སྨན་རྩིས་དྲ་བ། - མདུན་ངོས།

ཀོ་ཝིཌ་ནད་རླབས་གསུམ་པ་དང་བྱིས་པར་གདམས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 17.07.2021
མདུན་ངོས། >>

 

 

༄༅། །ཏོག་དབྱིབས་གཉན་རིམས་ ༡༩ ནད་རླབས་གསུམ་པ་དང་འབྲེལ་བའི་སྐོར།

-          ཉམས་ཞིབ་སྡེ་ཚན། སྨན་རྩིས་ཁང་།

 

སྤྱིར་ཏོག་དབྱིབས་གཉན་རིམས་ ༡༩ ནད་རླབས་གསུམ་པ་དེ་བྱིས་པ་རྣམས་ལ་ཕོག་ཉེན་ཆེ་བར་ཡོད་པའི་ཚོད་དཔག་བྱེད་མཁན་མི་ཉུང་བ་ཞིག་ཡོད་པ་དང་། གཞན་ཡང་བྱིས་པ་རྣམས་ལ་ཕོག་ཉེན་ཆེ་བར་ཡོད་པའི་སྙན་ཐོ་སོགས་གང་ཡང་མེད་པ་བརྗོད་མཁན་ཡང་ཡོད་པ་རེད། ཉེ་ཆར་ཕྱི་ཟླ་ ༦ ཚེས་ ༨ ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱེད་པའི་ AIIMS  སྨན་ཁང་གི་སྤྱི་ཁྱབ་སྨན་པ་གཙོ་བོ་ Dr. Randeep Guleria མཆོག་གིས་གསར་འགོད་གསལ་བསྒྲགས་སྤེལ་བའི་ནང་དོན་དུ། ད་བར་རྒྱ་གར་དང་རྒྱལ་སྤྱིའི་སྟེང་དུ་ཏོག་དབྱིབས་གཉན་རིམས་༡༩ ནད་རླབས་གསུམ་པ་ལྡང་ཚེ་བྱིས་པ་རྣམས་ལ་བགོས་ཕོག་ཆེ་བ་ཡོད་པའི་སྒྲུབ་བྱེད་ཀྱི་སྙན་ཐོ་སོགས་གང་ཡང་ཐོན་མེད་པ་གསུངས་འདུག གཞན་ཡང་འདས་ཟིན་པའི་ནང་ཏོག་དབྱིབས་གཉན་རིམས་ཕོག་པས་བྱིས་པ་བརྒྱ་ཆ་ ༦༠ ནས་ ༧༠ ཙམ་ནི་བླ་གཉན་ནད་གཞི་ཡོད་པ་དང་ནད་འགོག་མ་ལག་གི་ནུས་སྟོབས་ཞན་པོ་ཡོད་པ་འགྲེལ་བརྗོད་གནང་འདུག

            དེ་མིན་ལོ་ན་བཅོ་བརྒྱད་ཡན་རྣམས་ལ་རིམས་འགོག་སྨན་ཁབ་སྐྱོན་བཞིན་པ་དང་། ནད་ཡམས་ཕོག་པ་རྣམས་ལ་རང་བཞིན་གྱི་ལུས་ལ་འགོག་ནུས་ཀྱི་ནུས་སྟོབས་རྒྱས་ཀྱི་ཡོད་པས་ནད་རླབས་གསུམ་པ་འབྱུང་ཚེ་ནད་ཡམས་འཕོག་མཁན་ཉུང་བ་ཡོང་སྲིད་པ་དང་། བྱིས་པ་རྣམས་ལ་རིམས་འགོག་སྨན་ཁབ་བསྐྱོན་མེད་དུས་རང་བཞིན་གྱི་ནད་ཡམས་འཕོག་མཁན་མང་བ་ཡོང་སྲིད་པ་ཚོད་དཔག་གནང་མཁན་ཡང་ཡོད་འདུག རྒྱ་གར་མངའ་སྡེ་མང་པོ་ཞིག་ནས་ཏོག་དབྱིབས་གཉན་རིམས་༡༩ ནད་རླབས་གསུམ་པ་དེ་ལྡང་ཉེན་ཆེ་བའི་མངོན་དཔག་བྱེད་ཀྱི་ཡོད་པ་དང་། གྲ་སྒྲིག་ཨང་གསར་གནང་བཞིན་པ་མངོན་གསལ་རེད།

           གང་ལྟར་ཡང་རྒྱ་གར་དབུས་གཞུང་དང་། མངའ་སྡེ་གཞུང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས། COVID-19 ཛ་དྲག་ལས་དོན་ཚོགས་ཆུང་། སྨན་རྩིས་ཁང་། འཕྲོད་བསྟེན་སྨན་ཁང་བཅས་ནས་ལམ་སྟོན་གནང་བ་རྣམས་ཚུལ་བཞིན་ལག་བསྟར་བྱེད་དགོས་པ་ཡིན།

 

བྱིས་པ་རྣམས་ལ་ནད་ཡམས་འགོག་སྲུང་གི་ལམ་སྟོན་ཤེས་བྱ།

ཆུ་མ་ཡོང་གོང་རག་དང་ནད་མ་ན་གོང་སྔོན་འགོག་བྱེད་དགོས་པ་ནི་ཐབས་ལམ་བཟང་ཤོས་དེ་ཡིན་པས་གཤམ་གྱི་ཤེས་བྱ་རྣམས་ཡིད་འཇགས་གནང་དགོས།

 

༡། སྨན་རྩིས་ཁང་ནས་གཏན་འབེབས་ཞུས་པའི་བྱིས་པའི་ལུས་སེམས་ནུས་གསོའི་གསོལ་སྨན་རྣམས་དུས་ཐོག་སྔོན་འགོག་ཆེད་བྱིས་པར་སྤྲོད་ཐུབ་པ་དགོས། ནད་ཡམས་དང་འབྲེལ་བའི་ནད་རྟགས་སོགས་ཐོན་ཚེ། སྣང་མེད་དུ་མ་གཏོང་བར་དུས་ཐོག་བོད་ཕྱི་སྨན་པ་གང་འདོད་ལ་བསྟེན་གཏུགས་གནང་དགོས།

 

༢། རྒྱུན་དུ་བྱིས་པ་རྣམས་ལ་མ་འཚོས་པའི་ཟས་དང་། རྗེན་པའི་ཟས། འཚིག་པའི་ཟས། མངར་ཤས་ཆེ་བའི་ཟས། ཁ་ཟས་གྲང་མོའི་རིགས། ངང་ལག སྤྲི་འཁྱགས་ (ice cream) སོགས་སྤྲོད་མི་རུང་།

 

༣། མ་ཎི་རིལ་བུ་དང་བདུད་རྩི་ཆོས་སྨན་གང་རུང་རིལ་བུ་གསུམ་ཙམ་ཆུའི་ནང་སྦང་སྟེ་ཞོགས་པ་ལྟོ་སྟོང་དུས་སུ་བྱིས་པ་རྣམས་ལ་སྤྲོད་དགོས།

 

༤། རིམས་ཀྱི་སྲུང་འཁོར་མ་བརྗེད་པར་བྱིས་པའི་ལུས་ལ་འདོགས་དགོས་པ་དང་། རིམས་སྲུང་རྡོ་རྗེ་ཕ་ལམ་དེ་བཞིན་སྔ་དགོང་དུས་སུ་བྱིས་པའི་སྣ་སྒོར་རེག་ཙམ་བྱེད་དགོས། གང་འབྱུང་སྣང་མེད་ཀྱི་བྱིས་པ་ཡོད་སར་འཇོག་མི་རུང་།

 

༥། མི་མང་འདུ་འཛོམས་དང་། ཁྲོམ་ར་སོགས་སུ་བྱིས་པ་མཉམ་འཁྲིད་མི་རུང་།

 

༦། ཁ་རས་གྱོན་དགོས་པ་དང། ཕན་ཚུན་འགྱངས་བཀྱེད་གནས་དགོས་པ། ལག་པ་གཙང་མ་ཁྲུས་དགོས་པ་སོགས་དུས་ནས་དུས་སུ་མ་བརྗེད་པར་དམ་འཛིན་གནང་དགོས།

 

༧། ཕ་མ་དང་བྱིས་པ་ལུས་ཁམས་ཉམས་རིད་ཅན་དང་ནད་འགོག་གི་ནུས་སྟོབས་ཞན་པོ་ཡོད་ཚེ། གང་བྱུང་ཕྱི་ལ་བསྐྱོད་མི་རུང་བ་སྟེ་ནད་ཡམས་ཕོག་སླ་བ་ཡོད།

 

༨། ཁྱིམ་ཚང་ནང་གི་ལོ་ན་བཅོ་བརྒྱད་ཡན་རྣམས་ངེས་པར་རིམས་འགོག་སྨན་ཁབ་བསྐྱོན་དགོས་པ་ཡིན།

 

༩། དུས་རྒྱུན་དུ་རང་ཉིད་འདུག་སའི་ཁྱིམ་ཚང་དང་ཁོར་ཡུག་རྣམས་དུག་སེལ་གནང་དགོས་པ་ཡིན།

 

༡༠། ལྷག་པར་དུ་ཡང་བྱིས་པ་ལོ་ན་བཅོ་བརྒྱད་མན་གྱི་ཕ་མ་ཚོས་རིམས་འགོག་སྨན་ཁབ་བསྐྱོན་དགོས་པ་ནི་ཆེས་གལ་ཆེ་བས་རང་དང་རང་གི་གཅེས་ཕྲུག སྤྱི་ཚོགས་ནང་ནད་ཡམས་འདིའི་བགོས་མྱུར་གྱི་རང་བཞིན་དེ་འགོག་ཐུབ་པའི་དགེ་མཚན་ཡོད།།




མཐའ་མའི་འདོན་ཐེངས་།: 17.07.2021 ཉིན། 12:08 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།