སྨན་རྩིས་དྲ་བ། - གསོ་རིག་མཁས་དབང་རིམ་བྱོན།

ཀརྨ་འཇིགས་མེད་ཆོས་ཀྱི་སེངྒེ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 04.12.2017
གསོ་རིག་མཁས་དབང་རིམ་བྱོན། >>


ཀརྨ་འཇིགས་མེད་ཆོས་ཀྱི་སེངྒེ།

- བྱམས་པ་འཕྲིན་ལས།
 

ཀརྨ་འཇིགས་མེད་ཆོས་ཀྱི་སེངྒེའམ་གཞན་ཕན་འོད་ཟེར་ཞེས་པ་ནི་འཁྲུངས་ཡུལ་ཆབ་མདོ་ཁུལ་ནས་ཡིན་ཞིང་། ཡབ་ཡུམ་གྱི་མཚན་དང་བལྟམས་པའི་དུས་ཚོད་གང་ཡིན་རྩད་གཅོད་མ་ཐུབ། འོན་ཀྱང་དམ་པ་དེའི་རྣམ་ཐར་གོ་ཐོས་ལྟར་བྱས་ན་སྐུ་ཚེའི་སྟོད་དུ་སྡེ་དགེ་ཀ:ཐོག་དང་། དཔལ་སྤུངས་ཀྱི་བཤད་གྲར་བཞུགས་ནས་མཁས་གྲུབ་གཉིས་ལྡན་གྱི་ཡོངས་འཛིན་འགྲན་ཟླ་དང་བྲལ་བ་མང་པོ་དང་། སྒོས་སུ་ཚ་བ་ལོ་ཙཱའམ། སྐྱབས་མཆོག་རིན་ཆེན་ཕུན་ཚོགས་ཀྱི་ཞབས་པད་ཡུན་དུ་བསྟེན་ནས་ཕྱི་ནང་རིག་གནས་མཐའ་དག་ལ་དཔྱིས་ཕྱིན་པའི་སློབ་གཉེར་མཛད། ཤེས་བྱ་ཇི་ལྟ་ཇི་སྙེད་ལ་མཁྱེན་པའི་དཔལ་ཡོན་རབ་ཏུ་རྒྱས་ཤིང་། མདོ་ཁམས་ཀུན་ཏུ་སྙན་གྲགས་ཤིན་ཏུ་ཆེ་བར་བརྟེན་སྐལ་ལྡན་གདུལ་བྱ་མང་པོ་གང་ལ་གང་འདུལ་གྱི་མཛད་འཕྲིན་བཟང་པོས་སྨིན་གྲོལ་གྱི་ལས་ལ་འགོད་པར་མཛད། ཁྱད་པར་སྨན་དཔྱད་སྐོར་གྱི་སྐུ་ཡོན་གསན་ཡུལ་གཙོ་བོ་རྒྱུད་བཞི་གསོལ་འདེབས་ནང་འཁོད་པ་ལྟར་གསོ་རིག་མངའ་བདག་ཕུན་ཚོགས་ཡོན་ཏན་ཞལ་སྔ་ནས་གསན་པ་བཅས་དེ་ལྟར་ཐུགས་ཀྱི་བུམ་པ་ཤེས་བྱ་མ་ལུས་པས་ཡོངས་སུ་གང་རྗེས་བོད་ལྗོངས་སུ་གདུལ་བྱ་སྐྱོང་ཕྱིར་ལྷ་ལྡན་དག་པའི་ཞིང་ཁམས་སུ་ཞབས་སོར་བཀྲ་ཤིས་ཀྱི་རེ་ཁཱ་འཁོད་པར་བརྟེན་རིང་པོར་མ་ཐོགས་པར་འགྲོ་དོན་འཕྲིན་ལས་བསམ་གྱིས་མི་ཁྱབ་པ་བྱུང་བའི་སྐབས་སུ་དད་ལྡན་སློབ་མ་མང་པོར་གསུང་གི་བདུད་རྩིའི་ཟེར་ཕྲེང་ཅི་ཡང་བསྩལ་བའི་བཀའ་དྲིན་བསྐྱངས།
 

ལྷག་པར་དྷརྨ་སེང་གེ་མཆོག་རྗེས་འཛིན་རིག་པ་དང་། གཡུ་ཐོག་སྙིང་ཐིག་གི་དབང་ལུང་འཁྲིད་གསུམ་སོགས་གང་གི་ཐད་ནས་བྱིན་རླབས་དཔལ་གྱིས་བརྗིད་པ་དང་། མཐོང་བ་བརྒྱུད་པའི་ཞལ་ཤེས་མན་ངག་གང་ཅིར་གཞན་ལས་ཁྱད་དུ་འཕགས་པའི་སྐྱེས་ཆེན་དམ་པ་ཞིག་ཡིན་སྟབས་ལྩགས་རི་བེེཌཱུརྱ་ངོ་མཚར་འགྲོ་ཕན་གླིང་གི་བླ་སྨན་ཨུ་རྒྱན་བསྟན་འཛིན་རྒྱ་མཚོ་མཆོག་དང་། གསོ་རིག་གཞུང་ཀུན་བྱང་ཆུབ་པའི་འཚོ་བྱེད་དགེ་རྒན་རྣམས་དང་བཅས་པའི་ཆེད་དུ་གདན་ཞུས་ཀྱིས་སྨན་པ་ཡོངས་ལ་དཔལ་ལྡན་རྒྱུད་བཞིའི་འཁྲིད་ལུང་ཞིབ་རྒྱས་གནང་།
 

ཕྱོགས་མཚུངས་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་དང་། སྲིད་སྐྱོང་དེ་མོ་ཧོ་ཐོག་ཐུ་རྣམ་གཉིས་ནས་གསོ་བ་རིག་པའི་བསྟན་པ་སྤྱི་དང་། བྱེ་བྲག་བདུད་རྩི་སྨན་སྒྲུབ་ཀྱི་རྒྱུན་འཛུགས་མཛད་སྐབས་གོང་གསལ་བླ་སྨན་ཨུ་རྒྱན་བསྟན་འཛིན་རྒྱ་མཚོ་ནས་ལྷག་བསམ་དག་པས་ཡང་ཡང་བསྐུལ་མ་མཛད་པའི་ངོར་《རླབས་ཆེན་རྒྱལ་བའི་སྤྱོད་པ་ལས། སྨན་སྒྲུབ་དྲང་སྲོང་དགོངས་རྒྱན།》ཞེས་བྱ་བ་དང་།  རྗེ་བཙུན་མཧཱ་གུ་ཎའི་སྙན་བརྒྱུད་ཀྱི་གདམས་པ་ཟབ་མོ་ཉམས་སུ་ལེན་པའི་རྣམ་པར་བཤད་པ་《སྐུ་གསུམ་ཞིང་ཁམས་བགྲོད་པའི་ཐེམ་སྐས།》ཞེས་པ་བླ་ན་མེད་པའི་རྒྱུད་སྡེ་ཆེན་པོ་རྣམས་དང་། ཨོ་ཌི་ཡ་ནའི་མཁན་པོ་སློབ་དཔོན་པདྨ་རྒྱལ་པོ། གཡུ་ཐོག་རང་གཞུང་། གཏེར་ཆེན་རཏྣ་གླིང་པ། པད་གླིང་ཀུན་མཁྱེན་གཉིས་པ་རྣམས་ཀྱི་གསུང་རྣམས་གཞིར་བཞག་གི་ཆོག་སྒྲིག་མཛད།
 

དེ་མིན་ད་དུང་གཡུ་ཐོག་སྙིང་ཐིག་གི་《བསྙེན་ཡིག་དངོས་གྲུབ་རོལ་མཚོ།》དང་། 《ལས་བཞིའི་སྤྱིན་བསྲེག》 གཡུ་ཐོག་སྙིང་ཐིག་གི་《རྫོགས་རིམ་ཉེ་བརྒྱུད་གསོལ་འདེབས།》 《དམ་ཆོས་སྡུག་བསྔལ་མུན་སེལ་ཐུགས་རྗེའི་ཉི་འོད་ཀྱི་ཆ་ལག་ཀུ་སུ་ལུའི་ཚོགས་གསོག》 སོགས་གསར་དུ་ལྗགས་རྩོམ་གནང་བ་སོགས་ཀྱིས་ལྩགས་པོ་རིར་ཚེ་ཡི་རིག་བྱེད་དང་། གཡུ་ཐོག་སྙིང་ཐིག་གི་ཉམས་ལེན་ཐུན་མོང་མ་ཡིན་པ་མ་ཉམས་གོང་ནས་གོང་དུ་འཕེལ་བའི་ཁར། ཉ་སྟོང་དུས་ཚེས་སྐབས་འདུས་ཚོགས་ཡོངས་ཀྱིས་གཡུ་ཐོག་སྙིང་ཐིག་གི་ཆོ་ག་ཕྱག་ལེན་རྣམ་པར་དག་པ་སྦྱོར་དངོས་རྗེས་གཙང་གི་སྒོ་ནས་གནང་བའི་སྲོལ་ཚུགས་ཏེ་སྐལ་ལྡན་དང་བ་འདྲེན་པ་དང་། འབྱོར་ལྡན་བསོད་ནམས་གསོག་པའི་ཡུལ་མཆོག་དམ་པར་གྱུར།
 

ལྷག་ཏུ་ཟུག་རྔུའི་ཚོར་བས་དྲག་ཏུ་གདུང་པའི་འགྲོ་བ་མཐའ་དག་བདེ་བའི་དཔལ་ལ་སྤྱོད་ཕྱིར་གཞུང་ས་མཆོག་ནས་ཐུགས་རྗེ་ཚད་མེད་པའི་འཇུག་པ་ཟབ་མོས་རྒྱུད་ཆེན་རྣམ་བཞིས་མཚོན་མན་ངག་ཉམས་ཡིག་སྐོར་དང་།་ རྗེ་བཙུན་མཧཱ་གུ་ཎའི་ཐུགས་ཀྱི་ཏི་ལ་ཀ་གཡུ་ཐོག་སྙིང་ཐིག གསོ་བ་རིག་པའི་རྒྱུད་འགྲེལ་ཐམས་ཅད་ཀྱི་རབ་དང་ཕུལ་དུ་གྱུར་པའི་བསྟན་བཅོས་བེེ་སྔོན་སོགས་རབ་ཚེས་ས་བྱི་(སྤྱི་ལོ་1888)ལོར་པར་གཞི་གསར་སྐྲུན་མཛད་སྐབས་ཞུས་དག་དང་། པར་བྱང་སྨོན་ཚིག
 

            ཨོཾ་སྭ་སྟི། ཕྱག་ན་པདྨོ་ཐུབ་བསྟན་རྒྱ་མཚོ་ཡི། །ཐུགས་བསྐྱེད་མཐའ་བྲལ་ཀུན་གསལ་ཡངས་པའི་ངོས། །གང་འདུལ་འཕྲིན་ལས་ཉིན་བྱེད་འོད་སྣང་གིས། །བསྟན་འགྲོའི་ཕན་བདེའི་པདྨོ་ཅི་ཡང་འཛུམ། །འཚོ་མཛད་སྨན་པའི་རྒྱལ་པོ་གཡུ་ཐོག་པའི། །རྨད་བྱུང་རྡོ་རྗེའི་གསང་ཚིག་སྙིང་གི་ཐིག །འཇམ་མགོན་མི་ཡི་རྣམ་རོལ་འཁོར་ལོས་བསྒྱུར། །ཁྲི་སྲོང་གཉིས་པ་དེ་མོ་རྒྱལ་བས་བསྐྲུན། །གྲངས་མེད་ཚོགས་པའི་བསོད་ནམས་ཆུ་གཏེར་རུམ། །སྤངས་རྟོགས་རིན་ཆེན་གདེངས་ཀ་དབྱིངས་སུ་བཏེག །བཤད་སྒྲུབ་དགོས་འདོད་ནོར་བུའི་འབྱུང་གནས་ཆེ། །སྐུ་གསུམ་ཀླུ་ཡི་དབང་པོ་ཐོབ་ཕྱིར་བསྔོ། །ཞེས་པ་ལྟ་བུ་དཔེ་ཚན་མང་པོའི་མཇུག་ཏུ་པར་བྱང་འཁོད་པ་དེ་ལྟར་དང་། གོང་གསལ་གཡུ་ཐོག་སྙིང་ཐིག་དང་། སྨན་སྒྲུབ་དྲང་སྲོང་དགོངས་རྒྱན། སྔོན་འགྲོ་ཐེམ་སྐས། དེ་བཞིན་གསོ་རིག་རྒྱུད་བཞི་དང་། བེེ་སྔོན། ལྷན་ཐབས། ལྡེ་མིག་སོགས་ཀྱི་ཤིང་པར་ལྕགས་རི་གྲྭ་ཚང་ནས་དོ་དམ་མཛད་དེ་ལོ་རེའི་བོད་ཟླ་གསུམ་པ་ནང་པར་ཁང་སྒོ་ཕྱེ་སྟེ་དོན་གཉེར་ཅན་ཚོས་ཅི་དགར་པར་བཏབ་ཆོག་པའི་སྐལ་བཟང་ལོངས་སུ་སྤྱོད་རྒྱུ་ཡོད།
 

རྗེ་འདིས་བྱ་བྲལ་གྱི་སྤྱོད་པ་བསྐྱངས་ནས་ལྗོངས་ནས་ལྗོངས་རྒྱུ་ཞིང་།  བཞུགས་གནས་ལ་ངེས་པ་མེད་པས་བེེ་རོའི་རྣམ་ཐར་《འདྲ་འབག་ཆེན་མོ།》པར་དུ་བསྐྲུན་པའི་མཇུག་ཏུ་རྒྱལ་ཁམས་པ་དྷརྨ་སེང་གེ་ཞེས་འཁོད་པ་དང་། སྐུ་ཚེའི་སྨད་དུ་ལྷ་སའི་སྐྱིད་ཆུའི་ལྷོ་ངོས་གྲིབ་ཚེ་ཆོག་གླིང་དུ་བཞུགས་པ་དང་། དེའི་སྐོར་སྨན་སྒྲུབ་དྲང་སྲོང་དགོངས་རྒྱན་གྱི་མཇུག་ཏུ། འཕགས་མཆོག་འཇིག་རྟེན་མགོན་པོའི་དཀྱིལ་འཁོར་གྱི་ལྷོ་ཕྱོགས། དགེ་ལེགས་རྣམ་པར་བཀྲ་བའི་བཀྲ་ཤིས་བུམ་པ་རིའི་ཉེ་འདབས། དྭངས་བསིལ་ཡན་ལག་བརྒྱད་ལྡན་གྱི་ཀླུང་རྒྱུན་འབབ་པའི་འགྲམ། བྱང་ཆུབ་ལྗོན་པའི་སྐྱེད་མོས་ཚལ། རང་ཉིད་ཀྱི་བསམ་གཏན་གྱི་ཁང་བུ། ཀུན་དགའ་ར་བའི་བསྟི་གནས་སུ། ཞེས་པ་ལྟར་ཡིན།
 

གསུང་སྐྱེས་སློབ་མ་དུ་མའི་ནང་ནས་ཞི་བྱེད་གཅོད་ཀྱི་འགྲོ་དོན་སྐྱོང་མཁན་ཤུགས་གསེབ་ལོ་ཆེན་རིན་པོ་ཆེ་དང་། ཞི་ཁྲོའི་ཆོ་ག་ཕྱག་ལེན་གྱི་འགྲོ་དོན་སྐྱོང་མཁན་བླ་མ་ངག་དབང་། ཚེ་དང་སྒྲུབ་པ་མཉམ་པ་བླ་མ་འཇིགས་མེད་འཕྲིན་ལས། སྨན་རྩིས་རིག་གནས་ཀྱི་འགྲོ་དོན་སྐྱོང་མཁན་རྡོ་རྗེ་རྒྱལ་མཚན། གཞན་ཡང་གསོ་རིག་བསྟན་པ་ཡར་རྒྱས་དང་། གཡུ་ཐོག་སྙིང་ཐིག་གི་སྣོད་ལྡན་སློབ་མ་བླ་སྨན་ཨུ་རྒྱན་བསྟན་འཛིན་རྒྱ་མཚོ། སྦྱིན་བདག་དང་ཞལ་སློབ་ཡིན་པ་རག་ཁ་ཤར་བཀའ་བློན་དམ་པ་སོགས་མང་པོ་བྱུང་བར་གྲགས།
 

དྷརྨ་སེང་གེ་སྐུ་ཚེ་ཇི་ཙམ་བཞུགས་པའི་རྣམ་ཐར་མ་རྙེད་རུང་། གཡུ་ཐོག་སྙིང་ཐིག་གི་བསྙེན་ཡིག་དངོས་གྲུབ་རོལ་མཚོའི་མཇུག་ཏུ། རྨོངས་པ་རྒན་པོ་ཆོས་ཀྱི་སེང་གེ་ཞེས་འབྲི་གནང་མཛད་པར་བལྟས་ན་ཕལ་ཆེར་དགུང་ལོ་བགྲེས་ཙམ་བཞུགས་ཚོད་དང་། མཐར་སྐུ་གཤེགས་ཡུལ་ཚེ་ཆོག་གླིང་གི་ཉེ་འདབས་རང་ལ་ཡིན་ཞིང་ཞལ་སློབ་ཚོས་སྐུ་གདུང་ཞུགས་འབུལ་ཞུས་རྗེས་ཐུགས་ལྗགས་སྤྱན་གསུམ་ཉར་འཚག་མཛད། རྗེས་སུ་དངོས་སློབ་རྡོ་རྗེ་རྒྱལ་མཚན་མཆོག་གིས་ཐུགས་དམ་རྟེན་དུ་སྨན་འདམ་ལས་གྲུབ་པའི་རྟ་མགྲིན་གསར་བཞེངས་དང་འབྲེལ། ལྕགས་རི་གྲྭ་ཚང་གི་འདུ་ཁང་བྱང་ངོས་སུ་བཞུགས་སུ་གསོལ་ལོ།།
 

- འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་འདོན་ཞུས།

 

 

མཐའ་མའི་འདོན་ཐེངས་།: 12.12.2017 ཉིན། 3:50 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།