སྨན་རྩིས་དྲ་བ། - ཆེད་རྩོམ།

ཀློང་རྡོལ་གྱི་རྨི་ལམ་དང་འཆི་ལྟས་བརྟག་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 12.12.2022
ཆེད་རྩོམ། >>

 


༄༅། །ཀློང་རྡོལ་བླ་མ་རིན་པོ་ཆེའི་གསུང་འབུམ་ལས་ཕྱ
ང་བའི་ལྟས་སྣ་ཚོགས་བརྟག་ཐབས་བཞུགས་སོ།།

-          ཀློང་རྡོལ་བླ་མ་ངག་དབང་བློ་བཟང་།

 

༄༅། །བླ་མ་སྐྱབས་གསུམ་ཀུན་འདུས་གཙུག་གིས་བསྟེན།།

མ་གཅིག་ཟབ་མོ་གཅོད་ཀྱི་དམིགས་འབུམ་ལས།།

གསུངས་པ་ཇི་བཞིན་འདིར་ནི་མཚན་ལམ་གྱི།།

འབྲས་བུ་བཟང་ངན་ཀུན་གྱི་རྣམ་དབྱེ་བསྟན།།

ནད་ཀྱིས་གདུངས་པར་གྱུར་དང་སྡུག་བསྔལ་དང་། །ཤེས་པ་འཁྲུགས་དུས་མ་ཡིན་ལེགས་པར་བརྟགས། །དེ་ཡང་མཚན་མོ་ཐུན་གྱི་སུམ་ཆར་བགོས། །སྲོད་ཀྱི་གསུམ་ཆ་སྔ་མའི་བག་ཆགས་ཡིན། །གུང་གི་གསུམ་ཆ་བདུད་སྲིན་ཆོ་འཕྲུལ་ཡིན། །ཐོ་རངས་གསུམ་ཆ་ཕྱིེས་འབྱུང་གསལ་བྱེད་ཡིན། །དེ་ཡང་སྲོད་ལ་བྱུང་རྣམས་ཕལ་ཆེར་ནི། །སྔར་བྱས་ལས་དང་ཞེན་པ་གནས་དང་གྲོགས། །ཟས་དང་གླེང་བརྗོད་ཉེ་དུ་མདུན་གྲོགས་སོགས། །ཉིན་མོ་གསུམ་ཚུན་དེ་ཡི་བག་ཆགས་འབྱུང། །ཁྱད་པར་སེམས་ལ་ཆགས་པའི་བྱ་བ་ཡིན། །བག་ཆགས་འབྱུང་བས་དེ་ཉིད་ཡང་ཡང་རྨིས། །ལ་ལ་ཚེ་རབས་སྔོན་མའི་བྱེད་པ་ཡིན། །དེ་ལ་ངེས་བཟུང་མི་འགྲུབ་སྣ་ཚོགས་འབྱུང་། །ནམ་གྱི་གུང་ཐུན་གསུམ་ཆའི་དུས་ཚོད་ལ། །འདྲེ་དང་སྲིན་པོ་ལྷ་མིན་བདུད་ལ་སོགས། །རྒྱུ་བའི་ཕྱིར་ན་བཟང་ངན་ཅི་བྱུང་ཡང་། །དེ་རྣམས་རྩེ་གཅིག་འཁྲུགས་པའི་ཆོ་འཕྲུལ་ཡིན། །དེ་ལ་ངེས་བཟུང་མེད་པར་མཁས་པས་བཤད།།

            ཐོ་རངས་དུས་ཀྱི་ནམ་གྱི་གསུམ་ཆ་ལ། །བཟང་ངན་འབྲས་བུ་འབྱུང་ཕྱིར་བརྟག་པ་གཅེས། །རི་བོ་མཐོན་པོའི་རྩེ་ལ་འཛེགས་པ་རྨི། །དེ་ཚེ་རང་ཉིད་ཆེན་པོའི་ས་ཐོབ་འགྱུར། །ཉི་མ་སྤྲིན་མེད་ཤར་ན་བདེ་སྐྱིད་འབྱུང་། །ལོ་ཏོག་འབྲུ་དང་རྩི་བཅུད་རྒྱས་པ་དང་། །ཟས་གོས་རྙེད་དང་གཏེར་ལ་ལོངས་སྤྱོད་པ། །འདི་དག་རྨི་ཚེ་ངེས་པར་འབྲུ་ནོར་འབྱུང་། །གོས་བཟང་གྱོན་རྨིས་གཞན་གྱིས་བསྔགས་ཤིང་བཀུར། །གོ་ཆ་གྱོན་རྨིས་ནད་དང་གདོན་མི་ཚུགས། །ཞྭ་བཟང་གྱོན་རྨིས་བླ་མ་དཔོན་ལ་བཟང་། །ཁང་བཟང་འདུག་ན་བཀྲ་ཤིས་དགེ་མཚན་འབྱུང། །ལག་ན་མཚོན་འཁྱེར་ཕ་རོལ་དགྲས་མི་གནོད། །རྒྱན་གྱིས་བརྒྱན་ན་སྙན་གྲགས་འབྱུང་ངོ་ཡོད། །ཆུ་བོ་བརྒལ་ནས་ཕ་རོལ་བདེ་བར་སླེབས། །དེ་ནི་མཆོག་ཏུ་བཟང་བས་ཅི་བསམ་འགྱུར། །རོལ་མོ་རྔ་ཆེན་དུང་སོགས་འབུད་ཅིང་བརྡུངས་། །དེ་ཚེ་ངེས་པར་ས་སྟེང་སྙན་གྲགས་འབྱུང་། །སེང་གེ་སྟག་དང་གྱི་ལིང་འབྲུག་ལ་སོགས། །བཞོན་ནས་གྱེན་རྒྱུག་མཐོན་པོའི་ས་ཐོབ་འགྱུར། །ནོར་རྙེད་པ་དང་གཞན་གྱིས་བཀུར་སོགས་དང་། །ཁྲི་ལ་འདུག་ན་དཔལ་འབྱོར་སྲིད་འཕེལ་ལོ། །རོ་ཞིམ་ཆུ་འཐུང་ཚེ་རིང་ཤིས་པར་འགྱུར། །མདོར་ན་སྔུག་པའི་གཟུགས་དང་རོ་ལྡན་ཟས། །སྙན་པའི་གཏམ་དང་མཐུན་གྲོགས་ཕྲད་པ་དང་། །ལེགས་པའི་བྱ་བ་ཇི་ལྟར་རྨིས་གྱུར་ཅིང་། །སད་ཚེ་སེམས་བདེ་དགའ་བས་ཡིད་གཡོ་ན། །དེ་ཚེ་ངེས་པར་དགའ་བའི་འབྲས་བུ་འབྱིན། །བཀྲ་ཤིས་ཚེ་རིང་ནད་མེད་ནོར་འཕེལ་འགྱུར།།

            ཆོས་པ་འགའ་ཞིག་རྣལ་འབྱོར་བརྩོན་པའི་ཚེ། །ཡང་ཡང་གཡང་དུ་ལྷུང་བ་མཐོང་བ་དང་། །མཐོ་དམན་གྱེན་བཀན་ཅན་དུ་འགྲོ་བ་དང་། །ལམ་སྲང་ཤིན་ཏུ་དྭོགས་པར་ཞུགས་པ་དང་། །མྱ་ངམ་ཡིད་མུག་འཇིགས་པའི་ཕྱོགས་འགྲོ་རྨིས།  །དེ་ནི་རང་ཉིད་མཐོ་རིས་ཐར་པ་ལ། །འགྲོ་བའི་ལས་ཀྱི་སྒྲིབ་པའི་རྒྱུ་མཐུན་ཡིན། །བཅོམ་ལྡན་འདས་ཀྱི་མདོ་ལས་དེ་སྐད་གསུངས། །བུ་ཡུག་འཚུབ་དང་འདམ་རྫབ་བརྒལ་ཞིང་བྱིང་། །མི་གཙང་སར་རྒྱུག་དྲི་ཆེན་གོས་གྱོན་སོགས། །མི་གཙང་བགོས་དང་མི་གཙང་འབབ་པ་དང་། །གྲིབ་དང་མི་གཙང་རྙེད་པ་འབྱུང་བ་ཡིན། །གསེར་གྱི་བྱེ་མ་མང་དུ་ལོངས་སྤྱོད་དང་། །རྟ་བོང་སྒ་མེད་བཞོན་དང་གཅེར་བུ་སོགས། །སྔར་བསམ་ལས་ལ་གཞོལ་བའི་ཕྱི་ཐལ་ཡིན། །གོས་གྱོན་གོང་པ་མེད་པ་ངུ་བ་དང་། །ཞྭ་མེད་མེ་ལོང་བལྟ་དང་གུང་སེང་འགྲོ། །དེ་ནི་མྱ་ངན་འབྱུང་བའི་རྨི་ལམ་ཡིན། །གོས་ཧྲུལ་གྱོན་དང་མི་གཙང་ཟ་དང་འཐུང་། །ལུས་ལ་སྲོག་ཆགས་འབྱར་དང་སྤྱང་ཀི་སོགས། །སྲོག་ཆགས་ཀྱིས་བཟུང་བྲོ་ནད་འབྱུང་བར་བཤད། །ནས་ཡོས་སྲན་མ་སྣོད་སྟོང་མང་པོའི་ཚོགས། །མདའ་དང་གཞུ་ཡི་དུམ་ནུ་རྨིས་པ་སོགས། །མྱུར་དུ་མི་ཁ་འབྱུང་བའི་རྨི་ལམ་ཡིན། །ལུས་ལ་མདའ་མཚོན་ཟུག་དང་དམག་གིས་འདེད། །ཤ་འོད་མེ་འོད་ཐོག་སེར་འབབ་པ་དང། །དོང་དུ་འགྲོ་སོགས་གཞན་གྱི་ཕུར་ཁས་གནོད། །ལུས་བཅིངས་པ་དང་ས་འོག་འགྲོ་བ་དང་། །བཙོན་དུ་བཟུང་ཞིང་མགོ་ལུས་གཅོད་པ་རྣམས། །རྦད་འདྲེའི་གནོད་དང་མནན་གཏད་བྱུང་བ་ཡིན། །གཅེར་བུར་བོང་གཞོན་ལྷོ་ཕྱོགས་འགྲོ་བ་དང་། །མེ་ཏོག་དམར་པོ་ཤ་སྟག་རྨིས་པ་སོགས། །ཚེ་ཡི་བར་ཆད་འབྱུང་བའི་སྔ་ལྟས་ཡིན། །གཞན་ཡང་མི་ཧྲེང་དཀར་དང་བྱ་དཀར་ལྡིང་། །གངས་རི་ལ་སོགས་ལྷ་ཡི་ཆོ་འཕྲུལ་ཡིན། །ལྷ་ཁང་རྙིང་པ་ལྡེར་བཟོ་ཞིག་པ་དང་། །ལྦ་དང་བུ་ཆུང་ལ་སོགས་འགོང་པོ་ཡིན། །སྦྲུལ་དང་སྦལ་པ་ས་བདག་སྣ་ཚོགས་དང་། །བུ་མོ་སྔོ་བསང་ནེའུ་སིང་ལ་སོགས་པ། །རྨི་ཚེ་དེ་ནི་ཀླུ་ཡི་ཆོ་འཕྲུལ་ཡིན། །བྲག་དང་རྩི་ཤིང་རྟ་པ་དམག་མི་སོགས། །རྨི་ཚེ་དེ་ནི་བཙན་གྱི་ཆོ་འཕྲུལ་ཡིན། །བྱིས་པ་ཐལ་མདོག་མང་དུ་བྱུང་བ་དང་། །བྲག་རོང་ལ་སོགས་ཐེའུ་རང་ཆོ་འཕྲུལ་ཡིན། །བནྡྡེ་བོང་བུ་སྤྲེའུ་བྱི་ལ་རྟ། །ཁྱི་སོགས་རྨི་ཚེ་རྒྱལ་པོའི་ཆོ་འཕྲུལ་ཡིན། །དེ་རྣམས་ཟས་སྟེར་མཐུན་པར་སྨྲ་བ་དང་། །རྒོད་ཅིང་བལྟ་བ་དགའ་བའི་མཚན་མར་གྱུར། །འཇིགས་པའི་གཟུགས་སྟོན་སྡིག་ཅིང་ཁྲོ་བ་སོགས། །མི་དགེའི་མཚན་ལྟས་ཡིན་ཞེས་མཁས་པས་གསུངས། །བག་ཆགས་མེད་ཅིང་ཤིན་ཏུ་ཡ་མཚན་པའི། །རྨི་ལམ་བྱུང་ཚེ་སད་དུས་སེམས་དགའ་བ། །དེ་ནི་ངེས་པར་དགེ་འབྲས་བཟང་པོ་འབྱིན། །སད་ཚེ་མི་དགའ་མི་དགེ་འབྱུང་བར་འགྱུར། །འཇིགས་ཤིང་སྐྱི་གཡའ་བདུད་ཀྱི་ཆོ་འཕྲུལ་ཡིན། །ཡང་བསྐྱར་དུ་ཡང་འཆར་ཅན་རྨིས་པའི་ཚེ། །དེ་ནི་སྔགས་ཀྱི་མཐུའམ་སྔེ་བརྒྱད་ཀྱི། །ཆོ་འཕྲུལ་གཉིས་སུ་ངེས་ཕྱིར་ལེགས་པར་བརྟགས།།

            དེ་ཡི་མཚོན་ནས་ཤེས་རབ་ལྡན་པས་འབྱེད། །སྒོམ་སྒྲུབ་བྱེད་ཚེ་གླེགས་བམ་རྙེད་པ་རྨིས། །མཁའ་ལ་འགྲོ་དང་ལྗོན་ཤིང་འཛེག་པ་དང་། །ཚིགས་བཅད་འཆད་རྩོད་བྲིས་པའམ་སྤོབས་པ་ཐོབ། །ཡིད་དུ་འོང་ཞིང་བག་ཕེབས་སྐྱེད་མོས་ཚལ།  །མེ་ཏོག་འབྲས་བུ་ལྗོན་ཤིང་ལོ་འདབ་རྒྱས། །རོལ་མོ་འབུད་དཀྲོལ་སྒྲ་སྐད་ཐོན་པ་དང། །རལ་གྱི་རིན་ཆེན་ལ་སོགས་ལག་ན་ཐོགས། །མཛེས་པའི་གོས་གྱོན་དགའ་བའི་རྒྱན་གྱིས་བརྒྱན། །རང་གི་དགེ་སྦྱོར་གནད་དུ་འགྲོ་བའི་རྟགས། །སྔོན་དུ་མ་མཐོང་ཡུལ་ལྗོངས་ཁང་བཟང་སོགས། །བལྟ་ཞིང་ཡིད་འོང་བུ་དང་བུ་མོ་ཡིས། །འཛུམ་སྟོན་མེ་ཏོག་འབྲས་བུ་བཟའ་བཏུང་བྱིན། །རྟོགས་པའི་ཡོན་ཏན་ཆེ་ཕྲ་འབྱུང་བའི་ལྟས། །གྲུ་བོ་བཟོ་དང་ཟམ་པ་འཛུག་པ་དང་། །བུམ་པ་གང་རྙེད་དོར་བ་རྙེད་པ་དང་། །ཟླ་ཉི་ཤར་དང་མུན་པ་སངས་བ་རྨིས། །ཕན་ཐོགས་གྲོགས་སམ་ཡང་ན་གདུལ་བྱར་བཟང་། །སྤྲིན་ལས་ཆར་འབེབས་ཆབ་ནང་སྡོད་པ་དང་། །ཆུ་ཆེན་གློ་བུར་འབབ་རྣམས་རྙེད་པ་འབྱུང་།།

            འཆི་ལྟས་རྨི་ལམ་ངན་པ་འགའ་ཞིག་ཏུ། །བུད་མེ་ནག་མོས་རྒྱུ་ལྟོ་བྲལ་བ་རྨིས། །རྒྱ་སྐྱེགས་ཐལ་བ་མཆོད་རྟེན་རི་འཛེགས་རྨིས། །རྔ་མོང་ཁ་ལྷོར་བོང་བུ་ཁ་ཤར་དང་། །སྤྲེའུ་ཁ་བྱང་བལྟས་ནས་གཞོན་པས་འགྲོ། །གོས་དམར་གྱོན་དང་མེ་ཏོག་དམར་པོ་འཐུས། །ཐང་ལ་འགྲོ་དང་ཐོད་བཅིང་རྨི་བ་འཆི། །གཤིན་དང་མཉམ་པོར་ཆང་འཐུང་གར་བྱེད་པ། །དེ་དག་འཆི་ལྟས་རྨི་ལམ་བརྟག་པའོ།།

འཆི་བའི་མཚན་མ་བརྟག་པ། 

༈  ཡང་གཅིག་འཆི་བའི་མཚན་མ་བརྟག་པ་ནི། །ལུས་ངག་ཡིད་ཀྱི་འཆི་ལྟས་གསུམ་དུ་བཤད། །བཤང་གཅི་འབབ་དུས་སྦྲིད་པ་ཟླ་བས་འཆི། །རྣ་བའི་སྒྲ་ཡལ་ཟླ་བ་གསུམ་ནས་འཆི། །སེན་མོའི་ཁྲག་མེད་ཟླ་བ་དྲུག་ནས་འཆི། །སྐྱེས་པ་ཁྲག་དང་བུད་མེད་ཁུ་བ་འབབས། །འཁྲིག་དུས་སྦྲིད་ན་ཟླ་བ་གཅིག་ནས་འཆི། །དྲི་ཆེན་སྐྱུར་དྲི་བྱུང་ན་ཟླ་དྲུག་འཆི། །རོ་མི་མྱོང་ན་ཉིན་ཞག་ལྔ་ནས་འཆི། །དྲི་མི་བྲོ་ན་ཉིན་ཞག་གསུམ་ནས་འཆི། །དྲི་ཆེན་གྲང་ན་ཉིན་ཞག་གཅིག་ནས་འཆི། །ལག་རྐང་དྲོད་བསྔོགས་ཉིན་ཞག་གཉིས་ནས་འཆི། །སྣ་རྩེའི་ཤ་ཁུམ་ཉིན་ཞག་བདུན་ནས་འཆི། །ཧས་བཏབ་གྲང་ལ་ཕུས་བཏབ་དྲོ་གྱུར་ན། །ཞག་བཅུ་ནས་འཆི་སོ་སྐམ་ཟླ་དྲུག་གོ། །ལྕེ་རྩེ་མ་མཐོང་ཟླ་བ་བརྒྱད་ནས་འཆི། །སྣ་རྩེའི་ཟུག་རྔུས་ཟླ་བ་བཞི་ནས་འཆི། །མིག་འབྲས་གློ་བུར་ཀོང་མོ་ཞག་བཞིར་འཆི། །མིག་འཚིར་འོད་སྐོར་མེད་ན་ཞག་བརྒྱད་འཆི། །ལག་པ་སྣ་རྩེར་གཏད་ནས་མིག་གཉིས་བལྟས། །གནམ་ས་འབྲེལ་ཐག་ཆད་ན་ཟླ་གཅིག་འཆི། །རྒྱ་སྐག་ལག་མཐིལ་བྱུགས་ཀྱང་ཚོས་མི་ལེན། །ཉིན་པར་ཟླ་བ་མཚན་མོར་ཉི་མ་མཐོང། །སྣ་བུག་གློ་བུར་གདང་དང་བ་སྐྱ་ཆགས། །ཉི་མར་འདུག་ནས་གྲིབ་མ་བརྟག་པ་ན། །ལུས་ལ་རླངས་མེད་མར་མེ་ཤི་བ་ཡི། །དྲི་མི་ཚོར་ན་མྱུར་དུ་འཆི་ལྟས་ཡིན། །ངག་གི་འཆི་ལྟས་རླུང་ལྟས་འདིར་མ་བཤད། །སེམས་ཀྱི་འཆི་ལྟས་སྔར་གྱི་གནས་ཁང་དང་། །ས་ཕྱོགས་ཡུལ་ཕྱོགས་སྐྱོ་ནས་འགྲོ་སྙིང་འདོད། །མི་གཤིས་བཟང་པོ་ངན་དང་ངན་པ་བཟང། །སྤྲོ་ཐུང་ཁོག་ཡངས་ཁོག་ཆེན་སྤྲོ་ཐུང་འགྱུར། །ཞིབ་པ་རྩིང་དང་རྩིང་པོ་ཞིབ་ཏུ་སོང་། །སྨན་དང་རྒྱུད་ཀྱི་དོན་བཞིན་འཆི་ལྟས་རྫོགས།། །།




མཐའ་མའི་འདོན་ཐེངས་།: 12.12.2022 ཉིན། 11:54 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།