ཀརྨ་ངེས་ལེགས་བསྟན་འཛིན། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 05.11.2017 |
ཀརྨ་ངེས་ལེགས་བསྟན་འཛིན།
- བྱམས་པ་འཕྲིན་ལས།
ཀརྨ་ངེས་ལེགས་བསྟན་འཛིན་ནི། པན་ཆེན་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་དངོས་སློབ་དུ་མའི་ཁྲོད་ནས་ཕུལ་དུ་བྱུང་བ་ཞིག་ཡིན། ཡབ་ཡུམ་དང་འཁྲུངས་ལོ་མ་རྙེད་རུང་རབ་བྱུང་བཅུ་གཉིས་ཆུ་བྱི་(སྤྱི་ལོ་1732)ལོ་《རྩིས་གཞུང་ཉེར་མཁོ་བུམ་བཟང་》ཞེས་པ་བརྩམས་འདུག་པས་ལོ་རབས་བཅུ་བདུན་པའི་དུས་འགོར་བཙས་པ་འདྲ།
ཁོང་གིས་བརྩམས་པའི་《དཔལ་ལྡན་རྒྱུད་བཞི་སོགས་གསོ་བ་རིག་པའི་བཀའ་བསྟན་མན་ངག་ཀུན་གྱི་གནད་བསྡུས་ཕན་བདེའི་བསིལ་ཟེར་འཕྲོ་བའི་ཟླ་བ་གསར་པ།》ཞེས་པའམ་མིང་གཞན་《སྨན་བསྡུས་ཨེ་》ཞེས་པའི་(ཤོག་གྲངས་༤ན་༡)ནང་རྣམ་ཐར་མདོར་བསྡུས་སྐབས། སྔར་ཆུང་ངུའི་དུས་སུ་སྨན་ཐོག་མར་བསླབས་པའི་ནུབ་མོ་རྨི་ལམ་བཟང་བར་གླེང་བ་ཞིག་བྱུང་བ་དང་། སྐུ་ཞབས་ཐམས་ཅད་མཁྱེན་གཟིགས་ཆེན་པོ་མཧཱ་པཎྜིཏ་ཆོས་ཀྱི་འབྱུང་གནས་ཀྱི་བཀའ་དྲིན་ལ་བརྟེན་ནས་རིག་པ་འདི་ལ་ཕྱོགས་སྒོར་མོ་ནས་མཐོང་ཐོས་ཅི་རིགས་ཀྱིས་འགྲོ་ཕྱོགས་དཀྱུས་མ་མིན་ཙམ་ནི་ཡོད་དོ། །ཞེས་བྲིས་འདུག་པས་གསོ་རིག་སྐོར་སི་ཏུ་རིན་པོ་ཆེའི་དྲུང་ནས་གསན་བཞེས་གནང་བ་སོམ་ཉི་བྲལ། འོན་ཀྱང་མི་ལོ་བཅོ་ལྔ་ཙམ་གྱི་རིང་སྨན་དཔྱད་ཀྱི་ཕྱག་ལེན་མཚམས་བཞག་པའི་སྐོར་གྱི་གནས་ཚུལ་ཡང་བྱུང་འདུག་པ་དེའི་རྒྱུ་རྐྱེན་ནི། དེང་སང་ཡི་གེའི་རིགས་གང་དང་གང་ཡིན་ཡང་ཤིན་ཏུ་ངོ་མཚར་བ་མཁས་པ་དགའ་བ་སྐྱེ་བ་ཞིག་དང་། རྣ་བར་ཐོས་སུ་མི་འདོད་པ་ཞིག་ལྷན་ཅིག་ཏུ་ཚོགས་ན་དེ་གཉིས་ལ་ཁྱད་པར་མེད་པའམ་ཕྱི་མ་དེ་མཆོག་ཏུའང་བྱེད་པའི་སྐབས་ཏེ། དེ་ལྟ་བུ་རྣམ་པར་དབྱེ་བ་རྒྱལ་ཁྲིམས་ལ་མེད། ཡོད་ཀྱང་ཅི་ལ་ཡོད་དེ། དེ་འདྲ་ལེགས་པར་དབྱེ་ཤེས་མཁན་ཉིད་ཡུལ་གྲུ་ཆེན་པོ་འགའ་ལའང་སྲིད་མཐའ་མ་བཀག་ཙམ་ལས་མེད་ལ། བརྒྱ་ལ་སྲིད་པ་དེ་དག་ཀྱང་གྲགས་པ་མེད་པའི་མི་གྱི་ན་བ་ཞིག་ཏུ་གྱུར་ནས། གང་མི་ཤེས་པ་ཉིད་གྲགས་པའི་ཕུང་པོར་གྱུར་པ་ཉིད་མང་བའི་ཕྱིར་རོ། །ཞེས་སྐབས་དེའི་སྤྱི་ཚོགས་ཀྱི་ནང་མཁས་བླུན་དབྱེ་བ་མི་འབྱེད་པའི་དབང་གིས་སྨན་པའི་བྱ་བ་མཚམས་འཇོག་གནང་དགོས་བྱུང་བ་འདྲ།
རྗེས་སུ་ཀརྨ་ངེས་ལེགས་བསྟན་འཛིན་གྱི་སྨན་སློབ་སྡེ་དགེ་ཡིད་ལྷུང་འཇམ་དབྱངས་སམ་ཚུལ་ཁྲིམས་འོད་གསལ་ཞེས་པས་ཐེངས་མང་ནན་བསྐུལ་ཞུས་པ་ལྟར་《ཨེ་ལྦཾ》ཞེས་པའི་པོད་གཉིས་རྩོམ་འབྲི་ལེགས་པར་མཛད། སྨན་དཔེ་དེ་གཉིས་ལས་ཨེ་ནི་《རྒྱུད་བཞི་》ཡི་ནང་ནས་ནད་རིགས་ཐམས་ཅད་ཀྱི་གསོ་ཐབས་ལག་ལེན་མན་ངག་རྒྱུད་རྗེས་སུ་མཐུན་པར་གསོ་དཔྱད་ཀྱི་གཞུང་གདམས་མན་ངག་གངས་རིའི་ཁྲོད་འདིར་སྔ་ཕྱིར་བྱུང་བ་མང་པོ་དག་ལས་གཅེས་དགུ་ཕྱོགས་གཅིག་ཏུ་བསྡུས་ཏེ་བསྒྲིགས་པ་ཞིག་ཡིན་ཚུལ་དང་། ལྦཾ་ཞེས་པའི་པོད་དེ་ནི་གསོ་བ་རིག་པའི་མན་ངག་མཐའ་དག་གི་སྙིང་པོ་ཕྱོགས་གཅིག་ཏུ་བསྡུས་ནས་མན་ངག་ཡོན་ཏན་རྒྱུད་དང་། ཕྱི་མ་འཕྲིན་ལས་རྒྱུད་དག་གི་ལྷན་ཐབས་ཚུལ་དུ་བཀོད་པ་《ཕན་བདེ་ནོར་བུའི་བང་མཛོད་》ཅེས་པ་གཙོ་བོར་སྨན་གྱི་སྦྱོར་སྡེ་ཤ་སྟག་ཡིན།
མདོར་ན། 《ཨེ་ལྦཾ》ཞེས་པའི་པོད་གཉིས་པོ་དེ་ནི་སྔོན་ཆད་རང་ཉིད་མཁས་པའི་གྲགས་པ་དོན་དུ་གཉེར་ནས་མིག་གིས་གང་མཐོང་རྣ་བས་གང་ཐོས་ཐམས་ཅད་ཐོལ་བྱུང་དུ་བསྒྲིགས་པ་དང་། སྡེ་ཚན་སྡེ་ཚན་འགྲིག་འགྲིག་ལྟར་བསྒྲིགས་པ་དང་། རྫུན་ཁོ་ན་བསྒྲིགས་པ་དང་། དུས་གསུམ་གྱི་བརྡ་དག་ཙམ་དང་རྣམ་དབྱེ་བདུན་གྱི་རྣམ་གྲངས་ཙམ་ཡང་མི་ཤེས་པའི་རྩོམ་ཆོས་རྣམས་དང་མི་འདྲ་སྟེ། དེ་དག་རྣམས་དང་རྒྱབ་འགལ་ཞིང་། ཉེར་མཁོ་མེད་ཐབས་མེད་པའི་ཉམས་ཕན་དང་། དཔྱད་ན་མི་བསླུ་སྙམ་པ་ཞིག་དང་། མཁའ་འགྲོའི་བཀའ་རྒྱ་གྲོལ་བ་དང་། བརྒྱུད་པའི་བྱིན་རླབས་ལ་རེ་བས་ལུང་སོགས་ཀྱང་ཅི་ཐོབ་བྱས་ཤིང་། མ་ཐོབ་པ་ཕལ་ཆེར་སློབ་དཔོན་པདྨའི་ཞལ་ལུང་བཟང་བས་དེ་པའི་ལུགས་ཀྱི་ལུང་རང་གིས་བླངས་པ་སོགས་ཀྱིས་ཅུང་ཟད་རྣམ་པར་དག་པའི་ལུགས་སུ་གྱུར་ཏོ། །ཞེས་ཧ་ཅང་ཁུངས་ལྡན་ཡིན་པར་ཞལ་བཞེས་མཛད།
གཞན་ཡང་རིག་གནས་དར་ཚུལ་སྐོར་ལ་སྤྱིར་རིག་པའི་གནས་ཕལ་ཆེ་བ་ནི། རྒྱ་གར་གྱི་ཆོས་ཀྱི་རྗེས་སུ་འབྲང་བར་འདུག་ལ། རྩིས་ནག་དང་ཀོང་ཙེའི་གཏོ་རྣམས་ནི་རྒྱ་ནག་པའི་རྗེས་འབྲང་དུ་འདུག སྨན་འདི་ནི་རྒྱ་དཀར་ནག་དང་དེར་མ་འཐུས་པ་ཡུལ་ཕྲན་གཞན་ནས་ཀྱང་བླངས་པའི་གསོ་དཔྱད་རྣམས་ཀྱི་དོན་གྱི་ཆ་བསྡུས་ཤིང་། དེའང་བོད་ཡུལ་དུ་དར་བའི་སྨན་གྱི་རོ་ནུས་ཞུ་རྗེས་སོགས་སྔོན་གྱི་སློབ་དཔོན་མཁས་ཤིང་གྲུབ་པ་ཐོབ་པ་རྣམས་ཀྱིས་གཏན་ལ་ཕབ་པ་སྟེ། དེ་ན་སློབ་དཔོན་དེ་དག་ནི་བོད་ཡུལ་གྱི་སྨན་གྱི་སྟོན་པར་གྱུར་ཅིང་། བསྟན་བཅོས་རྣམས་ཀྱང་བོད་གཞུང་དུ་གྱུར་པ་ཡིན་ལུགས་དང་། སྨན་གཞུང་ཀུན་གྱི་ནང་ནས་ཉི་ཟླ་ལྟར་གྲགས་རྒྱུད་བཞི་འདི་ཉིད་ཁོག་ཕུབ་གཙོ་ཆེར་ཡན་ལག་བརྒྱད་པའི་སྙིང་པོ་རྩ་འགྲེལ་ལྟར་བྱས་ཤིང་། དེ་མིན་རྒྱ་དཀར་ནག་སྟག་གཟིག་ལི་ཡུལ་སོགས་ཀྱི་མན་ངག་རྣམས་དང་། བོད་དུ་བྱུང་བ་རྣམས་ཀྱིས་ཀྱང་བརྒྱན་པའི་བེ་བུམ་དུ་འདུག་ལ། འདིར་མ་འདུས་པའམ་གཏེར་མ་སོགས་ཅི་རིགས་ལས་འབྱུང་ངོ་ཞེས་གསུངས་པ་ནི་ཤིན་ཏུ་བདེན་པའི་བཀའ་མོལ་དུ་མཐོང་།
འོན་ཀྱང་ཀརྨ་ངེས་ལེགས་བསྟན་འཛིན་ཁོང་རང་གིས་བསྒྲིགས་པའི་ལྷན་ཐབས་སམ་ཨེ་ལྦཾ་པོད་གཉིས་འཐུས་ཤིན་ཏུ་ཆེ་ཚུལ་དང་། མི་རྗེ་སཱ་རས་མཛད་པའི་《ལྷན་ཐབས།》ལ་ཅུང་ཟད་ཟུར་ཟ་མཛད་དེ། དུས་ཕྱིས་ཀྱི་མན་ངག་རྒྱུད་ཀྱི་ལྷན་ཐབས་ཟེར་བ་འདི་ནི་མིང་ལྷན་ཐབས་ཟེར་བ་ལས། དོན་དུ་རྒྱུད་ཚིག་གཞིར་བཞག་པའི་རང་ཚོ་ཐུབ་པའི་ཁུལ་དུ་བྱས་འདུག་མོད་ཀྱི་ལྷན་ཐབས་སུ་མི་འདུག་ལ། བསྒྲིགས་ཚུལ་ཡང་ལེགས་རྒྱུ་མི་འདུག་ཅེས་སོགས་གསུངས་པ་ནི། སྡེ་སྲིད་རིན་པོ་ཆེའི་ཞལ་ནས་རྗེས་མས་སྔོན་མར་སྐྱོན་མཐོང་བ་ཆོས་ཉིད་ཡིན་ཚུལ་གསུངས་པ་ལྟར་ཡིན་ངེས་ཀྱང་། ཁོ་བོ་ནི་སྐ་བ་ཤཱཀྱ་དབང་ཕྱུག་གམ་མཚོ་སྨད་མཁན་ཆེན་གྱིས་མཛད་པའི་《ལེགས་བཤད་དངུལ་དཀར་མེ་ལོང་》ལས། མཁས་དང་གྲུབ་པའི་གང་ཟག་ཆེན་པོ་ལའང་། །སྨོན་ལམ་ལས་འབྲེལ་དབང་གིས་ཆོས་རྣམས་ལ། །དགག་སྒྲུབ་དཔྱད་པ་མཛད་པ་མང་མོད་ཀྱང་། །ཆོས་དང་གང་ཟག་དེ་གཉིས་གཅིག་བདེན་ན། །གཅིག་ཉིད་རྫུན་པར་འཇོག་པ་ག་ལ་ཡིན། །ཞེས་གསུངས་པ་ལྟར་འདི་ཡིན་ཁ་ཚོན་གཅོད་པ་རོ་འཛིན་གྱི་ཡུལ་ལས་འགོངས་སོ།། །།
- འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་འདོན་ཞུས།
མཐའ་མའི་འདོན་ཐེངས་།: 06.11.2017 ཉིན། 9:29 AM
<< སྔ་མ།