ཁྱུང་ལྔའི་སྐོར་ལ་རགས་ཙམ་དཔྱད་པ། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 22.09.2022 |
ཁྱུང་ལྔའི་སྐོར་ལ་རགས་ཙམ་དཔྱད་པ།
- དཔལ་བཟང་རྒྱ་མཚོ།
གཅིག རྩ་བའི་ཁྱུང་ལྔའི་སྐོར།
དེ་ཡང་དེའུ་དམར་པཎ་ཆེན་གྱིས་མཛད་པའི་<<ལག་ལེན་ཀུན་གསལ་སྣང་མཛོད་>>ལས། “ལོ་རྒྱུས་སྦྱར་ཚད་དབང་བསྐུར་ལག་ལེན་དང་། །བྱིན་རླབས་བཅང་ཐབས་ཏིང་འཛིན་ཕན་ཡོན་བརྒྱད། །” ཅེས་བྱ་ཁྱུང་ལྔ་པའི་རིལ་བུ་འདི་ལ་ས་བཅད་བརྒྱད་གསུངས་ཡོད་པ་ལས། འདིར་སློབ་དཔོན་མཆོག་གི་ཞལ་གསུང་རྣམས་ཟིན་བྲིས་སུ་བཀོད་ཡོད་པ་དག་གཞིར་བཟུང་ནས་འོས་བབས་ཀྱིས་རགས་ཙམ་དཔྱད་པ་ལ།
དང་པོ་ལོ་རྒྱུས་ནི། མ་རྒྱུད་བདེ་མཆོག་སོགས་ལས་འདིའི་ལོ་རྒྱུས་སོགས་མང་པོ་གསུངས་ཡོད་པས་ཁྱུང་ལྔ་རིལ་བུ་འདི་ལ་ཡང་ལོ་རྒྱུས་ཧ་ཅང་རིང་པོ་ཞིག་ཡོད་པར་སེམས་ལ། དེ་དག་ཀྱང་ཕལ་ཆེར་ཆོས་ལུགས་དང་འབྲེལ་བ་དམ་པོ་ཡོད་པ་འདིར་མ་བརྗོད་དོ།།
གཉིས་པ་སྦྱར་ཚད་ནི། 1. གཞུང་ལྟར་ཚད་ལྡན་གྱི་སྦྱོར་བ་ལ། <<མན་ངག་རྒྱུད་>>ཀྱི་ཀླུ་གདོན་གསོ་བའི་ལེའུ་ལས། “དང་པོ་བྱ་ཁྱུང་རྣམ་ལྔ་སྦྱར་བ་ནི། །ཤ་རུས་རྒྱུས་པ་སྙིང་ཁྲག་བྱ་ཁྱུང་ལྔ། །བཞི་གཅིག་སུམ་གཉིས་ཕྱེད་དང་སུམ་ཆ་སྦྱར། །” ཞེས་གསུངས་པས་བྱ་ཁྱུང་གི་ཤའི་དོད་ཨ་རུ་ར་གསེར་མདོག་གི་ཤ་ལ་ཞོ་བཞི། རུས་པ་ཤ་ཕོ་རུ་རྟ་ཞོ་གང་། རྒྱུས་པ་ཤུ་དག་ནག་པོ་ལ་ཞོའི་སུམ་ཆ་གཉིས་ཏེ། སྐར་མ་བདུན་ཙམ་དང་། བྱ་ཁྱུང་གི་སྙིང་དང་མཚུངས་པ་ཀཱ་ལ་བི་ཥའམ། བི་ཥ་ནག་པོའམ། བཙན་དུག་གམ་བོང་ནག་མེ་ཏོག་སྔོ་ནག་ཅན་གྱི་རྩ་ལ་ཞོ་ཕྱེད། ཁྲག་གླ་རྩི་སྟེ་གླ་ནག་གི་རྩི་འབྲུམ་པ་ཅན་ལ་ཞོའི་སུམ་ཆ་གཅིག་སྟེ། སྐར་མ་གསུམ་གཅས་སྦྱར་དགོས་པ་ཡིན་ནོ། །འདི་ལ་སྨན་གཞུང་གཞན་དག་ལས་སྦྱར་ཚད་མི་འདྲ་བ་མང་པོ་བཤད་ཡོད་ཀྱང་གོང་དུ་སོང་བའི་སྦྱོར་སྡེ་འདི་ནི་རང་ལུགས་ཡིན་ནོ།།
2. མན་ངག་ལྟར་མཉམ་སྦྱོར་ཁྱུང་རྒོད་དྲག་པོ་ནི། རྗེ་བཙུན་གཡུ་ཐོག་པའི་<<མན་ངག་གསལ་བྱེད་>>དུ། “ཤ་སྙིང་བཟང་པོ་ཞོ་བཞིར་མཉམ། །རུས་གཅིག་རྒྱུས་པ་སུམ་ཆ་གཉིས། །ཁྲག་ནི་སུམ་ཆ་གཅིག་སྦྱར་བས། །མཉམ་སྦྱོར་ཁྱུང་རྒོད་དྲག་པོའོ། །” ཞེས་གསུངས་པས་ཨ་རུ་ར་ཞོ་བཞི། སྨན་ཆེན་ཞོ་བཞི། རུ་རྟ་ཞོ་གང་། ཤུ་དག་ནག་པོ་ཞོའི་སུམ་ཆ་གཉིས། གླ་རྩི་ཞོའི་སུམ་ཆ་གཅིག་ཏུ་སྦྱར་བ་འདི་ནི་མན་ངག་གི་རྣོ་ཁྱད་འདོན་ལུགས་ཁྱད་པར་ཅན་ཡིན་པས་ཁྱུང་ལྔ་མདོག་བཞི་ལས་ལྷག་པའི་ཕན་ནུས་ཆེའོ།།
གོང་དུ་སོང་བའི་སྨན་རྫས་དེ་དག་ངོས་འཛིན་ཚུལ་མ་ནོར་བའི་ཁུངས་ནི། <<ལག་ལེན་གསལ་བྱེད་>>དང་། <<ཤེལ་ཕྲེང་>> <<མཁའ་འགྲོ་རྒྱ་མཚོ་>> <<མན་ངག་བྱེ་བ་རིང་བསྲེལ་>>སོགས་ནས་ལུང་འདྲེན་རྒྱུ་མང་དུ་ཡོད་ཀྱང་འདིར་མང་པས་མ་སྤྲོས།
གསུམ་པ་དབང་བསྐུར་བ་ཡང་གཞུང་ལས་ཤེས་པར་བྱ།
བཞི་པ་ལག་ལེན་ནམ་སྦྱར་ཐབས་ནི། <<མན་ངག་རྒྱུད་>>ལས། “བཙན་དུག་ཨ་རུ་རིམ་པས་ཞིབ་པར་བཏགས། །དེ་ནས་བསྲེས་ལ་སྐམ་བཏགས་འཐེམ་པར་བྱ། །ལོ་བརྒྱད་བདུད་རྩིས་ཆུ་འཐག་ཉིན་གསུམ་བྱ། །བྱང་བའི་ཚད་ནི་ནག་ལ་འཚེར་བ་འོང་། །” ཞེས་དང་། རྗེ་གཡུ་ཐོག་པས། “མདོག་བཞིིའི་ཞལ་གདམས་ཀ་ཤེས་ན། །ཁྱུང་ལྔ་སྦྱོར་བའི་སྨན་པ་མིན། །སྨུག་ནག་མཐིང་ག་འཚེར་དང་བཞི། །དང་པོ་རུས་བཏབ་གཉིས་པར་རྒྱུས། །གསུམ་པར་ཁ་ཚར་བཞི་པར་ནི། །གུ་གུལ་དྲི་ཆུ་སྦྱར་བས་སྦྱངས། །དེ་ནས་གླ་ཆུས་རིལ་བུ་དྲིལ། །ཞལ་གྱི་གདམས་པ་ཁོ་ནའོ། །” ཞེས་དང་། དེའི་ལག་ལེན་དངོས་ནི་ཟུར་མཁར་བས། “དེ་ནས་སྦྱར་བའི་ལག་ལེན་ནི། །ཨ་རུ་བཙན་དུག་སོ་སོ་རུ། །སྐམ་འཐག་ཞིབ་བཅས་དེ་ནས་བསྲེ། །སླར་ཡང་སྐམ་འཐག་རྩི་བཞིན་བྱས། །དགེ་སློང་གཙང་མ་ཁྲིམས་ལྡན་ནམ། །ལོ་བརྒྱད་ཆུས་བྲན་ཞོ་ཙམ་ལས། །མི་སླ་མི་སྐམ་འདམ་བཏགས་བྱ། །” ཞེས་སོགས་གསུངས་པས། ཐོག་མར་སྨན་རྣམས་སོ་སོར་ཞིབ་པར་བཏགས་ནས་སྨན་ཚགས་སུ་དྲངས། དེ་ནས་སྨན་ཆེན་དང་ཨ་རུ་ར་གཉིས་བསྲེས་ནས་ཉིན་གཅིག་ལ་སྐམ་འཐག་བྱ། དེ་ནས་ཚུལ་བཞིན་བླངས་པའི་ལོ་བརྒྱད་བདུད་རྩིས་བྲན་ནས་གར་སླ་ཞོ་ཙམ་དུ་འདམ་བཏགས་བྱས་པས་སྨུག་ཆིང་གིས་བྱུང་། (འདི་ལ་གཞུང་ལས། དྲི་ཆུས་འདམ་བཏགས་ཉི་མ་གསུམ་རིང་བྱས་པས་ཁ་དོག་ནག་ལ་འཚེར་བར་འོངས་གསུངས། ) དེ་ལ་རུ་རྟ་བཏབ་ནས་སྦྱངས་པས་ནག་སིང་གིས་འོང་། (ཆུང་སྔ་མས་བྲན་ལ་སྔ་དྲོ་ཙམ་ལ་བཏགས།) དེ་ལ་ཤུ་དག་བཏབ་སྟེ་སྦྱངས་པས་སྔོ་ལྟིང་གིས་འབྱུང་། (ཉིན་གཅིག་ཙམ་ལ་འདམ་བཏག་བྱ་) མཚམས་འདིར་ཁྱུང་ལྔ་གཤོག་པ་ཅན་སོགས་སྦྱོར་དགོས་ཚེ། །དེ་ལ་ཁ་བསྒྱུར་གྱི་སྨན་རྣམས་བཏབ།
དེ་ནས་ཚུལ་བཞིན་བླངས་པའི་དྲི་ཆུས་གུ་གུལ་ནག་པོ་ལྷད་མེད་བཞུས་པའི་དྭངས་མས་བྲན་ཏེ། སྦྱངས་པས་རྒྱ་སྣག་བཟང་པོའི་མདོག་ལྟ་བུར་སྔོ་ནག་ཤིན་ཏུ་འཚེར་བ་ཞིག་འབྱུང་། (ཉིན་གཅིག་ལ་སྦྱངས་) དེ་ལ་གླ་རྩི་ཞིབ་བཏགས་ཆུ་དང་སྦྱར་བ་དུམ་ཅིག་ཁ་བཅད་དེ་བཞག་པ་དེས་བྲན་ནས་སྔ་དྲོ་ཞིག་ལ་མཉེ་དགོས། ཟན་དྲོན་ཙམ་གྱི་དུས་སུ་མར་དཀར་གྱི་འདྲིད་རྩི་ཅུང་ཟད་དགོས་ལ། རིལ་བུ་བྲ་རིལ་ཆེ་ཤོས་ཙམ་(རིལ་བུ་རྡོག་ལྔ་ལ་ཁེ་གཅིག་རེ་ཡོད་པ། ) རེ་དྲིལ་ནས། གྲིབ་མར་ཅུང་ཟད་སྐེམ་རྗེས་རིལ་ཆགས་རིམ་བཞིན་བྱའོ། །འོ་ན། དེང་སང་དེང་རབས་ཅན་གྱི་འཕྲུལ་ཆས་ཁོག་མའི་ནང་དུ་དེང་རབས་ཅན་གྱི་རིལ་བུ་རེ་བཟོས་ན་རིལ་བུ་འདི་དག་ཚད་ལྡན་ཡིན་མིན་གཞུང་ལུགས་ཚད་ལྡན་རྣམས་ལ་དྲིས་ན་ཤེས་མོད། ད་དུང་ནད་ཐོག་ལག་ལེན་བྱེད་པའི་སྐབས་སུ་དེ་བས་ཀྱང་མིག་མཐོང་ལག་ཟིན་ཞིག་ཡོང་རྒྱུ་ཡོད་པ་ནི་དེང་དུས་ཀྱི་འཚོ་བྱེད་མཁས་དབང་རྣམས་པས་མཁྱེན་གསལ་ལྟར་རོ།།
ལྔ་པ་བྱིན་བརླབ་བྱ་ཚུལ་གཞུང་ལས་ཤེས་པར་བྱའོ།།
དྲུག་པ་བཅང་ཐབས་ནི། དར་སྔོན་གྱིས་བཏུམས་ལ་རིན་ཆེན་གྱི་སྣོད་དུ་ཉར། སྣོད་ཁ་སྤྲ་ཚིལ་གྱིས་དགག་རླུང་ལྷག་ལ་འཛེམ་ན་ལོ་ཟླ་མང་དུ་སོང་ཡང་སྨན་གྱི་རོ་ནུས་མི་ཡལ།
བདུན་པ་ཏིང་འཛིན་ཡང་གཞན་ལས་ཤེས་པར་བྱ།
བརྒྱད་པ་ཕན་ཡོན་ནི། འཕེལ་བྱེད་དམ་ཨ་རུ་གསེར་མདོག་ནི་རོ་བསྐ་མངར་ལ་ནུས་པ་བསིལ་རྟུལ་སྐམ་པ་དང་ལྡན་པས་རྨ་ནད་མཐའ་དག་སེལ་བར་བྱེད། བོང་ང་ནག་པོ་ནི་རོ་མངར་ཁ་ཚ་ལ་ནུས་པ་ལྕི་སྣུམ་ཚ་རྣོ་དྲོ་བ་དང་ལྡན་པས་གཉན་སྐྲངས་ཆུ་སེར་སེལ་བར་བྱེད། རུ་རྟ་ནི་རོ་ཚ་མངར་ལ་ནུས་པ་སྣུམ་ལྕི་སྙོམས་པ་དང་ལྡན་པས་གག་མཛེ་འོར་ནད་སེལ་བར་བྱེད། ཤུ་དག་ནི་རོ་ཚ་ཞིང་ནུས་པ་རྩུབ་ཡང་དྲོ་བ་གསུམ་དང་ལྡན་པས་མ་ཞུ་བ་དང་མེ་དྲོད་སྐྱེད་ཅིང་གག་ལྷོག་སེལ་བར་བྱེད། གླ་རྩི་ནི་རོ་ཁ་ཞིང་ནུས་པ་བསིལ་རྟུལ་ཡང་རྩུབ་སྣུམ་པ་དང་ལྡན་པས་དུག་སྲིན་སྦྱི་དང་མཁལ་མཆིན་གྱི་གཉན་ནད་སེལ་བར་བྱེད་དོ།།
བྱ་ཁྱུང་རིལ་བུ་སྤྱིའི་ཕན་ཡོན་ནི། ཇི་སྐད་དུ། བྱ་ཁྱུང་རྣམ་པ་ལྔ་ཡི་རིལ་བུ་འདི། །སྲོད་དུས་ལྔ་བདུན་དགུ་སོགས་རིམ་བསྐྱེད་དམ། །ཡང་ན་ནད་སྟོབས་ན་སོ་ལུས་ཟུངས་ལ། །བསྟུན་ཏེ་ཚ་གྲང་གང་འཚམ་ཆུ་ཡིས་འཕུལ། །ཕོ་ལོག་སྲིན་ནད་གཉན་གཟེར་གག་ལྷོག་དང་། །ཁྱད་པར་ཆུ་སེར་མཛེ་ནད་འཇོམས་པའི་མཆོག། ཅེས་སོ།།
ཞར་བྱུང་རོ་ནུས་རྒྱུ་འབྲས་འགྱུར་ཚུལ་ནི། མཚམས་འདིར་བྱ་ཁྱུང་རྣམས་ལྔའི་རྩ་བའི་སྨན་སྣ་ལྔ་པོའི་རོ་ནུས་ཀྱི་རྒྱུ་འབྲས་འགྱུར་ཚུལ་སོགས་མདོར་བསྡུས་ཙམ་ཞིག་འབྲི་བ་ལ།
1. ཨ་རུ་གསེར་མདོག་གམ་འཕེལ་བྱེད་ཟླུམ་པོ་ནི། རོ་བསྐ་བ་ཡིན་ལ་འབྱུང་བ་ས་ལས་བྱུང་བའི་ནུས་པ་དྲུག་དང་། རླུང་ལས་བྱུང་བའི་ནུས་པ་དྲུག་སྟེ་བཅུ་གཉིས་ཡོད་པ་དེ་ལས་བྱུང་བའི་བ་རུ་གསེར་མདོག་ས་རླུང་ཤས་ཆེ་བས་རོ་བསྐ་བ་ཡིན་པ་ལ་འབྲས་བུའི་ནུས་པ་བདུན་ཡོད་པ་སྟེ། སའི་ལྕི་བ་དང་རླུང་གི་ཡང་བ་གཉིས་འཐབ་པས་ལྕི་བའི་ནུས་པ་འབྱིན་པ་དང་གཅིག་སའི་འཇམ་པ་དང་རླུང་གི་རྩུབ་པ་གཉིས་འཐབ་པས་རྩུབ་པའི་ནུས་པ་འབྱིན་པ་དང་གཉིས། སའི་སྣུམ་པ་དང་རླུང་གི་སྐྱ་བ་གཉིས་འཐབ་པས་གཉིས་ཀའི་ནུས་པ་མི་འབྱིན་པས་ནུས་པ་མེད་པར་གྱུར་པ་ལྟ་བུ་དང་། ས་དང་རླུང་གཉིས་ཀྱི་སྐམ་པ་ནང་འཕྲད་ཤིན་ཏུ་སྐམ་པ་དང་གསུམ། སའི་བརྟན་པ་དང་རྟུལ་བ་གཉིས། རླུང་གི་གྲང་བ་དང་གཡོ་བ་བཅས་འབྲས་བུ་བདུན་སོ་སོར་འབྱིན་པ་ཡིན་ནོ།།
སྤྱིར་ན་ཨ་རུ་གསེར་མདོག་འབྱུང་བ་ས་རླུང་ཤས་ཆེ་བས་བསྐྱེད་པས་རོ་བསྐ་ཞིང་ངོ་བོ་སྙོམས་པ་ཡིན་ལ། རོ་བསྐ་བའི་ཁྱད་པར་གྱི་བྱེད་ལས་ནི་ཁྲག་མཁྲིས་ཀྱི་ནད་རིགས་དང་། ཚིལ་འཕེལ་ལ་ལུས་འདྲུལ་བག་ཏུ་གྱུར་པ་རྣམས་སྐེམ་ཞིང་རྨ་རིགས་འཚོ་ལ་ལུས་བསིལ་བ་དང་པགས་མདོག་ལེགས་ཤིང་དྭངས་པར་བྱེད་པ་ཡིན་པ་ལས། ཨ་རུ་གསེར་མདོག་གི་སྐབས་འདིར་གསེར་མདོག་རང་གི་ནུས་པས་ནད་རྨའི་རིགས་ལ་མཆོག་ཏུ་བསྔགས་ཤིང་པགས་མདོག་ལེགས་པར་བྱེད་དོ།།
2. སྨན་ཆེན་ནམ་བོང་ང་ནག་པོ་ནི། རོ་མངར་ལ་ཁ་བ་ཡིན་ལ་འབྱུང་བ་ཆུ་ལས་བྱུང་བའི་ནུས་པ་བདུན་དང་རླུང་ལས་བྱུང་བའི་ནུས་པ་དྲུག་སྟེ་བཅུ་གསུམ་ཡོད་པ་དེ་ལས་བྱུང་བའི་བི་ཥ་ནག་པོ་ཆུ་རླུང་ཤས་ཆེ་བས་རོ་ཁ་བ་ཡིན་པ་ལ་འབྲས་བུའི་ནུས་པ་བདུན་ཡོད་པ་སྟེ། ཆུའི་སླ་བ་དང་རླུང་གི་སྐམ་པ་གཉིས་འཐབ་པས་ཆུའི་ནུས་པ་སྟོབས་ལྡན་དུ་འགྱུར་བ་དང་གཅིག ཆུའི་བསིལ་བ་དང་རླུང་གི་གྲང་བ་གཉིས་ནང་འཕྲད་པས་ཤིན་རུ་བསིལ་བ་དང་གཉིས། ཆུའི་ལྕི་བ་དང་རླུང་གི་ཡང་བ་གཉིས་འཐབ་པས་ལྕི་བའི་ནུས་པ་སྟོབས་ལྡན་དུ་འགྱུར་བ་དང་གསུམ། ཆུའི་སྣུམ་པ་དང་རླུང་གི་སྐྱ་བ་གཉིས་འཐབ་པས་གཉིས་ཀའི་ནུས་པ་སྟོབས་ལྡན་དུ་མི་འགྱུར་བ་ནུས་མེད་སོང་བ་དང་། གྲོགས་སུ་རླུང་གི་ནུས་པ་གྲང་བ་ཡོད་པའི་དབང་གིས་སོ།། ཆུའི་འཇམ་པ་དང་རླུང་གི་རྩུབ་པ་གཉིས་འཐབ་པས་རྩུབ་པ་སྟོབས་ལྡན་དུ་འགྱུར་བ་དང་བཞི། ཆུ་ལས་བྱུང་བའི་རྟུལ་བ་དང་གཉེན་པ། རླུང་གི་གཡོ་བ་བཅས་འབྲས་བུ་བདུན་སོ་སོར་འབྱིན་པ་ཡིན་ནོ།།
སྤྱིར་ན་བོང་ང་ནག་པོ་ནི་འབྱུང་བ་ཆུ་རླུང་ཤས་ཆེ་བས་བསྐྱེད་པས་རོ་ཁ་ཞིང་ངོ་བོ་བསིལ་བ་ཡིན་ལ། རོ་ཁ་བའི་ཁྱད་པར་གྱི་བྱེད་ལས་ནི་ཡི་ག་མཆུས་པ་དང་སྲིན་དང་ཁ་སྐོམ་པ་དུག་དང་མཛེ་ནད་རིགས་དང་བརྒྱལ་བ་དང་རིམས་ནད་རློན་པ་སྟེ་སྐྱུག་པ་དང་མཁྲིས་ནད་རྣམས་འཇོམས་པ་དང་། ཧ་ཅང་ཚོ་ཆེ་ནས་ལུས་འདྲུལ་བའི་རྣམ་པ་དང་ཚིལ་ཞག་རྐང་བཤང་གཅི་རྣམས་སྐེམ་ཞིང་། ཡིད་གཞུངས་པ་སྟེ་བྱ་བ་གང་ཡང་བློས་དགའ་སྤོ་དང་ལྡན་པས་རྗེས་སུ་འཇུག་པ་དང་། བུད་མེད་ཀྱི་ནུ་མའི་ནད་དང་གཞན་ཡང་སྐད་འགགས་པ་རྣམས་སེལ་བ་ཡིན་པ་ལས། བོང་ང་ནག་པོའི་སྐབས་འདིར་བི་ཥ་རང་གི་ནུས་པས་དུག་ནད་དང་ཚད་པ་རིམས་རྙིང་མཁྲིས་ནད་རྣམས་འཇོམས་པར་བྱེད་དོ།།
3. ཤ་ཕོ་རུ་རྟ་ནི། རོ་ཚ་ཞིང་མངར་བ་ཡིན་ལ་འབྱུང་བ་ས་ཆུ་མེ་རླུང་གི་ནུས་པ་བཞི་ལྡན་ཡིན་པས་དེའི་རོ་ལས་དང་རླུང་གཉིས་ཀྱི་ནུས་པ་དྲུག་དྲུག་དང་། ཆུ་མེ་ལས་བྱུང་བའི་ནུས་པ་བདུན་བདུན་ཏེ་རྒྱུའི་ནུས་པ་ཉི་ཤུ་དྲུག་ཡོད་པ་དེ་ལས་བྱུང་བའི་རུ་རྟ་ས་ཆུ་མེ་རླུང་ཤས་ཆེ་བས་རོ་ཁ་བ་ཡིན་པ་ལ་འབྲས་བུའི་ནུས་པ་བཅུ་གསུམ་ཡོད་པ་སྟེ། ས་ཆུ་གཉིས་ཀྱི་ལྕི་བ་ནང་འཕྲད་ཤིན་ཏུ་ལྕི་བས་མེ་རླུང་གི་ཡང་བ་ནང་འཕྲད་ཤིན་ཏུ་ཡང་བ་ནུས་མེད་དུ་སོང་བས་ལྕི་བ་སྟོབས་ལྡན་དུ་འགྱུར་བ་དང་གཅིག ས་ཆུ་ལས་བྱུང་བའི་རྟུལ་བ་གཉིས་ནང་འཕྲད་ཡིན་པས་ཤིན་ཏུ་རྟུལ་བ་དང་གཉིས། ས་ཆུ་མེ་གསུམ་གྱི་སྣུམ་པ་ནང་འཕྲད་ཡིན་པས་ཤིན་ཏུ་སྣུམ་པ་དང་གསུམ། ས་མེ་ལས་བྱུང་བའི་སྐམ་པ་ནང་འཕྲད་ཡིན་པས་ཤིན་ཏུ་སྐམ་པ་དང་བཞི། ཆུ་རླུང་ལས་བྱུང་བའི་བསིལ་གྲང་གཉིས་འཐབ་པས་ཤིན་ཏུ་བསིལ་བ་དང་ལྔ། མེ་རླུང་ལས་བྱུང་བའི་གཡོ་བ་གཉིས་ནང་འཕྲད་ཡིན་པས་ཤིན་ཏུ་གཡོ་བ་དང་དྲུག ཡང་མེ་རླུང་ལས་བྱུང་བའི་རྩུབ་པ་གཉིས་ནང་འཕྲད་ཡིན་པས་ཤིན་ཏུ་རྩུབ་པས་ས་ཆུ་གཉིས་ལས་བྱུང་བའི་འཇམ་པ་ཞི་ནས་རྩུབ་པ་སྟོབས་ལྡན་དུ་འགྱུར་བ་དང་བདུན། སའི་བརྟན་པ་དང་། ཆུའི་སླ་བ་དང་མཉེན་པ། མེའི་ཚ་བ་དང་རྣོ་བ། རླུང་གི་སྐྱ་བ་བཅས་འབྲས་བུ་བཅུ་གསུམ་སོ་སོར་འབྱིན་པ་ཡིན་ནོ།།
སྤྱིར་ན་རུ་རྟ་ནི་འབྱུང་བ་ས་ཆུ་མེ་རླུང་ཤས་ཆེ་བས་བསྐྱེད་པས་རོ་ཚ་མངར་ལྡན་ཞིང་ངོ་བོ་སྙོམས་པ་ཡིན་ལ། རོ་ཚ་མངར་གཉིས་ལྡན་པའི་ཁྱད་པར་གྱི་བྱེད་ལས་ནི་ཚ་བས་ལྐོག་མའི་ནད་མཐའ་དག་དང་། གག་པ་མཛེ་རིགས་འོར་ནད། ལྷན་སྐྱེས་དང་གློ་བུར་གྱི་རྨ་རིགས་རྣམས་འཇིག་པར་བྱེད་ཅིང་། ཕོ་མོ་རྒན་གཞོན་རྣམས་དྲོད་སྐྱེད་ཅིང་ཟས་སྐོམ་འཇུ་ཞིང་ཡི་ག་འབྱེད། ཚིལ་འཕེལ་བ་དང་འདྲུལ་བག་ཅན་སྐེམ་སྦྱོང་རྩ་སྦུབས་འབྱེད་པར་བྱེད་པ། མངར་བས་ལུས་སྟོབས་སྐྱེད་ཅིང་རྒྱས་པར་བྱེད་པ་དང་གྲེ་བའི་ནད་སེལ་ལ་སྐད་བདེ་བ་དང་གློ་ལུ་ལ་ཕན་ཞིང་ཚེ་ཪིང་དུ་འཚོ་བ་དང་དུག་གི་ནད་དང་རླུང་མཁྲིས་ལྡན་པའི་ནད་རྣམས་སེལ་བ་ཡིན་པ་ལས། ཤ་ཕོ་རུ་རྟའི་སྐབས་འདིར་རུ་རྟ་རང་གི་ནུས་པས་རླུང་ཁྲག་འཐབ་པའི་ནད་དང་ཕོ་བ་སྦོས་པའི་ནད་དང་གློ་བའི་ནད་དང་གག་པའི་ནད་རྣམས་འཇོམས་ཤིང་ཤ་རོ་གཅོད་པར་བྱེད་དོ།།
4. ཤུ་དག་ནག་པོ་ནི། རོ་ཚ་བ་ཡིན་ལ་འབྱུང་བ་མེ་ལས་བྱུང་བའི་ནུས་པ་བདུན་དང་རླུང་ལས་བྱུང་བའི་ནུས་པ་དྲུག་སྟེ་བཅུ་གསུམ་ཡོད་པ་དེ་ལས་བྱུང་བའི་ཤུ་དག་མེ་རླུང་ཤས་ཆེ་བས་རོ་ཚ་བ་ཡིན་པ་ལ་འབྲས་བུའི་ནུས་པ་བདུན་ཡོད་པར་བཤད་ཀྱང་དངོས་སུ་དྲུག་ཡོད་པ་སྟེ་མེ་ལས་བྱུང་བའི་ཚ་བ་དང་རླུང་ལས་བྱུང་བའི་གྲང་བ་གཉིས་འཐབ་པས་ཚ་བའི་ནུས་པ་སྟོབས་ལྡན་དུ་འགྱུར་བ་དག་གཅིག (རླུང་གི་གྲང་བ་དང་མེའི་ཚ་བ་གཉིས་འཐབ་པ་ཡིན་རུང་གྲང་བ་མེད་པར་གྱུར་པ་ལས་ཚ་བ་སྟོབས་ལྡན་དུ་འགྱུར་བ་ནི་ཆོས་ཉིད་ཡིན།) མེ་རླུང་གཉིས་ཀྱི་སྐམ་པ་གཉིས་ནང་འཕྲད་ཡིན་པས་ཤིན་ཏུ་སྐམ་པ་དང་གཉིས། མེ་རླུང་གཉིས་ཀྱི་རྩུབ་པ་གཉིས་ནང་འཕྲད་ཡིན་པས་ཤིན་ཏུ་རྩུབ་པ་དང་གསུམ། མེ་རླུང་གཉིས་ཀྱི་ཡང་བ་གཉིས་ནང་འཕྲད་ཡིན་པས་ཤིན་ཏུ་ཡང་བ་དང་བཞི། མེའི་སྣུམ་པ་དང་རླུང་གི་སྐྱ་བ་གཉིས་འཐབ་པས་སྐྱ་བའི་ནུས་པ་སྟོབས་ལྡན་དུ་འགྱུར་བ་དང་ལྔ། འདིར་སྐྱ་བ་དང་སྣུམ་པ་གཉིས་ནང་འཕྲད་ཡིན་རུང་སྐྱ་བའི་ནུས་པ་འབྱིན་ཐུབ་པ་ནི་གྲོགས་མེའི་ནུས་པ་ཚ་བ་ཡོད་པས་ཡིན་ནོ། །མེ་རླུང་གཉིས་ཀྱི་གཡོ་བ་ནང་འཕྲད་པས་ཤིན་ཏུ་གཡོ་བ་བཅས་འབྲས་བུ་དྲུག་སོ་སོར་འབྱིན་པ་ཡིན་ནོ།།
སྤྱིར་ན་ཤུ་དག་ནི་འབྱུང་བ་མེ་རླུང་ཤས་ཆེ་བས་བསྐྱེད་པས་རོ་ཚ་ཞིང་ངོ་བོ་དྲོ་བ་ཡིན་ལ། རོ་ཚ་བའི་ཁྱད་པར་གྱི་བྱེད་ལས་ནི་གོང་གི་རུ་རྟ་ལྟར་ཡིན་པ་ལས། ཤུ་དག་ནག་པོའི་སྐབས་འདིར་ཤུ་དག་རང་གི་ནུས་པས་མ་ཞུ་བའི་ནད་རིགས་འཇོམས་པ་དང་དྲོད་སྐྱེད་པར་བྱེད་དོ།།
5. གླ་རྩི་ནི། རོ་ཁ་ཞིང་ཚ་བ་ཡིན་ལ་སྤྱིར་ན་བརྟན་གཡོ་ཐམས་ཅད་འབྱུང་བའི་མཚན་ཉིད་ཅན་གྱི་རྡུལ་ཕྲ་རབ་ལས་མ་གྲུབ་པ་ནི་གཅིག་ཀྱང་མེད་པའི་རྒྱུ་མཚན་གྱིས་དེ་ལ་འབྱུང་བ་ཆུ་མེ་རླུང་གི་ནུས་པ་གསུམ་ག་ལྡན་པ་ཡིན་པས་དེའི་རོ་ལ་ཆུའི་ནུས་པ་བདུན། མེའི་ནུས་པ་བདུན། རླུང་གི་ནུས་པ་དྲུག་བཅས་ཉི་ཤུ་ཡོད་པ་དེ་ལས་བྱུང་བའི་གླ་རྩི་ཆུ་མེ་རླུང་གསུམ་ཤས་ཆེ་བས་རོ་ཁ་ཞིང་ཚ་བ་ཡིན་པ་ལ་འབྲས་བུའི་ནུས་པ་བཅུ་གཉིས་ཡོད་པ་སྟེ། ཆུའི་བསིལ་བ་དང་རླུང་གི་གྲང་བ་གཉིས་འཐབ་པས་ཤིན་ཏུ་བསིལ་བའི་སྟོབས་སུ་འགྱུར་བ་དང་གཅིག ཆུ་ལས་བྱུང་བའི་རྟུལ་བ་དང་མེའི་རྣོ་བ་གཉིས་འཐབ་པས་རྣོ་བའི་ནུས་པ་སྟོབས་སུ་འགྱུར་བ་དང་གཉིས། ཆུ་མེ་གཉིས་ཀྱི་སྣུམ་པ་ནང་འཕྲད་ཤིན་ཏུ་སྣུམ་པ་དང་གསུམ། མེ་རླུང་གི་རྩུབ་པ་ནང་འཕྲད་ཤིན་ཏུ་རྩུབ་པས་ཆུའི་འཇམ་པ་ཞི་བ་དང་ལྔ། ཆུ་ལས་བྱུང་བའི་མཉེན་པ་དང་སླ་བ། མེའི་ཚ་བ་རླུང་གི་སྐྱ་བ་རྣམས་ནུས་པ་སོ་སོར་འབྱིན་པ་དང་དགུ། མེ་རླུང་གཉིས་ཀྱི་སྐམ་པ་ནང་འཕྲད་ཤིན་ཏུ་སྐམ་པ་དང་བཅུ། མེ་རླུང་གི་ཡང་བ་ནང་འཕྲད་ཤིན་ཏུ་ཡང་བ་དང་བཅུ་གཅིག མེ་རླུང་གཉིས་ཀྱི་གཡོ་བ་ནང་འཕྲད་ཤིན་ཏུ་གཡོ་བ་བཅས་འབྲས་བུ་བཅུ་གཉིས་སོ་སོར་འབྱིན་པ་ཡིན་ནོ།།
སྤྱིར་ན་གླ་རྩི་ནི་འབྱུང་བ་ཆུ་མེ་རླུང་གསུམ་ཤས་ཆེ་བས་བསྐྱེད་པས་རོ་ཁ་ཞིང་ཚ་ལ་ངོ་བོ་བསིལ་བ་ཡིན་ལ། རོ་ཁ་བའི་ཁྱད་པར་གྱི་བྱེད་ལས་ནི་གོང་གི་བོང་ནག་ལྟར་དང་། རོ་ཚ་བའི་ཁྱད་པར་གྱི་བྱེད་ལས་ནི་གོང་གི་ཤུ་དག་ལྟར་ཡིན་པ་དཔྱད་པས་ཤེས་པ་ཡིན་པ་ལས། གླ་རྩི་ནི་སྐབས་འདིར་གླ་རྩི་རང་གི་ནུས་པས་དུག་ནད་དང་། སྲིན་ནད་ཚ་གྲང་། མཁལ་མ་དང་མཆིན་པའི་ནད། མཛེ་ནད་གཉན་ནད་ཀྱི་རིགས་བཅས་སེལ་བར་བྱེད་དོ།།
འདིར་ཞིབ་ཕྲ་མང་པོ་མ་བྱས་ཤིང་ཡི་གེ་མང་བས་འབྲེལ་ཡོད་ཀྱི་སྨན་རྫས་གཞན་རྣམས་ཀྱི་རོ་ནུས་ཀྱི་རྒྱུ་འབྲས་འགྱུར་ཚུལ་རྣམས་ཀྱང་བཀོད་མེད་ལགས།
གོང་གསལ་དེ་དག་ནི་བོད་ཀྱི་སྨན་རྫས་རིག་པའི་གཞུང་ལུགས་ལས་བསྟན་པའི་འབྱུང་བས་སྐྱེད་པའི་རོའི་ནུས་པ་སྟེ་རོ་ནུས་རྒྱུ་འབྲས་ཀྱི་འགྱུར་ཚུལ་གཞིར་བཟུང་ནས་དངོས་གཙོ་རྩོད་སྒྲུབ་རིག་པའི་ལྟ་སྟངས་ཀྱིས་དཔྱད་བརྗོད་ཕྲན་ཙམ་བྱས་པ་ཡིན་ལ། སྤྱིར་ན་བོད་རིག་པའི་སྲོལ་རྒྱུན་ལྟར་དུ་བོད་སྨན་ལ་ཞིབ་འཇུག་བྱེད་པ་ལ་ཡང་རོའི་ནུས་པའི་རྒྱུ་འབྲས་འགྱུར་ཚུལ་དང་། དངོས་པོའི་ནུས་པ་ཡོན་ཏན་བཅུ་བདུན་སོགས་ཀྱིས་ནད་ཀྱི་མཚན་ཉིད་ཉི་ཤུ་སོགས་འཇོམས་ཚུལ་མཐའ་དག་ཁོང་དུ་ཆུད་པར་བྱེད་དགོས་པ་ལས་ཕྱོགས་རྟོགས་ཙམ་གྱིས་ཞིབ་འཇུག་བྱེད་མི་ཐུབ།
གཉིས། ཁྱུང་ལྔའི་འདོགས་འབྲེལ་གྱི་སྐོར།
1. གཞུང་ལྟར་ཁྱུང་ལྔ་ཚད་ལྡན་གྱི་སྦྱོར་བའི་འདོགས་འབྲེལ།
1. ཁྱུང་ལྔ་གཤོག་པ་ཅན།
དང་པོ་སྦྱར་ཚད་ནི། གོང་གི་རྩ་བའི་ཁྱུང་ལྔའི་སྦྱར་ཚད་ལྟར་ཨ་རུ་གསེར་མདོག་གི་ཤ་ལ་ཞོ་བཞི། ཤ་ཕོ་རུ་རྟ་ལ་ཞོ་གང་། ཤུ་དག་ནག་པོ་ལ་སྐར་མ་བདུན། བཙན་དུག་ཞོ་ཕྱེད། གླ་རྩི་འབྲུམ་པ་ཅན་ལ་སྐར་མ་གསུམ། དེ་སྟེང་ཁ་ཚར་རྣམས་འོག་ཏུ་གསལ་བ་ལྟར་རོ།། གཉིས་པ་སྦྱར་ཐབས་ནི། གོང་ལྟར་བྱས་ལ། ཤུ་དག་བཏབ་སྟེ་ཉིན་གཅིག་ལ་སྦྱངས་པས་སྔོ་ལྷིང་གིས་འབྱུང་རྗེས་སུ་གསོ་ཡུལ་གྱི་ནད་གཞི་དང་བསྟུན་ནས། ཚ་བ་ལ་གི་ཝང་དང་གྲང་བ་ལ་པི་ལིང་། གདོན་ལ་ཆོས་སྐན་གུ་གུལ་བསྣན་པར་བྱའོ། །དེ་སྟེང་ཡང་སྲིན་ལ་བྱི་ཏང་ཀ་དང་མ་རུ་རྩེའི་ཁ་ཚར་དང་། གཉན་ལ་ཐར་ནུ་དང་སྟག་ཤ་ནག་པོ། རླུང་ལ་ཤ་ཆེན་དང་ཤིན་ཀུན། ཆུ་འགགས་ལ་རྒྱ་ཚྭ་དང་སྡིག་སྲིན། གག་པར་ལི་ཤི་དང་ཐར་ནུ། གཉན་ཚད་ལ་ཆུ་རྩ་དང་དྲི་ཆེན། མཛེ་ནད་ལ་ཆུ་སེར་སྨན་གསུམ། ཆུ་སེར་ནད་ལ་དངུལ་ཆུ་དང་སེང་ལྡེང་། གྲང་སྐྲངས་ལ་གཡེར་མ་དང་སྤོས་དཀར་བཅས། དེ་ནས་ལོ་བརྒྱད་དྲི་ཆུས་གུ་གུལ་ནག་པོ་ལྷད་མེད་བཞུས་པའི་དྭངས་མས་བྲན་ཏེ། ཉིན་གཅིག་ལ་སྦྱངས་པས་སྔོ་ནག་ཤིན་ཏུ་འཚེར་བ་ཞིག་འབྱུང་བ་སོགས་རབ་བྱུང་ན་གོང་གི་རྩ་བའི་ཁྱུང་ལྔ་ལྟར་བྱས་ལ་རིལ་བུ་བྲ་རིལ་ཆེ་ཤོས་ཙམ་རེ་དྲིལ་ནས། གྲིབ་སྐམ་དང་རིལ་ཆགས་སོགས་བྱའོ།། གསུམ་པ་བཅང་ཐབས་ནི་གོང་མ་བཞིན་ནོ།། བཞི་པ་ཕན་ཡོན་ནི། ཀླུ་གཉན་ས་བདག་གག་ལྷོག་གཉན་གཟེར་དྲེག་གྲུམ་མེ་དབལ་ཆུ་སེར་མཛེ་རིགས་སོགས་འཇོམས། མེར་བསྲེག་བདུག་པས་ནད་རིམས་ཆད། འཆང་དང་བསྟེན་པས་གདོན་བགེགས་ནད་ཀུན་བསྲུང་།
2. ཁྱུང་ཆེན་གྱི་སྦྱོར་བ།
(1) ཁྱུང་ཆེན་ཉི་ཤུ་ནི། “གོང་གི་རྩ་བའི་ཁྱུང་ལྔ་རྒྱལ་པོའི་ཁྱུང་། །ཤ་ཆེན་དྲི་ཆེན་གི་ཝང་ཆོས་སྨན་དང་། །ལི་ཤི་ལྔ་ནི་བློན་པོའི་ཁྱུང་ལྔ་ཡིན། །གུར་གུམ་ཅུ་གང་མ་ནུ་བྱི་ཏང་ཀ། ཆུ་རྩ་རྣམས་ནི་འཁོར་གྱི་ཁྱུང་ལྔ་ཡིན། །ཐར་ནུ་སྟག་ཤ་གུ་གུལ་ཀ་ཀ་རུ། །(སྡིག་སྲིན་)ཤིང་ཀུན་རྣམས་ནི་ཕོ་ཉའི་ཁྱུང་ལྔར་བཤད། །མང་སྦྱོར་འདི་ལ་ཁྱུང་ཆེན་ཉི་ཤུར་གྲགས། །” ཞེས་པས་སྦྱར་ཐབས་ལག་ལེན་སོགས་ནི་གོང་བཞིན་བྱས་པས་གྲུབ་བོ།།
(2) ཁྱུང་ཆེན་ཉེར་ལྔ། དང་པོ་སྦྱར་ཚད་ནི། སྨན་ཆེན་༠༡༠། གླ་རྩི་༠༠༣། རུ་རྟ་༠༡༠། ཤུ་དག་ཨ་རུ་ར་༠༣༠། (ལྔ་པོ་རྒྱལ་པོ་ལྔ།) ཆུ་རྩ་༠༡༠། ཐར་ནུ་༠༡༠། ཁྲོན་བུ་༠༡༠། དུར་བྱིད་༠༡༠། དན་རོག༠༡༠། (ལྔ་པོ་དམག་དཔོན་ལྔ།) བོད་ཀྱི་སྡིག་པ་༠༡༠། རྒྱ་སྐྱེགས་༠༡༠། དོམ་མཁྲིས་༠༡༠། སྤང་སྤོས་༠༡༠། ཤིང་ཀུན་༠༡༠། (ལྔ་པོ་བཙུན་མོ་ལྔ།) གི་ཝཾ་༠༡༠། ཙན་དན་དཀར་བོ་༠༡༠། ཙན་དན་དམར་པོ་༠༡༠། མཚལ་དཀར་༠༡༠། རྒྱ་ཚྭ་༠༡༠། (ལྔ་པོ་བློན་པོ་ལྔ།) ཛ་ཏི་༠༡༠། ཤ་ཆེན་(བྱ་རོགས་)༠༡༠། བ་ཤ་ཀ་༠༡༠། འཛིན་པ་ནག་པོ་༠༡༠། གུལ་ནག་༠༡༠། (ལྔ་པོ་འབངས་འཁོར་ལྔ།)བཅས་སོ།། གཉིས་པ་སྦྱར་ཐབས་ནི། ལོ་བརྒྱད་དྲི་ཆུ་བར་མས་འདམ་བཏགས་ལེགས་པར་བྱ་ལ། རིལ་བུའི་ཆེ་ཚད་སྲན་མ་ཙམ་རེ་དྲིལ་ནས། རིལ་ཆགས་སོང་རྗེས་བསིལ་སྐེམ་བྱ་རྒྱུ། གསུམ་པ་གཏོང་ཚུལ་ནི། གསོ་ཡུལ་གྱི་ནད་པའི་ན་སོ་དང་ལུས་སྟོབས་སོགས་དང་བསྟུན་ནས་རིལ་བུ་ལྔ་བདུན་སོགས་སེང་ལྡེང་གྲུང་ཁུས་ཕུལ་རྒྱུ། བཞི་པ་ཕན་ཡོན་ནི། ནད་གདོན་སྤྱི་དང་ཁྱད་པར་མཛེ་ནད་དང་གཟའ། གག་ལྷོག་གཉན་གཟེར་ཡ་མ་ཀུན་ལ་ཕན།
(3) ཁྱུང་ཆེན་ཉེར་ལྔ། “ཁྱུང་ཆེན་ཉེར་ལྔའི་སྦྱོར་བ་ནི། །སྨན་ཆེན་ཨ་རུ་རུ་རྟ་དང་། །གླ་རྩི་ཤུ་དག་རྒྱལ་པོའི་ཁྱུང་། །ཆུ་རྩ་ཐར་ནུ་དུར་བྱིད་དང་། །དོང་ག་དན་རོག་བཙུན་མོའི་ཁྱུང་། །སྡིག་སྲིན་རྒྱ་སྐྱེགས་ཤིང་ཀུན་དང་། །དྲི་ཆེན་དོམ་མཁྲིས་བློན་པོའི་ཁྱུང་། །གི་ཝང་ཙན་དན་དཀར་དམར་དང་། །རྒྱ་ཚ་འཁོར་འབངས་བྱ་ཁྱུང་ལྔ། །གུ་གུལ་ཛ་ཏི་ཤ་ཆེན་དང་། །འཛིན་པ་(ར་དུག་པ)མུ་ཟི་དམག་དཔོན་ཁྱུང་། །སྨན་མཆོག་རྒྱལ་པོ་ཁྱུང་ཆེན་འདིས། །གག་པ་དང་ནི་ལྷོག་པ་དང་། །ཆུ་སེར་མཛེ་ནད་འཇོམས་པའི་མཆོག།” ཅེས་པས་སྦྱར་ཚད་དང་སྦྱར་ཐབས་གཏོང་ཚུལ་དག་སྔ་མ་ལྟར་བྱས་པས་གྲུབ་པར་སེམས།
3. དངུལ་ཁྱུང་གི་སྐོར།
(1) དངུལ་ཁྱུང་མེ་དབལ་ཅན། དང་པོ་སྦྱར་ཚད་ནི། དངུལ་ཆུ་ཚ་འདུལ་ལྟར་ཁུས་བཤིག་པ་ལ་༡༠༠། མུ་ཟི་སེར་པོ་བཏུལ་མ་༡༠༠། སེང་ལྡེང་ཁཎྜ་ཐུན་གཅིག བཟང་པོ་དྲུག་པོ་ལ་རེ་རེ་ནས་ཐུན་རེ། (སྐར་དོ་རེ་) སྤོས་དཀར་དང་ཐལ་རྡོར་སོ་ར་གསུམ་ལ་རེ་རེ་ནས་ཐུན་གསུམ་རེ། གུལ་ནག་༠༡༠། བཅས་སོ།། གཉིས་པ་སྦྱར་ཐབས་དང་གསུམ་པ་གཏོང་ཚུལ་དག་ནི་ཁྱུང་ཆེན་ལྟར་རོ།། བཞི་པ་ཕན་ཡོན་ནི། ཀླུ་ཡི་གདོན་འཇོམས་ཆུ་སེར་རྩད་ནས་སྐེམ། །གཉན་ལྷོག་གཟའ་དང་སྡེ་བརྒྱད་ཨར་ལ་གཏོད།།
(2) དངུལ་ཁྱུང་ཁྱད་པར་ཅན། དང་པོ་སྦྱར་ཚད་ནི། དངུལ་ཆུ་ཚ་འདུལ་བྱས་པ་སྟར་ཁུས་བཤིག་པ་ལ་༠༡༠། མུ་མེན་དུལ་མ་༠༠༡། གསེ་ཐལ་༠༠༡། ཐང་མ་སྒྲོན་ཤིང་༠༠༡། དེ་བ་ད་རུའམ་ཚབ་ཏུ་ཉག་རོང་ཙན་དན་༠༠༡། ཨ་རུ་གསེར་མདོག་༠༠༡། གུ་གུལ་༠༠༡། སྤོས་དཀར་༠༠༡། གླ་རྩི་༠༠༡། སོ་ར་༠༠༡། ཐལ་རྡོར་༠༠༡། ཟང་དྲུག་ལ་༠༠༡རེར། ཙན་དན་དཀར་པོ་༠༠༡། གི་ཝཾ་༠༠༡། གྲུབ་ཐོག་ཀྱི་དྲི་ཆེན་ནུས་བསྲེག་བྱས་པ་༠༠༡བཅས་སོ། གཉིས་པ་སྦྱར་ཐབས་སོགས་ནི་གོང་བཞིན་བྱ། གསུམ་པ་ཕན་ཡོན་ནི། རིལ་བུ་གཅིག་གཉིས་གསུམ་དུ་བསྐྱེད་ལ་བཏང་། །འདི་ཡིས་ལས་ཀྱི་རྣམ་སྨིན་ཡིན་སྲིད་ཀྱང་། །ཚེ་འདིའི་མཛེ་ནད་ངེས་པར་ཤོལ་ཐེབས་འགྱུར། །བཏང་ཐབས་ལོག་གནོན་ཕྱི་རྒྱུད་རིན་ཆེན་བཞིན།།
(3) དངུལ་ཁྱུང་སྦྲུལ་མིག་ཅན། དང་པོ་སྦྱོར་བ་ནི། གཙོ་བོ་དངུལ་ཆུ་ཚ་འདུལ་སྟར་ཁུས་བཤིག་པ་༠༡༠། བཟང་དྲུག་རེ་རེ་ནས་༠༡༠། སྤོས་དཀར་༠༡༠། ཐལ་རྡོར་༠༡༠། སོ་ར་༠༡༠། ཟི་ར་དཀར་པོ་༠༡༠། ཟི་ར་ནག་པོ་གཟའ་དུག་ནག་པོ་༠༡༠། སེང་ལྡེང་ཐལ་བ་༠༡༠། རྨ་བྱའི་སྒྲོ་གཤོབ་༠༡༠། མུ་སེར་དུལ་མ་༠༡༠། རྡོ་རྒྱུས་བྱ་བལ་མ་དུལ་མ་༠༡༠། རྡོ་སྨན་བཞི་ལ་༠༡༠རེ། བྱ་ཁྱུང་ལྔ་ལ་མཉམ་དུ་༡༠༠། ཉ་ཕྱིས་༠༡༠། མཱ་མེན་༠༡༠བཅས་སོ།། གཉིས་པ་སྦྱར་ཐབས་ནི། ལོ་བརྒྱད་དྲི་ཆུས་འདམ་བཏགས་བྱས་ནས་རིལ་བུ་བྱ་བ་སོགས་གོང་མ་དག་གི་ལག་ལེན་དང་འདྲའོ། །གསུམ་པ་ཕན་ཡོན་ནི། མཛེ་འབྲས་ཕོལ་མིག་དྲེག་གྲུམ་དུ་སེར་དང་། །པགས་ནད་ཟ་འཕྲུག་གཟའ་དང་སྡེ་བརྒྱད་བཟློག།
2. མན་ངག་ལྟར་ཁྱུང་ལྔ་མཉམ་སྦྱོར་གྱི་འདོགས་འབྲེལ།
(1) བསྲུང་བྱེད་དྲག་ཁྱུང་གོ་ཆ་ཅན། དང་པོ་སྦྱོར་བ་སོགས་ནི། “མཉམ་སྦྱོར་ཁྱུང་རྒོད་དགྲ་བོ་ལ། །མུ་ཟི་སེར་པོ་ཤིང་ཀུན་དང་། །གུལ་ནག་རྒྱ་ཚྭའི་གོ་བགོས་ནས། །རིལ་བུ་སྲན་ཙམ་རབ་གནས་བྱ། །” ཞེས་སོ།། གཉིས་པ་ཕན་ཡོན་ནི། “ལུས་ལ་བཅངས་ནས་ལྟོ་སྟོང་བསྟེན། །འགོ་བའི་ནད་རིགས་མ་ལུས་པ། །སྲུང་བ་བླ་ན་མེད་པ་སྟེ། །རྡོ་རྗེའི་གོ་ཆ་གྱོན་དང་མཚུངས། །”ཞེས་པས་རིལ་བུ་འདི་ཉིན་རེ་བཞིན་དུ་བསྟེན་པར་བྱའོ།།
(2) ཞི་བྱེད་ཟླ་འོད་ནོར་ཁྱུང་། དང་པོ་སྦྱོར་བ་སོགས་ནི། ཁྱུང་གི་ལུས་(ཁྱུང་ལྔའི་སྟེང་དུ་)ལ་ག་པུར་མཆུ། །དངུལ་ཆུའི་(ཚ་འདུལ་) སྡེར་མོ་བཟང་དྲུག་སྒྲོ། །གི་ཝང་དང་ནི་ལྡོང་རོས་རྭ། །ཨ་བྱག་(གཟེར་འཇོམས་)སྟག་ཤ་སྦྱན་མིག་གོ། གཉིས་པ་ཕན་ཡོན་ནི། གཉན་རིམས་ཡ་མ་གླང་ཐབས་དང་། །གཟའ་མཛེ་ཆུ་སེར་སྲིན་ཚད་འཇོམས།།
(3) སྦྱོང་བྱེད་ཁྱུང་བཤལ་རྡོ་རྗེ་ཕ་ལམ་མམ་བྱེ་རིང་ཁྱུང་བཤལ། དང་པོ་སྦྱོར་བ་སོགས་ནི། ཨ་བྱག་གཟེར་འཇོམས་༠༡༠། ཆུ་རྩ་༠༡༠། ཤ་ཆེན་༠༡༠། རེ་ལྕག་རྩ་བ་༠༡༠། སྟག་ཤ་༠༡༠། ཁྱུང་ལྔ་ལ་༠༡༠། དུར་བྱིད་༠༡༠། ཐར་ནུ་༠༡༠། བཅས་སོ།། གཉིས་པ་སྦྱར་ཐབས་ནི། གོང་སྨན་གྱི་ཞིབ་ཕྱེ་དེ་དག་མཉམ་དུ་གུ་གུལ་གྲུངས་ཆུས་འདམ་བཏགས་ལེགས་པོ་བྱས་ནས་རིལ་བུ་བྱ། གསུམ་པ་གཏོང་ཚུལ་ནི། ཆུ་བསྐོལ་ངད་ཡལ་གྱིས་རིལ་བུ་ལྔ་བདུན་སོགས་ཕུལ། བཞི་པ་ཕན་ཡོན་ནི། “གག་ལྷོག་གཉན་གཟེར་གདུག་པའི་སྦྲུལ། །མཛེ་དང་ཆུ་སེར་ལ་སོགས་སྦྱོར་བྱེད་མཆོག།”
གསུམ། རྩ་བའི་ཁྱུང་ལྔ་ལ་ནད་གཞི་དང་བསྟུན་ནས་སོ་སོའི་ཁ་བསྒྱུར་བྱེད་ཚུལ་གྱི་སྐོར། (མདོར་བསྡུས།)
ཀོང་རོང་སྨན་བླ་དོན་གྲུབ་ཀྱིས་མཛད་པའི་<<ཕྱི་མ་རྒྱུད་ཀྱི་ལྷན་ཐབས་རྡོ་རྗེ་ཕ་ལམ་>>ལས། “གཞན་ཡང་ཨ་རུ་བཅུ་བསྡེབས་ཨར་ཁྱུང་བཤད། །མཁལ་ཚད་རྩར་འགྲམས་གཉན་ལྡན་ནད་ཀུན་སེལ། །རྩ་རྟ་དྲུག་བསྡེབས་རུ་ཁྱུང་བཅུ་པ་སྟེ། །གཉན་ཚད་ཕོ་བར་བབས་པའི་གླང་ཐབས་འཇོམས། །གཙོ་བོ་བརྒྱད་བསྡེབས་གཉན་ཚད་ལྡན་པའི་ནད། །གནོད་བྱ་བཅུ་པོ་གང་ལ་ཞུགས་ཀྱང་འདོན། །ཁྱད་པར་བལ་ནད་ཏྲེ་ཏྲེ་བོ་ལ་བསྔགས། །སྤོས་དཀར་བཅུ་སྟེ་དངུལ་ཆུ་སེང་ལྡེང་དང་། །ཁྱུང་ལྔ་བསྡེབས་པས་སྤོས་ཁྱུང་བཅོ་ལྔ་འདིས། །དྲེག་གྲུམ་ཆུ་སེར་རྐང་འབམ་བཤའ་རེངས་འཁུམས། །གཉན་རིགས་སྐྲངས་པོ་མཛེ་རིགས་བཅོ་བརྒྱད་འཇོམས། །གུར་གུམ་བཅུ་གསུམ་བསྡེབས་པས་གུར་ཁྱུང་བཤད། མགོ་སྲིན་ཡ་མ་ནག་པོ་དོན་གླང་དང་། །ཚད་རིམས་ཡ་མ་རྣ་ནད་སེལ་བའི་མཆོག། བྱི་ཏང་བདུན་བསྡེབས་འཆི་མེད་སྲིན་སེལ་ཆེ། །(རྒྱུད་ཀྱི་སྲིན་སེལ་བྱི་ཏང་བདུན་པ་) སྟོད་སྨད་ཕྱི་ནང་སྲིན་རིགས་གཞང་འབྲུམ་སེལ། །ལི་ཤི་དྲུག་བསྡེབས་ལི་ཁྲུང་བཅུ་པ་ཡིན། །གཉན་ཚད་གྲེ་བར་ཞུགས་པའི་གཉན་གག་དང་། །ལྕེ་རྩ་བོལ་གོང་སྐྲངས་ཤིང་ཐོར་བའི་འགག །དེ་ལ་ཞི་སྦྱོང་གང་བྱེད་ངག་ལྟར་བྱ། །”ཞེས་སོགས་གསུངས་སོ།། ཡང་། ཀོང་སྤྲུལ་བྱིས། “སྤོས་ཁྱུང་ལ་མདོག་བཞིའི་ཞལ་གདམས་ཅན་བསྡེབ།”ཅེས་དང་། ཡང་། ཁྱུང་ལྔའི་སྟེང་བྱི་ཏང་ཀ་ཀུན་གྱི་བོངས་མཉམ་བསྡེབས་པ་དེ་སྲིན་སྨན་གཅིག་ཆོག་ཡིན། ཞེས་དང་། ཁྱུང་ལྔ་དང་ཛཱ་ཏི་མཉམ་པར་སྦྱར་ནས་རིལ་བུ་གཅིག་གཉིས་གསུམ་སོགས་རིམ་བསྐྱེད་བསྟེན་པས་སྙིང་རླུང་དང་སྨྱོ་བྱེད་གསོ་བར་བྱེད་དོ།།
གཞན་ཡང་། ཨོ་རྒྱན་ཐེག་མཆོག་གི་<<ཟིན་ཏིག་མཛེས་རྒྱན་>>དག་ལས།
1. དཔའ་བོ་བཅུ་གསུམ་ནི། “བྱ་ཁྱུང་ལྔ་སྟེང་སྟག་ཤ་གུ་གུལ་ནག། དངུལ་ཆུ་མུ་ཟི་ཀྱི་ལྕེ་ཧོང་ལེན་དང་། །གི་ཝཾ་སྤང་རྩི་བསྣན་པའི་སྦྱོར་སྡེ་ལ། །དཔའ་བོ་བཅུ་གསུམ་ཞེས་བྱ་བྱང་པའི་ལུགས། །གྲེ་བ་ཚ་ན་ཚར་བོང་ཐང་གིས་འཕུལ། །གཞན་དུ་ཆུ་བསྐོལ་ཚ་མོས་དབུལ་བར་བྱ། །”ཞེས་སོ།།
2. སྤྱང་ལྕེ་བརྒྱད་པ་ནི། “ཁྱུང་ལྔའི་སྟེང་དུ་གུ་གུལ་རྒྱ་ཚྭ་དང་། །སྤྱང་ལྕེ་སྦྱར་བཏང་གག་པ་ལྕེ་འབམ་དང་། །ལྕེ་སྐྲང་འཇོམས་པ་ལག་ལེན་མཆོག།” ཅེས་སོ།།
3. སཱ་རིས་བྱ་ཁྱུང་འཛག་སྡོམ་ནི། ཨ་རུ་༡༥༠། བོང་ནག་༠༡༠། ཤུ་དག་༠༢༠། རུ་རྟ་༠༡༥། གླ་རྩི་༠༠༢། ཞུ་མཁན་༠༢༦། ཚོས་༠༤༠། བཙོད་༠༡༤། གུར་གུམ་༠༡༢། དོམ་མཁྲིས་༡༠༠། རྒྱ་སྣག་༠༡༥། མཚལ་༠༤༦། སུག་སྨེལ་༠༢༥། མཁལ་ཞོ་༠༩༦། རྒྱ་ལྕམ་ཧ་ལོ་༠༢༠། ཉ་ཕྱིས་༠༢༠། གུ་གུལ་༠༢༠། བཅས་སོ།། ཕན་ཡོན་དག་ནི། ཕལ་ཆེར་ལ་ཆུ་བསྐོལ་དང་གྲང་རླུང་ལ་ཆང་གིས་ཕུལ། མཁལ་ནད་ཚ་གྲང་སྲིན་གླང་གཉན་རིགས་དང་། །ཁྱད་པར་ས་བོན་འཛག་པ་གཅོད།།
4. རྡོ་རྗེ་ཁྱུང་དམར་ནི། བྱ་ཁྱུང་ལྔའི་སྟེང་དུ་མཚལ་དཀར་དང་། གུར་གུམ། གོ་བྱི་ལ། དོམ་མཁྲིས། ཚོས། བཙོད། རྒྱ་སྐྱེགས། གུ་གུལ། (སྦྱར་ཚད་སྭར་ཁྱུང་སྟར་) ཕན་ཡོན་གོང་མཚུངས།
5. བྱ་ཁྱུང་སྔོན་པོ་ནི། སྟག་ཤ་༣༠༠། ཆུ་རྩ་༡༠༠། སྨན་ཆེན་༡༥༠། ཨ་རུ་ཤ་རུས་འདྲེས་མ་༢༠༠། བ་རུ་༢༠༠། སྐྱུ་རུ་༢༥༠། གུ་གུལ་༠༧༠། སླེ་ཏྲེས་༣༠༠། གླ་རྩི་༠༥༠བཅས། ཕན་ཡོན་ནི། དྲེག་གྲུམ་རྐང་འབམ་ཆུ་སེར་ཚ་བབས་དང་། །ཤུ་ཐོར་གཉན་ཚད་ཀུན་ལ་འདི་བྱུག་བསྔགས།
6. བྱ་ཁྱུང་ཤེས་རལ་ཅན་ནི། དངུལ་ཆུ་རུ་རྟ་བཟང་པོ་དྲུག། ཙན་དན་དཀར་དམར་འབྲས་བུ་གསུམ། །ཆུ་སེར་སྨན་གསུམ་དོན་མཁྲིས་དང་། །ཤ་རུ་དུར་ཐོད་མགྲོན་བུའི་ཐལ། །སེང་ལྡེང་ཐང་དང་ཀ་ར་སྦྱར། །དངུལ་ཆུ་རིལ་བུས་ཆུ་སེར་སྐེམ། །རྒྱུད་ཀྱི་རྒྱལ་པོའི་བྱ་ཁྱུང་ལྔ་པ་ལ། །བྱེ་རུ་མུ་ཏིག་རྒྱན་ལྡན་ལི་ཤི་དང་། །ཛྭ་ཏི་ཨ་ག་རུ་ཡིས་ལུས་པོ་བརྒྱན། །སིནྡུ་ར་དང་ཁབ་ལེན་ཤིང་མངར་གྱིས། །སྒྲོ་མཆུ་ལྡན་ལ་མཚལ་གྱི་ན་བཟའ་གསོལ། །ཚད་དང་སྦྱོར་སྡེ་གནད་དང་ལྡན་པ་དང་། །ཚ་གྲང་རྟར་བསྐྱོན་སྨན་ནད་ཐོན་པར་བཏང་། །ཕྱི་ནང་རྩ་དཀར་ནད་གཟའ་ཀླུ་ཡི་གདོན། །ཀུན་ལ་ཟབ་མྱུར་བྱ་ཁྱུང་ཤེལ་རལ་ཟེར། །དེ་སྟེང་དབང་ལག་ཨ་བ་རྡོ་རྒྱུས་དང་། །ཡུངས་ཀར་ཀླུ་བདུད་གུ་གུལ་དཀར་ནག་སྦྱར། །ཆུ་རྒྱུས་རེངས་འཁུམས་སྨྱོ་འབོགས་བརྒྱལ་ནད་འཇོམས།།
7. བྱ་ཁྱུང་རན་བསམ་ནི། བྱ་ཁྱུང་ལྔ་པ་ཚད་ལྡན་སྟེང་། །གི་ཝཾ་དོམ་མཁྲིས་སྦལ་རྒྱབ་གསུམ། །རྒྱ་མཚལ་ཆུ་སེར་སྨན་གསུམ་དང་། །བསེ་རུ་ཉ་ཕྱིས་ལི་ཤི་གསུམ། །ཙན་དན་དཀར་དམར་ཨ་ག་རུ། །བྲི་ཏ་ས་འཛིན་གུ་གུལ་དང་། །སྟག་ཤ་སྦྱར་བའི་སྨན་མཆོག་འདི། །མི་བསྐྱོད་པ་ཡིས་འདམ་བཏགས་བྱ། །རིལ་བུ་བྲ་བའི་རིལ་མ་ཙམ། །ནད་ཀྱི་སྟོབས་དང་སྦྱར་ལ་བཏང་། །ཕན་ཡོན་རྩ་དཀར་བྱེར་འགྲམ་དང་། །རྐེ་མཇིང་ཡན་ལག་སྐྲངས་པའི་རིགས། །རྩ་དཀར་གཉན་དང་བསྡོངས་པ་ལ། །སྦྱོར་བ་འདི་ཉིད་མཆོག་ཏུ་བསྔགས།།
8. ཁྱུང་དྲུག་ནི། ཁྱུང་ལྔ་ཚད་སྦྱར་སྟེང་དུ་སེང་ཁཎ་བསྣན། །ཁྱུང་དྲུག་ཅེས་བྱ་ཆུ་སེར་པགས་ནད་སེལ།།
9. བྱ་ཁྱུང་བཅུ་གསུམ་ནི། མཉམ་སྦྱོར་ཁྱུང་སྟེང་རྒྱམ་ཚྭ་པི་པི་ལིང་། །གསང་སྨན་མེ་རུ་རྩེ་དང་ཐང་ཕྲོམ་འབྲུ། །གར་ནག་བྱི་ཏང་ཀ་དང་ཕུར་ནག་ཁཎ། །སྦྱར་བ་བྱ་ཁྱུང་བཅུ་གསུམ་ལྷན་ཐབས་ལུགས། །ཕོ་བའི་གླང་འཐབ་སེལ་བའི་གཉེན་པོར་གསུངས།།
10. དཔའ་བོ་དྲུག་པ་ནི། དཔའ་བོ་དྲུག་པ་ཁྱུང་སྟེང་གི་ཝཾ་དང་། །གུ་གུལ་མཚལ་གསུམ་བསྣན་པའི་ལུགས་གསུམ་འདུག། གང་ཡང་གཉན་ཤས་ཆེ་བའི་འབམ་ལ་བསྔགས།།
11. དཔའ་བོ་བརྒྱད་པ་ནི། ཁྱུང་ལྔའི་སྟེང་དུ་གི་ཝཾ་ཅུ་གུལ་བསྡེབ། །འདི་ནི་དཔའ་བོ་བརྒྱད་ཅེས་གྲགས། །འབམ་ནད་ཚ་གྲང་མེད་པར་འཇོམས།།
དེ་ལྟར་ཁྱུང་ལྔ་མདོག་བཞི་དང་ཁྱུང་རྒོད་དྲག་པོ། ཁྱུང་ལྔ་གཤོག་པ་ཅན་དང་། ཁྱུང་ཆེན་ཉི་ཤུ་ནས་དཔའ་བོ་བརྒྱད་པའི་བར་ཏེ་འདིར་ཁྱུང་ལྔ་དང་འབྲེལ་བའི་སྦྱོར་སྡེ་སོ་གསུམ་འཁོད་ཡོད་དོ།།
བཞི། ཞལ་གདམས་ཀྱི་སྐོར།
རྗེ་ཟུར་མཁར་མཉམ་ཉིད་རྡོ་རྗེའི་ཁྱུང་ལྔ་མདོག་བཞིའི་ཞལ་གདམས་དག་ལས། “ཆུ་སེར་ནག་པོ་མཛེ་ནད་དང་། །གག་ལྷོག་སྲིན་གཟེར་ཕོ་ལོག་རིམས། །ཡ་མ་གླང་ཐབས་དམུ་འོར་འབྲས། །མ་ཞུ་སྐྱ་རྦབ་གྲང་ནད་སོགས། །སྤྱི་འཇོམས་ཀུན་གྱི་རྒྱལ་པོ་ནི། །བྱ་ཁྱུང་ལྔ་ཡི་སྦྱོར་བ་གསུངས། །འོན་ཀྱང་མདོག་བཞིའི་ཞལ་གདམས་དང་། །ཡུལ་དུས་ན་སོ་ནད་ཁམས་ཀྱིས། །སྨན་ལ་སྣོན་ཕྲི་དགོས་པ་དང་། །མཆུ་སྡེར་གཤོག་པ་རྭ་ལ་སོགས། །མན་ངག་གུད་དུ་སྦས་པ་རྣམས། །མི་ཤེས་ཤེས་རྫུ་དར་བའི་དུས། །དེང་སང་ཚོང་འདུས་འོ་མ་བཞིན། །བསྲེ་ལྷད་སྣ་ཚོགས་མང་བྱས་པས། །ནད་ལ་མི་ཕན་ལུས་ཟུངས་འཇོམས། །རང་སྐྱེངས་གྲགས་ངན་ཕོག་པར་མཐོང་། །དེ་ཕྱིར་གཟོབ་ཤིག་ཕྱི་རབས་དག། འདིར་ནི་ལག་ལེན་ཅུང་ཟད་འབྲི།།
དེ་ཡང་དུག་ལྔའི་རང་གཟུགས་ནི། །བི་ཥ་མཱུ་ལ་པཉྩའི་མདོག། དཀར་སེར་དམར་སྔོ་ནག་དང་ལྔ། རང་རང་ནུས་མཐུ་བསམ་མི་ཁྱབ། །བསྡུས་ན་དཀར་སེར་ནག་དང་གསུམ། །དཀར་པོ་འཛིན་པ་སེར་པོ་ནི། །བཙན་དུག་ཅེས་བྱ་ནག་པོ་ལ། །བོང་ང་ནག་པོ་ཞེས་བྱར་གསུངས། །དམར་སེར་དངུལ་ཆུ་འཆིང་བ་དང་། །གསེར་འགྱུར་རྫས་ཀྱི་གཙོ་བོ་ཡིན། །དཀར་ནག་ནད་རྣམས་ཀུན་ལ་བསྔགས། །སེར་པོའི་ཆར་གཏོགས་འབྲི་ཚིལ་མ། །རིལ་བུའི་སྦྱོར་སྡེ་ཀུན་ལ་བསྔགས། །དེ་ཡི་གཉེན་པོ་བོང་དཀར་དང་། །བོང་དམར་བོང་སེར་རོ་ཁ་བསིལ། །ཟོས་ན་ལྕེ་མཆུ་མི་སྦྲིད་པ། །འདི་གསུམ་དུག་ལྔར་གཏོགས་མ་ཡིན། །དུག་ལྔ་སྐྱེ་སའི་ཆུ་རིགས་ཀྱིས། །ནུས་པ་བཟང་ངན་འབྲིང་གསུམ་འགྱུར། །སྨན་ལ་སྦྱོར་བའི་ཐུན་ཚད་ཀྱང་། །བཟང་ངན་བརྟགས་ཏེ་སྦྱོར་བ་གནད། །དཔེར་ན་དཔའ་བོའི་རིགས་གང་ཡང་། །སྐྱེས་བུ་ནད་མེད་དར་བབས་ལ། །ནས་ཕྱེད་(ཙམ་)སྦྱིན་པས་སྨན་ནད་ལྡང་། །དེ་ལ་ནུས་པ་རབ་ཏུ་བརྗོད། །དེ་བཞིན་ནས་གཅིག་ཕྱེད་དང་གཉིས། །བྱིན་པས་སྨན་ནད་ལྡང་བ་ལ། །འབྲིང་དང་ཐ་མར་བཤད་པ་འོ།།
སྨན་སྦྱོར་བྱེད་ཚེ་གསེར་མདོག་ནི། །རྡོག་པོ་རེ་ལ་དཔའ་བོ་རབ། །སྲན་མ་ཙམ་རེ་གླ་རྩི་ཡང་། །དཔའ་བོ་གང་བཏབ་ཚད་དུ་གཏང་། །རུ་རྟ་ཤུ་དག་གསེར་མདོག་གི། ཤ་ཡི་བཞི་ཆ་གཏོང་བར་གསུངས།།
ཁ་དོག་བཞི་ཡི་ཞལ་གདམས་ལ། །མདོག་རྙེད་ནག་སྨུག་མཐིང་འཚེར་དང་། །ཤིན་ཏུ་མཐིང་འཚེར་གྱུར་པའོ།།
དེ་ཡང་གདོན་ལ་སྦྱོར་བའི་ཚེ། །གུ་གུལ་ནག་པོ་ལྷད་མེད་པ། །དྲི་ཆུར་བཞུས་པའི་དྭངས་མ་ཡིས། །སྨན་གྱི་འདམ་བཏགས་ཁུ་བ་བྱ། །དང་པོ་ཁམ་ནག་མདངས་ལྡན་འཚེར། །མདོག་རྙེད་ཅེས་བྱ་དེ་དུས་སུ། །རུ་རྟ་ཞིབ་བཏགས་བཏབ་ལ་འཐག། དེ་ནས་སྨུག་ནག་མདོག་ཏུ་འགྱུར། ཁ་ཅིག་རུ་རྟ་ཤུ་དག་གཉིས། །དུས་གཅིག་འདེབས་པ་ཡོད་ན་ཡང་། །སྨན་གྱི་ཚེ་ན་འདི་ཉིད་བསྔགས། །དེ་ཚེ་ཤུ་དག་ཞིབ་བཏགས་གདབ། །སླར་བཏགས་མཐིང་གར་སོང་བ་དང་། །ནད་གཞི་བསྟུན་ཏེ་གི་ཝང་ངམ། །པི་ལིང་གང་འཕྲོད་ཁ་ཚར་གདབ། །གཞན་ཡང་ཁ་ཚར་གང་དགོས་པ། །སྐབས་འདིར་འདེབས་པ་མཁས་པའི་ལུགས། །དེ་ནས་ཤིན་ཏུ་མཐིང་གའི་མདོག། ནག་ཅིང་འོད་ཟེར་འཚེར་བ་ན། །གླ་རྩི་ཞིབ་བཏགས་ཆུ་ལ་སྦྱངས། །དེ་ཉིད་བཏབ་བསྲེས་འདྲེས་པར་འཐག། དེ་ནས་རིལ་བུ་དྲིལ་བར་བྱ།། དེ་ལྟར་མི་ཤེས་རྨོངས་པ་ཡིས། །ཕྱི་མའི་རྣམ་རྨིན་མི་བརྩི་ཞིང་། །ད་ལྟ་ཁ་རྗེ་ལ་རེ་བས། །ནད་པའི་སྲོག་ལ་མི་ཕོངས་པར། །དྲང་སྲོང་བཀའ་དང་འགལ་བ་ཡིས། །ཕོ་ཚོད་སྦྱོར་ལོག་བྱེད་པ་རྣམས། །འཆི་བདག་ཕོ་ཉ་ལས་གཞན་ཅི། །དེ་ཕྱིར་འཁྲུལ་མེད་འདིར་ཞུགས་ཤིག། སྨན་གྱི་རོ་དང་ཞུ་རྗེས་དང་། །ནུས་པ་སྦྱར་ཐབས་ཁོང་ཆུད་ཅིང་། །རྒྱལ་བའི་བཀའ་དང་དྲང་སྲོང་ལུང་། །བླ་མའི་ཞལ་གདམས་ཟབ་མོའི་གནད། །འཆུགས་མེད་བསྟེན་ན་ཉེས་མི་སྲིད། །ཅེས་གསུངས་སོ།།
ཟུར་བཀོད་ཕྱག་རྡོར་རིལ་བུ།
1.ཕྱག་རྡོར་རིལ་བུའི་སྦྱར་ཚད། འདི་ལ་རྩ་བའི་སྨན་དང་ཁ་ཚར་གྱི་སྨན་བཅས་ཡོད་པ་ལས།
(1) རྩ་བའི་སྨན་རྣམས་ཀྱི་སྦྱར་ཚད་ནི། ཨ་རུ་གསེར་མདོག་གི་ཤ་སྲང་དྲུག གུ་གུལ་ནག་པོ་སྲང་གསུམ། གི་ཝང་སྲང་གསུམ། སྨན་ཆེན་མེ་ཏོག་སེར་པོ་ཅན་གྱི་རྩ་བ་ལ་སྲན་མ་ཆེ་བ་ཙམ་བརྒྱད་ཀྱི་ཚད་ཀྱི་འདུལ་ཕྱེ། གླ་རྩི་ཡང་དེའི་ཚད་ཙམ། འབྲུག་རུས་དུལ་མ་སྲང་དྲུག གཡུ་རྙིང་དུལ་མ་ཞོ་གང་སྐར་ལྔ།
(2) ཁ་ཚར་སྨན་གྱི་སྦྱོར་ཚད་ནི། ཟི་ར་དཀར་ནག་གཉིས་དང་། ཏིལ་དཀར་ནག་གཉིས། ཐལ་ཀ་རྡོ་རྗེ། སོ་མ་ར་ཛ། སླེ་ཏྲེས་བཅས་ལ་རེ་རེ་ནས་ཞོ་གང་རེ། བ་རུ་རུས་དོར་ཞོ་དྲུག སྐྱུ་རུ་ར་རུས་དོར་རྡོག་པོ་དགུ། པི་ལིང་རྡོག་བརྒྱད། རུས་སྦལ་གྱི་རུས་པ་དུལ་མ་ཞོ་གང་། (འདི་ཁྲམ་ཁྲོམ་བརྡུངས་ནས་ལྕགས་སླང་དུ་རླངས་ཐོན་ཙམ་བརྔོ་དགོས་)ཕག་རྒོད་མཆེ་བ་ཧར་བསྲེག་ཞོ་གང་བཅས་སོ།། (སྨན་སྣ་བཅུ་དགུ་ཡོད།)
2.སྦྱར་ཐབས་ནི།
(1) དང་པོ་གོང་གི་སྨན་རྣམས་སོ་སོར་ཞིབ་རྡུངས་བྱས་ནས་འདྲེས་པར་སྣོད་གཙང་དུ་བླུགས།
(2) དེ་ནས་རས་དཀར་དྲི་མེད་ནང་དུ་སོ་སོར་བཏུམ་ནས་ཁྱེའུ་ལོ་བརྒྱད་ཀྱི་དྲི་ཆུ་གཙང་མས་ཞག་གཅིག་ལ་སྦངས་ནས་སྨན་ཁུ་ཉར།
(3) དེ་ནས་བསྲེ་འཐག་བྱེད་ཚུལ་ནི། ཐོག་མར་ཨ་རུ་དང་སྨན་ཆེན་གཉིས་བསྲེས་ནས་ཉིན་གཅིག་ལ་གོང་གི་སྨན་ཁུས་འདམ་འཐག་བྱ།
(4) དེ་ནས་འབྲུག་རུས་བསྲེས་ནས་གོང་བཞིན་ཉིན་ཕྱེད་ལ་འདམ་འཐག་བྱ། (དུས་ཚོད་བཞི་ཙམ་ལ།)
(5) དེ་ནས་གཡུ་རྙིང་བསྲེས་ཏེ་ཉིན་ཕྱེད་ལ་འདམ་འཐག་བྱ།
(6) དེ་ནས་ཟི་ར་སོགས་སྨན་སྣ་བདུན་པོ་བསྲེ་བཞིན་གོང་གི་སྨན་ཁུས་ཉིན་གསུམ་ལ་འདམ་འཐག་བྱ།
(7) དེ་ནས་པི་ལིང་བསྲེས་ནས་ཉིན་གཉིས་ལ་བྱ།
(8) དེ་ནས་གླ་རྩི་བསྲེས་ཏེ། སྨན་འདམ་གྱི་ཁ་དོག་ཤིན་ཏུ་ནག་ལ་འོད་འཚེར་བ་ཞིག་མ་བྱུང་གི་བར་དུ་གོང་གི་སྨན་ཁུ་འགྲོ་ངེས་ཀྱི་འདམ་འཐག་བྱ་བ་ལ་དུས་ཚོད་བརྒྱད་ནས་བཅུ་ཡར་མར་དགོས།
(9) དེ་ནས་གུ་གུལ་ཆུ་གཙང་དུ་སྦང་བའི་གྲུང་ཁུ་ལ་གི་ཝང་གི་ཕྱེ་མ་བཏབ་ནས། སྨན་ཁུ་དེས་འཐག་ལ་རིལ་བུ་གཉིས་རེ་ཟ་བའི་ཚད་(རིལ་བུ་རེར་ཁཱ་4)དུ་དྲིལ་ནས་གྲིབ་སྐམ་དང་རིལ་ཆགས་སོང་བ་དེ། རབ་བྱུང་ན། བསང་སྦྱང་བྱ།
(10) ཉར་ཚགས་བྱ་ཚུལ་ནི། རིལ་བུ་རྣམས་དྲི་བཟང་དང་ལྷན་དུ་དར་མཐིང་ནག་གི་ནང་དུ་ཉར།
3. བསྟེན་ཚུལ་ནི། ཞག་མ་དགུ་ལ་གསོ་ཐེངས་གཅིག་བྱས་ནས་རིལ་བུ་བསྟེན་རིང་ལ། ཤ་རུལ་ཆང་སྐྱུར་སྔོ་ངད་རུལ་སུངས་ཉལ་པོ་བཅས་སྤང་དགོས།
4. ཕན་ཡོན་ནི། “རྐང་ལག་ཆད་པ་ཡང་སོས་ངེས་སོ།།” ཞེས་གཟའ་མཛེ་སྤྱི་ལ་བསྔགས་པའི་ཁོང་སྨན་དུ་གསུངས་ལ། ད་དུང་རིལ་བུ་ཞིབ་དུལ་ཉ་མཁྲིས་སུ་བཏབ་ནས་ཕྱི་ལ་བྱུག་ན་པགས་ནད་གླང་ཤུ་སེལ་བ་མྱོང་གྲུབ་ཡིན་ནོ།།
མཆན།
སྤྱིར་རྒྱལ་བློན་གྱི་ཐ་སྙད་ནི། བོད་ཀྱི་མི་རིགས་བཞིའི་ཐ་སྙད་ལ། གཞན་ཟིལ་གྱིས་གནོན་པའི་སྟོབས་གོང་ན་མེད་པའི་རྒྱལ་པོ། གང་དང་ཡང་མཐུན་ཞིང་ལས་མྱུར་བ་བློན་པོ། དབང་ཆེ་ཞིང་ཡུལ་གཉན་པ་རྗེའུ་སྟེ་རྒྱལ་ཕྲན། རང་རང་གི་སྐབས་དོན་གྲུབ་པ་དམངས་སམ་འཁོར་ཡིན་པ་ལྟར། སྨན་གྱི་སྐབས་འདིར་ཡང་ནུས་སྟོབས་ཡོན་ཏན་གྱི་བྱེད་ལས་ལ་བལྟོས་ནས་བཏགས་པའོ།། །།
- འདི་ནི་ཕྱི་ལོ་ ༡༩༩༦ ལོའི་བོད་ལྗོངས་ཞིབ་འཇུག་དུས་དེབ་ནས་ཟུར་འདོན་ཞུས་པའོ།།
མཐའ་མའི་འདོན་ཐེངས་།: 23.09.2022 ཉིན། 10:25 AM
<< སྔ་མ།