སྨན་རྩིས་དྲ་བ། - གསོ་རིག་མཁས་དབང་རིམ་བྱོན།

ཀུན་དགའ་ཕུན་ཚོགས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 04.07.2018
གསོ་རིག་མཁས་དབང་རིམ་བྱོན། >>


ཀུན་དགའ་ཕུན་ཚོགས།

- བྱམས་པ་འཕྲིན་ལས།

 

མཁས་དབང་ཀུན་དགའ་ཕུན་ཚོགས་མཆོག་ནི་བོད་མེ་རྟ་ (སྤྱི་ལོ་༡༩༠༦) ལོར་བོད་ལྷོ་ཁ་གོང་དཀར་རྫོང་འཕྲེང་སྒོ་ཤང་སྣ་བུ་གཟིམ་ཁང་གི་ཡབ་བསོད་ནམས་དོན་གྲུབ་དང་ཡུམ་སྒྲོལ་མ་གཉིས་ཀྱིས་སྲས་སུ་སྐུ་འཁྲུངས། ཁོང་བོད་ས་ལུག་ (སྤྱི་ལོ་ ༡༩༡༩) ལོར་ལྷོ་ཁ་རབ་བྱུང་གྲྭ་ཚང་དགོན་པ་ནས་འདེམས་ཐོན་བྱས་ནས་ལྷ་ས་སྨན་རྩིས་ཁང་དུ་བོད་ལུགས་གསོ་རིག་དང་གནམ་རིག་སྐར་རྩིས་རིག་པར་སློབ་སྦྱོང་གནང་བར་ཕེབས། སྐད་གྲགས་ཡོད་པའི་གསོ་རིག་དང་གནམ་རིག་མཁས་དབང་སྨན་རྩིས་ཁང་གསར་འཛུགས་གནང་མཁན་མཁྱེན་རབ་ནོར་བུ་མཆོག་གི་དངོས་སློབ་ལེགས་གྲས་ཀྱི་ཁོངས་ཡིན། མཁས་དབང་དགེ་རྒན་མཆོག་གི་སློབ་སྟོན་འོག་ཀུན་དགའ་ཕུན་ཚོགས་ཀྱི་སྦྱང་བརྩོན་ཆེན་པོས་བོད་ལུགས་གསོ་རིག་དང་སྨན་རིགས་ཀྱི་རིགས་པའི་གཞུང་ལུགས་ཁོང་དུ་ཆུད་པར་གནང་།

སྤྱི་ལོ་ ༡༩༣༩ ལོར་སྨན་རྩིས་ཁང་གི་ལམ་ལུགས་ཤིན་ཏུ་དམ་པའི་གསོ་རིག་དང་གནམ་རིག་གཉིས་ཀྱི་སློབ་ཐོན་ཡིག་ཚད་ལ་ཞུགས་ཏེ་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོབ་ནས་ལྷོ་ཁ་རབ་བྱུང་གྲྭ་ཚང་གི་སྨན་པ་གནང་། སླར་ཡང་མཁས་དབང་མཁྱེན་རབ་ནོར་བུའི་ཐུགས་རེ་ལྟར་སྨན་རྩིས་ཁང་དུ་གསོ་རིག་དང་གནམ་རིག་གཉིས་ཀྱི་སློབ་ཁྲིད་ཕྱག་ལས་གནང་། དུས་ཚོད་གང་ཙམ་རིང་འབད་པ་ལྷུར་ལེན་དང་ནད་ཐོག་ལག་ལེན་བྱས་པ་བརྒྱུད་སྨ་བཅོས་ཀྱི་ལག་ལེན་ཕུན་སུམ་ཚོགས་པ་བསགས་པར་བརྟེན་ཡུན་རིང་མ་སོང་བར་སྐད་གྲགས་ཤིན་ཏུ་ཆེ་བའི་སྨན་པ་ཞིག་ཆགས་པ་རེད། བོད་ལྗོངས་སུ་དམངས་གཙོ་བཅོས་འགྱུར་བྱས་རྗེས་རྒྱལ་ཁབ་ཀྱི་ཡང་དག་པའི་ཁ་ཕྱོགས་གསལ་སྟོན་འོག་ལྷ་ས་སྨན་རྩིས་ཁང་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་སྦྲགས་རྒྱུན་ཆད་མེད་པར་གཞི་རྒྱ་ཆེ་རུ་ཕྱིན་པ་མ་ཟད་སྔ་རྗེས་སུ་སྤྱི་ལོ་༡༩༥༩ ལོར་ལྷ་ས་སྨན་རྩིས་ཁང་དེ་གྲོང་ཁྱེར་སྨན་རྩིས་ཁང་དང་། སྤྱི་ལོ་ ༡༩༧༩ ལོར་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་དུ་བསྒྱུར་བ་རེད། ད་དུང་བོད་སྨན་བཟོ་གྲྭ་དང་། བོད་སྨན་ཞིབ་འཇུག་སོའོ། གནམ་རིག་སྐར་རྩིས་ཞིབ་འཇུག་སོའོ་གསར་འཛུགས་གནང་བ་དང་། ཞབས་འདེགས་ཀྱི་ཁ་ཕྱོགས་དང་གཞི་རྒྱར་འགྱུར་ལྡོག་ཆེན་པོ་བྱུང་བ་རེད། གནས་ཚུལ་གསར་པའི་འོག་ཀུན་དགའ་ཕུན་ཆོགས་མཆོག་གིས་བོད་སྨན་གྱི་སྤྱི་ཆོགས་ལ་ཕན་ཐོགས་གལ་ཆེན་ཡོད་པ་གསལ་རྟོགས་བྱུང་ནས་ཤུགས་ཡོད་ཚད་མིའི་རིགས་ཀྱི་བདེ་ཐང་དང་བོད་སྨན་འཕེལ་རྒྱས་ཆེད་དུ་འབུལ་གནང་མཛད། ཁོང་གིས་སྤྱི་ལོ་ ༡༩༦༢ ལོར་ལྗོངས་སྨན་རྩིས་ཁང་གི་ཡོན་ཀྲང་གཞོན་པའི་དབུ་གནས་བཞེས་ནས་འགྲོ་དོན་འཕྲིན་ལས་ཤིན་ཏུ་རྒྱས་པ་བྱུང་། ཁོང་ལ་རྩ་དཀར་ནད་ལ་དམིགས་བསལ་གྱི་བཅོས་ཐབས་ཡོད་པར་བརྟེན་ནད་པ་མི་ཉུང་བ་ཞིག་གི་སྲོག་སྐྱོབ་དྲིན་ཅན་ཏུ་གྱུར། ལྷག་པར་མཁྲིས་ནད་རང་བཞིན་གྱི་བརྒྱལ་གཟེར་ནད་ལ་ག་བུར་ནག་པོ་བེད་སྤྱད་གནང་བ་དང་། རླུང་གི་རང་བཞིན་གྱི་རྒྱལ་གཟེར་ནད་ལ་ཨ་གར་བརྒྱད་པ་དང་ཁྱུང་ལྔ་སོགས་བེད་སྤྱད་གནང་བར་ཕན་འབྲས་བརྒྱ་ཆ་༨༠%ཡན་ཆད་ཀྱི་ནུས་པ་ཐོན་ཡོད། མདོར་ན་ཀུན་དགའ་ཕུན་ཚོགས་ཀྱི་ཕོ་བ་སྨུག་པོ་དང་མཆིན་ནད་སོགས་བོད་ལྗོངས་ཀྱི་རྒྱུན་མཐོང་ནད་དང་། བཅོས་དཀའི་ནད་བཅས་ལ་དུས་ཡུན་རིང་་སྨན་བཅོས་ལག་ལེན་བྱས་པ་བརྒྱུད་དམིགས་བསལ་གྱི་ཕན་བསྐྱེད་མངོན་གསལ་དོད་པོ་བྱུང་བ་མིག་མཐོང་ལག་ཟིན་བྱུང་ཡོད། ཉེ་བའི་ལོ་ཤས་ནང་ཁོང་གི་ཉེ་རིང་མེད་པའི་ཐོག་ནས་མེས་རྒྱལ་ནང་ཁུལ་གྱི་ནད་པ་མི་གྲངས་ལྔ་བརྒྱ་ལྷག་ཙམ་ལ་ཡིག་ཐོག་ནས་བརྟག་བཅོས་བྱས་པར་ཕན་བསྐྱེད་དང་བསྔགས་བརྗོད་ཆེན་པོ་ཐོབ་ཡོད།

ཀུན་དགའ་ཕུན་ཚོགས་ཀྱིས་ཆུང་དུས་ནས་སྨན་སློབ་སློབ་སྦྱོང་མཐར་ཕྱིན་གནང་བ་མ་ཟད། དགུང་ལོ་ཉི་ཤུར་ཕེབས་དུས་དེ་སྔོན་ཕྱི་རྒྱལ་གྱི་བོད་དུ་བཙུགས་པའི་སྨན་ཁང་དུ་ལོ་གསུམ་ཙམ་སློབ་སྦྱོང་གནང་ནས་བོད་ཕྱི་ཟུང་འབྲེལ་ཐོག་ནས་སྨན་བཅོས་གནང་བ་སྦྲགས་ཕྱི་ལུགས་ཀྱི་ཉིང་བཅུད་ལེན་མཁན་ཀྱི་མཁས་དབང་ཞིག་ཀྱང་རེད། ཀུན་དགའ་ཕུན་ཚོགས་མཆོག་གི་སྔ་རྗེས་སུ་ཆམ་ནད་བཅོས་པའི་མྱོང་བཅོས་དང་། སྨན་པ་རྐང་རྗེན་མའི་སྦྱོར་སྡེ་གསར་བསྒྲིགས། སྨུག་པོའི་བཅོས་ཐབས། གསོ་རིག་ཀུན་བསྡུས་ཀྱི་རྩོམ་བསྒྲིགས་ཨུ་ཡོན་བཅས་གནང་ཡོད། ཁོང་ནི་བོད་ལུགས་གསོ་རིག་མཁས་དབང་ཞིག་ཡིན་པ་མ་ཟད་རྒྱལ་གཅེས་རིང་ལུགས་པ་ཞིག་ཀྱང་ཡིན། སྤྱི་ལོ་ ༡༩༥༨ ལོར་རྒྱ་གར་དང་འབྲས་ལྗོངས་སོགས་ལ་སྤུན་ཉེ་མཇལ་བར་ཕེབས་དུས་མི་འགའ་རེས་ཁོང་ཕྱི་རྒྱལ་ལ་བཞུགས་རྒྱུའི་རེ་བ་བཏོན་ཀྱང་ཁས་མ་བླངས་པར་དུས་ཚོད་མ་ཟིན་པའི་སྔ་ནུབ་ནས་མེས་རྒྱལ་དུ་ཕྱིར་ལོག་གནང་། ཏང་དང་མི་དམངས་ཀྱི་ཁོང་གིས་མཛད་རྗེས་ལ་གཞིགས་ནས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། བོད་ལྗོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། སྨན་པ་འབུམ་རམས་པའི་ལག་རྩལ་གོ་གནས། ཀྲུང་གོ་ཚན་རིག་མཐུན་ཚོགས་ཀྱི་ཨུ་ཡོན། བོད་ལྗོངས་ཀྲུང་བོད་གསོ་རིག་མཐུན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ། བོད་ལྗོངས་གནམ་རིག་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ཀྱི་འགན་བཞེས་མྱོང་ཡོད།  སྤྱི་ལོ་ ༡༩༨༩ ལོར་དགོངས་པ་གཞན་དོན་དུ་གཤེགས། དགུང་ལོ་གྱ་གསུམ་བཞུགས།།


- འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དེབ་གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས། པར་གཞི་གཉིས་པ་ནས་ཟུར་འདོན་ཞུས།



མཐའ་མའི་འདོན་ཐེངས་།: 04.07.2018 ཉིན། 3:20 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།