སྨན་རྩིས་དྲ་བ། - ཆེད་རྩོམ།

ཀོང་ཙེ་འཕྲུལ་རྒྱལ་དེ་ཡང་སྙིང་སུ་ཡིན།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 12.10.2015
ཆེད་རྩོམ། >>

 


ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ཞེས་པ་དེ་ཡང་སྙིང་སུ་ཡིན་པའི་སྐོར་དཔྱད་པ།


- ཚངས་དབང་དགེ་འདུན་བསྟན་པ།

 

          དེ་ཡང་འདིར་གླེང་བར་བྱ་བའི་གཞི་ནི། བོད་ཀྱི་མཁས་དབང་རྣམས་ཀྱིས་བརྩམས་པའི་ལོ་རྒྱུས་དང་། ཆོས་འབྱུང་། རྩིས་གཞུང་། ས་དཔྱད། བཟོ་རིག མོ་དཔེ། གཏོ་གཞུང་། གཟུངས་འདུས་སོགས་བན་བོན་གྱི་གཞུང་ཆེན་མོའི་ཡིག་ཆ་གང་མང་ཞིག་ཏུ་“ཀོང་ཙེ་འཕྲུལ་རྒྱལ་”ཞེས་གྲགས་པ་དེ་ཉིད་ཡིན་ལ། སྔོན་བྱུང་ལོ་རྒྱུས་ཀྱི་ཡིག་ཚང་ཁག་ལ་གཞིགས་ན། ཁོང་ནི་ཧ་ལམ་གཉའ་ཁྲི་བཙན་པོའི་ཡར་སྔོན་ཞིག་ཏུ་བྱོན་པ་ལོ་རྒྱུས་ཀུན་ཞལ་མཐུན། ཁོང་གིས་མཛད་པའི་བསྟན་བཅོས་རྣམས་བན་བོན་གྱི་མཁས་པ་ཚང་མས་ཁས་ལེན་པས་མི་ཚད་ལག་ལེན་དུ་བཏབ་སྟེ་ད་ལྟའི་བར་ཚད་ལྡན་དུ་བརྩི་བ་རེད། ཡིན་ན་ཡང་། ཁོང་གི་འཁྲུངས་ཡུལ་དང་རིགས་རུས་ཐད་ལ་བཤད་ཚུལ་མི་འདྲ་བ་ཅི་རིགས་ཤིག་མཆིས་ཏེ། ཁ་ཅིག་གིས་རྒྱ་ནག་ཏུ་འཁྲུངས་པ་མ་ཟད་རུའུ་ལུགས་གསར་གཏོད་པ་ཁུང་ཧྥུ་ཙི་ཡིན་པར་བཤད་ཅིང་། ལ་ལས་བོད་ཀྱི་མངའ་རིས་ཞང་གཞུང་དུ་འཁྲུངས་པ་དང་སྟོན་པ་གཤེན་རབ་ཀྱི་དངོས་སློབ་ཡིན་པར་འདོད། འགའ་ཞིག་གིས་དེ་ནི་ཐང་རྒྱལ་རབས་ཀྱི་རྒྱལ་པོ་ཐང་ཐེ་ཙུང་གི་འབོད་མིང་ཡིན་ཞིང་ཀོང་ཙེ་ནི་དེའི་སྲས་མོ་ཝུན་ཁྲིན་ཀོང་ཇོའི་མིང་ཟུར་ཉམས་པའམ་སྒྲ་ནོར་བྱུང་བར་འདོད་པ་སོགས་བཤད་ཚུལ་མི་འདྲ་བ་མང་དུ་བྱུང་། དེ་ལྟར་མཁས་པ་ཚོར་ཞལ་སྒྲོས་མི་མཐུན་པ་དེ་དག་བྱུང་དོན་ནི། གཙོ་བོ་མཁས་པ་སོ་སོའི་ཁུངས་གཏུགས་སའི་ལོ་རྒྱུས་ཀྱི་ཡིག་ཆ་མི་འདྲ་བ་ལ་སོགས་པའི་རྐྱེན་གྱིས་བྱུང་བ་ཞིག་རེད། དེའི་ཕྱིར་མཁས་པ་སོ་སོའི་བློ་གྲོས་ཀྱི་རྩལ་དང་། གོ་སྟོབས་ཀྱི་ཤུགས་ཆེ་ཆུང་དབང་གིས་ལྟ་སྟངས་མི་གཅིག་པའི་དཔྱད་རྩོམ་རིགས་མི་འདྲ་བ་མང་དུ་བྱུང་ངེས་ལ། ཕྱིས་སུའང་མི་མཐུན་པ་འབྱུང་ངེས་པ་དེ་ནི་ལོ་རྒྱུས་ཞིབ་འཇུག་གཏིང་ཟབ་ཏུ་སྤེལ་བའི་དན་རྟགས་ཤིག་ཏུ་འཁུམས་སོ།།

          ཉེ་ཆར་པིར་མིང་འཛིན་པ་ངེད་ཀྱིས་བོད་ཀྱི་ལོ་རྒྱུས་ཐོག་གི་བཟོ་རིག་མཁས་པ་དང་གནའི་བཟོ་རྙན་སྐོར་གྱི་ལོ་རྒྱུས་འཚོལ་སྒྲིག་བྱེད་སྐབས། ཡིག་ཚང་ཅི་རིགས་ཤིག་ལས་ཀན་སུའུ་ཡི་བྱམས་པ་འབུམ་གླིང་གི་“བྱམས་ཆེན་”དེ་བཟོ་ཀོང་ཙེ་འཕྲུལ་རྒྱལ་གྱིས་བཞེངས་ཞེས་འཁོད་ཡོད་པ་དང་། ད་དུང་དེའི་ཉེ་འཁོར་གྱི་སྐུ་བརྙན་འགའ་རེ་ཁོང་གི་བུས་བསྐྲུན་ཞེས་བཤད་ཡོད་པ་མཐོང་བྱུང་བས། ད་རེས་ཆེད་དུ་དེའི་སྐོར་གྱི་དཔྱད་གཞིའི་ཡིག་ཅ་མང་པོ་ཞིག་བཀླགས་ནས་ཞིབ་བསྡུར་བྱས་པས་ཅུང་ཟད་ངེས་ཤེས་འདྲོངས་ཐུབ་པའི་བློ་སྟོབས་ཤིག་སྐྱེས། དེས་ན་གཤམ་དུ་ངེད་ཀྱིས་མིག་མཐོང་ལག་ཟིན་དུ་གྱུར་པའི་དཔྱད་གཞིའི་ཐོག་ནས། ཀོང་ཙེ་འཕྲུལ་རྒྱལ་ཞེས་པ་དེ་དོན་དངོས་སུ་ཡིན་པའི་སྐོར་ལ་རང་ཉིད་ཀྱི་མ་སྨིན་པའི་ལྟ་ཚུལ་འགའ་དམིགས་བཀར་གྱིས་ཞུ་བར་འདོད་པ་ལ།


 

གཅིག   ཀོང་ཙེ་འཕྲུལ་རྒྱལ་རྒྱ་ནག་གི་ཁུང་ཙིར་བཞེད་པའི་སྐོར་བཤད་པ།

     དེ་ཡང་ཐོག་མར་ཀོང་ཙེ་འཕྲུལ་རྒྱལ་ཁུང་ཙིའམ་ཁུང་ཧྥུ་ཙི་ཡིན་པར་འདོད་པའི་ལྟ་ཚུལ་རྣམས་གླེང་བར་བྱ་སྟེ། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མའི་《ཐུའུ་ཀྭན་གྲུབ་མཐའ་》ལས། “ཁུང་ཕུའུ་ཙིའམ། ཁུང་ཙི་ཞེས་གྲགས་པ་སྟེ་བོད་རྣམས་ཀྱིས་རྒྱ་སྐད་ཇི་བཞིན་མ་ཐོན་པར་ཀོང་ཙེ་ཞེས་འབོད་པ་དེའོ། །འདི་སངས་རྒྱས་འཇིག་རྟེན་དུ་བྱོན་ནས་ལོ་ཧ་ཅང་མི་མང་ཙམ་ན། ཊིའུ་ཝང་ཞེས་པའི་རྒྱལ་རབས་ཀྱི་མཇུག་ཙམ་ཊིའུ་ཝི་ཝང་གི་དུས་སུ་རྒྱ་ནག་གི་ཞིང་ས་ཆེན་པོ་བཅུ་གསུམ་གྱི་ཡ་གྱལ་ཤན་ཏུང་གི་ཡུལ་དུ་བྱུང་། འདིའི་ལོ་རྒྱུས་རྣམ་ཐར་རྒྱ་ཡུལ་དུ་ཀུན་ཏུ་གྲགས་ཆེ་ཞིང་། སྐྱེས་མཆོག་ཁྱད་པར་བ་ཞིག་ཡིན་པར་སྣང་། ད་ལྟ་རྒྱ་ནག་གི་ཁྲིམས་དང་མི་དྲག་ཞན་འབྲིང་གསུམ་གྱི་མི་ཆོས་བྱེད་ལུགས་སོགས་འདིས་བྱས་པའི་ལུགས་ཀྱི་བསྟན་བཅོས་ལ་ཁུངས་ཚད་མར་བྱེད་ཅིང་། དུས་དེ་ནས་བཟུང་སྟེ་ད་ལྟའི་བར་རྒྱལ་སྲིད་འཕོ་འགྱུར་མང་པོ་བྱུང་ཡང་། ཀོང་ཙེའི་ལུགས་ཁོ་ན་གཙོ་བོར་བཟུང་སྣང་ལ། རྒྱལ་སྲིད་ཀྱི་སློབ་དཔོན་ཡིན་ཞེས་ཀོང་ཙེའི་གཟུགས་དང་མིང་བྱང་ལ་རྒྱལ་པོ་ན་རིམ་གྱིས་ཕྱག་བྱེད་པའི་སྲོལ་ཀྱང་ད་ལྟའི་བར་དུ་ཡོད། ཀོང་ཙེའི་རིགས་རྒྱུད་ལ་གོང་ནས་ད་ལྟ་གུང་གི་ལས་ཚན་གནང་བཞིན་པ་ཡིན་ཞིང་། དེང་སང་གི་གུང་འདི་ཀོང་ཙེ་ནས་མི་རབས་བདུན་ཅུ་དོན་གསུམ་པ་ཡིན་ཟེར་རོ།། བོད་དག་གི་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ཞེས་རྒྱལ་པོ་རྫུ་འཕྲུལ་ཅན་ཞིག་ཏུ་བྱས་པ་དང་།  ནག་རྩིས་ཀྱི་གཏོ་བཅོས་ལ་ལར། ཀོང་ཙེའི་མངོན་རྟོགས་བསྒོམ་ཚུལ་སོགས་རྣམ་གཞག་བྱས་པ་དང་། ཡང་ལ་ལས་བཟོ་བོ་ཀོང་ཙེ་ཞེས་བཟོའི་འདུ་བྱེད་ལ་མཁས་པ་ཞིག་ཏུ་གོ་འདུག་པ་ནི་མུན་ནག་ལག་ནོམ་གྱི་དཔེར་སྣང་ངོ།།”1  ཞེས་ཀོང་ཙེ་འཕྲུལ་རྒྱལ་རྒྱའི་ཁུང་ཙི་ཡིན་པ་ཚིག་ཐག་བཅད་ནས་གསུང་ཡོད་པ་མ་ཟད་། བོན་གྱི་སྟོན་པ་གཤེན་རབ་ཀྱང་རྒྱ་ནག་གི་ལའོ་ཙི་ཞེས་པ་དེར་ངོས་འཛིན་གནང་འདུག་པ་དེ་ཉིད་ལས། “འདི་བྱུང་བའི་དུས་ནི་ཁུང་ཙི་དང་དུས་རགས་པ་མཉམ་ཞིང་། མའི་མངལ་དུ་ལོ་བརྒྱད་ཅུ་རྩ་གཉིས་བསྡད་ནས་སྐྱེ་དུས་སུ་སྐྲ་ཡང་དཀར་པོར་སོང་བས་ལོའུ་ཀྱུན་ཞེས་མིང་བཏགས་པར་སྣང་ངོ་།། འདིས་རི་ཕུག་ཅིག་ནས་གནམ་གྱི་ཆོས་ལེའུ་བདུན་ཅུ་རྩ་གཉིས་བརྙེད་ནས་སློབ་གཉེར་བྱས་ཏེ་དོའུ་སིའི་ལུགས་དར་བར་བྱས་ཞེས་བཤད་པ་མཐོང་ཞིང་། ལོའུ་ཀྱུན་འདི་བོན་གྱི་སྟོན་པ་གཤེན་རབ་དང་གཅིག་ཅེས་བདག་གི་བླ་མ་ཐམས་ཅད་མཁྱེན་པས་གསུངས།”2 ཞེས་འཁོད་ཡོད། བདག་གི་བླ་མ་ཐམས་ཅད་མཁྱེན་པ་ཞེས་པ་ནི་ལྕང་སྐྱ་རོལ་པའི་རྡོ་རྗེ་ལ་གོ་བ་ཡིན། དེས་ན་གོང་གསལ་ལོ་རྒྱུས་རྣམས་ཀྱི་ཁུངས་གཏུགས་ས་ནི་ལྕང་སྐྱ་རོལ་པའི་རྡོ་རྗེ་ཡིན་པ་རྟོགས་ཐུབ། འོན་ཀྱང་ཤར་རྫ་ཚང་གི་《ལེགས་བཤད་གཏེར་མཛོད་》《ལས། བཤད་ཚུལ་འདི་ལ་དགག་པ་བསྐྱོན་ཡོད་པ་གཤམ་དུ་གླེང་རྩིས་ཡོད། གོང་གི་ལོ་རྒྱུས་ལ་གཞིགས་ན། སྟོན་པ་གཤེན་རབ་དང་ཀོང་ཙེ་གཉིས་རྒྱའི་ལའོ་ཙི་དང་ཁུང་ཙི་གཉིས་ཡིན་ལུགས་ཤོད་མཁན་ཐོག་མ་ལྕང་སྐྱ་རོལ་པའི་རྡོ་རྗེ་ཡིན་པ་འདྲ། ལྕང་སྐྱ་རོལ་པའི་རྡོ་རྗེ་《སྤྱི་ལོ་1717-1786 བར་ཡིན་》སྐུ་ན་ཕྲ་དུས་ནས་རྒྱ་ནག་ཏུ་ཕེབས་ཏེ། རྒྱ་བོད་སོག་མཉྫུ་བཅས་ཀྱི་ཡིག་རིགས་ཀུན་ལ་སྦྱངས་པ་དང་། ཕྱི་ནང་གི་རིག་གནས་དང་མདོ་སྔགས་ཡོངས་སུ་རྫོགས་པ་ལ་མཁས་པའི་གོ་འཕང་བརྙེས་ཏེ། གོང་མ་ཡུང་ཀྲིན་དང་ཆན་ལུང་གཉིས་ཀྱི་དབུ་བླར་བཞུགས་པ་སོགས་ཀྱིས་མཚན་སྙན་རྒྱ་བོད་སོག་གསུམ་ཀུན་ཏུ་གྲགས་ཆེ། དེའི་ཕྱིར་ཁོང་གི་གསུང་རྩོམ་རྣམས་ཉིད་ཀྱི་སློབ་བུ་ཙམ་དུ་མ་ཟད་བོད་རྒྱ་སོག་གསུམ་གྱི་མཁས་པ་སོ་སོས་ཚད་ལྡན་དུ་ཁས་ལེན་ནོ།། རྒྱུ་མཚན་དེའི་དབང་གིས། ཕྱིས་ཀྱི་མཁས་པ་མང་པོས་ཁོང་གི་གསུང་ཚིག་གི་རྗེས་སུ་འབྲངས་ཡོད་དེ་དཔེར་ན། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས། “ཁྱད་པར་ཁུང་ཧྥུ་ཙི་ཞེས་འཇམ་དབྱངས་ཀྱི་སྤྲུལ་པ་བོད་དུ་ཀོང་ཙེ་འཕྲུལ་རྒྱལ་དུ་གྲགས་པ་དེས་ཀྱང་རྩིས་དང་གཏོ་གཞུང་མཐའ་ཡས་པའི་སྲོལ་གཏོད་”3 ཞེས་གསུངས་པ་དང་། བྲག་སྒོམ་པའི་《མདོ་སྨད་ཆོས་འབྱུང་》ལས་། “ཀོང་ཙེ་ནི། ཙི་ནའི་ཡུལ་གྱི་སྐྱེས་མཆོག་རྣམ་བཞིའམ། བོད་ཀྱི་ནག་རྩིས་པ་དག་ལ་ལེན་པ་མི་བཞིར་གྲགས་པའི་ནང་ཚན་ཁུང་ཧྥུ་ཙིའམ་ཁུང་ཙི་ཞེས་པ་ཟུར་ཆག་པ་ཡིན་ཞིང་།”4 ཞེས་དང་། ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོའི་《གནས་ཡིག་ཨ་དར་ཤ་》ནང་དུ། “ཁུང་ཙེ་ཧུ་སྟེ། ཀོང་ཙེ་འཕྲུལ་རྒྱལ་སེང་གེ་ཞོན་པ། གོང་མའི་ཆས་ཅན་སོགས་ཡོད། གཤེན་རབ་ཀྱི་དམ་ཞྭ་རུས་སྦལ་ཁོག་པ་ལྟ་བུ་གྱོན་པའི་རྒྱ་ཁ་སྤུ་ཨག་ཚོམ་ཅན”5 ཞེས་སྣང་ཞིང་། མཁས་དབང་ཚེ་ཏན་ཞབས་དྲུང་ཚང་གི་《བསྟན་རྩིས་ཀུན་བཏུས་》ལས། “བཻ་དཀར་གཡའ་སེལ་དུ། ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་བོད་དུ་བྱོན་མྱོང་ཟེར་ཏེ། ཀོང་ཙེ་འཕྲུལ་རྒྱལ་ནི་རྒྱ་ནག་གི་ཁུང་ཙི་ཡིན་པ་ལྕང་སྐྱ་རོལ་པའི་རྡོ་རྗེ་ཡབ་སྲས་ཀྱི་བཞེད་པ་དང་། དེ་བོད་དུ་བྱོན་པར་བཤད་པ་ནི་ཁུངས་མེད་རྟོག་བཟོ་ཁོ་ནའོ།།”6 ཞེས་སྡེ་སྲིད་སངས་རྒྱས་ཀྱིས་དེ་ལྟར་གསུངས་པ་ལ་མི་འཐད་པའི་རྒྱུ་མཚན་དུ་ལྕང་སྐྱ་རོལ་པའི་རྡོ་རྗེ་ཡབ་སྲས་ཀྱི་གསུང་རྒྱབ་རྟེན་དུ་དྲངས་འདུག་པ་དེ་ལས་ཁོང་གི་རང་ལུགས་གང་ཡིན་གསལ་པོར་ཤེས་ནུས། དུང་དཀར་ཚང་གི་《དུང་དཀར་ཚིག་མཛོད་ཆེན་མོ་》ལས། “ཀོང་ཙེ། འདི་ལ་བོད་ཡིག་ཐོག་བཤད་ཚུལ་མི་འདྲ་བ་འགའ་ཞིག་སྣང་ཞིང་། ཐུའུ་བཀྭན་ཆོས་ཀྱི་ཉི་མས་མཛད་པའི་《གྲུབ་མཐའ་ཤེལ་གྱི་མེ་ལོང་》གི་ནང་གསེས་མཧྰ་ཙི་ནའི་ཡུལ་དུ་རིག་བྱེད་དང་གྲུབ་མཐའ་བྱུང་ཚུལ་གྱི་ཐད་ཤེའུ་འམ་བཞུ་()ཞེས་གྲགས་པའི་གཞུང་རྩོམ་པ་པོ་ཁུང་ཧྥུ་ཙིའམ་ཁུང་ཙི་(孔子)ཞེས་འབོད་པ་དང་། བོད་སྐད་ཐོག་ཀོང་ཙེ་ཞེས་སུ་གྲགས་པ་མིང་གི་རྣམ་གྲངས་ཡིན་པ་དང་། རྒྱ་སྐད་ཀྱི་སྒྲ་བོད་སྐད་ཐོག་ཇི་བཞིན་མ་ཐོན་པར་ཀོང་ཙེ་ཞེས་ཟུར་ཆག་པ་ཡིན་པར་གསུངས་ཤིང་། 《མདོ་སྨད་ཆོས་བྱུང་》ལས་ཀྱང་དེ་དང་འདྲ་བར་གསུངས། འདི་ཉིད་བྱུང་བའི་དུས་ཚོད་སྐོར་《ཐུའུ་བཀྭན་གྲུབ་མཐའ་》ལས། སངས་རྒྱས་འཇིག་རྟེན་དུ་བྱོན་ནས་ལོ་ཧ་ཅང་མི་མང་ཙམ་ན། ཊིའུ་ཝང་(周王)ཞེས་པའི་རྒྱལ་རབས་ཀྱི་མཇུག་ཙམ་ཊིའུ་ཝིང་ཝང(周文王)གི་དུས་སུ་རྒྱ་ནག་གི་ཞིང་ས་ཆེན་མོ་བཅུ་གསུམ་གྱི་ཡ་གྱལ་ཤན་དུང་(山东)གི་ཡུལ་དུ་བྱུང་ཞིང་། ལོ་རྒྱུས་དང་རྣམ་ཐར་རྒྱ་ཡུལ་ཀུན་ཏུ་གྲགས་ཆེ་ཞིང་སྐྱེས་མཆོག་ཁྱད་པར་ཅན་ཞིག་ཡིན་པར་སྣང་ཞེས་གསལ། 1979ལོར་ཧྲང་ཧེའི་ཚིག་མཛོད་དཔེ་སྐྲུན་ཁང་ནས་དཔར་སྐྲུན་བྱས་པའི་《རྒྱ་ཡིག་ཚིག་མཛོད་ཆེན་མོ་》ཤོག་གྲངས་1119ཐོག་ཁུང་ཙི་ཞེས་པའི་འགྲེལ་བཤད་ནང་གསལ་བར། ཁུང་ཙི་(སྤྱི་ལོའི་གོང་551ནས་479)ནི་ཁྲུན་ཆིའུ་དུས་མཇུག་གི་བསམ་བློ་མཁས་ཅན་དང་། ཆབ་སྲིད་མཁས་ཅན། སློབ་གསོ་མཁས་ཅན། རུ་ལུགས་(儒家)ཀྱི་གསར་གཏོད་པ་བཅས་ཡིན་པ་དང་། མིང་གཞན་ཁུང་ཆིའུ་(孔丘)དང་། ཀྲུང་ཉི་(仲尼)ཡང་ཟེར། ཁྲུན་ཆིའུ་དུས་རབས་ཀྱི་ལུའུ་རྒྱལ་ཁབ་ཀྱི་ས་གནས་ཙོའུ་ཡེ་སྟེ། དེང་སང་ཧྲན་ཏུང་གི་ཆུས་ཧྥུ་གྲོང་ཚོའི་མི་རེད། གཞོན་ནུའི་དུས་སྐབས་སུ་ལུའུ་རྒྱལ་ཁབ་ཀྱི་ནོར་ལུག་དང་འབྲུ་གཟན་དོ་དམ་བྱེད་མཁན་གྱི་དཔོན་ཆུང་བྱེད་མྱོང་བ་དང་། རྗེས་སུ་ལུའུ་རྒྱལ་ཁབ་ཀྱི་ཁྲིམས་དཔོན་དང་། བློན་ཆེན་གྱི་ལས་ཚབ་ཀྱང་བྱས་མྱོང་། ལོ་ན་མཐོ་པོར་སླེབས་རྗེས་སློབ་གསོའི་ལས་ཀ་དང་། གནའ་རབས་ཀྱི་གཞུང་ཁག་གཅིག་ཕྱོགས་བསྒྲིགས་བྱས་པའི་ནང་ནས་ལུའུ་རྒྱལ་ཁབ་ཀྱི་ལོ་རྒྱུས་ཟིན་ཐོ་《ཁྲུན་ཆིའུ་》(春秋)ལ་བཅོས་སྒྲིག་བྱས། དེ་ནི་རང་རྒྱལ་གྱི་ཐེངས་དང་པོའི་ཆ་ཚང་བའི་ལོ་རྒྱུས་ཆེད་རྩོམ་ཞིག་ཡིན། ཁོང་ལ་སློབ་མ་སུམ་སྟོང་ལྷག་ཙམ་བྱུང་བའི་ནང་ནས་སྙན་གྲགས་ཡོད་པའི་སློབ་མ་བདུན་བཅུ་ལྷག་ཙམ་ཡོད་ཅིང་། ཁོང་གིས་བྱམས་སྐྱོང་དང་། གུས་བཀུར་སོགས་ཆབ་སྲིད་སྐྱོང་སྟངས་ཀྱི་རྣམ་བཞག་མང་པོ་ཞིག་བཤད་པ་རྣམས་སློབ་མ་རྣམས་ཀྱིས་རྒྱས་འགྲེལ་བྱས་པ་ལ་རྒྱ་སྐད་དུ་སི་ཧྲུའུ་(四书)ཞེས་བོད་སྐད་དུ་དེབ་བཞིའམ་ཡིག་ཆ་བཞི་ཞེས་འབོད་པ་དེ་ཡིན་པར་བཤད།”7 ཅེས་འཁོད་ཡོད་པ་དང་། ཡང་འཇིགས་མེད་ཐེག་མཆོག་གིས་མཛད་པའི་《བོད་བརྒྱུད་ནང་བསྟན་ལྷ་ཚོགས་ཆེན་མོ་》ཞེས་པ་ལས། རྩིས་ཀྱི་སྐོར་ཤོད་སྐབས། “ཀོང་ཙེ་ཞེས་གྲགས་པ་ཁུང་ཧྥུའུ་ཙི་ནི་ཙི་ནའི་ཡུལ་དུ་སྐྱེས་མཆོག་རྣམ་བཞིར་གྲགས་པའི་ནང་གི་གཅིག་སྟེ། ལུགས་ཀྱི་བསྟན་བཅོས་ལ་མཁས་ཤིང་། རྒྱལ་སྲིད་ཀྱི་སློབ་དཔོན་དུ་ཚད་མར་བྱེད་ཅིང་། ད་ལྟ་སྤོར་ཐང་ནག་རྩིས་སུ་གྲགས་པ་སོགས་རིག་གནས་མང་པོ་བྱུང་།”8 ཞེས་ཚིག་སྦྱོར་མི་གཅིག་པ་མ་གཏོགས་ནང་དོན་གྱི་ཆ་ནས་《ཐུའུ་བཀྭན་གྲུབ་མཐའ་》ནང་གི་བཤད་ཚུལ་དང་མཐུན་པས་ནང་དོན་ཡོངས་རྫོགས་བྲིས་ཀྱང་བསྐྱར་ཟློས་ཙམ་ལས་གཞན་མེད་པས་འབྲི་བར་མི་བྱའོ།། པདྨ་རྣམ་རྒྱལ་གྱིས་བསྒྱུར་བའི་《ཁུང་ཙིའི་གསུང་སྒྲོས་》ཞེས་པའི་དཔེ་ཆའི་ནང་དུ། ཁུང་ཙིའི་ལོ་རྒྱུས་སྐབས། “བོད་ཀྱི་འགྱུར་རྩོམ་དུའང་ཁོང་གིས་མཛད་པའི་མོ་གཞུང་གི་ཚན་ཁག་རེ་གཉིས་དང་གཏོ་འབུམ་སོགས་འགྱུར་ཡོད་པ་བོད་སྔ་རབས་པས་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ཞེས་འཕགས་པ་འཇམ་དཔལ་དབྱངས་དངོས་ཤིག་ལ་ངོས་འཛིན་གནང་བཞིན་ཡོད་དོ།། གང་ལྟར་ཡང་ཁོང་གི་གསུང་རྩོམ་ནི་བོད་སྔ་རབས་པའི་དུས་ནས་བཟུང་གངས་ཅན་པའི་ཀློག་པ་པོ་རྣམས་ཀྱིས་དང་དུ་བླངས་ཟིན་པ་ཞིག་ཡིན་པ་རྟོགས་ཐུབ་བོ།།”9 ཞེས་གསལ་ཞིང་ཁོང་གི་ལྟ་ཚུལ་ལྟར་ན། ཀོང་ཙེ་འཕྲུལ་རྒྱལ་གྱིས་མཛད་པའི་མོ་གཞུང་དང་གཏོ་གཞུང་། རྩིས་སོགས་ནི་རྒྱ་ཡིག་ལས་བསྒྱུར་བར་འདོད་དོ།། དེ་ལྟར་གོང་དུ་སྨྲས་པ་དེ་དག་ལས་ང་ཚོས་ཤེས་ཐུབ་པ་ཞིག་ནི། གོང་སྨྲོས་ཀྱི་མཁས་པ་དེ་དག་ཚང་མ་ལྕང་སྐྱ་རོལ་པའི་རྡོ་རྗེའི་རྗེས་སུ་འཁྲུངས་པ་ཤ་སྟག་ཡིན་ཞིང་། ལྕང་སྐྱ་ཚང་གི་ཡར་སྔོན་དུ་བན་བོན་གྱི་མཁས་པ་ཚོས་ཀོང་ཙེ་འཕྲུལ་རྒྱལ་གྱི་ལོ་རྒྱུས་གླེང་ཡོད་ཀྱང་།  ཁོ་ཚོས་ཀོང་ཙེ་འཕྲུལ་རྒྱལ་ཁུང་ཙི་རེད་ཅེས་ཟེར་མ་མྱོང་། དཔེར་ན། ནང་བསྟན་པའི་མཁས་པ་ཤར་སྐལ་ལྡན་རྒྱ་མཚོ་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོ། མཁར་ནག་པཎྜིཏ་སོགས་ཀྱིས་ཀོང་ཙེའི་ལོ་རྒྱུས་ཤོད་སྐབས་བོན་གྱི་མཁས་པ་ཞིག་ཏུ་གླེང་སློང་བྱས་པ་ལས་རྒྱའི་ཁུང་ཧྥུ་ཙི་ཟུར་ཙམ་ཡང་གླེང་མེད། དེས་ན་ལྕང་སྐྱ་རིན་པོ་ཆེས་ཀོང་ཙེ་འཕྲུལ་རྒྱལ་རྒྱའི་ཁུང་ཧྥུ་ཙིའམ་ཁུང་ཙིར་བཞེད་པའི་དགོས་པ་དང་རྒྱུ་མཚན་གང་ཡིན་སྐོར་ལ་ད་དུང་མུ་མཐུད་དུ་བརྟག་པར་བྱའོ།།


 

གཉིས། ཀོང་ཙེ་འཕྲུལ་རྒྱལ་ཞང་ཞུང་དུ་འཁྲུངས་པ་དང་། སྟོན་པ་གཤེན་རབ་ཀྱི་དངོས་སློབ་ཡིན་པའི་སྐོར་བཤད་པ།

1) ཟུར་གནས་སྨྲ་བའི་མཁས་དབང་ཚང་མས་མཁྱེན་གསལ་ལྟར། གྲུབ་མཐའ་མི་འདྲ་བའམ་ཆོས་ལུགས་མི་གཅིག་པའི་དབང་གིས་མཁས་པ་རྣམས་ལ་ལྟ་ཚུལ་མི་མཐུན་པ་བྱུང་དང་འབྱུང་ངེས་པ་ནི་ཆོས་ཉིད་རང་བཞིན་ཞིག་རེད། དེའི་ཕྱིར་ལྟ་ཚུལ་མི་གཅིག་པའི་ལོ་རྒྱུས་ཀྱི་ཡིག་ཚང་རྣམས་ལ་བརྟག་ཞིབ་གནང་སྐབས་གྲུབ་མཐའི་ཕྱོགས་རིས་ཀྱིས་ཕྱོགས་གཅིག་སྨྲས་ནས་ཕྱོགས་གཅིག་མ་གླེང་ན། དེ་ལ་ཆ་གཅིག་རྟོགས་ཀྱང་ཆ་གཅིག་མ་རྟོགས་པའི་སྐྱོན་བྱུང་བས། ང་ཚོས་ངེས་པར་དུ་ཕྱོགས་གཉིས་ཀའི་ལྟ་བ་རྣམས་བསྡུར་ཏེ་བཤད་རྒྱུ་གལ་ཆེ་སྙམ། རྒྱུ་མཚན་འདི་འདྲར་དཔགས་ནས་འདིར་ཀོང་ཙེ་འཕྲུལ་རྒྱལ་ཞང་ཞུང་དུ་འཁྲུངས་ཤིང་གཤེན་རབ་ཀྱི་སློབ་མ་ཡིན་པ་སོགས་ལས་འཕྲོས་ཏེ་དོགས་གནད་འགའ་བཤད་པར་བྱ། དེ་ཡང་དྲང་རྗེ་བཙུན་པ་གསེར་མིག་གིས་གཏེར་ནས་བཏོན་པའི་《མདོ་གཟེར་མིག་》ལས། “དེའི་ཚེ་ན། ཡུལ་རྒྱ་ལག་འོ་མའི་གླིང་། མཁར་ཁྲི་སྒོ་རྩེ་བརྒྱའི་དབུས། གྲོང་ཁྱེར་འཕྲུལ་སྒྱུར་བཀོད་པའི་མཆོག དེ་ན་ཕ་ནི་རྒྱལ་པོ་ཀ་འདའ་ལ་གསེར་གྱི་མདོག་ཅན་ཞེས་བྱའོ།། མ་ནི་བཙུན་མོ་མུ་ཏྲི་ལ་གསལ་འོད་མ་ཞེས་བྱའོ།། དཀོར་ནི་རྒྱལ་སྲིད་རིན་པོ་ཆེ་སོགས་ཏེ། འཇིག་རྟེན་གྱི་མིར་གྱུར་པ་ལ་ཡང་ཆེའོ།། བུ་དང་སྲས་མི་མངའ་ན། དུས་དེར་མི་མཇེད་ཀྱི་འཇིག་རྟེན་ཕར་འདས་པའི་ལྷོ་ཕྱོགས་ན། རྒྱལ་པོ་གསལ་མཆོག་དམ་པ་བྱ་བ་དེ། དེར་ཚེ་འཕེལ་ནས་བསོད་ནམས་ཀྱི་ཤུགས་ཀྱིས། ཡུལ་རྒྱ་ལག་འོད་མའི་གླིང་གི། རྒྱལ་པོ་ཀ་འདའ་ལ་གསེར་གྱི་མདོག་ཅན་གྱི་བུར་སྐྱེས་སོ།།” ཞེས་དང་། ཡང་དེ་ཉིད་ལས། “ལག་པ་གཡས་གཡོན་གྱི་མཐིལ་ལ། གབ་ཙེའི་འཕྲུལ་གྱི་ཡི་གེ་སུམ་ཅུ་རྒྱལ་རྟགས་སུ་འཁོར་བར་བྲིས་ནས་ཆགས་པ། དེ་ལ་ཡབ་ཀྱང་ཤིན་ཏུ་སྤྲོ་བ་སྐྱེས་ནས། མཚན་གསོལ་པ་ནི། རྒྱལ་པོ་རྒྱའི་རིགས་ལ་འཕྲུལ་གྱི་ཡི་གེ་གབ་ཙེ་སུམ་ཅུས་འཁོར་བར་བྲིས་པས། རྒྱ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོར་མིང་བཏགས་སོ།།”10 ཞེས་གསལ་བ་དང་། ཡང་དེ་ཉིད་ལས། “དགུང་ལོ་ཉེར་ལྔའི་སྟེང་རྒྱལ་པོ་གཉན་རིགས་ཀྱི་བུ་མོ་གཉན་ལྕམ་དཀའ་མོ་འོད་མ་གསལ། རྒྱལ་བུ་གཏན་གྱི་ཁབ་ཏུ་བཙུན་མོར་བཞེས། རྒྱ་མཚོའི་གླིང་དུ་དཀར་ནག་བཀྲ་གསལ་རྒྱ་མཚོའི་གླིང་ཐོག་འབར་ཞེས་བྱ་བའི་གསས་ཁང་བཞེངས།”11 ཞེས་གོང་འཁོད་ཀྱི་ནང་དོན་ཁག་ལས་ཀོང་ཙེ་འཕྲུལ་རྒྱལ་ཞང་ཞུང་གང་དུ་འཁྲུངས་པ་དང་། ཡབ་ཡུམ་གྱི་མཚན་ལ་ཅི་ཟེར་བ། རྒྱ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ཞེས་མིང་ཇི་ལྟར་ཐོགས་པ། གཉེན་བསྒྲིགས་ཏེ་བཙུན་མོའི་མིང་དང་རིགས་གང་ལ་གཏོགས་པ་སོགས་ཀྱི་གནས་ཚུལ་གསལ་པོ་བྲིས་པ་རྟོགས་ཐུབ། གཞན་《དྲི་མེད་རྩ་བའི་མདོ་སངས་རིན་ཆེན་སྒྲོན་མེ་》ལས་ཀྱང་། ཀོང་ཙེ་འཕྲུལ་རྒྱལ་གྱི་གནས་བབ་གླིང་སྐབས། “འོལ་མོ་ལུང་རིང་གི་ནུབ་ཕྱོགས་ཆུ་བོ་གྱིམ་ཤང་ནག་པའི་འགྲམ་རི་བོ་ཆེན་པོ་པོ་ཏ་ལ་པོ་ཤན་གྱི་རྩ་བ་རྒྱ་མཚོ་དང་ར་འཁྱིལ་ཆེན་གྱི་འགྲམ་ན། རྒོད་རྗེ་རྒྱའི་ཡུམ་ཞེས་བྱ་བ་ཡོད་དོ།། དེ་ལ་ཞིང་གསུམ་དུ་ཡོད་དོ། གསེར་གྱི་དབང་ཡིག་ཅན། བྲམ་ཟེའི་བུ་མོ་མུ་ཏྲིག་གསལ་འོད་མ་གཉིས་ལ། སྲས་རྒྱལ་བུ་གཅིག་འཁྲུངས་ཏེ། རྒྱལ་བུ་དེ་ནི་ཡབ་མྱེས་གང་དང་ཡང་མི་འདྲ་བར་ཞི་ལ་རྒྱུད་དུལ་བ། ཁ་དམ་ལ་ཁོང་ལྷོང་བ། ཕྱག་མཐིལ་ལ་འཕྲུལ་གྱི་ཡི་གེ་སུམ་ཅུ་བྲིས་པ་གཅིག་སྣང་བས་མཚན་ཀྱང་ཀོང་ཙེ་འཕྲུལ་གྱི་དབང་ཡིག་ཅན་བྱ་བར་བཏགས་ནས་རྒྱལ་སར་བཏོན།”12 ཞེས་བཤད་པའོ།། བོན་གྱི་མཁས་དབང་ཚང་མས་གོང་གི་མདོ་ལུང་འདི་གཉིས་ལོ་རྒྱུས་ཚད་ལྡན་དུ་ཁས་ལེན་པའི་རྐྱེན་གྱིས། ལྕང་སྐྱ་ཡབ་སྲས་ཀྱིས་བཞེད་པའི་སྟོན་པ་གཤེན་རབ་དང་ཀོང་ཙེ་འཕྲུལ་རྒྱལ་གཉིས་རྒྱའི་ལའོ་ཙི་དང་ཁུང་ཙི་གཉིས་ཡིན་ལུགས་བཤད་པ་དེ་གཏན་ནས་ཁས་མི་ལེན་པའི་རྒྱུ་མཚན་ཡང་དེར་ཐུག་ཡོད། གནས་ཚུལ་འདི་དག་ལ་དམིགས་ནས། ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱི་《ལེགས་བཤད་གཏེར་མཛོད་》ལས། “གཞན་སྡེ་ཁ་ཅིག་གིས་རྒྱ་ཡུལ་དུ་ལོའུ་ཀྱུན་བྱ་བ་ཞིག་བྱུང་བའི་ལོའུ་ཀྱུན་ཞེས་པའི་མིང་དེ་བོད་སྐད་དུ་བསྒྱུར་ན་རབ་མཆོག་གཙོ་བོ་བདག་པོ་ཟེར་བ་སྟེ། དེ་ལ་ལྷ་མི་གཉིས་སུ་བྱུང་བའི་ལྷ་ནི་ཚངས་པ་ཆེན་པོར་ངོས་འཛིན་ལ། དེའི་མི་སྤྲུལ་པ་བརྒྱད་ཅུ་གྱ་གཅིག་བྱུང་ལ། མིར་བྱུང་བའི་ལོའུ་ཀྱུན་ནི་དེའི་སྤྲུལ་པའི་ནང་ཚན་པ་ཞིག་མའི་མངལ་དུ་ལོ་བརྒྱད་ཅུ་རྩ་གཉིས་བསྡད་ནས་སྐྱེས་ཚེ། སྐྲ་ཡང་དཀར་པོར་སོང་བས་ལོའུ་ཙི་རྒད་པོར་འབོད་པ་དེ་ནི་བོན་གྱི་སྟོན་པ་གཤེན་རབ་དང་གཅིག་ཅེས་བདག་གི་བླ་མ་ཐམས་ཅད་མཁྱེན་པས་གསུངས། ཞེས་སོགས་ཟེར་རོ།། དེ་ལ་གནས་ཀྱི་རྩིག་པས་བསྒྲིབས་ནས་ཕྱི་རོལ་གྱི་ཆ་མི་འབྱེད་པའི་གང་ཟག་ཞིག་ལ་ཐམས་ཅད་མཁྱེན་པ་ཞེས་བསྟོད་འདོད་ཀྱི་སྙན་མིང་བཏགས་པ་བོན་ཅན་ཐམས་ཅད་མཁྱེན་པ་མ་ཡིན་པར་ཐལ། ཞིག་མཆོག་འོལ་མོའི་གླིང་ངམ་ཤམྦྷ་ལར་འཁྲུངས་པའི་སྟོན་པ་ཉིད་རྒྱ་ནག་ཏུ་སྐྱེས་པ་དང་། རྒྱལ་བཞད་མའི་སྐུ་ལ་ཟླ་དགུ་ངོ་བཅུར་བཞུགས་ནས་འཁྲུངས་པ་ཉིད་རྒྱ་མོའི་ལུས་ལ་ལོ་བརྒྱད་ཅུ་གྱ་གཉིས་བསྡད་པ་དང་། ཡོན་ཏན་བརྒྱ་དང་རྩ་བརྒྱད་ཀྱི་དཔལ་འབར་བ་ལ། རྒྱའི་རྒན་པོ་མགོ་དཀར་ཞིག་ཏུ་ངོས་བཟུང་ནས་དོན་དམ་པ་དང་ལྟག་སྤྲོད་དུ་ཁས་བླངས་པའི་ཕྱིར་རོ།།”13 ཞེས་《ཐུའུ་བཀྭན་གྲུབ་མཐའ་》ནང་གི་བཤད་ཚུལ་དེར་དགག་བཞག་སྤྲད་ཡོད་པ་རེད། མཁས་དབང་ནམ་མཁའི་ནོར་བུའི་《ཞང་བོད་ལོ་རྒྱུས་ཏི་སེའི་འོད་》ལས། ཀོང་ཙེ་འཕྲུལ་རྒྱལ་གྱི་ལོ་རྒྱུས་ཤོད་སྐབས། 《མདོ་ཟེར་མིག》 དང་ 《དྲི་མེད་རྩ་བའི་མདོ་》གཉིས་ལས་གསུངས་པ་ལྟར། རྒྱས་བཤད་ཀྱིས་བསྡུར་དཔྱད་གནང་ཡོད་ཀྱང་།14 འདིར་ཟློས་སྐྱོན་དང་ཡི་གེ་མང་བར་འཇིགས་ནས་མ་བྲིས་སོ།། འོན་ཏེ་ཁོང་གི་རང་ལུགས་ནི་《མདོ་ཟེར་མིག་》ལྟར་ཡིན་པ་ཤིན་ཏུ་གསལ། གཞན་《སྔོན་འགྲོའི་ཁྲིད་ཡིག་བཀའ་ལུང་རྒྱ་མཚོ་》ཡི་མཆན་འགྲེལ་ཞིག་ཏུ། “ཀོང་ཙེ་འཕྲུལ་གྱི་རྒྱལ་པོ། རྒྱ་ནག་གི་རྒྱལ་པོ་ཞིག་ཡིན། ལ་ལས་ཁུང་ཧྥུ་ཙིའམ་ཁུང་ཙི་ཞེས་པ་དང་གཅིག་ཡིན་པར་འདོད་པ་ནི་འཁྲུལ་བ་ཡིན། ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་དང་ཁུང་ཙི་གཉིས་ཀྱི་བར་དུ་མི་ལོ་བརྒྱད་སྟོང་ལྷག་གིས་བྱོན་རིམ་ལ་ཁྱད་པར་ཡོད། ཀོང་ཙེ་ཞེས་པའི་དོན་ལ་《ཞང་བོད་ལོ་རྒྱུས་ཏི་སེའི་འོད་》ལས། ཀོང་ཙེ་ཞེས་པའི་དོན་ནི་འཕྲུལ་ཡིན་སྟབས་ཤེས་པ། ཀོང་ཙེ་ཞེས་པ་དེ་ཡི་གེའི་རྣམ་པ་ལ་གོ་དགོས་པ་འདྲ་ཞིག་ཏུ་སྣང་མོད། ཅེས་གསུངས་པ་ལ་དགོངས་གཞི་གཞན་ཡོད་ན་ཐང་། ཀོང་ཙེ་ཞེས་པ་ནི་གཙུག་ལག་ལ་བཞེད་དགོས་པ་གཟུངས་འདུས་དང་གཏོ་ཆོག་རྣམས་སུ་གསལ་འདུག་”15 ཅེས་འཁོད་ཡོད་པ་དང་། ཡང་བསོད་ནམས་དབང་ལྡན་གྱིས་ཕྱོགས་བསྒྲིགས་མཛད་པའི་《ས་དཔྱད་ཕྱོགས་བསྒྲིག་》ལས། “ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ཞེས་པ་ནི་རྩིས་དང་ས་དཔྱད་སོགས་ལ་མཁས་པའི་སྔོན་བྱོན་མཁས་དབང་ཚད་མར་འཛིན་པ་ཞིག་ཡིན་པ་ཀུན་ལ་གྲགས་ནའང་། སྔར་གྱི་ལོ་རྒྱུས་དང་གཞུང་རྣམས་སུ་ལ་ལས་བོད་ནས་འཁྲུངས་ཚུལ་དང་ལ་ལས་རྒྱ་ནག་གི་ཡིན་ཚུལ་སོགས་བཤད་ཡོད་པ་ནི་མ་དག་རྒྱུན་འབྱམས་དང་ངག་རྒྱུན་ཙམ་ལ་བརྟེན་པ་ལས་ལོ་རྒྱུས་ཀྱི་ཁུངས་ལུང་ཐུབ་པ་ཞིག་མེད་པ་འདྲ། ད་ཐེངས་ས་དཔྱད་ཀྱི་བྱུང་འཕེལ་སྐོར་ལ་བསམ་གཞིགས་གཏོང་སྐབས་ངེས་ཤེས་འདྲོངས་པའི་བློ་ཞིག་སྐྱེས་པ་ནི། ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ནི་མི་མཇེད་འཇིག་རྟེན་གྱི་ལྷོ་ཕྱོགས་གནའ་སྔ་མོར་ཞང་ཞུང་ཞེས་བྱ་བ་དང་ད་ལྟ་བོད་ཀྱི་ཁོངས་སུ་འདུ་བ། བོན་གྱི་སྟོན་པ་གཤེན་རབ་ཀྱི་དུས་སུ་འཁྲུངས་ཤིང་། འགྲོ་དོན་རྒྱ་ཆེར་མཛད་པའི་མཁས་པ་མཆོག་ཏུ་གྱུར་པ་ཞིག་ཡིན། དེ་ཡང་དཔྱད་གཞིའི་ལུང་འགའ་རེ་འདྲེན་ན།” ཞེས་རྗེས་སུ་《མདོ་ཟེར་མིག་》ལྟར་དྲངས་ཡོད་པས་འདིར་བསྐྱར་ཟློས་མི་བྱ། ཡང་དེ་ཉིད་ལས། “ལ་ལས་ཀོང་ཙེ་ཞེས་པ་ཞང་ཞུང་གི་ཡིན་པ་དང་། ཕྱིས་ཀྱི་རྒྱ་ནག་གི་ཁུང་ཙི་(孔子)དེ་ཞང་ཞུང་གི་ཀོང་ཙེ་འཕྲུལ་རྒྱལ་གྱི་སྤྲུལ་པ་ཡིན་ཚུལ་སོགས་ཀྱང་བཤད་མོད། དེ་ནི་ཡིག་ཚང་འགའ་རེ་ལ་བཙན་སྦྱོར་བྱས་པའི་དཔྱད་པ་ཡིན་སྙམ་མོ།།”16  ཞེས་དང་། གཞན་ད་དུང་བློན་ཚང་ལུང་རྟོགས་རྒྱ་མཚོའི་《བོན་གྱི་གྲུབ་མཐའ་ལ་དཔྱད་པ་ཞེས་པའི་ལྟ་ཚུལ་ལས་འཕྲོས་པའི་ལེགས་བཤད་》ཞེས་པ་ལས། 《མདོ་གཟེར་མིག་》 དང་ 《དྲི་མེད་རྩ་བའི་མདོ་》གཉིས་ལས་བཤད་པའི་ཀོང་ཙེ་འཕྲུལ་རྒྱལ་གྱི་ལོ་རྒྱུས་ལྟར་བཤད་ཡོད་ཅིང་། མཇུག་ཏུ་ “འོལ་གླིང་གི་ཀོང་ཙེ་རྒྱ་ནག་གི་ཀོང་ཙེའམ་ཁུང་ཙིར་ངོས་བཟུང་སྟེ་ཞིབ་འཇུག་བྱེད་པ་ནི་རྫིང་བུའི་ནང་གི་ཟླ་གཟུགས་ལ་བལྟས་ཏེ་མཁའ་ཟླའི་ཆེ་ཆུང་གི་ཚད་འདི་འདྲ་ཡིན་ཞེས་པ་དང་ཆེས་ཀུན་མཚུངས་སོ།།”17 ཞེས་གསལ། འདིའི་ཚིག་དོན་ལ་གཞིགས་ན། ཁོང་གི་རང་ལུགས་ནི་ཀོང་ཙེ་འཕྲུལ་རྒྱལ་ཞང་ཞུང་དུ་འཁྲུངས་པ་དངོས་དོན་དང་ཁུང་ཙི་ཡིན་པར་སྨྲ་བ་ནི་བདེན་མེད་ཡིན་པར་བཤད་འདུག དེ་ལྟར་གོང་འཁོད་ཀྱི་ཡིག་ཆ་རྣམས་ནི། ཀོང་ཙེ་འཕྲུལ་རྒྱལ་ཞང་ཞུང་དུ་འཁྲུངས་པར་འདོད་པའི་སྐོར་ཡིན་ལ། དོན་དམ་པར་བཤད་ན། པིར་མིང་འཛིན་པ་ངེད་ཀྱི་རང་ལུགས་ཀྱང་འདི་རང་ཡིན་ཅིང་། འདི་ལྟར་འདོད་པའི་རྒྱུ་མཚན་དང་སྒྲུབ་བྱེད་ནི་མཇུག་ཏུ་རྒྱས་པར་གླེང་ཡོད་པས་མུ་མཐུད་གཟིགས་པར་ཞུའོ།།

 


གསུམ།     ཀོང་ཙེ་འཕྲུལ་རྒྱལ་རྒྱའི་རྒྱལ་པོ་ཐང་ཐེ་ཙུང་ཡིན་པར་འདོད་པའི་སྐོར་བཤད་པ།

དེ་ཡང་《མ་ཎི་བཀའ་འབུམ་》དུ། རྒྱ་ནག་ཀེ་ཤིང་ཁྲི་སྒོ་ནས་རྒྱ་རྗེ་ཀོང་ཙེ་འཕྲུལ་རྒྱལ་གྱི་རྒྱལ་པོའི་སྲས་འཕྲུལ་ཆུང་བྱ་བའི་སྲས་མོ་ལྷ་གཅིག་ཀོང་ཇོ་ཞེས་གསུངས་ཡོད་པ་ལ་བརྟགས་ནས། ཀོང་ཙེ་འཕྲུལ་རྒྱལ་ཞེས་པ་ཐང་ཐེ་ཙུང་ལ་ངོས་བཟུང་བ་དཔེར་ན། 《གུང་ཐང་བསྟན་པའི་སྒྲོན་མེའི་རྣམ་ཐར་》ལས། “རྒྱ་བཟའ་ཀོང་ཇོ་བོད་དུ་ཕེབས་ལམ་ནས་བྲག་ལ་བྱམས་པ་ཁྲུ་བརྒྱད་ཅུ་པ་བཞེངས་ཞེས་པ་གཞན་སྟོན་རྒྱུ་མེད་ལ། འདིའི་ཉེ་འཁོར་དུ་སྒྲོལ་མ་རང་བྱོན་ཡང་བཞུགས་པས་འབུམ་གླིང་གི་བྱམས་པ་ཀོང་ཙེས་བཞེངས་ཟེར་བ་དེ་ཀོང་ཇོ་དང་སྒྲ་ནོར་བ་འདུག་ཅེས་གསུངས།”18 ཞེས་དང་། བྲག་སྒོམ་པའི་《མདོ་སྨད་ཆོས་འབྱུང་》ལས་ཀྱང་། “དཔྱོད་ལྡན་འགའ་ཞིག་གིས་མ་ཎི་བཀའ་འབུམ་དུ། རྒྱ་ནག་ཀེ་ཤིང་ཁྲི་སྒོ་ནས་རྒྱ་རྗེ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོའི་སྲས་ཀོང་ཙེ་འཕྲུལ་ཆུང་བྱ་བའི་སྲས་མོ་ལྷ་ཅིག་ཀོང་ཇོ་གསུངས་འདུག་པས་སྲས་མོས་བཞེངས་པ་ལ་ཡབ་ཀྱི་མིང་བཏགས་འདྲ་ཡང་ཟེར་།”19 ཞེས་འཁོད་ཡོད་པ་དང་། དཔའ་བོ་གཙུག་ལག་ཕྲེང་བའི་《ཆོས་འབྱུང་མཁས་པའི་དགའ་སྟོན་》དུ།  “རྒྱལ་པོ་ཐང་ཐེ་ཙུང་ངམ་ཀོང་ཙེ་འཕྲུལ་རྒྱལ་ཞེས་པ་དེ་དང་མཇལ།”20 ཞེས་པ་ལ། དུང་དཀར་རིན་པོ་ཆེའི་《དུང་དཀར་ཚིག་མཛོད་ཆེན་མོ་》ཞེས་པ་ལས།  “ཀོང་ཙེ་འཕྲུལ་རྒྱལ། འདི་ལ་བོད་ཡིག་ཐོག་བཤད་སྲོལ་འདྲ་མིན་མང་པོ་མཆིས་པ་ལས། 《མཁའ་པའི་དགའ་སྟོན་》པེ་ཅིང་མི་རིགས་དཔེ་སྐྲུན་ཁང་གི་ལྕགས་དཔར་མ་ཤོག་གྲངས་206ཐོག་རྒྱལ་པོ་ཐང་ཐེ་ཙུང་ངམ་ཀོང་ཙེ་འཕྲུལ་རྒྱལ་ཞེས་པ་དེ་དང་མཇལ་ཞེས་འཁོད་པ་འདི་ནི་ཐང་རྒྱལ་རབས་ཀྱི་གོང་མ་ཐང་ཐེ་ཙུང་ལ་བཟོ་བོ་མཁས་པ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་དང་འདྲ་བའི་བསྟོད་བསྔགས་བྱས་པ་ཞིག་ཡིན་ཚོད་ལས། ཐང་ཐེ་ཙུང་ལ་ཀོང་ཙེ་འཕྲུལ་རྒྱལ་ཞེས་པའི་མིང་སྒྲ་རྒྱ་སྐད་ཐོག་བརྗོད་སྲོལ་མི་སྣང་།”21 ཞེས་གསུངས་པ་ལྟར་དངོས་པོའི་གནས་ཚོད་དུའང་དེ་ལྟར་ཡིན་ནམ་སྙམ་མོ།།


 

བཞི། ལྕང་སྐྱ་ཚང་གིས་ཀོང་ཙེ་འཕྲུལ་རྒྱལ་རྒྱའི་ཁུང་ཙིར་བཞེད་པའི་རྒྱུ་མཚན་དང་དགོས་པ་བཤད་པ།

དེ་ཡང་ཇི་སྐད་དུ། མདོ་ལས། “དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན།།”  ཞེས་སངས་རྒྱས་ཀྱི་གསུངས་ལ་ཡང་བརྟག་དཔྱད་གཏོང་དགོས་ཞེས་གསུངས་ཡོད་ཙ་ན། མཁས་པ་གཞན་རྣམས་ཀྱི་གསུང་ལ་དེ་བས་སྨོས་ཅི་དགོས། དེའི་ཕྱིར་ལྕང་སྐྱ་ཚང་གིས། ཁུངས་གང་ལ་བརྟེན་ནས་ཀོང་ཙེ་འཕྲུལ་རྒྱལ་ཁུང་ཙི་ཡིན་པར་གསུངས་པ་དང་། ཡང་ན་དེ་ལྟར་བརྗོད་པའི་དགོངས་གཞི་དང་དགོས་པ་གང་ཡིན་དག་ལ་དཔྱད་པ་མ་བཏང་ན། མ་བསམ་ས་ནས་ལྕང་སྐྱ་ཚང་ལ་མཁས་མིན་མཁྱེན་མིན་གྱི་ཆོ་ལོ་ཐོགས་པ་མ་ཟད། མཁས་པ་ལ་ལས་ད་དུང་དགག་པའང་བསྐྱོན་ཡོད་པ་དེ་འདྲ་རེད། ཕྲན་གྱི་ལྟ་ཚུལ་ལ། ལྕང་སྐྱ་རིན་པོ་ཆེས་ཀོང་ཙེ་འཕྲུལ་རྒྱལ་ཙི་ནའི་ཁུང་ཙི་ཡིན་ཚུལ་བརྗོད་པ་ནི། ཁོང་གི་དགོངས་གཞི་དངོས་མིན་པར་འདོད། དེ་ལ་དགོས་དབང་གཞན་ཞིག་ཡོད་པའི་ཕྱིར་རོ།། བཤད་རྒྱུན་དུ། སྔོན་བོད་ཤར་ཕྱོས་ཀྱི་རྒྱལ་མོ་ཚ་བ་རོང་དང་ཆིང་སྲིད་གཞུང་གཉིས་མ་འགྲིག་སྟེ། གོང་མའི་དམག་གིས་ལོ་བཅུ་གཉིས་ཙམ་འཐབ་རྒོལ་བྱས་རྗེས་ད་གཟོད་ཚ་བ་རོང་པ་རྣམས་གོང་མའི་མངའ་འོག་ཏུ་བཅུག་ཐུབ་པ་བྱུང་ཞེས་ཟེར་ཞིང་། སྐབས་དེར་ཆིང་གོང་མའི་དམག་རྣམས་ཕམ་ཉེས་ཚབས་ཆེན་འཁེལ་བས། གོང་མས་བོད་ཀྱི་བླ་དཔོན་དགའ་ལ། ཡུལ་དེ་གའི་མི་རྣམས་དེ་ལྟར་དཔའ་བཙན་ཞིང་གཏུམ་སྤྱོད་ཆེ་བའི་རྒྱུ་རྐྱེན་གང་ལ་ཐུག་ཚུལ་དྲི་བ་མཛད་པ་ན། བླ་དཔོན་དེ་ཚོས་ས་དེ་གའི་མི་རྣམས་ཀྱི་ཆོས་ལུགས་ནི་བོན་ཆོས་ཡིན་ཞིང་། ཆོས་དེ་ནི་ངན་སྔགས་དང་དྲག་པོའི་ལས་སྦྱོར་ལ་ཧ་ཅང་མཁས་པས་དེའི་རྐྱེན་གྱིས་ཡིན་སྲིད་ཀྱི་རེད་སྙམ་ཞེས་ཞུས། གོང་མ་སྙིང་ནད་དེའི་དབང་གིས། རྗེས་སུ་བོན་ཆོས་ཀྱིས་གཙོ་བྱས་པའི་གྲུབ་མཐའ་གཞན་ཚང་མ་མེད་པར་བཟོས་ཏེ། དགེ་ལུགས་གཅིག་པུར་དད་པ་བྱེད་དགོས་ཞེས་ལྕང་སྐྱ་ཚང་ལ་བཀའ་གནང་སྐབས། ལྕང་སྐྱ་རིན་པོ་ཆེས་དེ་ལྟར་བྱེད་མི་འོས་ཚུལ་དང་། བོན་ཆོས་ཀྱི་བདག་པོ་སྟོན་པ་གཤེན་རབ་ནི་རྒྱ་ནག་གི་ལའོ་ཙི་ཡིན་ཞིང་། ཀོང་ཙེ་འཕྲུལ་རྒྱལ་ནི་ཁུང་ཙིའམ་ཁུང་ཧྥུ་ཙི་ཡིན་ཚུལ་སོགས་ཐབས་མཁས་ཀྱིས་ཡར་ཞུ་བྱས་པས། གོང་མ་ལའོ་ཙི་དང་ཁུང་ཙིའི་ལུགས་ལ་ཧ་ཅང་བརྩི་མཐོང་ཆེ་ཞིང་དད་མོས་ལྡན་པས་བོན་ཆོས་རྣམས་རང་སོར་འཇོག་ཐུབ་པ་བྱུང་ཞེས་གྲགས། བཤད་ཚུལ་དེ་ནི་ཤིན་ཏུ་བདེན་ནམ་སྙམ་སྟེ། ཐུའུ་བཀྭན་ཆོས་ཀྱི་ཉི་མས་མཛད་པའི་《ལྕང་སྐྱ་རོལ་པའི་རྩོ་རྗེའི་རྣམ་ཐར་》ལས། “ཤར་རྒྱལ་མོ་རོང་གི་ཁམས་པའི་སྡེ་རྒྱ་མི་ཆུང་ཙམ་ལ་དབང་བྱེད་པའི་སྡེ་དཔོན་ཁོ་རང་གི་འབངས་རྣམས་ཀྱིས་རབ་བརྟན་རྒྱལ་པོ་ཞེས་འབོད་ཅིང་། སྡེ་རྣམས་དཔའ་རྩལ་དང་གཏུམ་དྲག་ཆེ་ཞིང་ཡུལ་ཕྱོགས་རོང་ཤིན་ཏུ་དོག་ཅིང་རྩུབ་པ། ཆུ་བོ་རབ་མེད་ཀྱིས་འཁྱུད་པས་བགྲོད་ཤིན་ཏུ་དཀའ་བ། དགེ་ལུགས་པ་མ་གཏོགས་གྲུབ་མཐའ་ཐམས་ཅད་དར་ཞིང་མཆོད་གནས་གཙོ་བོ་བོན་ལ་བྱེད་པ་ཞིག་ཡོད་པ་དེ། ཉེ་འཁོར་གྱི་ས་དཔོན་འགའ་ཞིག་གིས་ཟ་འདོད་ཀྱིས་སྙད་གཙེར་ལ་བརྟེན་ནས་ངོ་ལོག་པ་ལ།  གོང་ནས་དཔུང་འཇུག་རིམ་པས་མཛད་ཀྱང་། ས་བཙན་པ་སོགས་ཀྱིས་ལོ་རེ་ཞིག་གི་བར་དུ་མ་ཐུབ།”  ཅེས་དང་།  ཡང་དེ་ཉིད་ལས། “སྐབས་འདི་འདྲ་ཙམ་དུ་གོང་མའི་དཔུང་གིས་རྒྱལ་མོ་རོང་བའི་མི་བསྲུན་པ་རྣམས་ཚར་བཅད་ནས་ས་ཆ་མི་སྡེ་མཐའ་དག་མངའ་ཞབས་སུ་བསྡུས་པས། ཡུལ་དེ་ན་སྔ་མ་གྲུབ་མཐའ་གཞན་ཕྱོགས་ཀྱི་དགོན་སྡེ་རེ་གཉིས་ལས་དགེ་ལུགས་པ་སྟོབས་ཆེན་མེད་ཅིང་། བོན་ཤིན་ཏུ་དར་བར་ཡོད་པ་ལ། གོང་མ་ཆེན་པོས་དེང་ཕྱིན་ཆད་ནས་བོན་ལུགས་བྱས་མི་ཆོག་པའི་བཀའ་ལུང་དྲིལ་བསྒྲགས་ཤིང་། ཡུལ་གྱི་ལྟེ་བར་གཡུང་དྲུང་ལྷ་ལྡིངས་ཟེར་བའི་བོན་གྱི་དགོན་པ་ཡོད་པ་གཏོར་ནས་ལྷ་ཁང་སོགས་རང་བབས་སུ་བཞག་པ་ལ། དགེ་འདུན་མང་པོ་བསྡུས་ཏེ་ཞྭ་སེར་ཅོད་པན་འཛིན་པའི་ཆོས་སྡེ་ཆེན་པོ་དགའ་ལྡན་གླིང་བྱ་བ་བཙུགས། དེར་འཆད་ཉན་གྱི་སློབ་དཔོན་དུ་བླ་མ་བཟང་བ་ཞིག་གཏོང་རྒྱུ་རྗེ་བླ་མར་བཀའ་ཕེབས་པ་བཞིན་པཎྜིཏ་མཁན་པོ་སངས་རྒྱས་འོད་ཟེར་གཏོང་བ་གནང་ཞིང་། ཁོ་པ་ལ་ཕྱོགས་དེའི་བསྟན་འགྲོར་གང་ཕན་བྱེད་ལུགས་ཀྱི་བསླབ་བྱ་རྒྱས་པར་གནང་། དེ་དུས་གོང་ནས་རྗེ་བླ་མ་མཆོག་ལ་བོན་ལུགས་ཀྱི་ཁུངས་དང་འདོད་ཚུལ་རྣམས་ཞིབ་ཏུ་བཀའ་འདྲི་གནང་བར། གཤེན་བོན། བརྡོལ་བོན། བསྒྱུར་བོན་སོ་སོའི་ལོ་རྒྱུས་རྣམས་དང་། བོན་གྱི་སྟོན་པ་གཤེན་རབ་རྒྱའི་ལོའུ་ཀྱུན་བྱ་བ་ཡིན་པས། བོན་དང་རྒྱའི་དོའུ་སི་གཉིས་ཁུངས་གཅིག་ཚུལ་སོགས་ཞིབ་ཏུ་ཞུ་བ་མཛད། དེ་ལས་འཕྲོས་ཏེ་བོད་ན་གྲུབ་མཐའ་མི་འདྲ་བ་ཅི་ཙམ་ཡོད་པ་དང་། དེ་ཐམས་ཅད་སངས་རྒྱས་ཀྱི་བསྟན་པ་ཡིན་མིན།”  ཞེས་དང་། ཡང་དེ་ཉིད་ལས། “གནད་ཅི་མི་ཤེས་པར་རི་བོང་ཅལ་འདྲོགས་ཀྱི་རྗེས་སུ་ཞུགས་པའི་དེང་སང་གི་དགེ་ལུགས་པའི་བསྟན་འཛིན་དུ་ཁས་འཆེ་བ་འགའ་ཞིག་ལ་གོང་མས་བཀའ་འདྲི་དེ་ལྟ་བུ་གནང་བ་ཡིན་ན། དགེ་ལུགས་པ་མ་གཏོགས་གཞན་ཐམས་ཅད་ཆོས་ལོག་ཡིན་པས་དེ་ཐམས་ཅད་རོ་མེད་མཛད་ན་ལེགས་ཚུལ་གྱི་ཞུ་བ་ཨུ་ཚུགས་ཞིག་བྱེད་ཚོད་དུ་འདུག་ཀྱང་། རྗེ་བླ་མ་དམ་པ་འདི་ཉིད་ནི་བྱང་ཆུབ་ལམ་གྱི་རིམ་པར་གསུངས་པ་བཞིན་བསྟན་པ་ཐམས་ཅད་འགལ་མེད་དུ་གཟིགས། དེ་ལ་བརྟེན་ནས་གསུང་རབ་མ་ལུས་པ་གདམས་ངག་ཏུ་ཤར། དེའི་མཐུས་རྒྱལ་བའི་དགོངས་པ་བདེ་བླག་ཏུ་རྙེད་ནས། ཉེས་སྤྱོད་ཆེན་པོ་ཆོས་སྤང་བའི་ལས་ལ་ནམ་ཡང་མི་འཇུག་པའི་དབང་གིས། གྲུབ་མཐའ་རང་རང་གི་གནས་ལུགས་བབས་རྒྱུན་དྲང་པོར་ཞུ་བ་ལས་ཆགས་སྡང་ཕྱོགས་ཞེན་གྱི་རྫུན་ཞུ་མ་མཛད་པ་བརྟེན། གཞན་ཕྱོགས་པ་རྣམས་ཀྱང་སྔར་རྒྱུན་རང་བབས་སུ་གནས་ཐུབ་པ་འདི་བྱུང་བས། དགེ་ལུགས་པ་གཅིག་པུར་མ་ཟད་རིས་སུ་མ་ཆད་པའི་ཆོས་ལུགས་འཛིན་པ་མཐའ་དག་གིས་མགོན་འདིའི་བཀའ་དྲིན་གྱིས་ཕུང་པོ་གཞལ་དཀའ་བར་སྣང་ངོ།།”22 ཞེས་གསུངས་ཡོད་པ་ལ་དཔགས་ན། ལྕང་སྐྱ་རིན་པོ་ཆེས་བོན་གྱི་སྟོན་པ་གཤེན་རབ་དང་ཀོང་ཙེ་འཁྲུལ་རྒྱལ་གཉིས་རྒྱའི་ལོ་ཀྱུན་དང་ཁུང་ཙི་ཡིན་ཚུལ་གསུངས་པའི་དགོངས་གཞི་དངོས་ནི་བོན་ཆོས་སྐྱོབ་པའི་ཕྱིར་དུ་ཡིན་པ་གདོན་མི་ཟའོ།། ཡང་བཤད་ཚུལ་གཞན་ཞིག་ལ། ཐུབ་བསྟན་པའི་མཁས་པ་ཚོས། ཀོང་ཙེ་འཕྲུལ་རྒྱལ་སྟོན་པ་གཤེན་རབ་ཀྱི་དངོས་སློབ་ཡིན་པ་ཆེས་སྔ་མོ་ཞིག་ནས་མཁྱེན་ཡང་། ཁོ་ཚོས་ཀོང་ཙེས་མཛད་པའི་བསྟན་བཅོས་དེ་དག་བོན་ཁུངས་ལ་གཏུགས་ཡོད་པ་དེར་མ་འདོད་ནས། བོན་ཆོག་རྣམས་ཆོས་མཆོག་ཏུ་བསྒྱུར་སྐབས་རྐྱེན་དུ་མའི་དབང་གིས།23 ཀོང་ཙེ་འཕྲུལ་རྒྱལ་རྒྱ་ནག་ནས་འཁྲུངས་ཤིང་རི་བོ་རྩེ་ལྔར་རྗེ་བཙུན་འཇམ་དབྱངས་ཀྱིས་རྗེས་སུ་བཟུང་སྟེ། རྩིས་གཞུང་སོགས་ཀྱི་གདམས་ངག་གནང་། ཞེས་བཤད་སྲོལ་གསར་དུ་བཟོས་ཀྱང་ཟེར། གང་ལྟར་བཤད་རྒྱུན་འདིའི་རིགས་རྣམས་གཟུར་གནས་དཔྱོད་ལྡན་རྣམ་པ་ཚོས། སྔོན་བྱོན་བན་བོན་གྱི་མཁས་པ་ཚོའི་གསུང་འབུམ་དང་། ཆོས་འབྱུང་། གཏོ་གཞུང་། རྩིས་གཞུང་སོགས་ལས་རྩད་གཅོད་གནང་རྒྱུ་དང་གོམ་གམ་མདུན་སྤོས་ཀྱིས་དག་ཐེར་གནང་སྟེ་ལོ་རྒྱུས་དངོས་ཀྱི་རང་མདོག་གསལ་རྒྱུར་འབད་དགོས་སོ།།


 

ལྔ། ནག་རྩིས་ལས་འཕྲོས་ཏེ་ཀོང་ཙེ་འཕྲུལ་རྒྱལ་གྱི་དོགས་སློང་འགའ་བཤད་པ།

དེ་ཡང་ནག་རྩིས་བྱུང་འཕེལ་གྱི་ལོ་རྒྱུས་རྣམས་སུ། “འཇམ་དཔལ་སྨྲ་བའི་སེང་གེས་རི་བོ་རྩེ་ལྔར་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ལ་གནང་བ་ལོ་ཙཱ་བ་དར་ཆེན་ཐིག་ལེ་བརྒྱུད་དེ། བཻ་རོ་ཙ་ན། ཁམ་པ་ཕྲ་མོ་སོགས་ཀྱིས་ཉི་མ་གསེར་ཕྲེང་སོགས་སྔར་འགྱུར་དང་། སྟག་རྣ་སོགས་ཕྱི་འགྱུར་ཁྱུང་ནག་ཤཱཀ་དར་དང་ཐུག་པ་ཨརྱ་དེ་བ་སོགས་བརྒྱུད་དེ་རྒྱ་ནག་གི་གཞུང་ངོ་མ་དང་། དེ་ལ་བོད་ཀྱི་གཏེར་མ་བསྲེས་བསླད་ཅན་སྣ་ཚོགས་ཡོད།”24 ཅེས་གསུངས་འདུག་ཀྱང་། དོན་དངོས་གོང་དུ་བརྗོད་ཟིན་པ་བཞིན། ཁྲི་སྲོང་ལྡེ་བཙན་སོགས་ཀྱི་སྐུ་རིང་ལ། བཙན་པོས་བོན་ཆོས་བྱེད་མི་ཆོག་པའི་བཀའ་བསྩལ་ནས་བོན་ཆོས་གཏོར་ཏེ་བཀག་འགོག་ཤུགས་ཆེ་བྱས་ཀྱང་། སྐབས་དེའི་བོད་ཀྱི་སྤྱི་ཚོགས་སྟེང་བོན་ཆོས་ནི་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཡོད་པས། དེ་མཐའ་ཅིག་ཏུ་བཀག་ན་རྒྱལ་པོའི་ཆབ་སྲིད་སོགས་ལ་ཉེན་ཁ་ཧ་ཅང་ཆེ་བ་ནི་བཤད་མ་དགོས་པ་ཞིག་རེད། དེའི་ཕྱིར་སློབ་དཔོན་རིན་པོ་ཆེ་དང་བཻ་རོ་ཙ་ན་སོགས་ཀྱིས་ཐབས་མཁས་ཀྱི་སྒོ་ནས་བོན་ཆོག་རྣམས་ཆོས་ཆོག་ཏུ་བསྒྱུར་ཏེ། ནག་རྩིས་ཀྱི་ཁུངས་ཀྱང་འཇམ་དབྱངས་ཀྱིས་རི་བོ་རྩེ་ལྔར་ཀོང་ཙེ་ལ་གནང་བ་སོགས་ཀྱི་བཤད་སྲོལ་བྱུང་ཟེར་བ་ནི་དོན་དངོས་ཀྱི་གནས་ཚུལ་ཞིག་རེད་སྙམ། ལྕང་སྐྱ་རིན་པོ་ཆེའི་《དྭངས་གསལ་རི་བོའི་དཀར་ཆག་》ནང་། རྗེ་བཙུན་འཇམ་དབྱངས་ཀྱིས་རི་བོ་རྩེ་ལྔར་ཀོང་ཙེ་འཕྲུལ་རྒྱལ་ལ་གནང་བའི་བཤད་ཚུལ་འདི་དང་མཚུངས་པ་གསུངས་ཡོད་ཀྱང་། ཐུའུ་བཀྭན་ཚང་གིས་བཤད་ཚུལ་འདི་ཁས་མི་ལེན་ཏེ། དཔེར་ན་《ཐུའུ་བཀྭན་གྲུབ་མཐའ་》ལས། “བོན་རྒན་རྣམས་ཀྱིས། ནག་རྩིས་ཐོག་མར་རྒྱ་ཡུལ་དུ་རི་བོ་རྩེ་ལྔར་འཇམ་དབྱངས་ཀྱིས་གསུངས་ཟེར་བ་དང་། ལྷ་མོ་རྣམ་རྒྱལ་མའི་སྤྱི་བོ་ནས་བྱུང་ཟེར་བ་དང་། སློབ་དཔོན་པདྨས་གསུངས་ཟེར་བ་རྫུན་གཏམ་གྱི་ཕྲེང་བ་སྣ་ཚོགས་སྤེལ་བར་བྱེད་དོ།། དེར་མ་ཟད་བོད་དུ་དར་བའི་རྩིས་རྒྱུད་རྒྱ་ནག་ནས་བྱུང་བར་གྲགས་པ་འདི་དག་ཀྱང་རྒྱ་ཡུལ་དུ་མིང་ཙམ་ཡང་མི་འདུག་པས་བོད་ཅིག་གིས་བྱས་སམ་སྙམ་མོ།། སྤྱིར་ན་སྐྱེས་མཆོག་དེ་རྣམས་འཇམ་དབྱངས་ཀྱི་རྣམ་འཕྲུལ་མིན་པར་ཁ་ཚོན་གཅོད་མི་ནུས་ཀྱང་རྒྱ་ཡུལ་དུ་དེ་འདྲེའི་གཏམ་ཟུར་ཙམ་ཡང་མ་གྲགས་ཤིང་། སངས་རྒྱས་ཀྱིས་ལུང་བསྟན་པའང་མ་མཐོང་བས། སྣང་ཚོད་དང་ཀུན་ལ་ཡོངས་སུ་གྲགས་པ་ཉིད་ཁས་བླངས་པས་ཆོག་པར་སེམས་སོ།།”25 ཞེས་བཤད་ཚུལ་དེའི་རིགས་ལ་མི་མཐུན་པ་མ་ཟད། མཇུག་གི་གསུང་ཚིག་“སྣང་ཚོད་དང་ཀུན་ལ་ཡོངས་སུ་གྲགས་པ་ཉིད་ཁས་བླངས་པས་ཆོག་པར་སེམས་”ཞེས་པའི་ཚིག་འདིའི་ཤུགས་སུ་སྟོན་པ་གཤེན་རབ་ཀྱིས་ཀོང་ཙེ་འཕྲུལ་རྒྱལ་ལ་གནང་བའི་རྩིས་གཞུང་བཀའ་བསྡུ་མཛད་ཚུལ་གྱི་ལོ་རྒྱུས་ཡོངས་གྲགས་ལྟར་ཁས་བླངས་ན་ཆོག་གོ་ཞེས་བསྟན་ཡོད་སྙམ། གཞན་གོང་དུ་བཤད་པའི་“བོད་ཀྱི་གཏེར་མ་”ཞེས་པའི་ཚིག་འདི་ལས་ཀྱང་གནད་དོན་མང་པོ་ཞིག་རྙེད་ཐུབ་མོད། འོན་ཏེ་ཇི་སྐད་དུ། “བློ་དང་ལྡན་པར་མ་སྨོས་ཀྱང་། །རྣམ་འགྱུར་ཉིད་ལས་བསམ་པ་གོ །བལ་པོའི་སེའུ་མ་ཟོས་ཀྱང་། །ཁ་དོག་ཉིད་ལས་བྲོ་བ་ཤེས།།”  ཞེས་པ་ལྟར་ཡིན་པས་མང་དུ་སྨྲ་ཅི་དགོས། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་《རྩིས་བཤད་བཻཌཱུརརྱ་དཀར་པོ་》ལས། ནག་རྩིས་ཀྱི་སྐོར་དུ་ཀོང་ཙེ་འཕྲུལ་རྒྱལ་གྱི་སྐོར་མང་པོ་བཤད་ཅིང་། དེའི་གཡའ་སེལ་དུ་ད་དུང་ཀོང་ཙེ་འཕྲུལ་རྒྱལ་བོད་དུ་ཕེབས་ནས་འགྲོ་དོན་མཛད་པ་སོགས་འཁོད་ཡོད་པ་རེད། དེས་ན་ནག་རྩིས་ཐོག་མར་གསུང་མཁན་ནི་སྟོན་པ་གཤེན་རབ་དང་། དར་སྤེལ་གཏོང་མཁན་ནི་ཀོང་ཙེ་འཕྲུལ་རྒྱལ་ཡིན་པ་འདྲ། བོན་གྱི་ཆོས་འབྱུང་རྣམས་སུ་གོང་དང་མཚུངས་པ་གསུངས་འདུག་པ་མཐོང་། ཡིན་ན་ཡང་། ནག་རྩིས་བཀའ་བསྡུ་མཛད་པ་པོ་ཀོང་ཙེ་འཕྲུལ་རྒྱལ་དང་། ཞང་ཞུང་འོལ་གླིང་ན་ཡབ་རྒྱལ་པོ་ཀ་འདའ་དང་བཙུན་མོ་མུ་ཏྲི་གཉིས་ཀྱི་སྲས་སུ་འཁྲུངས་ཏེ། དཀར་ནག་བཀྲ་གསལ་གསས་ཁང་བཞེངས་མཁན་གཤེན་རབ་ཀྱི་དངོས་སློབ་དེ་གཉིས་གང་ཟག་གཅིག་བཤད་པ་ལ་དོགས་པ་འདི་ཡོད་དེ། དཔལ་ལྡན་ཚུལ་ཁྲིམས་ཀྱིས་བརྩམས་པའི་《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས་》ལས། སྟོན་པ་གཤེན་རབ་ཀྱི་གདུང་སྲས་སྐོར་ཤོད་སྐབས། བཅུ་གཅིག་རྒྱལ་སྲས་ཀོང་ཚ་འཕྲུལ་བུ་ནི། །སྐུ་ཡི་སྲས་གཤིན་བརྒྱད་ཀྱི་ཐ་ཆུང་སྟེ། །བཙུན་མོ་ཆུང་བ་བརྒྱ་བཟའ་འཕྲུལ་སྒྱུར་ལས། །རྒོད་རྗེ་རྒྱ་ཡི་ཡུལ་དུ་སྐུ་འཁྲུངས་ཏེ། །སྟོན་པའི་མདུན་དུ་གཙུག་ལག་རྩིས་རྒྱུད་སོགས། །བོན་སྒོ་ཀུན་གསལ་རྩིས་འབུམ་བཀའ་བསྡུ་མཛད།།26 ཅེས་འཁོད་ཡོད་དེ། སྤྱིར་ན་སྲས་ཞེས་པའི་དོན་དེ་ཐུགས་སྲས་དང་། གདུང་སྲས་གཉིས་ལ་འཇུག་པར་བཤད་ཀྱང་། སྐབས་འདིར་གདུང་སྲས་བཤད་པ་མ་ཟད་སྲས་བརྒྱད་པ་ཐ་ཆུང་ཡིན་ཚུལ་གསལ་པོ་བརྗོད་འདུག་པས། དེར་བལྟས་ན་དེ་གཉིས་གང་ཟག་གཅིག་མིན་པར་ཐ་དད་དུ་འདོད་དོ།།


 

དྲུག བྱམས་པ་འབུམ་གླིང་དང་འབྲེལ་ནས་ཀོང་ཙེ་འཕྲུལ་རྒྱལ་སྐོར་བཤད་པ།

2) དེ་ཡང་ཀན་སུའུ་ཞིང་ཆེན་ཡུང་ཆེན་རྫོང་ནས་ནུབ་ལྷོའི་ཕྱོགས་སུ་སྤྱི་ལེ་སོ་ལྔའི་མཚམས་ལ། རྒྱལ་ཡོངས་སུ་གྲགས་པའི་“བྱམས་པ་འབུམ་གླིང་”ཞེས་གནའ་དགོན་དེ་ཡོད་ཅིང་། དགོན་འདི་ཐོག་མའི་གཞིས་ཆགས་དུས་ནི། ནུབ་ཆིན་རྒྱལ་རབས་སྐབས་སུ་ཡིན་པར་བཤད། (ནུབ་ཆིན་རྒྱལ་རབས་ཀྱི་རྒྱལ་ས་ནི་དེང་སང་གི་ཀན་སུའུ་ཞིང་ཆེན་གྱི་ཀ་ཅུ་མཁར་ཡིན་པར་གྲགས་)ཡུལ་འདིར་གཉུག་མར་གནས་པའི་མི་ནི་སྤྱང་མི་རིགས་ཡིན་ལ། མིང་རྒྱལ་རབས་ཀྱི་སྐབས་སུ་དགོན་འདི་བོད་ཀྱི་གྲྭ་པ་ཚོས་བཟུང་ཞེས་ཟེར། འབུམ་གླིང་བྱམས་ཆེན་དེ་ཐང་རྒྱལ་རབས་ཀྱི་གོང་མ་ཐང་ཞན་ཙུང་གི་ཁྲི་ལོ་བཅུ་དགུ་བའི་དུས་སུ། ལང་ཀྲིག་ལྟ་ཞིབ་པ་ཕོའུ་ཁྲིན་ཙོ་ཡིས་སྤྱི་ལོ་731ལོར་བཞེངས་བསྐྲུན་མཛད།27 ཅེས་རྒྱའི་ལོ་རྒྱུས་ཁག་ལས་བཤད། བོད་ཀྱི་ཡིག་ཚང་རྣམས་སུ་བྱམས་ཆེན་དེ་ཀོང་ཙེ་འཕྲུལ་རྒྱལ་གྱིས་བཞེངས་ཞེས་ཟེར་བ་དང་། གུང་ཐང་བསྟན་པའི་སྒྲོན་མེ་དང་། དབལ་མང་པཎྜིཏ་སོགས་ཀྱིས་རྒྱ་བཟའ་ཀོང་ཇོས་བཞེངས་པར་བཤད། འབུམ་གླིང་ཞེས་པའི་མིང་ལ་རྒྱ་སྐད་དུ་ལ་ལས་(烦录)ཞེས་བྲིས་ཡོད་ཅིང་། ཁ་ཅིག་གིས་(自兰)ཞེས་བྲིས་ཡོད། གནའ་བོའི་ལོ་རྒྱུས་ཁག་ལ་གཞིགས་ན་(自兰)པེ་ལན་ནི་སྤྱང་མི་རིགས་ཕྱོགས་གཏོགས་ཀྱི་རྒྱལ་ཕྲན་ཞིག་ཡིན་པར་གྲགས།28 ཡིག་ཆ་ལ་ལའི་ནང་སྲོང་བཙན་གྱི་དུས་སུ་བོད་ཆེན་པོས་སུམ་བྷ་བསྣུབས་ཏེ་དབང་བསྒྱུར་འཕྲོས་འ་ཞ་དང་ལྡོང་ཁྲོམ་(党项)དང་། འབུམ་གླིང་(自兰)སོགས་དབང་བསྒྱུར་ནས་མུ་མཐུད་དུ་གཡུལ་ཁམས་རྒྱ་བསྐྱེད།29 ཅེས་འཁོད་ཡོད། གང་ལྟར་འབུམ་གླིང་ཞེས་པ་བོད་སྐད་དངོས་ཡིན་ཞིང་། 自兰 དང་ 烦 录  གས་ནི་བོད་སྐད་ལས་རྒྱ་སྐད་དུ་སྒྲ་ཟུར་ཆག་པའམ་སྒྲ་སྦྱོར་བྱས་པ་ཞིག་ལས། རྒྱ་སྐད་བོད་སྐད་དུ་སྒྲ་ཉམས་པ་ཞིག་མིན་སྙམ། བྲག་ཕུག་ཨང་171ནང་གི་བྱམས་ཆེན་གྱི་མཐོ་ཚད་ལ་རྨིད་28ལྷག་ཡོད། གཞན་བྲག་ཕུག་ཆེ་ཆུང་ཤིན་ཏུ་མང་ཞིང་དེ་དག་ལ་སྔོན་ལྷ་སྐུ་འབུམ་ཐེར་བཞུགས་པས། འབུམ་གླིང་དུ་གྲགས་ཟེར། གནའ་རྫས་རྟོག་དཔྱོད་པ་ཚོས་ཞིབ་འཇུག་བྱས་པ་ལྟར་ན། བྱམས་ཆེན་དང་བྲག་ཕུག་མང་ཤོས་ནུབ་ཆིན་རྒྱལ་རབས་དུས་ནས་བསྐྲུན་པར་འདོད། ཐང་རྒྱལ་རབས་ཀྱི་དུས་སུ་རྒྱ་བཟའ་ཀོང་ཇོས་བཞེངས་ཞེས་པ་དང་། ལང་ཀྲིག་ལྟ་ཞིབ་པ་ཕོའུ་ཁྲིན་ཙོ་ཡིས་བསྐྲུན། ཞེས་བཤད་ཚུལ་དེའི་རིགས་ཁུངས་ལུང་བཙན་པོ་ཞིག་མེད་པས་ཡིད་རྟོན་དཀའ། ཀོང་ཙེ་འཕྲུལ་རྒྱལ་གྱིས་བཞེངས་ཟེར་བ་འདི་ལ་རྒྱུ་མཚན་མང་པོ་འདུག་སྟེ། སྐལ་ལྡན་རྒྱ་མཚོའི་《ཨ་མདོ་ཆོས་འབྱུང་བསྡུས་པ་》ལས། “ཀོང་ཙེ་འཕྲུལ་རྒྱལ་གྱིས་བྱམས་སྐུ་ཆེན་མོས་ཐོག་དྲངས་བྱམས་སྐུ་འབུམ་ཐེར་བཞེངས།”30 ཞེས་གསུངས་ཡོད་པ་དང་། 《མཁར་ནག་ཆོས་འབྱུང་》དུའང་། “རྨ་ཆུའི་འགྲམ་དུ་སྤྲུལ་པའི་ལྷ་ཁང་། བཟོ་ཀོང་ཙེ་འཕྲུལ་རྒྱལ་གྱིས་བཞེངས་པའི་བྱམས་པ་འབུམ་གླིང་དུ།”  ཞེས་དང་། དེ་བཞིན་དུ་ཐུའུ་བཀྭན་རིན་པོ་ཆེ་ཚང་གིས།  “གནའ་དུས་གཤེན་རབ་ལོའུ་ཀྱུན་རྣམ་པ་སྟེ། །ད་ལྟ་མཆོག་གི་སྤྲུལ་སྐུའི་ཆ་བྱད་དུ། །བསྒྱུར་ལ་རྒྱལ་བའི་བྱིན་རླབས་ཞུགས་པ་ཡི། །འབུམ་གླིང་བྱམས་ཆེན་སྐུ་བརྙན་མཇལ་ལགས་སམ།།” ཞེས་གསུངས་ཡོད་པ་དང་། བྲག་སྒོམ་པའི་ཞལ་ནས། “བྱམས་པ་འབུམ་གླིང་གི་བྱམས་ཆེན་འདི་ངག་རྒྱུན་འགར་ཀོང་ཙེས་བཞེངས་པ་ཡིན་ཟེར་ཞིང་། དེའི་རྒྱུ་མཚན་གྱིས་ཀོང་ཙེའི་མིང་ལ་ཡང་བཟོ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ཞེས་བཤད། འགའ་ཞིག་དེ་བོན་པོ་ཞིག་ཡིན་པ་གཞིར་བཞག་ནས། དང་པོ་སྟོན་པ་གཤེན་རབ་ཀྱི་སྐུ་ཡིན་པ་ལ་ཕྱིས་སུ་གཙུག་ཏོར་སོགས་བསྣན་ཏེ་བྱམས་སྐུའི་རྣམ་པར་བསྒྱུར་ཟེར་སྣང་།”31 ཞེས་བྲག་སྒོམ་པས་གོང་གི་བཤད་ཚུལ་དག་ལོ་རྒྱུས་ཐོག་དངོས་སུ་བཀོད་འདུག་པ་མཁྱེན་མོད་ཀྱི། འོན་ཀྱང་བསམ་བཞིན་དུ་ངག་རྒྱུན་འགར་ཞེས་ཅུང་ཟད་ཁུངས་མེད་ཅིག་ཏུ་སྨྲ་དོན་ནི། ཁོང་གི་རྩ་བའི་བླ་མ་དབལ་མང་པཎྜི་ཏ་དང་། དེའི་བླ་མ་གུང་ཐང་རིན་པོ་ཆེ་སོགས་ཀྱིས་འབུམ་གླིང་གི་བྱམས་ཆེན་དེ་རྒྱ་བཟའ་ཀོང་ཇོས་བཞེངས་པར་གསུངས་ཤིང་། གསུང་རྒྱུན་དེ་རང་ལུགས་ཁུངས་བཙན་པོར་བསྒྲུབ་པའི་སླད་ཡིན་མདོག་ཁ་སྙམ། དེས་ན་གོང་གི་དེ་དག་ལས་ཀྱང་བཤད་ཚུལ་ཆེས་གསལ་བ་ཞིག་ནི། 《དགོན་ལུང་བྱམས་པ་གླིང་གི་དཀར་ཆག་》ཏུ། “པཎ་ཆེན་ཡེ་ཤེས་རྩེ་མོའི་སྐྱེ་བར་གྲགས་པ་གཙང་རྟ་ནག་པ་ཀུན་དགའ་རྣམ་སྲས་ཞེས་བྱ་བ། བཀྲ་ཤིས་ལྷུན་པོར་མཁས་པར་སྦྱངས་ཤིང་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་དངོས་སློབ་ཏུ་གྱུར། པཎ་ཆེན་རིན་པོ་ཆེའི་ལུང་བསྟན་ལྟར་མདོ་སྨད་དུ་བྱོན། བྱམས་པ་འབུམ་གླིང་གི་བྱམས་སྐུ་ཆེན་མོ་འདི་སྔ་མོ་ཀོང་ཙེའི་དུས་བཞེངས་པའི་བོན་ལྷ་ཡིན་འདུག་པ་ལ། བླ་མ་འདིས་གཙུག་ཏོར་སོགས་བསྣན་ནས་བྱམས་པའི་སྐུའི་རྣམ་པར་བསྒྱུར་”32 ཅེས་འཁོད་ཡོད་པ་འདི་ལས། འབུམ་གླིང་གི་བྱམས་སྐུ་འདི་དང་ཐོག་བོན་གྱི་སྟོན་པ་གཤེན་རབ་ཀྱི་སྣང་བརྙན་ཡིན་པ་ལ། ཕྱིས་སུ་གཙང་རྟ་ནག་པ་ཀུན་དགའ་རྣམ་སྲས་ཞེས་པའི་བླ་མ་དེས་གཙུག་ཏོར་སོགས་བསྒྱུར་ཏེ་བྱམས་སྐུར་བཟོས་པ་ཐག་བཅད་འདུག གོང་འཁོད་ཀྱི་ལོ་རྒྱུས་ཡིག་ཚང་ཁག་ལས་ང་ཚོས་བདེན་དཔང་བྱེད་ཐུབ་པ་ཞིག་ནི། བྱམས་སྐུ་བཞེངས་མཁན་རྒྱ་བཟའ་ཀོང་ཇོ་སོགས་སུ་བཤད་པ་དེ་བདེན་པ་མིན་པའི་ངེས་ཤེས་རྙེད་དེ། རྒྱ་བཟའ་ཀོང་ཇོ་ནི་ནང་བསྟན་པ་ཞིག་ཡིན་པས། དེས་བོན་ལྷ་མི་བཞེངས་པ་ནི་དོན་དངོས་ཀྱི་གནས་ཚུལ་ཞིག་རེད། ད་དུང་《མདོ་སྨད་ཆོས་འབྱུང་》ལས། “ལེན་ཧྭ་ཤན་ནམ་བོད་སྐད་དུ་པདྨའི་རིར་གྲགས་པའི་གནས་རི་བཀའ་ཆེམས་ཀ་འཁོལ་མར། རི་བོ་པདྨ་ཅན་ཞེས་བྱ་བ་ཡོད། འདིའི་རྩེ་ན་མན་ལུང་གུ་རུས། བྲག་ལ་སྐས་ཀྱིས་ཕྱིན་པའི་རྩེ་ན་ཀོང་ཙེས་བཞེངས་པའི་ལྷ་ཁང་འཇམ་དབྱངས་བྱིན་རླབས་ཅན་བཞུགས།”33 ཞེས་བཤད་པ་དང་། ཡང་དེ་ཉིད་ལས། ཀ་ཇུའི་མཁར་གྱི་ཕྱི་རོལ་དུ་བཞུགས་པའི་མཆོད་རྟེན་རི་མོའི་ལོ་རྒྱུས་བཤད་པའི་མཚམས་སུ། “ཐཱ་རི་ཟི་སྟེ་མཆོད་རྟེན་རིང་མོ་ནི། ཀོང་ཙེ་འཕྲུལ་རྒྱལ་གྱི་བུས་ནུབ་གཅིག་ལ་བཞེངས་ཟེར། རྒྱུ་སོ་ཕག་ལྟ་བུ་ལ་ཁང་བུ་བརྩེགས་པའི་བཟོ་དབྱིབས་ངོ་མཚར་བ་སྣང་།” ཞེས་འཁོད་ཡོད་དོ།། དེས་ན་བོན་གྱི་ཆོས་འབྱུང་རྣམས་སུ། ཀོང་ཙེ་འཕྲུལ་རྒྱལ་ལ་བུ་དང་བུ་མོ་དུ་མ་ཞིག་ཡོད་པ་འཁོད་ཡོད་ཅིང་། དུས་ནམ་ཞིག་གི་ཚེ་ཀོང་ཙེ་འཕྲུལ་རྒྱལ་བུ་འཁོར་དང་བཅས་ཞང་ཞུང་ནས་བྱང་ཤར་གྱི་ཕྱོགས་སུ་འགྲོ་དོན་མཛད་པར་ཕེབས་ཞེས་གསུངས་ཡོད་པ་དང་། 《མདོ་ཟེར་མིག་》ལས། “དེ་ནས་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་དེས།  རྒྱའི་ཤིང་རྟ་ལ་ཞོན། འཁོར་ཚོགས་མང་པོས་སྐུ་འཁོར་བྱས་ནས་ཆས་སོ།། འཁོར་ལ་ལ་ཡིས་བཀའི་དར་ཕྱར། །འཁོར་ལ་ལ་ཡིས་རོལ་མོའི་སྒྲ་བསྒྱུར། །འཁོར་ལ་ལ་ཡིས་རོལ་མོའི་སྦུབས་བསྒྱུར། །འཁོར་ལ་ལ་ཡིས་འཁོར་ལོའི་སྣ་དྲངས་ན། །ཡིད་ཆད་ནས་ཁ་བྱང་ཤར་དུ་ལྟས་ནས་འཁྱམ་དུ་སོང་ངོ་། །་་་་་ལ་དགུ་བརྒལ་ལུང་དགུ་འབོག་ཆུ་དགུ་བཅད་ཡུལ་དགུ་མཐོང་ནས་ཕ་མཐར་ཕྱིན་ཙ་ན། ཟངས་རི་ལྕགས་རི་སྤྱི་བོ་ཕྲད་པའི་ལུང་པ་ཞིག་ཏུ་ཕྱིན།།”34 ཞེས་གསུངས་པའི་ལུང་པ་ནི་འབུམ་གླིང་གི་ལུང་པ་དེ་ཡིན་ནམ་སྙམ། འབུམ་གླིང་གི་ལུང་པ་ཕར་ཚུར་གྱི་བྲག་རི་རྣམས་ནི་གོང་དུ་སྨྲས་པའི་ཟངས་རི་ལྕགས་རི་སྤྱི་བོ་ཕྲད་པ་ཞེས་པ་དང་ཆ་ཀུན་ནས་མཚུངས་སོ།། བླ་ཆེན་དགོངས་པ་རབ་གསལ་གྱིས་ལོ་རྒྱུས་ལ་གཞིགས་ན། དན་ཏིག་དང་ཡང་ཏིག་རྣམས་སུ་སྔོན་བོན་ཆོས་ཆེས་ཆེར་དར་ཡོད་པ་གསལ་ཞིང་། དན་ཏིག་དང་འབུམ་གླིང་ནི་ཐག་ཀྱང་ཉེ་བས། དེ་བས་བྱམས་པ་འབུམ་གླིང་གི་བྱམས་སྐུ་བཞེངས་མཁན་སྟོན་པ་གཤེན་རབ་ཀྱི་དངོས་སློབ་ཀོང་ཙེ་འཕྲུལ་རྒྱལ་ཡིན་པར་གོར་མ་ཆག་གོ། དོན་འདི་དག་ལ་དཔགས་ནས། དུང་དཀར་རིན་པོ་ཆེ་ཚང་གིས། ཀོང་ཙེ་འཕྲུལ་རྒྱལ་གྱི་ལོ་རྒྱུས་གླེང་སྐབས། ལྕང་སྐྱ་ཡབ་སྲས་ཀྱི་གསུང་ལྟར་ཀོང་ཙེ་འཕྲུལ་རྒྱལ་རྒྱའི་ཁུང་ཙི་ཡིན་པ་གཞིར་བཞག་གིས་གསུངས་ཡོད་ཀྱང་། མཇུག་ཏུ་《མཁར་ནག་ལོ་ཙཱ་བའི་ཆོས་འབྱུང་》ལས། བྱམས་པ་འབུམ་གླིང་གི་བྱམས་པ་དེ་ཀོང་ཙེ་འཕྲུལ་རྒྱལ་གྱིས་བཞེངས་ཚུལ་གསུངས་པ་དེ་ནི་ཀོང་ཙེ་དང་མིང་འདྲ་བ་ཙམ་ལས་དོན་མི་འདྲ་35 ཞེས་དཔྱད་བརྗོད་གནང་སྟེ། འབུམ་གླིང་གི་བྱམས་ཆེན་བཞེངས་མཁན་ནི། ལྕང་སྐྱ་ཡབ་སྲས་ཀྱིས་གསུངས་པའི་ཀོང་ཙེའམ་ཁུང་ཙི་དེ་མིན་པར་གསུངས་པ་དེས། དོན་དུ་ཀོང་ཙེ་འཕྲུལ་རྒྱལ་ཞེས་གཞན་ཞིག་གིས་བཞེངས་པ་ཁས་བླངས་སོ།། བོད་ཀྱི་ལོ་རྒྱུས་ཐོག་ཆེས་སྔ་བའི་བཟོའི་སྐུ་བརྙན་ཞིག་ད་ལྟ་དངོས་སུ་མཐོང་རྒྱུ་ཡོད་པ་དང་། ཡིག་ཏོག་ཏུའང་བཀོད་ཡོད་པ་ནི་ཀོང་ཙེ་འཕྲུལ་རྒྱལ་གྱིས་བཞེངས་པའི་འབུམ་གླིང་གི་བྱམས་སྐུ་འདི་ཡིན་ལ། བོད་ཀྱི་བཟོ་རིག་ཞིབ་འཇུག་པ་རྣམས་ལ་མཚོན་ན། སྣང་བརྙན་འདི་ནི་ཞིབ་འཇུག་གི་རིན་ཐང་བྲལ་བའི་རྒྱུ་ཆ་བླ་ན་མེད་པ་ཞིག་ཏུ་ཁུམས། ཡིན་ན་ཡང་། འགའ་ཞིག་གིས། སྲོང་བཙན་ཡར་སྔོན་དུ་ཞང་ཞུང་ནི་རང་ཚུགས་སུ་གནས་པའི་རྒྱལ་ཁབ་ཅིག་ཡིན་ཞིང་། ཀོང་ཙེ་འཕྲུལ་རྒྱལ་ཞང་ཞུང་དུ་འཁྲུངས་པ་ལགས་ན་དེ་བོད་མི་ག་ལ་ཡིན་ཞེས་ཀྱང་ཟེར། འདིའི་ལན་དུ་བརྗོད་རྒྱུའི་སྒྲུབ་བྱེད་མང་མོད་ཀྱི། སྐབས་འདིར་འཕྲོས་བཤད་དུ་འགྱུར་འགྲོ་བས། འདི་ལྟར་ཤེས་དགོས་ཏེ། སྟག་ཚང་དཔལ་འབྱོར་བཟང་པོའི་《རྒྱ་བོད་ཡིག་ཚང་ཆེན་མོ་》ལས། “སེ་དང་དབྲ་ཡི་ཆེ་དྲུག་དེ། །སྟོད་ན་ཞང་ཞུང་ཁྱུང་པོ་གཉིས། །བར་ན་མར་བ་སྤུ་རང་གཉིས། །སྨད་ན་རེ་ཁེ་ཉག་ལེ་གཉིས།།” ཞེས་བོད་ཀྱི་རིགས་རུས་ལས་མཆེད་པའི་མི་རྒྱུད་ཤ་སྟག་ཡིན་པ་གསུངས་ཡོད་པ་དེ་དག་ལ་ཞིབ་ཏུ་སོམས་དང་རང་ཤུགས་ཀྱིས་རྟོགས་པར་ནུས་སོ།།

 

བདུན། ཀོང་ཙེ་འཕྲུལ་རྒྱལ་གྱི་རི་མོ་འདྲ་མིན་ཁག་ལ་དཔྱད་པ།

1) དགེ་ཆོས་ཚང་གིས། “ཡུལ་སོ་སོའི་ལྷའི་ཆས་ནི་རྟག་ཏུ་ཡུལ་མི་གཙོ་བོའི་ཆ་ལུགས་སུ་འོངས་པས་རང་རེའི་ལྷ་བཙན་དང་རྒྱལ་པོར་འབོད་པ་འདི་དག་ལས། སྔོན་གྱི་བཙན་པོ་དང་རྒྱལ་པོ་སོགས་དྲན་དགོས་པ་ཡིན།  ་་་་་་རྨ་རྒྱལ་སྤམ་རས་ཕྱིང་ཞྭ་གྱོན་པ་ནས་བཟུང་སྟེ་ལྷ་མོ་དཔལ་མོས་རྐང་གདུབ་གྱོན་པའི་བར་ཞིབ་ཏུ་ལྟོས་དང་། ཡུལ་མིའི་རྣམ་པར་བྱས་མ་བྱས་མངོན་སུམ་དུ་མཐོང་བར་འགྱུར་རོ་” ཞེས་གསུངས་པ་ལྟར། སྔོན་གྱི་རི་མོའི་ལོ་རྒྱུས་མི་སྣ་དག་ལ་ཞིབ་ཏུ་དཔྱད་ན། ང་ཚོས་རྙེད་དཀའ་བའི་ལོ་རྒྱུས་ཀྱི་བདེན་དོན་མང་པོ་ཞིག་བདེ་བླག་ངང་རྙེད་ཐུབ་པ་བཞིན། འདིར་ཀོང་ཙེ་འཕྲུལ་རྒྱལ་གྱི་རི་མོ་འགའ་ངེད་ཀྱི་མིག་བསོད་དུ་གྱུར་པའི་དཔྱད་གཞིའི་སྟེང་ནས། ཀོང་ཙེ་འཕྲུལ་རྒྱལ་ནི་རྒྱའི་ཁུང་ཙི་མིན་པའི་རྒྱུ་མཚན་ངེས་ཅན་ཞིག་ཡོད་དེ། ཉེ་ཆར་ཕྲན་གྱིས་《ལྷ་རྩེ་སྐྱབས་མགོན་སྐུ་ཕྲེང་རིམ་བྱོན་》ཞེས་པའི་དཔེ་ཆ་དེའི་ཤོག་ལྡེབ་ལྔའི་སྟེང་བོད་ཡི་གིས་《སྨན་རྩིས་མཛོད་འཆང་ཀོང་ཙེ་འཕྲུལ་གྱི་རྒྱལ་》ཞེས་བྲིས་ཡོད་པ་དང་། རྒྱ་ཡིག་གི་ཁ་བྱང་དུ་(第二世 圣儒孔子)ཞེས་བྲིས་ཡོད་པའི་རི་མོ་ཞིག་མཐོང་བར་ཞིབ་ལྟ་ཟིག་བྱས་པས་ན། རི་མོ་དེའི་རྒྱབ་ཤོག་ཏུ་རྒྱའི་ཁུང་ཙིའི་ལོ་རྒྱུས་ལྟར་རྒྱ་ཡིག་གིས་བྲིས་འདུག འོན་ཀྱང་། རི་མོའི་ཆ་བྱད་ནི་རྒྱའི་ཁུང་ཙིའི་ཆ་བྱད་མིན་པར་དེ་ནི་བོད་བཙན་པོའི་རྒྱལ་རབས་དུས་ཀྱི་རྒྱལ་པོའི་བཟོ་ལྟ་ཁོ་ན་ཞིག་ཏུ་བྲིས་ཡོད་དེ། དབུ་ལ་དར་ཐོད་དཀྲིས་པ་དེའི་ཚུགས་ཀའང་སྲོང་བཙན་གྱིས་ལེ་བརྒན་དམར་པོ་དབུ་ལ་དཀྲིས་པའི་སྐུ་བྱད་ད་ལྟ་པོ་ཏ་ལའི་ཆོས་རྒྱལ་སྒྲུབ་ཕུག་ཏུ་བཞུགས་པ་དེའི་གཟུགས་དབྱིབས་དང་མཚུངས་ལ། བྲང་ཁར་གའུའི་དབྱིབས་བཞིན་བྲང་རྒྱན་བཏགས་པ་དེ་ཡང་། སྔོན་གྱི་ལྡེབས་རིས་རྣམས་སུ་མེས་དཔོན་རྣམ་གསུམ་གྱི་རི་མོ་ཁག་ཏུ་བྲང་རྒྱན་འདོགས་ཚུལ་ཡོད་པ་དང་གཉིས་སུ་མེད། ན་བཟའ་གསོལ་སྟངས་ཀྱང་། མགར་སྟོང་བཙན་དང་ཐོན་མི་སོགས་ཀྱི་མནབས་པའི་བོད་ལྭ་སྤྱིར་བཏང་དང་འདྲ་ཞིང་། ཕྱག་ཟུང་གིས་མིང་བྱང་ཤོག་དྲིལ་ལྟ་བུ་ཞིག་བསྣམས་ཡོད་ལ། འདི་ནི་རི་མོ་བས་བྲིས་ཉེས་བྱུང་བ་ཞིག་རེད་བསམ། རི་མོ་གཞན་དུ་ཕྱག་ལ་མདའ་ཞིག་འཛིན་ཡོད་པ་མཐོང་ཞིང་། དེ་བདེན་པའི་རྒྱུ་མཚན་གཤམ་དུ་བཤད། ལྷམ་ཡང་མཆིལ་ལྷམ་ཡིན་པ་དང་། ཞབས་སུ་རུས་སྦལ་ཞིག་ལ་བཞོན་ཡོད་པས། དེ་ནི་ནག་རྩིས་སོགས་སུ་བཤད་པའི་“མཧཱ་གསེར་གྱི་རུས་སྦལ་” ཞེས་གྲགས་པ་དེ་དང་འབྲེལ་བ་ཡོད་པ་འདྲ། རུས་སྦལ་གྱི་སྐོར་རྒྱ་རྩིས་གཅིག་པུ་ལས་བྱུང་བ་མིན་པར། བོད་ཀྱི་ལོ་རྒྱུས་རྣམས་སུའང་བཤད་འདུག་སྟེ། 《ལྡེའུ་ཆོས་བྱུང་》ལས། “བྱང་རུས་སྦལ་ནག་པོའི་སྟེང་དུ་སྤྲ་བདུན་རྩེ་དང་དེ་ལ་འཕྱོང་གཤེན་གསས་ལྷ་ཁང་བཞེངས།” ཞེས་གསལ་ཞིང་། ཡང་དེ་ཉིད་ལས། “ལྡེ་གླང་རུ་ཀར་གྱིས་ནི་རུའི་སྦལ་བདར་མཆེ་མི་གཤིན་རྨུ་རྒྱལ་ཚས་ནི་དབུ་ལ་མཆེ་བཙུགས་” ཞེས་སྔོན་བོན་གྱི་སྐུ་གཤེན་ཚོས་དབུ་ལ་རུས་སྦལ་གྱི་དབྱིབས་དང་མཚུངས་པའི་རྨོག་ཞྭ་ཞིག་གསོལ་བར་བཤད། ད་དུང་བཙན་པོའི་སྐབས་ཀྱི་རྡོ་རིང་ཁག་གི་ཞབས་སུ་རུས་སྦལ་ཡོད་པ་རྟག་པར་མཐོང་ཞིང་། དེ་དག་ནི་གནའ་བོའི་བོན་དང་འབྲེལ་བ་ཡོད་པར་འདོད། 《དག་པ་གསེར་གྱི་མདོ་ཐིག》ལས། “མཚོ་གླིང་འོ་མའི་རྡལ་ཁྱབ་ནས། །སྟོན་པ་ཆེན་པོ་འགྲོ་བའི་མགོན། །བླ་མེད་ས་བཅུ་སྟོན་པ་ཡིས། །མཁྱེན་རབ་བདག་པོ་འཇམ་པའི་དཔལ། །མཧཱ་གསེར་སྦལ་སེར་པོ་རུ། །སྐུ་སྤྲུལ་འགྲོ་བའི་དོན་ཡང་མཛད། །རྒྱ་མཚོར་ཞུགས་ནས་འགྲོ་དོན་མཛད། །འགྲོ་དོན་མཛད་ཕྱིར་རུས་སྦལ་སྐུ་རུ་སྤྲུལ།།”  ཞེས་གསུངས་ཡོད་པ་དང་། མདོ་འདི་གསུང་བ་པོ་ནི་ཀོང་ཙེ་འཕྲུལ་རྒྱལ་ཡིན་པ་མདོ་དེ་ཉིད་ལས། “བདུད་ཀྱི་བར་ཆོད་སེལ་ཕྱིར་དུ། །ཀོང་ཙེ་ལྷ་ཡི་རྒྱལ་པོ་ཡིས། །བདེ་བ་ཅན་གྱི་དཀྱིལ་འཁོར་བཅས། །ཏིང་འཛིན་གཡོ་མེད་རབ་ཏུ་བསྒོམས། །ཤེས་རབ་བྱམས་པའི་སེམས་བསྐྱེད་དེ། །དག་པ་གསེར་གྱི་མདོ་ཐིག་འདི་བརྩམས་པས།།”36 ཞེས་གོང་འཁོད་ཀྱི་ནང་དོན་ཁག་ལས། ང་ཚོས་ཀོང་ཙེ་འཕྲུལ་རྒྱལ་དང་འབྲེལ་བའི་རུས་སྦལ་སྐོར་གྱི་ལོ་རྒྱུས་འདི། རྒྱའི་སྤར་ཁར་བཤད་པའི་སྐབས་ཀྱི་རུས་སྦལ་དེར་འབྲེལ་བ་མེད་པ་ཤེས་ཐུབ་བོ།། གཞན་ཀོང་ཙེ་འཕྲུལ་རྒྱལ་གྱི་རི་མོ་འདིའི་མཐའ་སྐོར་དུ། སྟག་སེང་ཁྱུང་འབྲུག་སྤྲིན་དཀར་ལྡིང་བའི་བར་གསེང་དུ་བྲིས་ཡོད་པ་དེས། ཀོང་ཙེ་འཕྲུལ་རྒྱལ་ནི་རྒྱའི་ཁུང་ཙི་མིན་པའི་རྒྱུ་མཚན་ཡང་དག་བསྟན་ཡོད། དེ་ཅི་ཡིན་ཞེས་ན། སྟག་སེང་ཁྱུང་འབྲུག་གི་འབྱུང་ཁུངས་ནི་བོན་ཆོས་ལ་གཏུགས་ཡོད་པ་ཚང་མས་མཁྱེན་གསལ་ལྟར་དང་། སྒོས་སུ་《མདོ་ཟེར་མིག》ལས། “ཀོང་ཙེ་འཕྲུལ་རྒྱལ་དང་སྲིན་པོ་གཉིས་རྩོད་དེ་རྫུ་འཕྲུལ་མཛད་པའི་དུས་སུ། སྲིན་པོའི་མིག་ལམ་དུ། ད་ཅི་ལྟ་བུའི་ཀོང་ཙེ་མ་ཡིན་པར། །ཕྲག་པ་གཡས་ན་གསེར་གྱི་སྟག་བརྒྱ་མཆོང་། །ཕྲག་པ་གཡོན་ན་དུང་གི་སེང་བརྒྱ་མཆོང་། །སྤྱི་བོའི་གཙུག་ན་ལྕགས་ཀྱི་ཁྱུང་བརྒྱ་འཛུམས། །འཇིགས་པའི་སྐྱེས་པ་བརྒྱ་ཡིས་ཕྱོགས་བཞིར་བསྐོར་ནས་བྱུང་བར་མཐོང་།”37 ཞེས་འཁོད་ཡོད་འདི་ལས། ཀོང་ཙེ་འཕྲུལ་རྒྱལ་གྱི་རི་མོ་དེའི་མཐའ་སྐོར་དུ་སྟག་སེང་ཁྱུང་འབྲུག་བྲིས་ཡོད་པ་དེ་ཁུངས་གང་ལ་བརྟེན་ནས་བྱུང་བ་ཚང་མའི་སེམས་ལ་གསལ་ལེར་ངེས་སོ།། (རི་མོ་དང་པོར་གཟིགས།)ཡང་འཇིགས་མེད་ཐེག་མཆོག་གིས་བརྩམས་པའི་《བོད་བརྒྱུད་ནང་བསྟན་ལྷ་ཚོགས་ཆེན་མོ་》ཞེས་པའི་དཔེ་ཆ་དེའི་ཤོག་གྲངས1128སྟེང་ཀོང་ཙེ་འཕྲུལ་རྒྱལ་གྱི་རི་མོ་ཞིག་ཡོད་པ་དེའི་རྣམ་པ་ནི། གོང་གི་ཀོང་ཙེ་འཕྲུལ་རྒྱལ་གྱི་རི་མོ་དང་ཅུང་མི་འདྲ་བ་ཞིག་སྟེ། དབུ་ལ་མགོ་དཀྲིས་དཀྲི་ཚུལ་དེ་ཡང་ཅུང་ལྷབ་ལྷབ་ཏུ་ཡོད་པ་དང་། གནའི་ལྡེབས་རིས་རྙིང་པ་ཁག་ཏུ་སྟོན་པའི་སྐྱེས་རབས་ཀྱི་རི་མོ་རྣམས་སུ་མི་བྱིངས་ཀྱི་མགོ་དཀྲིས་འབྲི་ཚུལ་ལྟར་ཡིན་ཞིང་། ཐང་རྒྱལ་རབས་ཀྱི་རི་མོ་ཁག་ལས་བོད་ཀྱི་བློན་སྟོང་བཙན་ཡིན་ཞེས་པའི་རི་མོ་རྣམས་ལས་ཀྱང་མགར་སྟོང་བཙན་གྱི་དབུ་ལ་དར་ཐོད་དཀྲི་ཚུལ་འདི་དང་མཚུངས། གཞན་ན་བཟའ་མནབས་སྟངས་ནི་ཆོས་རྒྱལ་རྣམ་གསུམ་དང་རིགས་ལྡན་སོགས་ཀྱི་རྣམ་པ་དང་ཆ་གང་ནས་ཀྱང་འདྲ་ཞིང་། གོས་བེར་གྱི་ཕུ་དུང་སྣེ་གཉིས་ཕྲག་དཔུང་གཡས་གཡོན་གཉིས་སུ་འཁྱིལ་བའང་བོད་ཀྱི་གོམས་གཤིས་སུ་སོང་བའི་འབྲི་སྟངས་དེ་རེད། དེས་ན་ཀོང་ཙེའི་ན་བཟའ་གསོལ་སྟངས་རྣལ་མ་གང་ཡིན་བཤད་དཀའ་ཡང་། 《མདོ་ཟེར་མིག་》ལས། “ཀོང་ཙེ་འཕྲུལ་རྒྱལ་མི་ཞིག་དང་ཤགས་འགྱེད་སྐབས། གསེར་དང་གཡུ་ལ་སོགས་ང་བཞིན་དུ་རྒྱན་མང་པོས་བརྒྱན་མོད། ཤེལ་གྱི་ཕྲེང་བ་ཞིག་ལས་མེད་པ་ཅི་ཉེས། ་་་་་་ཁྱོད་དེ་ཙམ་དུ་མི་བཟོད་ན། ང་བཞིན་དུ་ལུས་ལ་དར་ཟབ་དང་དབྱི་སྤྱང་གོན་མེད། དུག་པོ་རྩི་བེར་ཅིག་གོན་པ་ཅི་ཉེས།”38 ཞེས་གསུངས་པ་ལ་བརྟག་ན། ཀོང་ཙེ་འཕྲུལ་རྒྱལ་གྱིས་གསེར་དང་གཡུའི་རྒྱན་ཆ་འདོགས་པ་དང་། དར་ཟབ་དང་དབྱི་སྤྱང་གི་པགས་གོས་གྱོན་ཡོད་པ་ཤེས་ནུས་སོ།། ཕྱག་གཡས་མདའ་ཞིག་བསྣམས་པའི་མདའ་མགོ་ཕྱག་གཡོན་གྱི་མཐིལ་ལ་བཞག་ཡོད་ཅིང་།  ཁ་ཅིག་གིས་དེ་ནི་བྲིས་ཉེས་བྱུང་བར་འདོད་ལ། དགོས་རྒྱུ་ནི་རྩིས་ཐུར་ཡིན་པར་འདོད། ངེས་ཀྱིས་ནི་མདའ་ཡིན་པར་སེམས། རྒྱུ་མཚན་ནི། བོད་ཀྱི་ལུགས་སྲོལ་དུ་མདའ་ནི་ཕྱྭ་གཡང་གི་མཚོན་བྱེད་ཡིན་ལ། དེ་ལ་གཡང་འམདའ་ཞེས་ཆོ་གའི་ཕྱག་ལེན་སོགས་ཀྱི་སྐབས་ད་ལྟའི་བར་ཁྱིམ་ཚང་ཕལ་མོ་ཆེས་བེད་སྤྱོད་བྱེད་སྲོལ་ཡོད་དེ་དཔེར་ན། གཉེན་སྟོན་དང་མི་ཤི་བའི་སྐབས་སུ་གཡང་འབོད་བྱེད་སྲོལ་ཡོད་པ་དེ་རེད། གཡང་འབོད་ཀྱི་འབྱུང་ཁུངས་བོན་ཆོས་ལ་ཐུག་པ་ཀུན་གྱིས་མཁྱེན་གསལ་ལྟར་ན། འདིར་དེ་སྐོར་གྱི་ལུང་དོན་འདྲེན་པའི་ངལ་བ་མི་དགོས་སྙམས། (རི་མོ་གཉིས་པར་གཟིགས།) 《མདོ་གཟེར་མིག་》ནང་། ཀོང་ཙེ་འཕྲུལ་རྒྱལ་གྱི་གསས་ཁང་བཞེངས་པའི་རོགས་སུ་“ཕྱྭ་ཀེང་ཙེ་ཞེས་(སྐབས་འགར་ཕྱྭ་ཀོང་ཙེ་ཡང་བྲིས་ཡོད་)པའི་ཐིག་འདེབས་མཁན་མཁས་པ་ཞིག་ཀྱང་ཡོད་པར་བཤད། ཕྱྭ་ཀོང་ཙེ་དང་ཀོང་ཙེ་འཕྲུལ་རྒྱལ་གཉིས་གང་ཟག་གཅིག་མིན་པ་དེ་ཉིད་ལས་གསལ། དེས་ན་བཟོ་ཀོང་ཙེ་འཕྲུལ་རྒྱལ་དང་། རྩིས་ཀོང་ཙེ་འཕྲུལ་རྒྱལ། ཕྱྭ་ཀོང་ཙེ་འཕྲུལ་རྒྱལ་རྣམས་ནི་གང་ཟག་གཅིག་མིན་པར་ཐ་དད་དུ་འདོད་པར་སེམས། ཡིན་ཡང་དེ་གསུམ་པོ་སྟོན་པ་གཤེན་རབ་ཀྱི་དུས་ཡིན་ཞིང་། གསུམ་པོ་ཞང་ཞུང་དུ་འཁྲུངས་པའི་རྟགས་ཡང་དག་《མདོ་ཟེར་མིག་》དང་། 《དྲི་མེད་རྩ་བའི་མདོ་》དང་། 《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས་》སོགས་སུ་གསལ་བས། རྒྱས་པར་ཤེས་འདོད་ན་དེ་དག་ཏུ་གཟིགས་པར་ཞུའོ།། གཞན་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་བྲིས་པའི་《ཀོང་ཙེ་འཕྲུལ་རྒྱལ་གྱི་རླུང་རྟ་》ཞིག་ཁོང་གི་འཁྲུངས་ཡུལ་རེབ་གོང་ཞོ་ཕུང་གི་གཞིས་ཁྱིམ་དུ་ཉར་ཚགས་གནང་ཡོད་པ་ཐོས་ཤིང་། རྨ་ལྷོའི་དགེ་འོས་སློབ་གྲྭའི་དགེ་རྒན་རྡོ་རྗེ་རྒྱལ་གྱིས་དེ་ལ་པར་བརྒྱབ་ནས་བསྐུར་ཡོང་གསུངས་ཀྱང་མ་འབྱོར་བས། དེ་ཐོག་གི་ཀོང་ཙེ་འཕྲུལ་རྒྱལ་གྱི་ཆ་བྱད་གང་འདྲ་ཡིན་མིན་དཔྱད་ཐབས་བྲལ། གཞན་དེ་གྲས་ཀྱི་འདྲ་པར་གཅིག་ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཁང་གི་སྐུ་ཞབས་ཚེ་རིང་ཐར་ལགས་ཀྱིས་ཁྱེར་ཟིན་པ་ཐོས་བྱུང་བས། གལ་ཏེ་བདེན་ན་རྩོམ་འདི་སྤེལ་མཇུག་ཏུ་གསལ་བཤད་ཅིག་གནང་ཐུབ་ན་རབ་ཡིན། མདོར་ན་རི་མོ་འདི་དག་ལས་ཀྱང་ཀོང་ཙེ་འཕྲུལ་རྒྱལ་ནི་རྒྱའི་ཁུང་ཙི་མིན་པའི་རྒྱུ་མཚན་ངེས་ཅན་གང་ལེགས་གསལ་བཤད་བྱེད་ཐུབ་བོ།།

 

 

 

 

མཆན།

1)     ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མའི་《ཐུའུ་བཀྭན་གྲུབ་མཐའ་》ཡི་ཤོག་ངོས་394སྟེང་གསལ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན།

2)     མཆན་དང་པོའི་ཤོག་ངོས་213སྟེང་གསལ།

3)     《ཤེས་བྱ་ཀུན་ཁྱབ་》ཀྱི་ཨོཾ་དུམ་པའི་ཤོག་ངོས་220སྟེང་གསལ།

4)     བྲག་སྒོམ་པའི་《མདོ་སྨད་ཆོས་འབྱུང་》གི་ཤོག་གྲངས་228སྟེང་གསལ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན།

5)     ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ་སོགས་ཀྱིས་བརྩམས་པའི་《གནས་ཡིག་ཕྱོགས་བསྒྲིགས་》ཞེས་པའི་དཔེ་ཆའི་ཤོག་གྲངས་578སྟེང་གསལ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན།

6)     ཚེ་ཏན་ཞབས་དྲུང་ཚང་གི་《བསྟན་རྩིས་ཀུན་ལས་བཏུས་》ཀྱི་ཤོག་ལྷེ53ཐོག་གསལ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན།

7)     དུང་དཀར་བློ་བཟང་འཕྲིན་ལས་ཀྱི་《དུང་དཀར་ཚིག་མཛོད་》ཀྱི་ཤོག་ལྷེ101སྟེང་གསལ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་བསྐྲུན།

8)     འཇིགས་མེད་ཐེག་མཆོག་གིས་རྩོམ་སྒྲིག་གནང་བའི་《བོད་བརྒྱུད་ནང་བསྟན་ལྷ་ཚོགས་ཆེན་མོ་》ཡི་ཤོག་ལྡེབ་1127སྟེང་གསལ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན།

9)     པདྨ་རྣམ་རྒྱལ་གྱིས་བསྒྱུར་བའི་《ཁུང་ཙིའི་གསུང་སྒྲོས་》ཀྱི་ཤོག་ངོས་2སྟེང་གསལ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན།

10) དྲང་རྗེ་བཙུན་པ་གསེར་མིག་གིས་གཏེར་ནས་བཏོན་པའི་《མདོ་ཟེར་མིག་》གི་ཤོག་ལྡེབ་535སྟེང་གསལ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།

11) མཆན་བཅུ་པའི་ཤོག་ལྡེབ་536སྟེང་གསལ།

12) ཁྱུང་པོ་བློ་ལྡན་སྙིང་པོས་བཀོད་པའི་《དྲི་མེད་རྩ་བའི་མདོ་》ནང་དུ་གསལ། སི་ཁྲོན་ཞིང་ཆེན་མི་རིགས་ཞིབ་འཇུག་ཟོའོ་བོད་ཀྱི་རིག་གནས་ཞིབ་འཇུག་ཁང་གིས་བསྐྲུན།(དབུ་མེད་གླེགས་བམ་)ཡིན།

13) ཤར་རྫ་བཀྲ་ཤིས་རྒྱལམཚན་གྱི་《ལེགས་བཤད་གཏེར་མཛོད་》ཀྱི་ཤོག་གྲངས60སྟེང་གསལ། མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན།

14) ནམ་མཁའི་ནོར་བུའི་《ཞང་བོད་ལོ་རྒྱུས་ཏི་སེའི་འོད་》ཀྱི་ཤོག་གྲངས120-122གསལ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།

15) ཤར་རྫ་ཚང་གི་《སྔོན་འགྲོའི་ཁྲིད་ཡིག་བཀའ་ལུང་རྒྱ་མཚོ་》ཡི་ཤོག་གྲངས495-496སྟེང་གསལ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།

16) བསོད་ནམས་དབང་ལྡན་གྱིས་བསྒྲིགས་པའི་《ས་དཔྱད་ཕྱོགས་བསྒྲིག་》ཀྱི་ཤོག་ངོས69-70སྟེང་གསལ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན།

17) བློན་ཚང་ལུང་རྟོག་རྒྱ་མཚོས་བརྩམས་པའི་《བོན་གྱི་གྲུབ་མཐར་དཔྱད་པ་ཞེས་པའི་ལྟ་ཚུལ་ལས་འཕྲོས་པའི་ལེགས་བཤད་》ཅེས་པའི་དཔྱད་རྩོམ་དེའི་ཤོག་ངོས་68སྟེང་གསལ། སྤྱི་ལོ་2000ལོའི་དེབ་དང་པོ། 《གངས་ལྗོངས་དགའ་ཚལ།》

18) དབལ་མང་པཎྜི་ཏས་བརྩམས་པའི་《གུང་ཐང་བསྟན་པའི་སྒྲོན་མེའི་རྣམ་ཐར་》གྱི་ཤོག་གྲངས་237སྟེང་གསལ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།

19) མཆན་བཞི་པའི་ཤོག་གྲངས་228སྟེང་གསལ།

20) དཔའ་བོ་གཙུག་ལག་ཕྲེང་བའི་《ཆོས་འབྱུང་མཁས་པའི་དགའ་སྟོན་》གྱི་ཤོག་གྲངས་206སྟེང་གསལ། པེ་ཅིན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན།

21) མཆན་བདུན་པའི་ཤོགས་གྲངས་102སྟེང་གསལ།

22) ཐུའུ་བཀྭན་ཆོས་ཀྱི་ཉི་མས་མཛད་པའི་《ལྕང་སྐྱ་རོལ་པའི་རྡོ་རྗེའི་རྣམ་ཐར་》གྱི་ཤོག་གྲངས་562-564སྟེང་གསལ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།

23) ཐུབ་བསྟན་ཕུན་ཚོགས་ཀྱི་《བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེ་མིག་》གི་ཤོག་གྲངས་29སྟེང་གསལ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན།

24) མཆན་བརྒྱད་པའི་ཤོག་ངོས་1127སྟེང་གསལ།

25) མཆན་དང་པོའི་ཤོག་ངོས་400-401སྟེང་གསལ།

26) དཔལ་ལྡན་ཚུལ་ཁྲིམས་ཀྱིས་བརྩམས་པའི་《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས་》ཀྱི་ཤོག་ལྡེབ་85-86སྟེང་གསལ། བོད་ལྗོངས་མི་དམང་དཔེ་སྐྲུན་ཁང་གིས་བསྐྲུན།

27) ཁྲང་ཆིན་(常青)གྱིས་བརྩམས་《佛祖真容一中国石窟寺探秘》ཤོག་གྲངས་73སྟེང་གསལ། (西川教育出版社 )

28) དགེ་ལེགས་ཀྱིས་བརྩམས་པའི་《བོད་གནའ་རབས་རིག་གནས་དང་ཀྲུང་ཧྭ་མི་རིགས་རིག་གནས་ཀྱི་ལོ་རྒྱུས་འབྱུང་ཁུངས་སྐོར་བཤད་པ་》ཡི་ཤོག་ངོས་10སྟེང་གསལ། སྤྱི་ལོ་2002རྒྱ་ཡིག་གི་《中国藏学》དེབ་4སྟེང་གསལ།

29) དབང་རྒྱལ་གྱིས་བརྩམས་པའི་《ཅོ་ནེ་དང་བཅས་པའི་ལོ་རྒྱུས་ཐོར་བུ་རྣམས་ངོ་སྤྲོད་མདོར་བསྡུས་》ཞེས་པའི་ཤོག་ངོས་61སྟེང་གསལ། སྤྱི་ལོ་1992ལོའི་《ཀྲུང་གོའི་བོད་ཀྱི་ཤེས་རིག་》དེབ་3སྟེང་གསལ།

30) ཤར་སྐལ་ལྡན་རྒྱ་མཚོའི་《ཨ་མདོ་ཆོས་འབྱུང་ས་བོན་མ་》ནང་གསལ། (རོང་པོའི་ཤིང་པར་)ཡིན།

31) མཆན་བཞི་པའི་ཤོག་གྲངས་228སྟེང་གསལ།

32) ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས་མཛད་པའི་《ཆོས་སྡེ་ཆེན་པོ་དགོན་ལུང་བྱམས་པ་གླིང་གི་དཀར་ཆག》གི་ཤོག་གྲངས་90སྟེང་གསལ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན།

33) མཆན་བཞི་པའི་ཤོག་གྲངས་694སྟེང་གསལ།

34) མཆན་བཅུ་པའི་ཤོག་གྲངས་550སྟེང་གསལ།

35) མཆན་བདུན་པའི་ཤོག་ངོས་102སྟེང་གསལ།

36) གཟུངས་འདུས་ལས་《དག་པ་གསེར་གྱི་མདོ་ཐིག་》ཅེས་པའི་ཤོག་ངོས་192སྟེང་གསལ། ལྷ་སའི་ཞོལ་ཤིང་པར་ཡིན་པ་འདྲའོ།

37) མཆན་བཅུ་པའི་ཤོག་ངོས་541སྟེང་གསལ།

38) མཆན་བཅུ་པའི་ཤོག་ངོས་557སྟེང་གསལ་ལོ།།

 

- འདི་ནི་བོད་ལྗོངས་ཞིབ་འཇུག ཕྱི་ལོ་༢༠༠༣ ལོའི་དུས་དེབ་བཞི་པ་ནས་ཟུར་འདོན་བྱས་པ་ཞིག་ཡིན།

 


 

མཐའ་མའི་འདོན་ཐེངས་།: 12.10.2015 ཉིན། 4:02 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།