སྨན་རྩིས་དྲ་བ། - ཆེད་རྩོམ།

ཁ་མངལ་བ་ནི་ཁ་མངར་བ་ཡིན།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 02.12.2013
ཆེད་རྩོམ། >>

 

༄༅། །ཁ་མངལ་བ་ནི་ཁ་མངར་བ་ཡིན་པར་སྒྲུབ་པའི་དཔྱད་པ་མདོར་ཙམ་བརྗོད་པ།

 

 

སྨན་རམས་པ་དབང་འདུས།

བོད་ཀྱི་སྨན་རྩིས་མཐོ་སློབ་ཁང་གི་སྨན་དགེ།

 

 

                                       

                                    ནམོ་གུརུ་མནྫུ་ཤྲཱི་བྷཻཥཇྱེ།  འཇམ་དཔལ་སྨན་གྱི་བླ་མར་ཕྱག་འཚལ་ལོ།།

 

 

                                                དགེ་སློང་དག་དང་མཁས་རྣམས་ཀྱིས།།

                                                བསྲེག་བཅད་བརྡར་བའི་གསེར་བཞིན་དུ།།

                                                ལེགས་པར་བརྟག་ལ་ང་ཡི་བཀའ།།

                                                བླང་བར་བྱ་ཡི་གུས་ཕྱིར་མིན།།

 

ཞེས་གསུངས་པ་ལྟར་བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་འདིས་རྗེས་འཇུག་ཚོར་བློ་ཁ་བུབ་སུབ་དོག་པོ་མ་ཡིན་པ་བློ་ཁ་ཡངས་པོ་དགོས་པ་དང་། དེ་ཡང་གང་གསུངས་པ་ཚང་མར་ཚད་མར་མ་འཛིན་པར་གང་ཟག་སོ་སོའི་བློ་རིག་ལ་དཔག་པའི་དཔྱད་པ་བྱས་ཏེ་འཇུག་དགོས་པ་དང༌། མདོར་ན་རང་རང་སོ་སོའི་སེམས་གཏིང་གི་ཚོར་བ་དེ་དག་ལ་སྨྲ་བརྗོད་ཀྱི་རང་དབང་དང་། སྟོན་པའི་བཀའ་ལ་ཡང་འདི་ནི་བདག་ཅག་གི་སྟོན་པའི་བཀའ་འོ་ཞེས་གཙིགས་ཆེན་མ་འཛིན་པར་དང་ཐོག་དཔྱད་པ་དགོས་པར་གདམས་པ་འདི་བདག་ཅག་གི་སྟོན་པའི་ཆེས་ཕུལ་དུ་བྱུང་བའི་ཡོན་ཏན་ནམ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཞིག་ཡིན། དེ་ལྟར་ན་གཞུང་གང་ལ་སྦྱངས་པ་དེར་བསམ་ཚུལ་ལམ་དཔྱད་པ་བྱེད་རྒྱུའི་བདག་དབང་སྦྱིན་པ་དང་བྱེད་ཆོག་པར་སོང་། ད་རེས་འདིར་མདོར་ཙམ་ཞིག་ཞུ་རྒྱུའི་བློ་སྐྱེད་འབྱུང་བར་དཔྱད་པ་ལ་འཇུག་པར་བྱེད་དོ།། 

 

དེ་ཡང་དཔལ་ལྡན་གསོ་བ་རིག་པའི་རྒྱུད་བཞི་འདི་ནི་དུས་རབས་བདུན་པ་ནས་འགོ་བརྩམས་སྟེ་རིམ་པས་ཁ་བསྣོན་བཅོས་སྒྲིག་བརྒྱུད་མཐར་པར་རྩ་བརྐོས་རྗེས་རྒྱ་ཁྱབ་དུ་སོང་ཡོད། ཡིན་ཡང་པར་རྩ་རྐོ་བའི་གནས་སྐབས་སུ་དོ་ཁུར་བྱེད་པོ་དང་སྒྲིག་པ་པོར་ལས་རྒྱ་ཆེ་བར་སོང་ཞུ་དག་ནན་པོ་མ་བྱུང་བར་སྔ་ཕྱི་བར་གསུམ་དུ་དག་ཆ་དང་ཚེག་བར་སོགས་ལ་ནོར་འཁྲུལ་ཤོར་བ་རྣམས་ད་བར་རྒྱུན་འབྱམས་སུ་གནས་མུས་ཡིན། དེ་ལྟར་ཚེག་དང་དག་ཆ་ཆུང་ཙག་ཞིག་ནོར་འཁྲུལ་དུ་སོང་བའི་རྐྱེན་གྱིས་དོན་དག་རྒྱ་ཆེན་པོ་ཞིག་ལ་གོ་ལོག་འགྲོ་བ་ནི་རྩོད་མེད་ཡིན་པར་སོང༌། འདིར་ཡང་ཁ་མངལ་བ་དང་ཁ་མངར་བ་གཉིས་ཀྱང་རྗེས་འཇུག་ཙམ་གྱི་མི་འདྲ་བ་ཡིན་པ་དང་། རྗེས་འཇུག་ར་ཡི་ཚབ་དུ་རྗེས་འཇུག་ལ་བཅུག་པར་གོ་བ་མི་འདྲ་བ་དང་འགྲེལ་བརྗོད་མི་འདྲ་ལོས་ཀྱི་རྒྱག་དགོས་ཅིང༌། དེ་ན་སྐབས་སུ་བབ་པའི་བརྗོད་གཞི་ཁ་མངལ་བ་ནི་ཁ་མངར་བ་ཡིན་ཚུལ་ཐོག་དཔྱད་པ་བྱེད་རྒྱུ་འདི་རང་གི་ཐོབ་སྐལ་ལམ་འོས་འགན་དུ་བཟུང་ནས་གང་ལྕོགས་དཔྱད་པ་ལ་འཇུག་པར་ལགས་སོ།།

 

དེ་ཡང་དཔལ་ལྡན་གསོ་བ་རིག་པའི་མ་ཕྱི་འམ་ས་བོན་གྱི་ཚུལ་དུ་གནས་པ་རྩ་རྒྱུད་ཀྱི་ལེའུ་བཞི་པ། ངོས་འཛིན་རྟགས་ཀྱི་ལེའུའི་བད་ཀན་གྱི་ན་ལུགས་སམ་ནད་རྟགས་ཀྱི་རྩ་བར། སྐྱུགས་ཅིང་ཁ་མངལ་ཕོ་བ་འཚིངས་སྟེ་སྒྲེག། ཞེས་དང༌།

ཡང་བཤད་རྒྱུད་དུ། ནད་ཀྱི་མཚན་ཉིད་ཀྱི་ལེའུའི་བད་ཀན་འཁྲུགས་རྟགས་ཀྱི་སྐབས་སུ། ཁ་མངལ་ལྕེ་རྙིལ་སྐྱ་ལ་མིག་དཀར་སྐྲང་།། ཞེས་པ་དང༌།

མན་ངག་ཡོན་ཏན་རྒྱུད་ཀྱི་བད་ཀན་གྱི་ལེའུར། ཁ་མངལ་ལྕེ་རྙིལ་སྐྱ་ལ་མིག་དཀར་སྐྲང་།། ཞེས་དང༌།

དེ་བཞིན་རིམ་པས་སྨུག་པོའི་ལེའུར། དང་ག་མི་བདེ་ཁ་མངལ་ཉ་དྲི་བྲོ།། ཞེས་དང༌།

གཅོང་ཆེན་ཟད་བྱེད་ཀྱི་ལེའུར། ཁ་མངལ་ཉམས་སྟོབས་ཞན་ལ་མེ་དྲོད་ཆུང་།། ཞེས་དང༌།

མ་ཞུ་བའི་ལེའུར། ཁ་མངལ་ཕོ་བ་འཚིང་ལ་སྒྲེག་ཅིང་སྐྱུག། ཞེས་པ།

བད་ཀན་ཤུགས་ཆེ་བའི་ནད་གཞིའི་རྟགས་སུ་ཁ་མངལ་ཁ་མངལ་ཞེས་ཡང་ཡང་བསྟན་པའི་ཁ་མངལ་ཞེས་པ་ནི་ལྕེར་རོ་མི་ཚོར་བའི་དོན་དུ་གོ་བ་ལེན་དགོས་པ་ཡོངས་གྲགས་ཡིན།  

 

དེ་ཡང་འགྲེལ་པ་ཁག་དུ་ཁ་མངལ་ཞེས་པ་ནི་ལྕེའི་སྟེང་དུ་བད་ཀན་ནམ་འབྱར་བག་ཅན་གྱི་ཆུ་ཁམས་འཕེལ་ནས་རོ་གང་ཡིན་གསལ་པོར་འབྱེད་མི་ནུས་པར་གྱུར་པའི་དོན་ཏེ། རྒྱུད་བཞིའི་དཀའ་འགྲེལ་ལས། ཁ་མངལ་ཞེས་ཁའི་ནང་རོ་གང་ཡིན་གསལ་པོར་མི་འབྱེད་པར་གྱུར་བའི་དོན་ནོ་ཞེས་པ་དང༌། བེེ་སྔོན་དུ་ཁ་མངལ་བའི་ལོ་མ་སྟེ་རོ་མི་གསལ་བ་རླན་བག་ཅན་དང་ཞེས་འདོད་པ་ལགས་ན་དེར་འགྲེལ་བརྗོད་དང་བསམ་གཞིགས་ལེགས་པར་བྱས་ཚེ་འགྲེལ་བརྗོད་དང་དོན་དག་དེར་རང་བློ་འདོད་པ་ཁེངས་པ་དང་གདེངས་ཕེར་བའི་གོ་བ་ཞིག་ལེན་མི་ཐུབ་པའི་སྣང་བ་འཆར་ཏེ།

 

དེ་ཡང་ཁ་དང་མངལ་གཉིས་མིང་ཚིག་མི་འདྲ་བ་གཉིས་མཉམ་དུ་སྦྱར་བས་གོ་བ་གཞན་ཞིག་ལེན་དགོས་པར་ལྕེར་རོ་མི་གསལ་ཞེས་པ་དང༌། སྤྱིར་བཏང་ཁ་ནི་དབང་པོ་ལྔའི་ནང་ནས་ལྕེའི་ཁོངས་སུ་བསྡུ་བ་དང་ལྕེ་ལས་ཀྱང་ཅུང་ཁྱབ་ཆེ་བར་མངོན། དེ་ཡང་ཁ་ཞེས་མིང་བཏགས་དགོས་དོན་ནི། འདི་ལྟར་མི་དང་སེམས་ཅན་རྣམས་ཁང་པའི་ནང་དུ་འཛུལ་བར་ཐོག་མའི་འཛུལ་བྱའི་ལམ་བུ་དེར་སྒོ་ཞེས་བརྗོད་པ་དང༌རྗེས་སུ་མཐུན་པར་ཟས་སྐོམ་རིགས་འཇུ་བྱེད་མ་ལག་གི་ཐོག་མའི་འཛུལ་སྒོ་དེར་ཁ་ཞེས་བརྗོད། འདིར་ཡང་ཟས་སྐོམ་རྣམས་སྒོ་དང་པོ་ཁ་ལམ་བརྒྱུད་ནས་འགྲོ་དགོས་པར་སོང་ཁ་ཞེས་ཐ་སྙད་འདི་ལྟར་ཐོགས་པ་དང༌། མངལ་ཞེས་པ་ནི་བུ་སྣོད་ཀྱི་མིང་ཡིན་ཏེ། རྒྱུད་བཞིའི་དཀའ་འགྲེལ་ལས། མངལ་ནི་ལྒང་པ་དང་གཉེ་མའི་བར་ན་གནས་པའི་བུད་མེད་ཀྱི་བུ་སྣོད་ཀྱི་མིང་ངོ་ཞེས་གསུངས་པ་དང༌། དེ་བཞིན་དག་ཡིག་ཁག་ཏུ་ཡང་མངལ་ནི་མི་དང་ནུ་མ་ནུ་བའི་སྲོག་ཆགས་མོའི་སྐྱེ་འཕེལ་གྱི་དབང་པོའི་ཆ་ཤས་ཕྲུ་གུ་ཆགས་སའི་གནས་ཀྱི་མིང་སྟེ་ཁ་སྐད་དམ་ཡུལ་སྐད་དུ་བུ་སྣོད་ཅེས་ཟེར་བ་དེ་ལ་གོ།

 

མངལ་དང་བུ་སྣོད་གཉིས་ཀྱི་ཐ་སྙད་ཀྱི་ཁྱབ་ཚད་ལ་ཁྱད་པར་ཆེན་པོ་ཡོད་དེ། མངལ་ནི། ཁྱབ་ཚད་ཆེ་ལ་འགྱུར་བ་མེད་པའི་ཐ་སྙད་ཅིག་ཡིན་པ་དང་། བུ་སྣོད་ནི། ལྟོས་ས་ལྟོས་འཇོག་དབང་གིས་མིང་དུ་བཏགས་པ་སྟེ། བུད་མེད་གང་ཞིག་འཁྲིག་སྤྱོད་ལ་མ་འཇུག་པའམ་འཇུག་ཀྱང་ཕྲུ་གུ་མ་ཆགས་པ་དེ་འདྲའི་ནང་གི་དབང་པོ་དེ་ལ་བུ་སྣོད་ཀྱི་ཐ་སྙད་དེ་བེད་སྤྱོད་བྱེད་ན་མིང་དོན་མི་མཚུངས་པའི་འགལ་བ་ཡོད་པ་དང༌། དེ་བཞིན་དུ་རས་དང་པགས་པ་ལས་བཟོས་པའི་ཕྲུ་གུ་བླུགས་སྣོད་ལ་ཡང་བུ་སྣོད་ཅེས་བརྗོད་ཀྱང་སྐྱོན་མེད་པས་བརྗོད་ཆོག་པ་དང་། དེ་ལྟར་བརྗོད་ཚེ་ཐ་སྙད་ལ་འཁྲུལ་གཞི་འབྱུང་ཉེན་ཡོད།

 

ཁ་མངལ་བ་སྟེ་ལྕེར་རོ་མི་གསལ་བའི་དོན་ཡིན་པར་བཀྲལ་བ་འདི་ལ་ཡང་དག་པའི་རྒྱུ་མཚན་འདི་ལྟར་འདུག་སྙམ་པ་རང་གི་བློ་ཡུལ་དུ་མི་ཤར། ལྕེར་རོ་མི་གསལ་བ་ཙམ་གྱི་བད་ཀན་གྱི་ནད་རྟགས་སུ་ཇི་ལྟར་གྲུབ་བམ། ནམ་ཡང་གྲུབ་མི་ཐུབ་སྟེ་ལྕེའི་དབང་རྩའི་བྱ་བ་ཉམས་ན་ཡང་རོ་མི་གསལ་བའི་རྟགས་འབྱུང་བ་དང༌། མཁྲིས་ལྕེ་བད་ཀན་སྐྱ་སེར་ཐུག་པོས་གཡོག་པའི་དབང་གིས་ལྕེར་རོ་མི་གསལ་བའི་རྟགས་མངོན་དུ་གྱུར་པས་དེ་ཚོ་བད་ཀན་གྱི་ནད་རྟགས་སུ་ཇི་ལྟར་གྲུབ། ཡང་ན་ཁ་མངལ་བ་སྟེ་ལྕེར་རོ་མི་གསལ་བ་བད་ཀན་གྱི་ནད་རྟགས་འཁྲུལ་མེད་ཅིག་ཡིན་ཏེ་བཤད་རྒྱུད་ལས། བད་ཀན་མྱོང་བྱེད་ལྕེར་གནས་རོ་ཚོར་བྱེད། །ཅེས་བད་ཀན་མྱོང་བྱེད་ཀྱི་བྱེད་ལས་འདི་ཙམ་རྒྱུ་མཚན་དུ་བྱས་ཀྱང་མི་ཁྱབ་སྟེ་མྱོང་བྱེད་ནི་བད་ཀན་གྱི་ཡན་ལག་ཆ་ཤས་ཞིག་ལས་བད་ཀན་སྤྱི་ལ་མི་ཁྱབ་པ་དང་། ཅི་སྟེ་བད་ཀན་གྱི་ནད་རྟགས་སུ་ལྕེར་རོ་མི་གསལ་བ་ཞིག་ཡོང་དགོས་ཀྱི་ཡོད་ན་གཞུང་གི་རྒྱུད་ཚིག་རྣམས་སུ་ལྕེར་རོ་མི་གསལ་ཞེས་པའམ་རོ་མི་ཚོར་ཞེས་པ་ངེས་པར་དུ་བཀོད་དགོས་པ་ལས། ཚིག་དོན་མི་མཚུངས་པ་དང་འགྲེལ་སྦྱོར་མི་བདེ་བའི་ཐ་སྙད་ཁ་མངལ་ཞེས་བཀོད་པའི་རྒྱུ་མཚན་ཅང་མ་མཆིས། དཔལ་ལྡན་རྒྱུད་བཞིའི་ནང་ནད་རིགས་བཞི་བརྒྱ་རྩ་བཞིའི་ནད་རྟགས་ཇི་མ་ཇི་བཞིན་བརྗོད་པའི་རྒྱུད་ཚིག་དག་ནི་གང་གོ་གསལ་གསལ་དང་། གང་སྤྱི་ཚོགས་དང་འབྲེལ་ཆགས་ཆགས་ཀྱི་ཐ་སྙད་ཁག་བེད་སྤྱོད་པ་ལས་ཀུན་གྱི་ངག་རྒྱུན་དུ་མེད་པ་དང་། གོ་བ་ལེན་དཀའ་བ་དེ་ལྟར་བྲིས་པའི་དགོས་པ་ཡང་མེད་དེ་རྒྱུད་ཀྱི་ཁྱད་ཆོས་བཅུ་བདུན་དང་ཡང་འགལ་བའི་ཕྱིར་རོ།།

 

ཡང་ན་བད་ཀན་གྱི་ནད་རྟགས་ལྕེར་རོ་མི་གསལ་ཞེས་པ་འདི་རྒྱུད་ཚིག་སྒྲིག་པའི་སྐབས་ངེས་པར་དུ་ཁ་མངལ་བ་ཞེས་འགོད་དགོས་པར་བརྗོད་ན་དེ་ཡང་མི་འཐད་དེ། བད་ཀན་ལྕེ་ལ་བཞུགས་པའི་རྟགས་སུ། ལྕེ་ལ་བཞུགས་ན་ལྕེ་གྱོང་རོ་མི་ཚོར། །ཞེས་བཀོད་འདུག་པ་ལས། ལྕེ་ལ་བཞུགས་ན་ལྕེ་གྱོང་ཁ་མངལ་འགྱུར། །ཞེས་བཀོད་མེད་པའི་ཕྱིར་རོ།། དེ་ལྟ་བུའི་རྒྱུ་མཚན་དང་གནས་ལུགས་མང་པོར་གཞིགས་ན་ད་ཚོད་ཁ་མངལ་བ་རྣམས་ཁ་མངར་བ་བྱས་ན་འབྲེལ་ཆགས་པར་མངོན། 

 

སྐབས་བབ་ངོས་ཀྱི་བཞེད་པ་འདིའི་སྒྲུབ་བྱེད་དུ་ལུང་རིགས་གཞན་རྣམས་འདྲེན་པར། དེ་ཡང་ཐོག་མར་འཇུ་མི་ཕམ་གྱིས་མཛད་པའི་རྩ་རྒྱུད་རྡེའུ་འགྲེམས་མྱ་ངན་མེད་པའི་ལྗོན་པ་ཞེས་བྱ་བའི་ནང་དུ་བད་ཀན་དྲི་བའི་སྐབས། ཁ་མངར་བའི་ལོ་མ། ཞེས་བཀོད་འདུག འཇམ་དབྱངས་སྤྲུལ་པ་མཁས་པའི་དབང་པོ་ཁོང་ལྟ་བུས་ཀྱང་ཁ་མངལ་བ་ཞེས་མ་བཀོད་པར་ཁ་མངར་བ་ཞེས་བཀོད་འདུག་ན་ངེས་པར་དུ་ང་ཚོས་བསམ་གཞིགས་བྱེད་དགོས་ངེས་སུ་མཐོང་། དེ་ལྟར་བད་ཀན་གྱི་ནད་རྟགས་སུ་ཁ་མངར་ཞེས་འགོད་ན་འགྲེལ་བརྗོད་བྱེད་པར་ཁུངས་ཕེར་ཞིང་རྒྱུ་མཚན་དང་གནས་ལུགས་ཀྱང་གང་ལེགས་འདུག་སྟེ། དེ་ཡང་བད་ཀན་ནི་ས་ཆུའི་ཁམས་སམ་ས་ཆུའི་རང་བཞིན་ཤུགས་ཆེར་ལྡན་ཞིང་། འགྲེལ་པ་འགར་བད་ཀན་འགྲེལ་བརྗོད་བྱེད་པའི་སྐབས་སུ། བད་ཅེས་པ་ས་དང་ཀན་ཞེས་པ་ཆུ་རུ་འགྲེལ་བརྗོད་གནང་ཡོད། དེ་བཞིན་མཚན་ཉིད་བཤད་པའི་སྐབས་སུ་ཡང་། བད་ཀན་མཚན་ཉིད་སྣུམ་ཞིང་བསིལ་བ་དང་། །ལྕི་རྟུལ་འཇམ་བརྟན་འབྱར་བག་ཅན་དུ་གནས། །ཞེས་མདོར་ན་འབྱུང་བ་ས་ཆུའི་ཁམས་སམ་ངོ་བོ་ཤུགས་ཆེར་ལྡན་པ་ནི་བད་ཀན་གྱི་རང་བཞིན་དུ་གྲུབ་ཡོད། བད་ཀན་འདི་ཉིད་འབྱུང་བ་ས་ཆུའི་ཁམས་ལས་གྲུབ་པ་ཡིན་པས་ལྕེར་རོ་མངར་བ་ཡོང་བ་ཆོས་ཉིད་ཡིན། རོ་དྲུག་པོ་ཇི་ལྟར་སྐྱེ་བའི་འགྲེལ་བརྗོད་སྐབས་སུ་ཡང་རོ་མངར་བ་དེ་ཉིད་འབྱུང་བ་ས་དང་ཆུ་ལས་སྐྱེས་ཚུལ་བཤད་རྒྱུད་ནང་དུ་ཁ་གསལ་བསྟན་ཡོད།

 

དེ་བཞིན་བད་ཀན་ནི་ས་ཆུའི་ཁམས་སུ་གྲུབ་པ་ཡང་འདི་ལྟར། བད་ཀན་རང་བཞིན་ཅན་ནི་ལུས་བསིལ་ཅིང་། །རུས་ཚིགས་མི་མངོན་ཤ་རྒྱས་ཁ་དོག་དཀར། །ཞེས་པ་དང་། དེ་བཞིན་དུ། ལུས་སེམས་ལྕི་ལ་ཕྱི་ནང་གཉིས་ཀར་གྲང་། །ཞེས་པ་ལ་སོགས་བད་ཀན་གྱི་གཞི་རུ་གྲུབ་པ་དང། བད་ཀན་རང་བཞིན་ཅན་གྱི་མིའི་ལུས་རྟེན་ཕལ་ཆེ་བ་ཤ་རྒྱག་པ་དང་། ལུས་ལ་ཆུ་ཁམས་ཤུགས་ཆེར་འཕེལ་བས་ལུས་ལྗིད་ཁོག་ཆེན་པོ་ཆགས་པ་ཡང་འབྱུང་བ་ས་ཆུའི་ནུས་པ་འབའ་ཞིག་ཡིན་ཏེ་རྒྱུད་ལས། ས་ལས་ཤ་དང་རུས་པ་སྣ་དྲི་སྐྱེད། །ཆུ་ལས་ཁྲག་དང་ལྕེ་རོ་རླན་པ་སྐྱེད། །ཅེས་པ་ས་ཆུའི་ནུས་པས་ནི་བད་ཀན་ལྷག་པར་འཕེལ་བར་བྱེད་པ་དང༌། དེ་ལྟར་ན་བད་ཀན་གྱི་ནད་རྟགས་སུ་ཁ་མངར་བ་ཡོང་བ་ནི་ཆོས་ཉིད་དུ་གྲུབ། གཞན་ལ་འགྲེལ་བརྗོད་བྱེད་ནའང་འགྲེལ་བ་ཁུངས་ཕེར་བ་དང་། རྒྱུ་མཚན་བཙན་པ་སོགས་གང་ཐད་ནས་སྔ་ཕྱི་འབྲེལ་ཆགས་པའི་རྣམ་པ་འབུར་དུ་དོན་པ་ལགས་སོ།།

 

ད་དུང་བད་ཀན་གྱི་ནད་རྟགས་སུ་ཁ་མངར་བ་དང་མངར་བའི་ཆ་འཕེལ་བའི་རྟགས་ཡོང་གི་ཡོད་པའི་རྒྱུ་མཚན་གཞན་པ་ཡང་ཡོད་དེ། མན་རྒྱུད་ཀྱི་གཅིན་སྙིའི་ལེའུར། དེང་དུས་དར་ཁྱབ་ཆེ་བའི་ནད་གཞི་གཅིན་སྙིའི་ནད་དམ་གཅིན་སྙི་ཟ་ཁུ་འམ། གཅིན་མངར་གྱི་ནད་དམ་ཁྲག་མངར་གྱི་ནད། ཡང་ན་གཅིན་པ་མངར་སྐྱུར་གྱི་ནད་སོགས་དོན་གཅིག་མིང་གི་རྣམ་གྲངས་ཇི་སྙེད་ལྡན་པའི་ནད་དེའི་རྒྱུ་བཤད་པའི་སྐབས་སུ། རྒྱུ་རྐྱེན་ལན་ཚ་མངར་བསིལ་ལྕི་བའི་ཟས། །རླན་ཅན་མལ་འདུག་བད་ཀན་ཚིལ་འཕེལ་བ། །ལྒང་པར་ཟགས་པས་ཟ་ཁུ་སྐྱེད་པར་བྱེད། །ཅེས་གཅིན་སྙིའི་ནད་དེའི་རྒྱུ་རྐྱེན་གཙོ་བོ་ས་ཆུ་གཉིས་ཀྱི་ནུས་པ་ལྷག་པར་འཕེལ་བ་དང་། དེའི་འབྲས་བུའི་ཚུལ་དུ་བད་ཀན་ཚིལ་འཕེལ་བ་གསལ་པོར་བསྟན་པ་དང་། མ་ཟད་གོང་དུ་བཤད་པའི་མིང་གི་རྣམ་གྲངས་གཞན་ཡོད་པ་རྣམས་ཀྱི་མིང་ཙམ་ལ་བརྟེན་ནས་ནད་ཀྱི་ངོ་བོ་འམ་རྒྱུ་རྐྱེན་རོབ་ཙམ་ཡིད་ངོས་སུ་འཆར་ཐུབ། དེ་བཞིན་གཅིན་སྙིའི་ནད་རྟགས་བཤད་པའི་སྐབས་སུ་ཡང་རྒྱུད་དུ། ཁ་མངར་གྲེ་བ་རྐན་སྐམས་བསིལ་ལ་རྩི། །གཅིན་གྱི་ཤུལ་ལ་སྦྲང་མའི་ཚོགས་ཀུན་འདུ། །ཞེས་པ་དང་། ཡང་མཁས་པ་འགའ་ཞིག་གིས། གཅིན་གྱི་ཤུལ་ལ་གྲོག་མའི་ཚོགས་ཀུན་འདུ། །ཞེས་པའི་བཞེད་པའང་ཡོད་པས་གང་ལྟར་ནད་རྟགས་དེའི་ནང་མངར་བའི་ཆ་ཤུགས་ཆེར་ཡོད་པ་ནི་སྨྲ་མི་དགོས་ལ་དེ་ལྟར་ཡོང་དགོས་དོན་ཡང་བད་ཀན་འཕེལ་བའི་ཕྱིར་ཡིན་ནོ། །

 

དེ་བཞིན་བད་ཀན་གྱི་ནད་རྟགས་སུ་ཁ་མངར་བ་ཡོང་བ་ནི་ནད་ཐོག་ལག་ལེན་སྐབས་ཀྱི་ཉམས་མྱོང་ལས་ཤེས་ཏེ། ནད་པ་མང་པོར་ཁྱེད་རང་གི་ཁ་ནང་རོ་ག་འདྲ་ཚོར་གྱི་འདུག་ཞེས་དྲིས་ཚེ་མང་ཆེ་བས་རོ་ཁ་བ་དང་མངར་བ་བརྗོད་སྲོལ་འདུག་པ་དང༌། དེ་བཞིན་རྩ་རྒྱུད་དུ། མཁྲིས་པར་ཁ་ཁ་མགོ་ན་ཤ་དྲོད་ཚ། །ཞེས་གསུངས་ཡོད་པར་མཁྲིས་པར་རོ་ཁ་བ་ཡོང་གི་ཡོད་ན་བད་ཀན་ལ་རོ་མངར་བ་ཡོང་རྒྱུ་ཡོད་པ་རྟོགས་ཐུབ་སྟེ། མཁྲིས་པ་དང་བད་ཀན་གཉིས་ནི་མེ་ཆུ་ལྟར་ཕན་ཚུན་མི་མཚུངས་པར་ལྡོག་ཕྱོགས་སུ་གནས་པ་དང༌། དེ་ལྟར་རོ་ཁ་བ་དང་མངར་བ་ཡང་ལྡོག་ཕྱོགས་སུ་འདོད་པ་ནི་སྤྱི་ཚོགས་ནང་ངག་རྒྱུན་དུ་ཉིན་ལྟར་བེད་སྤྱོད་བཞིན་པ་ལགས་ན་དེ་དེ་བཞིན་དུ་ཤེས་དགོས་པ་དང༌། ཡང་མངར་བ་ནི་རོའི་མྱོང་བྱ་ཞིག་ཡིན་སྟེ་ལྕེའི་དབང་པོའི་ཚོར་བར་སོང་ཁ་མངར་བ་མ་ཡིན་སྟེ་ལྕེ་མངར་བ་ལགས་སོ་ཞེས་འདོད་ན་འདོད་ཆོག་ཅིང་། ཡིན་ཡང་ཁ་ནི་ཁྱབ་ཆེ་བ་དང་ལྕེ་ཡང་ཁའི་ཆ་ཤས་སམ་ཁ་ལ་དབང་བ་སྟེ། ཁ་ནད་གསོ་བའི་ནང་གསེས་སུ། མཆུ་རྙིལ་སོ་ལྕེ་གྲེ་བ་རྐན་དྲུག་བསྡུས་ཡོད་པ་དང༌། དེ་བཞིན་འཇིག་རྟེན་ཀུན་རྫོབ་གྲགས་པའི་དབང་དུ་ཡང་ཅི་ནས་ཀྱང་འགྲོ་དགོས་ཏེ། བོད་མིའི་ངག་རྒྱུན་དུ་ཁ་མངར་ཞེས་བརྗོད་པ་ལས་ལྕེ་མངར་ཞེས་བརྗོད་སྲོལ་མེད་པའི་ཕྱིར་རོ། །

 

                                                            རྗེ་གུང་ཐང་པས།

                                                དཔྱད་པས་ངེས་པ་ལམ་ཙམ་རྙེད་ན་ཡང་།།

                                                ཆོས་ཚུལ་ཟབ་པས་ཐག་གཅོད་མི་སྔ་ཞིང་།།

                                                བསྒྲིགས་བསྒྲིགས་མང་པོས་རྣོ་རྟོགས་རྒྱུ་སྐྱེད་པས།།

                                                དཔྱད་པ་མ་ཐལ་གཞུང་ལ་འཁྲིལ་བཞིན་དུ།།

                                                རྒྱས་བསྡུས་མཚམས་པའི་དཔྱད་ཚུལ་གྱིས་ཤིག་ཨང་།།

 

ཞེས་གསུངས་པ་ལྟར་གནས་སྐབས་དེ་ཙམ་གྱི་འཐུས་པར་བྱས་པ་ཡིན།  དེ་ལྟར་རྒྱུ་མཚན་དང་། གནས་ལུགས། ཕྱོགས། གྲུ་ཟུར་གང་ནས་བལྟས་ཀྱང་ཁ་མངལ་བ་ནི་ཁ་མངར་བ་ཡིན་སྙམ་པའི་གདེངས་སྤོབས་བཅོས་མིན་དུ་སྐྱེས་པ་ལགས་སོ།། འོན་ཀྱང་རང་ཉིད་ཀྱི་བློ་སྒོ་དོག་པ་དང་རིག་པ་རྟུལ་བའི་དབང་གིས་གོང་གི་བརྗོད་གཞིའི་གོ་བ་གཏིང་མ་ལོན་པ་དང་འགྲེལ་བརྗོད་ལོག་པར་ཕྱིན་པ་སོགས་མི་མཚུངས་པའི་འགལ་རྐྱེན་ཇི་མང་ཡོད་སྲིད་པས། གཟུར་གནས་མཁས་དབང་ཚོགས་ཀྱིས་ཡོ་བསྲང་ཡོད་པ་དང་། འདི་ལྟར་བྲིས་པར་ནོར་འཁྲུལ་ཅི་མཆིས་རང་ངོས་ནས་འགྱོད་བཤགས་དང་། ཅི་སྟེ་བཟང་ཕྱོགས་ཀྱི་རྣམ་པས་རང་དང་ན་མཉམ་གྱི་གྲོགས་པོ་དག་ལ་བློ་རྒྱ་འབྱེད་པའི་བསྐུལ་མར་འགྲོ་ཚེ་དེ་དེ་བཞིན་དུ་གྲོགས་པོའི་འདུ་ཤེས་ཀྱི་ལ་རྒྱར་འཛིན་ནས་དཔྱད་རྩོམ་འདི་ཉིད་གུས་པ་དང་བཅས་སྤྱན་འབེབས་ཞུ་བ་ལགས་སོ།།  །།

མཐའ་མའི་འདོན་ཐེངས་།: 02.12.2013 ཉིན། 2:59 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།