ཀོ་ཝིཌ་༡༩ (རྟགས་ལྡན་)ནད་བཅོས་མྱོང་བ། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.12.2020 |
ཏོག་དབྱིབས་གཉན་རིམས་ནད་པར་སྨན་བཅོས་བྱས་པའི་མྱོང་བ།
- སྨན་རམས་པ་བློ་བཟང་བཟོད་པ།
[སྐྱེས་པ་རང་ལོ་ ༤༨ ཅན་ཏོག་དབྱིབས་གཉན་རིམས་ནད་རྟགས་མངོན་(Symptomatic)པའི་ནད་པ་ཞིག་ལ་བོད་སྨན་བཏང་སྟེ་ཕན་བསྐྱེད་བྱུང་བའི་མྱོང་བ་ཐོར་བུ། དུས་ཡུན་ཟླ་བ་གཉིས་ཙམ་སྨན་བཅོས་བྱས།]
༄༅། །སྨན་རྒྱལ་གཡུ་ཐོག་ཡོན་ཏན་མགོན་པོ་ལ་སྒོ་གསུམ་དང་བ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ།།
རྒྱ་ནག་ཝུ་ཧང་གྲོང་ཁྱེར་ནས་ཐོག་མར་དར་བའི་ཏོག་དབྱིབས་གཉན་རིམས་འདི་ནི་སྤྱི་ལོ་ ༢༠༢༠ ཟླ་ ༢ ཙམ་ནས་རྒྱ་གར་གྲོང་ཁྱེར་ཆེ་ཁག་ཁ་ཤས་ནང་དར་ཁྱབ་འགོ་འཛུགས་ཏེ་མཐར་སྤྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༢༧ ནས་རྒྱ་གར་རྒྱལ་ཡོངས་སུ་ནད་ཡམས་འདིའི་དབང་གིས་ཐེམ་བཀག་སྒོ་རྒྱ་བསྡམས་དགོས་བྱུང་ཡོད། དེ་ནས་ཟླ་བ་གཉིས་ཙམ་སོང་རྗེས་རིམ་པས་ས་གནས་ཁག་ཏུ་ཕར་ཚུར་དམིགས་བསལ་འགྲོ་འོང་གི་བཀའ་འཁྲོལ་ཐོག་འགྲིམ་འགྲུལ་བྱེད་འགོ་ཚུགས་པ་ལྟར། འདི་གའི་ཌལ་ཧོར་བོད་མིའི་ལག་ཤེས་བཟོ་གྲྭའི་མགྲོན་ཁང་ནི་རང་རེའི་ས་གནས་བོད་རིགས་ཆེད་དུ་འགོག་དབྱེ་ཟུར་འཇོག་ཁང་དུ་བསྒྱུར་བར་གནང་།
དེའི་ནང་སྤྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༢༩ ཕྱི་དྲོའི་ཆུ་ཚོད་ ༧ པར་ལྡི་ལི་བོད་སྒར་བསམ་ཡས་གླིང་ནས་འདི་གར་སྐྱེས་པ་ཁོང་དང་། ཁོང་གི་གཅུང་མོ། ཚ་མོ་བཅས་འབྱོར་འཕྲལ་གཟུགས་གཞིའི་གནས་སྟངས་འདྲི་རྩད་སྐབས་ཁོང་ལ་རུས་པའི་ཚིགས་གཞི་རྣམས་ལ་ཟུག་གཟེར་ཡོད་པ་དང་། ལུས་སྙོམ་ལ་ཐང་ཆད་པ། ཕྲུམ་སེར་རམ་གྲང་ཤུམ་རྒྱག་པ། སྐོམ་ཚད་ཆེ་ལ་གྲེ་བར་ཚ་ཤར་བྱུང་བ། ཚ་བ་བརྟག་དཔྱད་ཨང་ ༩༩ Pulse Oximeter དེའི་ནང་གློ་བའི་དབུགས་འབྱིན་རྔུབ་ཅུང་དམའ་བ་གྲངས་ ༨༩ དང་། སྙིང་རྒྱུའི་གྲངས་ཚད་ ༨༣ བཅས་ཀྱི་མངོན་རྟགས་འབྱུང་བཞིན་འདུག་པས། ཁོང་ལ་དམིགས་བཀར་གྱིས་ཁང་པ་གཅིག་ནང་གཅིག་པུར་འདུག་རྒྱུ་བཅུག་སྟེ། སྨན་དུ་འཕྲུལ་ཐང་དང་། རྟ་བཟི། ཨ་གར་༣༥ རིན་ཆེན་མང་སྦྱོར་བཏང་ནས་ཟས་སྤྱོད་ལམ་སྟོན་ཡང་བྱས། དེའི་ཕྱི་ཉིན་ལ་བརྟག་དཔྱད་སྐབས་གོང་གི་མངོན་ཚུལ་སྟེང་ཞེ་མེར་ཡོད་ཅིང་ཟས་ལ་དང་ག་ཞན་པ། མིག་སྤྲིན་ཅུང་སེར་ཤས་ལ་ཐང་ཆད། བྲང་དང་རོ་སྟོད་གཟེར་ཞིང་འཚངས་ཤས་ཆེ་བ། དབུགས་ཅུང་ཧལ་བ། ཉིན་དགུང་དང་མཚན་དུས་ཚ་བ་འབར་བ། སྐབས་རེར་འཁྲུ་བ། ཚ་བརྟག་ལ་ ༩༩ དང་། Pulse oximeter དེའི་ནང་གློ་བའི་དབུགས་འབྱིན་རྔུབ་ཅུང་དམའ་བ་གྲངས་ ༨༩ དང་། སྙིང་རྒྱུའི་གྲངས་ཚད་ ༨༤ བཅས་ཀྱི་མངོན་ཚུལ་འབྱུང་བས་བོད་སྨན་དེ་དག་གི་སྟེང་དུ་ཕྱི་ལུགས་སྨན་ Paracetamol norflx དེ་ལྟར་ཟ་རྒྱུའི་སློབ་སྟོན་བྱས་ཡོད། སྤྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༢ ཉིན་ Covid health Center Dalhousie, District Chamba (HP) རྒྱ་གར་གཞུང་གི་སྨན་ཁང་ནས་སྨན་པ་ཕེབས་ཏེ་ཏོག་དབྱིབས་གཉན་ནད་ཀྱི་ནད་འབུ་འགོས་ཡོད་མེད་ Nasal swab test བརྟག་དཔྱད་གནང་། དེའི་གྲུབ་འབྲས་སྤྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༤ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་བདུན་པར་ཁོང་ལ་ Positive ཞེས་ནད་འབུ་དེ་འགོས་ཡོད་པའི་ལན་གསལ་འབྱོར།
དེ་ཡང་ནད་རྟགས་མངོན་པའི་ Symptomatic ཡིན་སྟབས་དེ་གའི་མཚན་མོར་ཆུ་ཚོད་བཅུ་པར་ས་གནས་རྒྱ་གར་གཞུང་གི་སྨན་ཁང་ Rogi Kalyan Samiti Regional Hospital Chamba, District Chamba (HP) དུ་འགྲོ་དགོས་བྱུང་ཡོད། དེའི་རིང་བོད་སྨན་དང་ཕྱི་ལུགས་སྨན་གཉིས་ཟུང་འབྲེལ་ཐོག་ཉིན་ཤས་བསྟེན་རུང་གོང་གི་ནད་རྟགས་ཆ་ཚང་ཞི་མེད་ལ་དེ་ཙམ་ཕན་སྐྱེད་ཡང་བྱུང་མ་སོང་། སྐབས་དེར་ནད་རྟགས་སུ་ལུས་སྙོམ་ལ་ཐང་ཆད་པ། ཕྲུམ་སེར་རམ་གྲང་ཤུམ་རྒྱག་པ། སྐོམ་ཚད་ཆེ་ལ་གྲེ་བར་ཚ་ཤར་བྱུང་བ། ཟས་ལ་དང་ག་ཞན་པ། བྲང་དང་རོ་སྟོད་གཟེར་ཞིང་འཚངས་བ། ཉིན་དགུང་དང་མཚན་དུས་སུ་ངེས་མེད་ཚ་བ་འབར་བ། སྐབས་རེར་འཁྲུ་བ་སོགས་ཡོད་མུས་སྟེང་དམིགས་བསལ་གྱི་ཏོག་དབྱིབས་སྨན་ཁང་དེར་འགྲོ་དགོས་བྱུང་། སྨན་ཁང་དེ་ནི་ས་གནས་ཌལ་ཧོར་ནས་སྤྱི་ལེ་བཞི་བཅུ་ཙམ་སར་གནས་ཡོད། འགྲོ་ཁར་ནད་པ་ལ་བོད་སྨན། ཟླ་ཤེལ་༣༧ དང་། རྟ་བཟི། བྲག་ཁྱུང་། ཁྱུང་ལྔ། ཨ་གར་༣༥ འཁྲུལ་ཐང་། མང་སྦྱོར་ཆེན་མོ་བཅས་ཉིན་གྲངས་བཅོ་ལྔ་སྨན་ཁང་དུ་བཟའ་དགོས་པའི་བསླབ་བྱ་བྱས་ནས་བསྐུར། སྨན་ཁང་དུ་སོང་རྗེས་ནད་པར་དངོས་སུ་འབྲེལ་ཐུག་བྱེད་ཐབས་མེད་ཀྱང་ཁ་པར་བརྒྱུད་ཟས་དང་སྤྱོད་ལམ། སྨན་བསྟེན་སྟངས་ལམ་སྟོན་གང་ཐུབ་བྱས་པ་ཡིན། ཐོག་མའི་ཉིན་གྲངས་གསུམ་རིང་སྨན་ཁང་དུ་ཕྱི་ལུགས་སྨན་རིགས་མི་འདྲ་བ་གསུམ་ཉིན་གཅིག་ལ་ཐེངས་གཉིས་བཟས་དགོས་པ་བྱུང་འདུག དེ་ཡང་ཚ་སྨན་དང་། སྟོབས་སྐྱེད་སྨན། བཤལ་གཅོད་སྨན་གྱི་སྟེང་དུ། བོད་སྨན་ཟླ་ཤེལ་༣༧ དང་། རྟ་བཟི། ཨ་གར་༣༥ འཕྲུལ་ཐང་བཅས་ཐེངས་གསུམ་གཏོང་རྒྱུའི་ལམ་སྟོན་བྱས་པ་ཡིན། སྐབས་དེར་དེ་ཁུལ་སྨན་པས་བོད་སྨན་གཏོང་འགྱུར་དགག་བྱ་མེད་པས་ནད་པར་སྟབས་བདེ་བྱུང་སོང་། ཟུང་འབྲེལ་གྱི་སྨན་བཅོས་ཉིན་གྲངས་གསུམ་བྱས་རྗེས་ཕྲུམ་སེར་རམ་གྲང་ཤུམ་དང་། སྐོམ་ཚད་ཆེ་ལ་གྲེ་བར་ཚ་ཤར། བྲང་དང་རོ་སྟོད་གཟེར་ཞིང་འཚངས་བ། ཉིན་དགུང་དང་མཚན་དགུང་དུ་ངེས་མེད་ཚ་བ་འབར་བ། སྐབས་རེར་གསུས་པ་འཁྲུ་བ་སོགས་ཀྱི་ནད་རྟགས་རྣམས་རིམ་པས་ཞི་ཐུབ་པ་བྱུང་ཡོད། དེ་རྗེས་ཕྱི་ལུགས་སྨན་མ་བཟས་པར་བོད་སྨན་ཁོ་ན་ཟ་འདོད་བྱུང་བས་བོད་སྨན་དུ་ཟླ་བདུད། རྟ་བཟི། ཁྱུང་ལྔ། ཨ་གར་༣༥ འཁྲུལ་ཐང་། རིན་ཆེན་མང་སྦྱོར་བཅས་ཉིན་རེར་ཐེངས་བཞི་ཉིན་ལྟར་གཏོང་རྒྱུའི་ཁ་པར་བརྒྱུད་ལམ་སྟོན་སོགས་བྱས་རྗེས་རིམ་པས་ལུས་སྙོམ་ལ་ཐང་ཆད་པ། ཟས་ལ་དང་ག་ཞན་པ། གཉིད་མེད་པ་ལ་སོགས་པའི་ནད་རྟགས་རྣམས་མེད་པར་གྱུར་ནས་གཟུགས་གཞི་སྔར་ལྟར་བདེ་ཐང་ཐོག་ཡོང་བཞིན་ཡོད་པ་ནད་པས་ཁ་པར་ནང་གསལ་བར་བརྗོད་བྱུང་། དེ་དུས་སྨན་ཁང་དུ་ཉིན་ལྟར་ཚ་བ་བརྟག་ཐབས་དང་། སྙིང་དང་གློ་བའི་འཁོར་རྒྱུག་བརྟག་ཐབས་ Pulse Oximeter བཅས་ལ་རྟོག་ཞིབ་བྱེད་མུས་རེད་འདུག སྤྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡༣ ཉིན་སླར་ཡང་སྨན་ཁང་དུ་སྣ་བུག་དང་། རྐན་ཕུག་ནང་ལ་ Nasal swabbing and Throat swab test བརྟག་དཔྱད་བྱས་འབྲས་ Negative ཞེས་ནད་འབུ་མེད་པ་ཐོན་རྗེས་ཚེས་ ༡༤ ཉིན་སྨན་ཁང་ནས་ནད་མེད་བདེ་ཐང་ཡིན་པ་ངོས་འཛིན་གྱིས་ངོས་སྦྱོར་གནང་སྟེ་རང་ཁྱིམ་དུ་ཕྱིར་ལོག་བཏང་ཡོད།
སྨན་ཁང་དུ་བོད་ཕྱི་ཟུང་འབྲེལ་གྱི་སྨན་ཉིན་གསུམ་དང་། དེ་རྗེས་བོད་སྨན་ཁོ་ན་ཉིན་གྲངས་བདུན་བཟོས་རྗེས་ཁྱོན་བསྡོམས་ཉིན་གྲངས་བཅུ་ཡི་ཕན་སྐྱེད་བྱུང་སོང་ལ་མུ་མཐུད་གོང་སྨན་ཟ་མུས་སྟེང་། རང་ཁྱིམ་དུ་ཉིན་གྲངས་བཅུ་བཞིའི་རིང་ཟུར་བཀག་བསྡད་ཡུན་རིང་ཕྲན་ནས་ཉིན་གསུམ་རེའི་མཚམས་སུ་བརྟག་དཔྱད་བྱེད་སྐབས་ནད་པའི་ཕྱག་རྩར་རེག་རྒྱུ་འཛེམ་ཟོན་གྱིས་ཚ་བ་བརྟག་པ་དང་། སྙིང་དང་གློ་བའི་འཁོར་རྒྱུག་བརྟག་ཐབས་ Pulse Oximeter བེད་སྤྱོད་བྱེད་པ། དྲི་ཆུ། སོགས་འདྲི་རྩད་བྱེད་པར་ཕྱིན་པ་ཡིན། ཚ་བརྟག་ལ་ ༩༨། Pulse Oximeter སྙིང་གི་རྒྱུག་ཚད་ལ་ ༨༨ དང་། གློ་བའི་རྒྱུག་ཚད་ལ་ ༩༥ ཡས་མས་མངོན། དྲི་ཆུའི་མདོག་ཅུང་དམར་ཤས་ལ་དྭངས་བ་ལྦུ་བ་མི་སྙོམས་པ། དྲི་ཆེ་ལ་ཀུ་སྤྲིན་མི་གསལ་བ། ལོག་རྗེས་ཅུང་གར་ལ་ལྦུ་བ་མེད་ལ་དྲི་ཆེ་མདོག་ཅུང་སྨུག་ཤས་སུ་འགྱུར་བ་ཡོང་བཞིན་འདུག ལུས་པོར་མི་བདེ་བའི་ཚོར་སྣང་གང་ཡང་མེད་རུང་མཇུག་སྣོན་གྱི་ཆེད་སྨན་དུ་མན་བསིལ་དང་། རྟ་བཟི། གཙོ་བོ་༢༥ ཨ་གར་༡༥ གྲང་སྦྱོར་བཅས་ཉིན་གྲངས་༡༥ བཏང་བ་ཡིན།
གཉན་ནད་ཡིན་མིན་གྱི་མི་འགྱུར་བའི་མངོན་རྟགས་ཡོད་མེད། བདུད་རྩི་བུམ་པ་ལས། “བར་དུ་ཁྱད་པར་གཉན་གྱི་རྟགས། །ཨན་སྟོང་དང་པོ་ན་བཞིན་སྐྲངས། །གཟུགས་འཛིན་ཆུ་ཡི་དཀྱིལ་འཁོར་ལ། །རྩ་རིས་དམར་པོ་ཐུར་དུ་འོང་། །རོ་འཛིན་འོག་ཏུ་ནག་ཐིག་དང་། །སྟེང་དུ་འབྲུམ་བུ་དཀར་པོ་འབྱུང་། །སྣ་རྩེ་རྣ་རྩེ་ནག་པོར་འགྲོ། །སོག་པའི་སྟེང་དུ་ཤ་བཀྲ་འོང་། །སྲིན་ལག་འཕར་རྩ་དྲག་ཏུ་སྡེབ། །ཆུ་ནི་མར་ནག་འདྲ་བ་འབྱུང་། །ན་མ་ཐག་ནས་གཟེར་བ་འོང་། །གཟེར་མ་ཐག་ནས་ལུ་བ་འབྱུང་། །ལུ་མ་ཐག་ནས་དུད་ཁུར་འོང་། །རྟགས་རྣམས་ཐམས་ཅད་ཚང་ན་འཆི། །གཉིས་གསུམ་ལ་སོགས་བྱུང་ན་ཐུབ།།” ཞེས་གསུངས་པའི་ནང་ནས་ཐོག་མར་ནད་པ་དེ་མཐོང་དུས་དང་བར་དུ་སྨན་ཁང་འདུག་ཡུན་རིང་ལྟ་ཁོམ་མ་བྱུང་རུང་རང་ཁྱིམ་དུ་ལོག་རྗེས་དེ་ཚོར་ཞིབ་ལྟ་བྱེད་དུས་མིག་གི་རྒྱལ་མོའི་ཉེ་འགྲམ་ནས་རྩ་རིས་ཀ་བ་ལྟར་ཕྲ་ལ་དམར་ཤས་ཅན་ཐུར་དུ་འཕྱང་བ་རེ་གཉིས་མངོན་གསལ་ཡོད་པ་དེ་ཚོ་རིམ་པས་ཉིན་གྲངས་བདུན་ཙམ་རྗེས་སུ་མེད་པར་གྱུར་ཅིང་། ལྕེའི་འོག་ཏུ་འབྲུམ་པ་ནག་པོ་ཅུང་མངོན་ཞིང་དེ་ཡང་ལྕེ་རྩ་ནག་པོའི་བར་ལ་སྲིན་ཐོར་ལྟར་ནག་ཐིག་མངོན་གསལ་ཡོད་པ་དེ་ཚོ་ཡང་རིམ་པས་མེད་པར་གྱུར་སོང་། དེ་ཚོ་གཉན་ནད་ཀྱི་མི་འགྱུར་མངོན་རྟགས་ཡིན་མིན་རང་ངོས་ནས་ཁ་དམར་བརྗོད་དཀའ་རུང་གཞུང་ལུགས་ནས་གསུངས་པ་དང་། དངོས་སུ་ནད་པའི་ལུས་སྟེང་ལ་ཡོད་པ་དེ་ཚོར་དཔྱད་བསྡུར་བྱ་རྒྱུ་བྱུང་བ་དང་། ལྷག་པར་གཞུང་ལུགས་དེ་ཚོར་ཡིད་ཆེས་ཀྱི་དད་པའི་ཚོར་སྣང་ཆེན་པོ་བྱུང་། དེ་ཚོ་ཁམས་གཙང་འབྲུག་རྒྱལ་མཆོག་གི་རྩོམ་སྒྲིག་མཛད་པའི་གཉན་ནད་སྤྱི་བཤད་ནང་དུའང་མཇལ་རྒྱུ་འདུག
དེ་ནས་ནད་པར་མི་བདེ་བའི་ཚོར་སྣང་གང་ཡང་མེད་སྟབས་སྨན་མུ་མཐུད་བསྟེན་འདོད་མི་བྱེད་ལ་རྒྱུན་གཏན་ནས་སྨན་རིགས་རྣམས་འ་ཆད་འུ་ཐུག་གནས་སྐབས་མ་གཏོགས་ཟ་རྒྱུར་དོ་སྣང་མེད་པ་ཞིག་རེད་འདུག ཡིན་ནའང་མུ་མཐུད་ནད་ལོག་མི་ཡོང་བ་དང་། ལུས་སྟོབས་སླར་གསོ། ནད་འགོག་སོགས་ཀྱིས་ཆེད་རིན་ཆེན་གྲང་སྦྱོར་ནི་བདུན་ཕྲག་རེ་རེའི་ནང་ཟ་རྒྱུར་ལམ་སྟོན་གྱིས་རིལ་བུ་བཞི་སྤྲད་པ་ཡིན། ཡང་ཐབས་ལམ་གཞན་ཞིག་ལ་ནད་ཅན་སྐྱེས་པ་དེ་ཤིང་སྟག་ལོ་པ་ཡིན་པས་རྩིས་གཞུང་ནང་ལུས་དང་དབང་ཐང་གཉིས་ཀ་རྒུད་པས་དེའི་གསོ་ཐབས་སམ་གཏོ་བཅོས་སུ་འདི་ལྟར་བྱ་དགོས་པ་གདམས་པ་ནི། ནད་ཡམས་ཙམ་མ་ཡིན་པར་ལོ་འདིའི་ནང་ནད་གཞི་གང་ཡང་ཕོག་སླ་བས་སྨན་བཅོས་བྱས་པའི་སྟེང་རྟེན་འབྲེལ་དུ་ལུས་འགྱུར་དགོས་སྟབས་གོས་དཀར་གྱོན་ཞིང་ལུས་ངག་བཅིངས་གྲོལ་གྱི་མདོ་འདོན་དགོས་པ། ཚ་ཚ་ལོ་གྲངས་ལྟར་རྒྱག་དགོས་པ། སྐྱབས་ཡུལ་རྣམས་ལ་བསྙེན་བཀུར་ཞུ་བ། ཆུ་གཏོར། ཉམ་ཐག་ལ་སྦྱིན་གཏོང་། རང་ཁམས་དང་མཐུན་པའི་ལུས་དབང་སྐྱེས་པའི་སྲུང་འཁོར་འདོགས་རྒྱུ། གནམ་སྒོར་འཕགས་པ་ནམ་མཁའི་སྙིང་པོའི་མཚན་སྔགས་བརྒྱ་རྩ་འདོན་རྒྱུ་དང་། དམིགས་བསལ་མཐོ་སའི་གནས་སུ་འཛེག་རྒྱུ་དང་། ཡང་ན་རང་ལས་གནས་རིམ་མམ་དབང་ཆ་མཐོ་བ་ཡོད་པའི་མི་སྣ་སོགས་ལ་ངག་འཇམ་བསྟུན་མཁས་སོགས་བྱ་དགོས་པའི་ལམ་སྟོན་བྱས་ཡོད་ལ། སྐབས་ཐོག་ནད་པ་རང་ཉིད་ནས་དེ་ཚོར་དོ་དབྱིངས་ཆེ་རུང་སྨན་ཁང་དུ་ཡོད་སྟབས་བྱ་ཐབས་བྲལ་ནའང་། ཕ་མ་སྤུན་གཉེན་ཚོས་ཐུགས་ཁུར་ཆེན་པོས་ཞབས་རིམ་དང་། གཏོ་བཅོས་དེ་ཚོ་རིམ་བཞིན་བྱས་སྟབས་སྨན་བཅོས་བརྒྱུད་རིམ་ནང་ཕན་ཐོགས་ངེས་ཅན་བྱུང་ཡོད་ལ། དེ་ཚོ་ནི་སྲོལ་རྒྱུན་སྨན་བཅོས་ཐབས་ལམ་དམིགས་བསལ་རེད་ལ་གཉན་རིམས་སྤྱི་བཤད་ནང་དམིགས་བཀར་ཞབས་རིམ་དང་། གཏོ་བཅོས་རིགས་འདྲ་མིན་གསུངས་པའི་ཆ་ཤས་ཞིག་ཀྱང་ཡིན་པས་དེ་ཚོར་ང་ཚོས་གང་ཐུབ་དོ་སྣང་དང་། ལག་ལེན་བྱེད་དགོས་པ་ཞིག་འདུག་སྙམ།
མདོར་ན་ད་ཐེངས་ས་གནས་སུ་ཏོག་དབྱིབས་ནད་པ་དེར་འགོ་མཇུག་གཉིས་ཀར་བོད་ཕྱི་ཟུང་འབྲེལ་གྱི་སྨན་བཅོས་བྱས་པའི་བརྒྱུད་རིམ་ནང་མཐོང་མྱོང་བྱུང་བའི་གནས་ཚུལ་གང་ཡིན་ཟིན་བྲིས་སུ་བཏབ་པ་དེས་རང་མཉམ་རྣམས་ལ་གྲོས་བསྡུར་དང་། སློབ་གཉེར་བར་ཚོར་དོ་སྣང་སླེབ་ཆེད་ཡིན་པ་ཌལ་ཧོར་སྨན་རྩིས་ཁང་གི་སྨན་པ་བློ་བཟང་བཟོད་པས་སྤྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༢༠ ལ།།
མཐའ་མའི་འདོན་ཐེངས་།: 24.12.2020 ཉིན། 10:00 AM
<< སྔ་མ།