |
37 |
25% |
2007 |
ཀོང་ཀོ་མང་གཙོ་སྤྱི་མཐུན། |
ཛད་རེས། |
264 |
187 |
71% |
2005 |
ཀོང་ཀོ། |
ཛད་རེས། |
12 |
10 |
83% |
2004 |
སུ་ཏན། |
སུ་ཏན། |
17 |
7 |
41% |
2003 (Nov-Dec) |
ཀོང་ཀོ། |
ཛད་རེས། |
35 |
29 |
83% |
2003(Jan-April) |
ཀོང་ཀོ། |
ཛད་རེས། |
143 |
128 |
90% |
2001-2002 |
ཀོང་ཀོ། |
ཛད་རེས། |
59 |
44 |
75% |
2001-2002 |
རྒ་སྦོན། |
ཛད་རེས། |
65 |
53 |
82% |
2000 |
ཡུ་རྒན་ཏ། |
སུ་ཏན། |
425 |
224 |
53% |
1996 |
ལྷོ་ཨ་ཧྥི་རི་ཀ |
ཛད་རེས། |
1 |
1 |
100% |
1996(Jul-Dec) |
རྒ་སྦོན། |
ཛད་རེས། |
60 |
45 |
75% |
199༦(Jan-April) |
རྒ་སྦོན། |
ཛད་རེས། |
31 |
21 |
68% |
1995 |
ཀོང་ཀོ་མང་གཙོ་སྤྱི་མཐུན། |
ཛད་རེས། |
315 |
254 |
81% |
1994 |
ཀོཌ་ཨི་ཝོ་རི། |
ཐའེ་ཧྥོ་རས་སེ། |
1 |
0 |
0% |
1994 |
རྒ་སྦོན། |
ཛད་རེས། |
52 |
31 |
60% |
1979 |
སུ་ཏན། |
སུ་ཏན། |
34 |
22 |
65% |
1977 |
ཀོང་ཀོ་མང་གཙོ་སྤྱི་མཐུན། |
ཛད་རེས། |
1 |
1 |
100% |
1976 |
སུ་ཏན། |
སུ་ཏན། |
284 |
151 |
53% |
1976 |
ཀོང་ཀོ་མང་གཙོ་སྤྱི་མཐུན། |
ཛད་རེས། |
318 |
280 |
88% |
ཅོན་ཏ་ར་ཞིབ་འཇུག་དང་པར་སྐྲུན་སྡེ་ཚན་ནས་ ༢༠༡༤ ཟླ ༨ ཚེས ༡༠ ལ།
མཐའ་མའི་འདོན་ཐེངས་།: 04.07.2015 ཉིན། 3:38 PM
<< སྔ་མ།