སྨན་རྩིས་དྲ་བ། - བཀའ་སློབ་དང་གསུང་བཤད་གཞན།

༢༨/༣/༢༠༡༡ བཀའ་ཁྲི་ཟམ་གདོང་རིན་པོ་ཆེའི་གསུང་བཤད།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 27.01.2014
བཀའ་སློབ་དང་གསུང་བཤད་གཞན། >>


­སྤྱི་ལོ་༢༠༡༡ ཟླ་༣ ཚེས་༢༨ ཉིན་བོད་གཞུང་དབུས་སྨན་རྩིས་ཁང་ཚོགས་ཁང་དུ་
བཀའ་ཁྲི་མཁས་དབང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་
བསྩལ་བའི་ལམ་སྟོན་བཀའ་སློབ་བཞུགས་སོ།།
 
རྡ་རམ་ས་ལའི་དབུས་བོད་ཀྱི་སྨན་རྩིས་ཁང་གི་ངེས་སྟོན་པ་མཆོག་དང་འགན་འཛིན་རྣམ་པ། སྨན་པ་དང་རྩིས་པ། དེ་བཞིན་ས་གནས་སྨན་ཁང་ཁག་གི་འགན་འཛིན་ལ་སོགས་པ། དེ་རིང་འདིར་ཚོགས་ཁང་ནང་ལ་ཕེབས་པ་ཚང་མར། དང་ཐོག་དེར་བཙན་བྱོལ་བོད་གཞུང་བཀའ་ཤག་ངོས་ནས། ང་རང་སྒེར་གྱི་ངོས་ནས་འཚམ་འདྲི་དང་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན།
དེ་རིང་ལྷན་རྒྱས་ཚོས་ཚོགས་ཆེན་འདིའི་ཐོག་ལ་ལམ་སྟོན་བསླབ་བྱ་ཞུ་དགོས་རེད་ཟེར་ནས་ད་ཁ་སང་སྔ་མ་ཞིག་ནས་བཀའ་ཕེབས་པ་རེད། འདི་བར་ཞིག་ཏུ་བསམ་བློའི་ནང་བརྗེད་བཞག ད་ཁ་སང་བསྐྱར་དུ་དྲན་གསོ་གནང་། དེ་རིང་དངོས་གནས་བྱེད་ན་ཕྱག་ཚོད་གསུམ་དང་ཕྱེད་ཀ་ནས་ཡིན་པ་འདྲ་འདུག་སྟེ་ཡང་ལས་དོན་གཞན་པ་ཁ་ཤས་ཤིག་གི་ཆེད་དུ་དུས་ཚོད་དེ་མར་འགྱངས་དགོས་བྱེད་སོང་། དགོངས་འགལ་མེད་པ་ཞུ་ཡག་ཡིན།
ད་ངས་ཁྱེད་རང་ཚོ་ལ་ལམ་སྟོན་གསལ་འདེབས་ཞུ་ཡག་གང་མིན་འདུག   སྤྱི་བཏང་བར་ལམ་དེ་བྲེལ་བ་ཆེན་པོ་བྱུང་བ་ཡིན་ཙང་བསམ་བློ་བཏང་ཡག་དང་གྲ་སྒྲིག་བྱེད་རྒྱུའི་གོ་སྐབས་གང་ཡང་བྱུང་མ་སོང་ལ། ལར་ནས་ང་ཚོ་ཕྱི་ལོགས་ནས་བལྟས་བསྡད་མཁན་གྱི་མི་རེད། ཕྱི་ལོགས་ནས་བལྟས་བསྡད་མཁན་གྱི་མི་དེ་ཚོས་ནང་གི་འཛིན་སྐྱོང་གི་དཀའ་ངལ་དང་འགྲོ་སྟངས་ཚང་མ་ཤེས་ཀྱི་ཡོད་མ་རེད། དེ་ཡིན་དུས་ལྟ་མཁན་འདི་ཚོས་འདི་བྱེད་རྒྱུ་འདུག ཕ་གི་བྱེད་རྒྱུ་འདུག་བསམ། མང་པོ་དྲན་གྱི་རེད། དེ་ཚོ་འཛིན་སྐྱོང་ནང་ཡོད་མཁན་ཚོས་མ་དྲན་པ་ཞིག་དང་མ་ཤེས་པ་ཞིག་ཧ་ལམ་ཡོད་མ་རེད། ད་འཛིན་སྐྱོང་ནང་དངོས་སུ་ཕྱག་ལས་གནང་མཁན་ཚོས་འབད་བརྩོན་བྱེད་ནའང་བྱེད་མ་ཐུབ་པ་དང་མ་གྲུབ་པ་མང་པོ་ཞིག་ཕྱི་ལོགས་ན་བསྡད་མཁན་ཚོས་ལྟ་དུས་སྐབས་ལ་བྱེད་རྒྱུ་ཡོད་མདོག་ཁ་པོ་དང་སྟབས་བདེ་མདོག་ཁ་པོ་དེ་འདྲ་ཡོད་རེད། དེ་ཡིན་ཙང་ང་ཚོ་དངོས་སུ་ནང་ལོགས་ཀྱི་ལས་དོན་ལ་ཉམས་མྱོང་མེད་མཁན་འདི་ཚོས་ཕྱི་ལོགས་ནས་བསམ་འཆར་ཞུ་ཡག་དེ་ང་དགའ་པོ་མེད། ང་རང་གི་མི་ཚེའི་ཉམས་མྱོང་ནང་ལ་བལྟས་པ་ཡིན་ནསྔོན་མ་དགེ་རྒན་ཡིན་པའི་སྐབས་ལ་སློབ་སྤྱི་ཚོས་འདི་བྱེད་ཀྱི་མིན་འདུག ཕ་གི་བྱེད་ཀྱི་མིན་འདུག འདི་བྱེད་ཆོག་གི་རེད་བསམ་དྲན་བསྡད་པ་དེ་རྗེས་མ་སློབ་སྤྱི་བྱེད་དུས་སྐབས་ལ་བྱེད་ཐུབ་ཀྱི་མིན་འདུག  གྲོས་ཚོགས་ནང་ལ་ཡོད་དུས་སྐབས་ལ་བཀའ་ཤག་གིས་ཕ་གི་བྱེད་ཀྱི་མིན་འདུག འདི་བྱེད་ཆོག་གི་རེད་བསམ་པ་ཚང་མ་རྗེས་མ་བཀའ་ཤག་ནང་ལ་སླེབ་དུས་སྐབས་ལ་བྱེད་ཆོག་ཆོག་ཅིག་མིན་འདུག དེ་འདྲ་ཡིན་ཙང་། སྒྲིག་འཛུགས་སུ་དང་སུ་ཡིན་ནས་ཁྱེད་རང་ཚོ་ལ་ད་ག་སེ་སེམས་ལ་དྲན་ཚད་བཤད་བསྡད་པ་ཡིན་ན་མང་པོ་བཤད་ཡག་ཡོད་རེད། ཡིན་ནས་དེ་དག་དངོས་སུ་ཕྱག་ལས་གནང་མཁན་ཚོའི་ཐུགས་ལ་མ་ཤར་བ་དང་ཐབས་ཤེས་མ་གནང་བ་ཞིག་ཕལ་ཆེར་ཡོད་མ་རེད་བསམ་གྱི་འདུག ད་ཁྱེད་རང་ཚོས་གཅིག་བཤད་གསུངས་པ་ཡིན་ཙང་། ས་བཅད་མ་སྟོང་ཙམ་ཞིག་ཞུ་ཡག་རེད། ཞུས་པ་དེ་ཚོ་ང་ཚོ་ཕྱི་ལོགས་ལ་བསྡད་མཁན་ཚོའི་མཐོང་སྣང་ཅིག་སྒང་ནས་ཞུ་ཡི་ཡོད་དུས་སྐབས་ལ་ཁ་ཤས་ཏག་ཏག་ཡིན་པ་ཡང་སྲིད་ཀྱི་རེད། ཁ་ཤས་ཏག་ཏག་མིན་པའང་སྲིད་ཀྱི་རེད། ཐུགས་ཕན་གསོས་པ་འདུག་ན་འདི་ནས་སྒྲུག་གནང་རྒྱུ་རེད། ཐུགས་ཕན་མ་གསོས་པ་ཡིན་ན་གཡུག་བཞག་གནང་རྒྱུ་རེད།
སྤྱིར་བཏང་ལྷན་རྒྱས་རྣམ་པ་ཚང་མས་མཁྱེན་བཞིན་པ་རེད། ང་སྨན་དང་རྩིས་གཉིས་ཀའི་དམིགས་བསལ་སློབ་ཕྲུག་དེ་འདྲ་མ་རེད། ཡིན་ནས་ངའི་ཕ་ཡུལ་གྱི་རྒན་ཡོངས་འཛིན་རིན་པོ་ཆེ་དམ་པ་དེ་སྨན་དང་རྩིས་གཉིས་ཀའི་མཁས་པའི་དབང་པོ་ཞིག་དང་། སྨན་སྦྱིན་གནང་ཡག  ལོ་ལྟར་ལོ་ཐོ་བཏོན་གནང་ཡག་དེ་ཚོ་འཆར་ཅན་གནང་མཁན་ཞིག་ཡིན་ཙང་། སྨན་དང་རྩིས་ཀྱི་སློབ་ཕྲུག་དེ་ཚོ་ལ་བཀའ་སློབ་གནང་བ་མཇལ་བསྡད་པ་རེད། ཞར་དང་ཞོར་ལ་གོ་བསྡད་པ་ཡིན་ཙང་གོ་མྱུང་ཚོར་མྱུང་འདྲ་བོ་ཕྲན་བུ་ཡོད་རེད། ང་རང་དངོས་སུ་སྨན་དང་རྩིས་གཉིས་ཀ་ཆེད་དུ་གཉེར་ནས་སློབ་སྦྱོང་བྱེད་མ་མྱོང་། དེ་འདྲ་ཡིན་དུས་སྨན་རྩིས་ཁང་ལ་བསམ་འཆར་བཤད་ཡག་དང་ལམ་སྟོན་བྱེད་རྒྱུའི་ཐོབ་ཐང་ཡོད་མ་རེད། ཡིན་ནས་རྒན་རིན་པོ་ཆེའི་དགེ་ཕྲུག་གི་ནང་ལ་སྨན་དང་རྩིས་བསླབ་མཁན་གཉིས་ཀ་ཡོད་དུས་སྐབས་ལ། དེ་དུས་སྨན་པ་ཁ་ཤས་ང་ཚོ་བསྡད་སའི་འཁྲིས་ལ་དཔེ་ཆ་བློ་འཛིན་བྱེད་ནས་བསྡད་ཀྱི་རེད། དེའི་ནང་ལ་བཀྲིས་ཉི་མ་ཟེར་མཁན་ཞིག་ཟིན་བྲིས་སྐྱོ་བོ་དང་སྐད་ཆེན་པོ་ཞིག་ཡོད།  ཁོ་རང་གིས་རྩ་མདོ་ཆུ་མདོ་ཟིན་བསྡད་པ་དེ་ངས་གོ་བ་ཡིན་ཙང་ཁོ་བློ་ལ་མ་འགྲོ་སྔོན་ནས་ངས་བློ་ལ་འཁྱོལ་འགྲོ་ཡི་ཡོད། དེ་འདྲ་བྱེད་ནས་གོ་མྱུང་ཚོར་མྱུང་ཡོད་པ་འདྲ་བོ་ཞིག་ཡོད། ལར་ནས་བོད་པའི་རིག་པའི་གཞུང་ལུགས་ཡོངས་སུ་རྫོགས་པར་ཁོག་འབུགས་ཡག་ལ་གསོ་བ་རིག་པ་དང་སྐར་རྩིས་རིག་པ། ཡང་མིན་ན་ནམ་མཁའི་རིག་པ་གཉིས་ཀ་ཕྲན་བུའི་ཕྱོགས་འདྲ་ཞིག་མཐོང་དགོས་ཡག་ཆགས་བསྡད་ཡོད་རེད།
སྤྱིར་བཏང་ང་ཚོ་ནང་པའི་གཞུང་ལུགས་ནས་རིག་གནས་ལ་དབྱེ་བ་འབྱེད་པའི་སྐབས་ལ་རིག་པའི་གནས་ལྔ་ཞེས། རྒྱ་གར་ནང་དུ་ནང་པའི་ཐུན་མོང་མ་ཡིན་པའི་དབྱེ་བ་འབྱེད་སྟངས་ལ་རིག་པའི་གནས་ལྔ་ཟེར་བ་དེ་ཡིན། རིག་པའི་གནས་ལྔའི་ནང་གསོ་བ་རིག་པ་དེ་གལ་ཆེ་ཤོས་ཀྱི་རིག་གནས་ཆགས་ཡོད། ལར་ནས་གསོ་བ་རིག་པ་ཞེས་པའི་ཐ་སྙད་དེ་ནང་པའི་ཐུན་མོང་མ་ཡིན་པའི་ཐ་སྙད་ཅིག་རེད། རིག་བྱེད་མཐའ་པ་དེ་ཚོས་ཚེའི་རིག་བྱེད་ལབ་ཀྱི་རེད་མ་གཏོགས་ཁོང་ཚོས་རིག་གནས་གང་ག་འབྱེད་པའི་སྐབས་ལ་རིག་བྱེད་དང་རིག་བྱེད་ཀྱི་ཡན་ལག་གི་སྡེ་ཐོག་ནས་ཕྱེ་དུས་རིག་པ་ལབ་ཀྱི་མ་རེད་རིག་བྱེད་ལབ་ཀྱི་རེད། སྤྱིར་བཏང་རིག་པ་དང་རིག་བྱེད་གཉིས་ལ་ཁྱད་པར་གང་ཡོད་མ་རེད་དེ་ནང་པའི་སྐད་ཆ་བཤད་སྟངས་ཀྱི་བརྡ་ཆད་དང་ཕྱི་རོལ་པའི་སྐད་ཆ་བཤད་སྟངས་ཀྱི་བརྡ་ཆད་ལ་ཁྱད་པར་ཡོད་རེད། དེ་ཡིན་ཙང་ནང་པས་གསོ་བ་རིག་པ་ལབ་ཡག་དེ་ལ་ཕྱི་རོལ་རིག་བྱེད་མཐའ་པ་དེ་ཚོས་ཚེའི་རིག་བྱེད་ཅེས་ལབ་ཀྱི་ཡོད། དེ་རིག་བྱེད་ཀྱི་ཡན་ལག་ཅིག་གི་ནང་དུ་བརྩིས་པ་རེད།
རྒྱ་གར་ནང་དུ་ཚེའི་རིག་བྱེད་ཀྱི་གཞུང་ལུགས་ཀྱི་ནང་ལ་ནང་པའི་མཁས་པས་བརྩམས་པའི་ཚའི་རིག་བྱེད་ཀྱི་གཞུང་ལུགས་ཞེ་དྲག་མང་པོ་རེད། ནང་པའི་གསོ་བ་རིག་པ་དེ་རྒྱ་གར་ནང་ཐོག་མར་འབྱུང་ཡག་དེ་ཕལ་ཆེར་སྟོན་པ་འཇིག་རྟེན་ནང་བྱོན་པའི་སྐབས་གཞི་ནས་འབྱུང་བ་ཞིག་རེད་བསམ་གྱི་འདུག སངས་རྒྱས་ཀྱི་གསུང་རང་གི་ནང་དུ་གསོ་བ་རིག་པའི་རྩ་གཞུང་དེ་འདྲ་ཕལ་ཆེར་ཡོད་པའི་བཟོ་འདྲ་ཞིག་མཇལ་མ་སོང་།  སྐབས་དེ་དུས་ཚེའི་རིག་བྱེད་ལ་བྱང་ཆུབ་པ་རྒྱ་གར་ཤར་ནུབ་གཉིས་ཀའི་ནང་གྲགས་ཆེ་ཤོས་དེ་འཚོ་བྱེད་གཞོན་ནུ་གསོས་རེད། འཚོ་བྱེད་གཞོན་ནུ་གསོས་ནང་པའི་དགེ་བསྙེན་རེད། དེ་བཞིན་གཤེགས་པའི་གཙོ་བོར་གྱུར་པའི་དགེ་འདུན་གྱི་སྡེ་ལ་བླ་སྨན་པར་བཞུགས་པ་རེད། ཁོང་གི་སྐབས་ནས་གསོ་བ་རིག་པའི་གཞུང་ལུགས་དེ་ཚོ་འབྱུང་ཡོད་ཀྱི་རེད་བསམ་གྱི་འདུག ཡིན་ནས་ནང་པའི་གསོ་བ་རིག་པའི་གཞུང་ལུགས་གྲགས་ཆེ་བ་དེ་ཕ་གོལ་གྱིས་མཛད་པའི་ཡན་ལག་བརྒྱད་པ་དེ་རྩིས་ཀྱི་ཡོད་རེད། ཕ་གོལ་གྱིས་མཛད་པའི་ཡན་ལག་བརྒྱད་པ་དེ་ཚེའི་རིག་བྱེད་ནས་ཕྲན་བུ་མི་འདྲ་བ་བྱེད་ནས་གསོ་བ་རིག་པ་རང་གི་གནས་བབས་ཞིག་གི་ཐོག་ནས་འབྱུང་བ་རེད་བསམ་གྱི་འདུག ཕ་གོལ་སློབ་དཔོན་དཔའ་བོ་དང་གཅིག་པ་ཡིན་པ་དང་ཐ་དད་ཡིན་པ་བྱུང་རབས་སྨྲ་བ་ཚོས་བཤད་སྲོལ་མི་འདྲ་བ་ཁ་ཤས་ཡོད་རེད། གང་ལྟར་སློབ་དཔོན་ཕ་གོལ་ཡན་ལག་བརྒྱད་པའི་སྙིང་པོའི་རྩ་བ་བརྩམས་མཁན་དེ་ནང་པ་ཡིན་པ་སྨོས་སུ་མེད་པ་རེད། དེའི་འགྲེལ་པ་མང་པོ་ཡོད་པའི་ནང་ནས་ཁ་ཆེ་ཟླ་བ་མངོན་དགས་བརྩམས་པའི་འགྲེལ་ཆེན་དེ་རྒྱ་གར་ནང་དུ་གྲགས་ཆེ་ཤོས་བྱུང་བ་རེད། བོད་ལའང་བསྒྱུར་བའི་ནང་ནས་འགྲེལ་པ་རྒྱས་ཤོས་དེ་ཧ་ལམ་དེ་ཡིན་ས་རེད་བསམ་གྱི་འདུག  
བོད་ཀྱི་ནང་ལ་རིག་པའི་གཞུང་ལུགས་ཡར་རྒྱས་ཕྱིན་པའི་སྐབས་ལ་ནང་དོན་རིག་པ་ལྟ་བུར་མཚོན་པ་ཡིན་ན། རྒྱ་གར་གྱི་གཞུང་ལུགས་རང་ལ་མཐའ་གཅིག་ཏུ་ཚད་འཛིན་བྱེད་པ་མ་གཏོགས་བོད་པས་གསར་གཏོད་དང་བསྣན་པ་བརྒྱབ་པ་གཅིག་ཀྱང་བྱུང་ཡོད་མ་རེད། དེ་བྱུང་ཐུབ་ཀྱིའང་མ་རེད་ལ་བྱུང་ན་འགྲིག་གི་ཡོད་མ་རེད། ཡིན་ནས་ཐ་སྙད་ཀྱི་རིག་གནས་གཞན་པའི་ནང་དཔེར་ན་སྒྲ་རིག་པ་ལྟ་བུར་ཆ་མཚོན་པ་ཡིན་ན་ལེགས་སྦྱར་གྱི་སྒྲ་རིག་པ་དེ་ང་ཚོས་ཞར་བྱུང་ལ་སློབ་སྦྱོང་བྱེད་ཡག་ཅིག་རེད་མ་གཏོགས་བོད་པ་རང་གི་སྒྲ་རིག་པ་དེ་རྒྱ་གར་གྱི་སྒྲ་རིག་པ་ནས་མི་འདྲ་བར་བོད་ཀྱི་སྐད་དང་བོད་ཀྱི་དབྱངས་གསལ། རྒྱ་གར་གྱི་སྐད་དང་རྒྱ་གར་གྱི་དབྱངས་གསལ་ལས་ཐ་དད་ཡིན་ཙང་ཡི་གེ་ནང་གི་དེ་ཡིན་དུས་སྒྲ་རིག་པ་ཡང་ཐ་དད་བྱུང་བ་རེད།       དེ་དང་ཕྱོགས་མཚུངས་བཟོ་རིག་པ་ལྟ་བུར་མཚོན་པ་ཡིན་ན། བཟོ་རིག་པ་མང་ཆེ་བ་ཞིག་ནང་ཆོས་ཀྱི་གཞུང་ལུགས་དང་འབྲེལ་བ་ཡིན་ན་རྒྱ་གར་དེ་རང་འཇགས་སུ་བཞག་ཡོད། དེ་མ་ཡིན་པར་བོད་པའི་ཐུན་མོང་མ་ཡིན་པའི་བཟོ་རིག་པ་ཡོད་རེད། གསོ་བ་རིག་པ་ལྟ་བུར་མཚོན་པ་ཡིན་ན་བོད་པས་གསར་གཏོད་ཞེ་དྲག་བྱས་ཡོད། རྒྱ་གར་གྱི་གསོ་བ་རིག་པ་གཞི་ལ་བཞག རྒྱ་གར་གྱི་ཚེའི་རིག་བྱེད་ནས་གལ་ཆེ་བའི་སྙིང་པོ་མང་པོ་ཚུར་བླངས་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཤིག་གི་ངོ་བོར་ཡར་རྒྱས་ཕྱིན་པ་ཞིག་རེད། ཚད་མ་རིག་པ་ལྟ་བུར་མཚོན་པ་ཡིན་ན་ནང་པའི་ཚད་མ་རིག་པ་དེ་བོད་ཀྱི་ནང་དམིགས་བསལ་གསར་གཏོད་དང་ཡར་རྒྱས་ཆེན་པོ་གང་བཏང་ཡོད་མ་རེད་དེ་ཡིན་ནས་ཚད་མ་རིག་པའི་ནང་ནས་བསྡུས་གྲྭ་ཟུར་དུ་ཕྱེ་ནས་བཟོས་པ་དེ་བོད་པའི་ཐུན་མོང་མ་ཡིན་པའི་ཁྱད་དཔྱད་རྩལ་དུ་ཐོན་པ་ཞིག་རེད། རྒྱ་གར་གྱི་ནང་བོད་པའི་བསྡུས་གྲྭ་དང་འདྲ་སེ་འདྲ་སེ་ཡོད་པའི་རིག་པ་ལ་འཇུག་པའི་སྒོ་དང་། རིག་པ་ལ་འཇུག་པ་ལ་སོགས་པ་དེ་འདྲ་ཡོད་རེད་དེ་ཡིན་ནས་བོད་པའི་མཁས་པས་བརྩམས་སྟངས་ཀྱི་བསྡུས་གྲྭ་དང་རྟགས་རིགས་བློ་རིགས་རྣམས་རྒྱ་གར་ནང་མ་དར་བ་རེད། བྱེད་ཙང་དེའི་དབང་གི་ཚད་མ་རིག་པའི་རིག་གནས་དེ་རྒྱ་གར་ལས་བོད་དུ་དར་ཁྱབ་ཆེ་བ་མ་བྱུང་བ་ཡིན་ནས་ཆུང་བ་མིན་པ་རེད། ས་པཎ་གྱི་རིག་གཏེར་ལྟ་བུར་མཚོན་པ་ཡིན་ན་རྒྱ་གར་གྱི་ཚད་མ་རིག་པའི་འགྲོས་ཁོ་ན་མ་ཡིན་པར་ཕྲན་བུ་མི་འདྲ་བར་བརྩམས་པ་ཡིན་ཙང་། རྒྱ་གཞུང་བོད་ལ་བསྒྱུར་བ་བརྒྱ་ཕྲག་མང་པོ་ཡོད་པ་ཡིན་ནས་བོད་གཞུང་རྒྱ་གར་ལ་བསྒྱུར་བ་དེ་ཙམ་མ་གཏོགས་མེད་ཟེར་ནས་ཞལ་ཤོབ་གསུངས་པ་བཞིན་རེད། རིག་གཏེར་ལེགས་སྦྱར་སྐད་ལ་བསྒྱུར་ནས་རྒྱ་གར་དུ་དར་ཁྱབ་ཆེན་པོ་བྱུང་བ་བཤད་སྲོལ་ཡོད་རེད།
ད་གསོ་བ་རིག་པ་དེ་ཡན་ལག་བརྒྱད་པའི་སྙིང་པོ་དང་། དེའི་འགྲེལ་པ་དང་བཅས་པ་དང་། ཡང་མིན་ན་རིག་བྱེད་སྨྲ་བ་ཚོའི་ཚེའི་རིག་བྱེད་ལ་སོགས་པ་དེ་ཚོ་ཚང་མ་ལས་ལེགས་ཆ་བླངས་ཡོད་པ་ཡིན་ནས་བོད་ལ་དམིགས་བསལ་ཟུར་དུ་དར་བའི་རིག་གནས་ཤིག་ཡིན་པ་དེ་ཞེ་དྲག་གི་གསལ་པོ་རེད། དེ་ཡིན་ཙང་ད་ལྟ་རྒྱ་གར་གྱི་ཚེའི་རིག་བྱེད་ལས་ལོགས་སུ་གསོ་བ་རིག་པའི་མིང་དང་། གསོ་བ་རིག་པའི་མིང་ད་གའི་ཐོག་ཁྲིམས་མཐུན་གྱི་ངོས་ལེན་བྱེད་དགོས་ཡག་གི་གསོ་བ་རིག་པ་དེ་ཚེའི་རིག་བྱེད་དང་གཅིག་པ་མ་ཡིན་པ་དང་། ཚེའི་རིག་བྱེད་ལས་ལོགས་སུ་ཆ་ཚང་བའི་རིག་པའི་གཞུང་ལུགས་ཡོད་པ། རིག་པའི་གཞུང་ལུགས་དེ་ལ་ལག་ལེན་གྱི་རྒྱབ་རྟེན་ཡང་ཡོད་པ་གསལ་པོ་ཤེ་པོ་ཞིག་ར་འཕྲོད་ནས་གཞི་ནས་ངོས་འཛིན་བྱེད་པ་རེད།  དེ་འདྲ་ཡིན་ཙང་ང་ཚོ་བོད་པའི་སྨན་གྱི་རིག་གནས། གསོ་བ་རིག་པའི་རིག་གནས་ལ་ཕྱག་ལས་གནང་མཁན་ཚོས་རྒྱུད་བཞི་ལྟ་བུ་རྒྱ་གཞུང་ནས་བོད་སྐད་ལ་བསྒྱུར་བ་ཡིན་པ་གསུངས་མཁན་སྔ་མོའི་མཁས་པའང་མང་པོ་བྱུང་བ་རེད་ལ་དེ་རིང་སང་ཉིན་རེ་ཟུང་རེ་ཟུང་ཡོད་རེད། དཔེར་ན་ལོ་ཁ་ཤས་སྔོན་ལ་གསོ་བ་རིག་པའི་ངོས་འཛིན་ཡོང་བའི་ཆེད་དུ་ཚོགས་ཆུང་དེ་ཚོ་འཚོགས་པའི་སྐབས་ལ་རྒྱ་གར་གྱི་མཁས་དབང་ཌོཀཊར་བྷགབྰན་དྰས་ལྟ་བུ་ཡིན་ན་རྒྱུད་བཞི་རྒྱ་གར་ནས་བསྒྱུར་བ་ཡིན་པ་གཞི་བཞག་གནང་གི་འདུག གཞན་ཁོ་རང་བོད་སྐད་ཡག་པོ་ཤེས་ཀྱི་རེད་ལ་ཀླུ་སྒྲུབ་ཀྱི་སྦྱོར་བ་བརྒྱ་པ་ལ་སོགས་པ་ལེགས་སྦྱར་སྐད་ལ་ཉམས་ཚར་བ་བོད་སྐད་ནས་བསྐྱར་གསོ་གནའ་སྔ་མོ་ནས་ཕྱག་ལས་མང་པོ་གནང་མཁན་གྱི་ཚེའི་རིག་བྱེད་དང་གསོ་བ་རིག་པ་གཉིས་ཀ་རྒྱུད་ཡོད་མཁན་རེད། ཁོང་རང་གི་ཐུགས་ཀྱི་གདིང་ནས་རྒྱུད་བཞི་དེ་རྒྱ་གཞུང་ནས་བོད་སྐད་ལ་བསྒྱུར་བ་ཡིན་པ་གཞི་བཞག་རང་གནང་གི་ཡོད་རེད། དེ་ཙམ་དུ་མ་ཟད་ལདྡྰཁ་དང་ཧྰིམྰལཡའི་རི་རྒྱུད་ཀྱི་མཁས་པ་ཚོས་རང་བཞིན་གྱི་བསམ་བློའི་ནང་རྒྱ་གཞུང་ནས་བོད་སྐད་ལ་བསྒྱུར་ཡིན་པ་ཆ་བཞག་བཞག་པ་གནང་གི་འདུག     གལ་སྲིད་རྒྱུད་བཞི་འདི་རྒྱ་གཞུང་ནས་བོད་སྐད་ལ་བསྒྱུར་བ་ཡིན་ན་བོད་ཀྱི་གསོ་བ་རིག་པ་དེ་རྒྱ་གར་གྱི་གསོ་བ་རིག་པ་ལས་ལོགས་སུ། ཡང་ན་རྒྱ་གར་གྱི་ཚེའི་རིག་བྱེད་ལས་ལོགས་སུ། ཡན་ལག་ཚང་བའི་རིག་གནས་ཤིག་གི་ངོ་བོ་ལ་ངོས་འཛིན་བྱེད་ཐུབ་ཡག་ཁག་པོ་ཞེ་དྲག་རེད། 
སྤྱིར་བཏང་རྒྱུད་བཞི་རྒྱ་གར་ནས་བསྒྱུར་བ་མ་ཡིན་པ་བོད་ཀྱི་མཁས་པ་སྔ་མ་ཁ་ཤས་ཀྱི་ངོས་འཛིན་གནང་གི་ཡོད་རེད། ཡང་རྒྱུད་བཞི་སྟོན་པ་ཤྰཀྱ་ཐུབ་པ་སངས་རྒྱས་སྨན་གྱི་བླའི་ངོ་བོར་བཞེངས་ནས་ཐུགས་ཀྱི་སྤྲུལ་པ་དང་། འཕྲིན་ལས་ཀྱི་སྤྲུལ་པ་ལ་སོགས་པ་དྲང་སྲོང་མཐའ་དག་གིས་ཞུ་བ་གནང་བའི་སྒོ་ནས་གསུངས་པ་རྩ་རྒྱུད་ཀྱི་གླེང་གཞི་ནང་ཡོད་པ་བཞིན་སྒྲ་ཇི་བཞིན་པ་རང་ཁས་ལེན་གནང་མཁན་ཡང་མགྲིན་ཚད་མི་ཉུང་བ་ཞིག་བྱུང་བ་རེད།   ཡིན་ནས་ཁོ་རང་ཚོས་འགྲེལ་བཤད་བརྩམས་པའི་སྐབས་ལ་རྒྱུད་བཞི་ནང་རྒྱ་གར་ལ་མ་གྲགས་པའི་ཚིག་མང་པོ། རྒྱ་སྐད་ལ་ཡོད་མི་སྲིད་པའི་ཚིག་མང་པོ་ཡོད་པ་ཡིན་ཙང་། དེ་ལ་བརྟེན་ནས་རྒྱུད་བཞི་རྩ་གཞུང་རྒྱ་གཞུང་ནས་བོད་སྐད་ལ་བསྒྱུར་བ་ཡིན་པ་ཡིན་ནས་གཡུ་ཐོག་གིས་བསྣན་པའི་མང་པོ་བསྐོན་ཡོད་པ་དེ་སྡེ་སྲིད་ཀྱིའང་ཁས་ལེན་གནང་དགོས་འབྱུང་ཡོད་རེད།  སྡེ་སྲིད་སྤྱིར་བཏང་བསྟན་བཅོས་རྩོམ་པའི་སྐབས་ལ་གང་ལ་གང་འཚམ་གྱི་ཞིབ་ཚགས་པོ་གནང་མཁན་ཞིག་རེད་ལ་བྱུང་བ་རིག་པར་ཐུགས་སྣང་ཆེན་པོ་ཡོད་མཁན་ཞིག་རེད།
ཡིན་ནས་བཻ་སྔོན་ནང་ལ་རྒྱུད་བཞི་འདི་གླེང་གཞི་ནང་ཇི་ལྟར་ཡོད་པ་ནང་བཞིན་སྒྲ་ཇི་བཞིན་པ་རང་བཟུང་ནས་འགྲེལ་བཤད་བསྐོན་ཡོད། རྒྱ་སྐད་ལ་མ་གྲགས་པའི་བོད་སྐད་ཡོད་པ་དེ་ཚོ་གསར་སྣོན་ཡིན་པའི་དབང་དུ་བཏང་ནས་རྒྱུད་བཞི་རྒྱ་གར་ནས་མ་བསྒྱུར་བ་འདོད་མཁན་གྱི་མཁས་པ་ཚོ་ལ་དགག་པ་མཛད་འདུག། ཐུགས་ཁག་ཡོད་མ་རེད་བསམ་གྱི་འདུག སྤྱིར་བཏང་ང་ཚོས་གཞུང་གང་འདྲ་ཞིག་ཡིན་ནས་རྒྱ་གར་ནས་བྱུང་བ་དང་སངས་རྒྱས་ཀྱི་གསུངས་པ་ཡིན་པ་ལ་ཆ་བཞག་འདོད་ཀྱི་བག་ཆགས་འཐུག་པོ་ཞིག་ཡོད་རེད། ཆོས་ཁུངས་བཙན་པ་བསྟན་ཡག་གི་ཆེད་དུ་དེ་འདྲ་འབྱུང་ན་ཡག་པར་དགོངས་ཀྱི་ཡོད། ཡང་མཚམས་རེ་པཎྜིཏ་མཉམ་པར་མ་བཞག་པའི་གཏམ་བཟོ་འདྲ་བོ་དང་། རྒྱུད་མེད་པའི་གཏམ། བྱུང་བ་རིག་པ་དང་མི་མཐུན་པ་དེ་འདྲ་ཡང་སྡེ་སྲིད་ཀྱི་མཚམས་རེ་གསུངས་འདུག  ཡིད་ལས་སྐྱེས་དང་རིག་པའི་ཡེ་ཤེས་ཀྱི་དྲི་བ་དྲིས་ལན་གྱི་ཚུལ་དུ་རྒྱུད་བཞི་གསུངས་སའི་གཞལ་ཡས་ཁང་དང་སྨན་གྱི་རི་ལ་སོགས་བཤད་པ་དེ་དག་ཝྰརྰཎསིའི་ཡུལ་སྰརནྰཐ་ལ་ཡིན་པ་དང་། ཕོ་བྲང་དང་དཀྱིལ་འཁོར་མེད་པ་ཡིན་ནས་སྨན་གྱི་རི་དེ་ད་ལྟ་ཡང་ཡོད་རེད་ཅེས་སྡེ་སྲིད་ཀྱིས་བཻ་སྔོན་བརྩམས་དུས་སྐབས་ལ་རི་དེ་སྰརནྰཐ་ལ་ཡོད་པར་བཤད་ཡོད། སྡེ་སྲིད་རྒྱ་གར་དུ་ཕེབས་མ་མྱོང་བ་ཡིན་ཙང་ཡོད་ཤག་ཤག་གནང་བ་ཡིན་གྱི་རེད། གལ་སྲིད་ཡོད་པ་ཡིན་ན་སྰརངྒནྰཐ་ཡི་དབང་ཕྱུག་དགོན་པ་ཡོད་ས་ས་འབུར་འབུར་དེ་ཡིན་ན་མ་གཏོགས་གཞན་སྰརནྰཐ་ལ་རི་མེད་པ། དེ་བཟོ་འདྲ་བོ་པཎྜིཏ་མཉམ་པར་མ་བཞག་པའི་གཏམ་བོད་མཁས་པ་སྔ་མ་ཚོས་གསུངས་པ་མང་པོ་མཇལ་རྒྱུ་ཡོད།
སྤྱིར་བཏང་བྱུང་བ་རིག་པའི་རྣམ་བཞག་དང་ཞེ་དྲག་མ་མཐུན་པ་བྱེད་ནས་འགྲོ་ཡག་དེ་བོད་པའི་གཤིས་ཀ་ལ་ཡོད། རྒྱུད་བཞི་རྒྱ་གར་ནས་བསྒྱུར་བ་མ་ཡིན་པ་བོད་རང་ལ་བརྩམས་པ་ཡིན་པ་ཁས་བླངས་མཁན་ཚོས་རྩོམ་པ་པོ་སུ་ཡིན་པ་དང་། ག་དུས་བརྩམས་པ་དང་། བརྩམས་ཆོས་ཡིན་ནམ་གཏེར་མ་ཡིན། དེ་ཚོའི་ཐོག་ལ་ངེས་པ་རྙེད་པ་ཅིག་ད་ལྟ་ཡང་གསལ་པོ་ཆགས་ཀྱི་མིན་འདུག རྒྱ་གར་ནས་བསྒྱུརབ་འདོད་མཁན་འདི་ཚོའང་བཞེད་པ་མི་འདྲ་བ་སྣ་ཚོགས་རེད། གཡུ་ཐོག་ཡོན་ཏན་མགོན་པོ་སྔ་མ་ཡིས་རྒྱ་གར་ལ་ཕེབས་ནས་བསྒྱུར་བ་ཡིན་པ་དང་། ཡིན་ནས་ཡོངས་གྲགས་མ་བྱེད་པར་ཟུར་དུ་བཞག་པའི་བཀའ་མོལ་གནང་མཁན་ཡོད་རེད། ཡང་དེང་རབས་ཀྱི་མཁས་པ་མང་ཆེ་བ་ཞིག་གིས་གཡུ་ཐོག་ཡོན་ཏན་མགོན་པོ་རྗེས་མས་གསར་རྩོམ་གནང་བ་ཡིན་པ་གསུངས་མཁན་ཡང་ཡོད་རེད། དེ་གཉིས་ཀ་བྱུང་བ་རིག་པར་བརྟེན་ནས་བལྟས་པ་ཡིན་ན་ཏོག་ཙམ་ཏག་ཏག་བསྡད་ཁག་པོ་རེད། གཡུ་ཐོག་ཡོན་ཏན་མགོན་པོ་རྙིང་པས་རྒྱ་གར་ནས་གདན་དྲངས་ནས་གཏེར་ལ་སྦས་པ་དེ་གཡུ་ཐོག་ཡོན་ཏན་མགོན་པོ་གསར་མས་གཏེར་ལས་བཞེས་པ། ཡང་ཁ་ཤས་ཀྱིས་གྲ་པ་མངོན་ཤེས་ཀྱིས་གཏེར་ནས་བཞེས་པ་དེ་འདྲ་བཞེད་སྲོལ་འདྲ་མི་འདྲ་སྣ་ཚོགས་ཤིག་འདུག    ད་འདིར་སྨན་རྩིས་ཁང་གི་གཞུང་འབྲེལ་གྱི་བཞེད་སྲོལ་འདྲ་བོ་གང་ཡིན་འདི་ངས་ཤེས་ཀྱི་མེད། གཅིག་ཡོད་ན་ཡག་པོ་རེད་བསམ་གྱི་འདུག  སྨན་རྩིས་ཁང་གི་འདོད་པ་རེད་དང་། བོད་པའི་སྔོན་གྱི་མཁས་པ་དེ་ཚོས་གསུངས་ཕྱོགས་འདྲ་མི་འདྲ་སྣ་ཚོགས་ཤིག་ཡོད་པ་ཡིན་ཙང་། གང་ལྟར་ངས་གང་ཞུ་ཡི་ཡོད་རེད་ཟེར་ན། རྒྱ་གཞུང་མ་ཡིན་པ་བོད་གཞུང་ཡིན་པ་འདི་ཁས་ལེན་མ་གནང་ཐབས་མེད་རེད་བསམ་གྱི་འདུག ཁས་ལེན་མ་གནང་ཐབས་མེད་རེད་ཟེར་དུས་སྐབས་ལ་འདི་ཆབ་སྲིད་ཀྱི་དགོས་མཁོ་ཞིག་གི་ཐོག་ནས་ཁས་ལེན་གནང་དགོས་རེད་ཟེར་གྱི་ཡོད་མ་རེད། བྱུང་བ་རིག་པ་དང་བརྡ་སྤྲོད་རིག་པ་གཉིས་ཀའི་ཐོག་ནས་བལྟ་དུས་སྐབས་ལ་རྒྱུད་བཞི་རྒྱ་གར་ནས་བསྒྱུར་བ་མིན་པ་དེ་གསལ་པོ་ཞེ་དྲག་རེད། རྒྱུད་བཞི་རྒྱ་གར་ནས་བསྒྱུར་བ་ཡིན་པ་ཁས་བླངས་པ་ཡིན་ན་རྒྱ་གར་གྱི་ཚེའི་རིག་བྱེད་ལས་ལོགས་སུ་བོད་ཀྱི་གསོ་བ་རིག་པ་རིག་གཞུང་ཐ་དད་ཡིན་པ་དེ། རིག་གནས་ཐ་དད་ཡིན་པ་དེ་ཕལ་ཆེར་སྒྲུབ་ཐུབ་ཀྱི་མ་རེད་བསམ་གྱི་འདུག   འདི་སྒྲུབ་ཡག་གི་རྒྱུ་མཚན་གཙོ་བོ་དེ་རྒྱུད་བཞི་བོད་གཞུང་ཡིན་པའི་རྒྱུ་མཚན་གྱི་རེད།   རྒྱུད་བཞི་བོད་གཞུང་ཡིན་པ་འདི་རྩོམ་ཡིག་ཕལ་པ་ཞིག་ཡིན་འགྲོ། གཏེར་མ་ཞིག་ཡིན་འགྲོ། གཏེར་མ་ཡིན་ན་སུས་སྦས་པ་ཡིན་ན། སུས་བཏོན་པ་ཡིན་ན། དེ་ཚོའི་ཐོག་ལ་བོད་ཀྱི་མཁས་པ་སྔ་མ་འདི་དག་གི་ཞལ་འཆམ་པོ་མེད་པ་རེད། དེ་ཡིན་ཙང་ད་ལྟ་སྨན་རྩིས་ཁང་གི་སྨན་པ་འདི་དག་གིས་དེང་རབས་ཀྱི་བྱུང་བ་རིག་པའི་འགྲོས་དང་། དེང་རབས་ཀྱི་ཉམས་ཞིབ་བྱེད་སྟངས་ཀྱི་ཐབས་ལམ་གང་ག་མཁྱེན་གྱི་ཡོད་པ་ཡིན་ཙང་བྱུང་བ་རིག་པ་དང་བརྡ་སྤྲོད་རིག་པའི་ཉམས་ཞིབ་བྱེད་སྟངས་ཀྱི་རིག་འཕྲུལ་དེ་དག་བེད་སྤྱོད་གནང་ནས་སྔོན་དང་པོ་ང་ཚོ་གསོ་བ་རིག་པའི་རྩ་བའི་གཞུང་རྒྱུད་བཞི་པོ་འདི་སུས་བརྩམས་པ་རེད། ག་དུས་བརྩམས་པ་རེད། གང་འདྲ་བྱེད་ནས་ཡོངས་གྲགས་ཆགས་པ་རེད། དེ་ལ་འགྲེལ་པ་འགྲེལ་བཤད་ལ་སོགས་པ་གང་འདྲ་འབྱུང་བ་རེད། འདིའི་བྱུང་བ་རིག་པའི་གནས་བབས་གསལ་པོ་ཞེ་པོ་ཞིག་དགོས་ཡག་གལ་ཆེན་པོ་རེད་བསམ་གྱི་འདུག
གསོ་བ་རིག་པ་ཟེར་བ་དེ་མི་ན་བ་གནས་པ་དང་ན་བ་གསོ་བར་བྱེད་ཡག་གི་དོན་དག་གཅིག་པོ་རེད་མ་གཏོགས་དེའི་གཞུང་ག་དུས་བྱུང་བ་རེད། སུས་བརྩམས་པ་རེད། དེ་དོ་སྣང་བྱེད་དགོས་མ་རེད་གསུངས་མཁན་དེ་འདྲ་གཅིག་བྱེད་ན་ཡོད་སྲིད་པ་རེད། ཡིན་ནས་ཡང་རིག་པའི་གནས་གཅིག་འདིའི་ཁུངས་བཙུན་པར་བསྟན་ཡག་ལ་རིག་གནས་དེའི་རྩ་བའི་གཞུང་ལུགས་ཀྱི་འབྱུང་ཚུལ་གསལ་པོ་གཅིག་དགོས་ཡག་ངེས་པར་དུ་གལ་ཆེན་པོ་རེད་བསམ་གྱི་ཡོད། བྱེད་ཙང་འདི་སྨན་རྩིས་ཁང་རང་གིས་ཉམས་ཞིབ་བྱེད་པས་མཐའ་མའི་གྲུབ་དོན་འདྲ་བོ་ཞིག་ཡོད་པ་ཡིན་ན་ཡག་པོ་རེད་བསམ་གྱི་ཡོད།
 
དེ་ནས་རྩིས་ལྟ་བུ་ལ་མཚོན་པ་ཡིན་ན་སྐར་རྩིས་འདི་ང་ཚོ་བོད་པའི་རིག་གནས་ཆུང་བ་ལྔའི་ནང་བགྲང་མཁན་བོད་ཀྱི་མཁས་པ་ཁ་ཤས་བྱུང་བ་རེད། དངོས་གནས་བྱེད་པ་ཡིན་ན་རིག་གནས་ཆུང་བ་ལྔ་བགྲང་པའི་སྐབས་ལ་རིག་གནས་ཆུང་བ་ལྔ་པོ་དེ་རིག་གནས་ཆེ་བའི་ལྔ་ནང་གི་སྒྲ་རིག་པའི་བྱེ་བྲག་ལ་བརྩིས་ནས་མངོན་བརྗོད་དང་། སྡེབ་སྦྱོར་དང་། ཚིག་རྒྱན་ལ་སོགས་པ་སྒྲ་རིག་རྐྱང་རྐྱང་གི་རིག་གནས་ཆུང་བ་ལྔ་བརྩིས་པ་ཡིན་ན་འགྲིག་མཁན་གྱི་བཟོ་འདྲ་བོ་ངས་ནི་ནམ་རྒྱུན་དེ་འདྲ་མཐོང་གི་ཡོད། ཡིན་ན་ཡང་ཡོངས་གྲགས་ཀྱི་མཁས་པ་མི་ཉུང་བ་ཞིག་གིས་སྐར་རྩིས་རིག་པ་འདི་རིག་གནས་ཆུང་བའི་ནང་བགྲངས་ཡོད་རེད། ཀོང་སྤྲུལ་གྱིས་རིག་གནས་ཆུང་བའི་ནང་སྐར་རྩིས་བགྲངས་ཡོད་རེད། ད་འདི་ཁྱད་པར་གང་མིན་འདུག སྐར་རྩིས་འདི་བོད་པའི་ནང་ཇི་ཙམ་གསོ་བ་རིག་པ་ཡར་རྒྱས་ཕྱིན་པ་ནང་བཞིན་གྱི་ཡར་རྒྱས་ཆེན་པོ་འགྲོ་ཡོད་མ་རེད་དེ་བོད་པས་རྒྱ་ནག་གི་ནག་རྩིས་ལ་སོགས་པ་དེ་ཚོ་ནས་ཡང་ལེགས་ཆ་བླངས་ཡོད། རྒྱུད་ནས་གསུངས་པའི་སྐར་རྩིས་དང་། ཁགྰོལ་གྱི་རིག་གནས་རྐྱང་རྐྱང་ཞིག་ལ་བཞག་མེད་པ་རེད། དེ་འདྲ་སོང་ཙང་སྐར་རྩིས་རིག་པ་དེའི་ཐོག་ལ་གསར་གཏོད་བྱེད་ཡག་དང་། ཉམས་ཞིབ་བྱེད་ཡག མཚུངས་བསྡུར་གྱི་ཐོག་ནས་སློབ་སྦྱོང་བྱེད་ཡག་གཞི་རྒྱ་ཆེན་པོ་ཞེ་པོ་ཞིག་ཡོད་རེད་བསམ་གྱི་འདུག ལྷག་པར་དུ་ང་ཚོ་བོད་པས་རྩི་སྟངས་འདི་རྒྱ་གར་གྱི་སྤྱི་སྲོལ་དང་ཕྲན་བུ་མི་འདྲ་བ་ཐོག་ནས་ཡར་ངོ་སྔོན་འགྲོའི་ཟླ་བ་རྩིས་ཡག་དང་། ཟླ་བ་ཟླ་བ་ལ་སྦྱར་ནས་རྩིས་ཡག་དང་། ལོ་ཉི་མ་ལ་སྦྱར་ནས་རྩིས་ཡག་གི་དེང་སང་དབྱིན་ཇི་སྐད་ཀྱི་ནང་ལ་ Lunar ལུནར་དང་ Solar སོལར་ཞེས་པ་གཉིས་ཀ་མཉམ་པོར་དྲིལ་ནས་སྐར་རྩིས་བྱེད་སྟངས་དང་། དེའི་ཐོག་ནས་འཇིག་རྟེན་ཁྱོན་ཡོངས་ཀྱི་ནམ་མཁའ་དང་ས་གཞིའི་གནས་བབས་བཤད་ཡག་དེ་ཚོ་གཅིག་བྱེད་ན་བོད་པས་ལེགས་ཆ་མང་པོ་ཞེ་པོ་ཞིག་བསྐྲུན་ཡོད་རེད་བསམ་གྱི་ཡོད། ཡིན་ནས་བོད་པས་ལེགས་ཆ་བསྐྲུན་པ་དེ་དག་དེ་རིང་སང་ཉིང་ང་རང་ཚོ་ལ་ཡང་གསལ་པོ་ཞེ་དྲག་ཡོད་མ་རེད། དབྱངས་འཆར་དང་དུས་འཁོར་ནང་བཤད་པའི་སྐར་རྩིས་གཙང་མ་དེ་གང་ཡིན་པ། དེའི་ཐོག་ལ་ནག་རྩིས་ལ་སོགས་པ། རྒྱ་ནག་གི་རྩིས་ལ་སོགས་པ་གཙུག་ལག་རྩིས་ཀྱི་རིག་གནས་གཞན་དག་ནས་ཚུར་ཁ་བསྐངས་བ་གང་ཡིན་པ། དེ་ལ་བརྟེན་ནས་ད་ལྟ་རྒྱ་གར་དུ་དར་བཞིན་པའི་སྐར་རྩིས་རིག་པ་དང་མི་མཐུན་པ་དང་མི་འདྲ་བའི་ཁྱད་པར་གང་བྱུང་ཡོད་རེད། ཁྱད་ཆོས་གང་ཐོན་ཡོད་རེད། དེ་ཚོའི་ཐོག་ལ་ང་རང་ཚོ་ལ་ཡང་གསལ་པོ་མེད་མཁན་བཟོ་འདྲ་བོ་འདུག་ག །
སྐར་རྩིས་སྦྱོང་མཁན་ཚོས་རྩིས་རྒྱག་ཤེས་ཙམ་ཞིག་དང་། ཟླ་ཐོ་ལོ་ཐོ་སྟོན་ཐུབ་ཙམ་ཞིག་གི་མ་ཚིམ་པར་བྱེད་ནས་ད་དུང་རིག་གནས་འདི་ཡར་རྒྱས་གཏོང་ཡག་དང་། ད་ང་ཚོ་བཙན་བྱོལ་ལ་ཡོད་པའི་གྱོང་དེ་ཁེ་སང་ལ་སྒྱུར་ནས་རྒྱ་གར་དང་ཕྱི་རྒྱལ་ནང་དར་ཁྱབ་ཆེ་བའི་ཁགྰོལ་རིག་པའི་གནས་ཚུལ་ཉམས་ཞིབ་བྱེད་ཡག་དང་། གསར་གཏོད་བྱེད་ཡག ང་རང་ཚོའི་ངོས་ནས་ཕར་ཕན་འདོགས་ཡག མིའི་སར་ནས་ཚུར་ལེགས་ཆ་བླངས་ཡག་དེ་འདྲ་མོང་པོ་ཞིག་ཏན་ཏན་ཡོད་རེད་བསམ་གྱི་འདུག འདས་པའི་ལོ་ལྔ་བཅུའི་རིང་ལ་གོ་སྐབས་མང་པོ་ཞིག་ང་ཚོས་བླངས་མེད་པ་མཐོང་གི་ཡོད། དམིགས་སུ་བཀར་ནས་གཟའ་སྐར་གྱི་གནས་དང་། རྒྱུ་བ། འགྲོས། མགྱོགས་ཚད། དེ་ཚོ་དུས་འཁོར་ནས་བཤད་པ་དང་དེང་རབས་ཚན་རིག་པའི་བཤད་ཡག་གཉིས་པོ་དེ་འགལ་ཟླ་ལྟག་སྤྲོད་ཤ་སྟག་རེད། ཏག་ཏག་རྒྱབ་འགལ་རེད། རྒྱབ་འགལ་ཡིན་དུས་སྐབས་ལ་ཚན་རིག་གིས་དེ་རིང་སང་ཉིང་བཤད་བསྡད་པ་འདི་མི་འཐད་པ་སྒྲུབ་ཐུབ་ཀྱིའང་མ་རེད་ལ་སྒྲུབ་དགོས་ཡག་གང་ཡང་ཡོད་མ་རེད།
སྤྱི་བཏང་ནང་པའི་རིག་གཞུང་གི་ནང་ལ་ཕྱི་སྣོད་ཀྱི་འཇིག་རྟེན་གྱི་ཚད་དང་དབྱིབས་ལ་སོགས་པ་མཐའ་གཅིག་ཏུ་ངེས་པ་མེད་པ་དེ་གསལ་པོར་གསུངས་ཡོད། དེ་ཡིན་ཙང་འཇིག་རྟེན་ལེབ་ལེབ་ཡོད་ཆོག་གི་རེད་ལ། འཇིག་རྟེན་རིལ་རིལ་ཡང་ཡོད་ཆོག་གི་རེད། འཇིག་རྟེན་གྲུ་བཞི་ཡང་ཡོད་ཆོག་གི་རེད། སེམས་ཅན་གྱི་སྤྱི་མཐུན་གྱི་ལས་དང་ཁམས་མོས་ཀྱི་དབང་གིས་འགྱུར་འགྲོ་བ་ཡིན་ཙང་། ཡིན་ནས་སྣོད་ཀྱི་འཇིག་རྟེན་གྱི་དབྱིབས་ལ་འདྲ་མིན་ཇི་འདྲ་ཞིག་ཡོད་མིན་ལ་མ་བལྟོས་པར་རྩིས་རྒྱག་ཡོང་དུས་སྐབས་ལ། གྲངས་ཀ་རྒྱག་ཡོང་དུས་སྐབས་ལ་ཕྱོགས་གཉིས་ཀས་གྲུབ་དོན་གཅིག་པ་ཆགས་ཀྱི་ཡོད་པ་འདིས་གང་བསྟན་གྱི་ཡོད་རེད་ཟེར་ན་ང་ཚོའི་དུས་འཁོར་དང་མངོན་པ་ནས་བཤད་པའི་འཇིག་རྟེན་གྱི་ཆགས་ཚུལ་དེ་བརྒྱ་ཆ་བརྒྱ་ཐམ་པ་ནོར་འཕྲུལ་ཡིན་པ་བསྟན་གྱི་ཡོད་མ་རེད། ད་འདི་ང་ཚོས་ནོར་བཞག་དགོངས་དག་ཞུས་དགོས་ཡག་མེད་པ་རེད། ང་ཚོས་ས་གཞི་གཡོ་མེད་ལ་བཞག་ནས་ཉི་ཟླ་བསྐོར་བ་རྒྱག་བཅུག་པའི་དབང་དུ་བྱས་ནས་བརྩིས་པ་དེ་དང་། ཁོང་ཚོས་ཉི་ཟླ་ཙོག་པུར་བཞག་ནས་ས་གཞི་བསྐོར་བ་རྒྱག་བཅུག་པ་དེའི་དབང་དུ་བྱས་ནས་བརྩིས་པ་གཉིས་ཀའི་ལོ་དང་། ཟླ་བ་དང་། ཞག་དང་། ཟ་མ་དང་། ཁྱིམ་གྱི་འཕོ་བ་དང་། ཉི་ཟླའི་གཟའ་འཛིན་ལ་སོགས་པ་དེ་ཚོ་ཚང་མ་རྩིས་གཉིས་ཀའི་ནང་གཅིག་པ་ཐོན་གྱི་ཡོད་རེད་མ་གཏོགས་མི་འདྲ་བ་གང་ཡང་ཐོན་གྱི་ཡོད་མ་རེད། གཉིས་དང་གཉིས་བསྡོམས་པ་བཞི་ཡིན་པ་དེ་རྩིས་ཀྱི་རིག་པའི་འགྱུར་བ་མེད་པའི་གནས་སྟངས་ཤིག་ཏུ་བརྩིས་ཀྱི་ཡོད་རེད། བྱེད་ཙང་གཉིས་དང་གཉིས་བསྡོམས་པ་བཞི་ཡིན་པ་རྩིས་ཀྱི་རིག་པའི་འགྱུར་བ་མེད་པའི་གནས་བབས་ཤིག་ཡིན་པ་ཡིན་ན་རྩིས་གཞིའི་སྣོད་ཀྱི་འཇིག་རྟེན་དེ་ཚུར་འགུལ་སྐྱོད་རྒྱག་གི་ཡོད་རེད། ཚུར་འགུལ་སྐྱོད་རྒྱག་གི་ཡོད་མ་རེད་འདི་ཁྱད་པར་ཕྱིན་པའི་དབང་གིས་རྩིས་ལ་མི་འདྲ་བ་ཐོན་དགོས་པ་ཞིག་དང་། རྩིས་ལ་ནོར་འཕྲུལ་འགྲོ་སྲིད་པ་ཡོང་དགོས་ཀྱི་རེད་པ། ཡིན་ནས་རྩིས་ལ་ནོར་འཕྲུལ་མེད་པ་དེ་གང་མཚོན་གྱི་ཡོད་རེད་ཟེར་ན་ག་བ་བཤད་པ་ཡིན་ནས་འགྲིག་ཡག་གི་བཟོ་ལྟ་འདྲ་བོ་ཆགས་ཀྱི་ཡོད།
ལྷག་པར་དུ་ས་ཡི་གོ་ལ་འདི་བསྐོར་བ་རྒྱག་གི་ཡོད་པ་དང་ཉི་མ་དང་ཟླ་བ་བསྐོར་བ་རྒྱག་གི་མེད་པ་འཇིག་རྟེན་འདིའི་ནང་དང་པོར་གསལ་བར་བྱེད་མཁན་འདི་ནང་པའི་མཁས་པ་ཞིག་རེད། འཛམ་བུ་གླིང་སུ་གང་གིས། འཇིག་རྟེན་འདིའི་ནང་སུ་གང་གིས་ས་གཞི་འགུལ་སྐྱོད་རྒྱག་གི་ཡོད་པ་མ་ཤེས་པའི་སྔོན་དང་པོ་དེ་བརྒྱ་ཕྲག་བརྒྱད་པའི་མགོ་སྟོད་ནས་འདི་བཤད་མཁན་འདི་ནང་པའི་མཁས་པ་ཞིག་རེད། བྱེད་ཙང་ནང་པའི་གཞུང་ལུགས་ཀྱི་ནང་ལ་དེ་འདྲའི་གནས་ཚུལ་ཞིག་མེད་པ་ཡིན་ན་ནང་པའི་མཁས་པ་དེས་ནང་པའི་གཞུང་ལུགས་ཀྱི་གནས་ཚུལ་ཡོངས་སུ་རྗོགས་པ་ཟུར་དུ་བཞག་ནས་སྐད་ཆ་གསར་པ་ཞིག་ཁྱོན་ནས་གསུངས་ཤེས་ཀྱི་མ་རེད། ཨྰརྱབྷཊྚ་ནྰལནྡྰའི་གྲགས་ཅན་གྱི་མཁས་པའི་གྲས་ལ་རེད། ནང་པ་ཡང་རེད་ནང་པ་དང་ཡིན་དགོས་ཀྱིའང་རེད། བྱེད་ཙང་བྲམ་ཟེ་གཞན་པ་ཚོས་ཨྰརྱབྷཊྚ་ལ་དགག་པ་རྒྱག་པའི་བསྟན་བཅོས་འདི་ཚོའི་ནང་ལ་གཟིགས་དང་ནང་པ་མགོ་རིལ་ལྐུགས་པ་འདི་ཚོས་ས་རྒྱུག་གི་ཡོད་རེད་ཟེར་གྱི་ཡོད་རེད་ཅེས་སཾསྐྲིཏའི་སྐད་ཀྱི་ནང་ལ བྲིས་ཡོད། དེ་འདྲ་ཡིན་དུས་ང་ཚོས་ནང་པའི་གཞུང་ལུགས་ནས་བཤད་པ་དེ་དུས་ཚོད་ཡོལ་ཟིན་པ་ཞིག་དང་བདེན་པ་ཁྱོན་ནས་མེད་པ་ཞིག དེང་རབས་ཀྱི་ཚན་རིག་པའི་བཤད་པ་བརྒྱ་ཆ་བརྒྱ་ཐམ་པ་བདེན་པ་ཡིན་པ་ཞིག་ངོས་འཛིན་བྱེད་དགོས་ཡག་མེད་པ་རེད། ཡིན་ན་ཡང་ངེས་པར་དུ་མཚུངས་བསྡུར་གྱི་ཉམས་ཞིབ་དང་སློབ་སྦྱོང་གནང་དགོས་ཡག་དང་། བཤད་ཚུལ་མི་འདྲ་བ་ཡོང་གི་ཡོད་པ་འདི་ག་རེ་བྱེད་ནས་ཡོང་གི་ཡོད་རེད་དཔེར་ན་རྒྱ་གར་གྱི་ནང་ལོགས་ལ་སྣང་མེད་ཐོག་ནས་བལྟས་པ་ཡིན་ན་རིག་གནས་ཐོག་མ་འབྱུང་བའི་སྐབས་ལ་ས་ཆ་འདི་རིལ་རིལ་ཡིན་པ། ནམ་མཁའ་འདི་ཕྱོགས་མཐའ་མེད་ཀྱི་གོང་བུ་ལྟ་བུར་ཡིན་པ་ཞིག་ཐོག་མའི་གནས་ཚུལ་རེད་བསམ་གྱི་འདུག དེ་ཡིན་ཙང་མིང་ལ་ཡང་ས་ཡི་གོ་ལ། གོ་ལ་ཞེས་པ་འདི་ང་ཚོ་བོད་པས་ཚིག་མ་དག་པར་བྱེད་ནས་བརྗོད་ཀྱི་ཡོད་རེད་མ་གཏོགས་གྰོལ་ཟེར་བ་དེ་རེད། འདི་རིལ་རིལ་སྐད་ཆ་རེད། སཾསྐྲིཏ་སྐད་ཀྱི་ནང་ལ་གྰོལ་ཟེར་བ་འདི་རིལ་རིལ་གྱི་སྐད་ཆ་རེད། ཁགྰོལ། བྷྰུགྰོལ། ས་ལ་བྷྰུགྰོལ་ཟེར་གྱི་འདུག ས་ཡི་རིག་གནས་ལ་བྷྰུགྰོལ་བིདྱྰ་ལབ་ཀྱི་འདུག་བ། བྱེད་ཙང་ང་ཚོ་ཡང་ས་ཡི་གོ་ལ་དང་ནམ་མཁའི་གོ་ལ་ཟེར་ནས་བོད་སྐད་ལས་གོ་ལ་ཞེས་པའི་ཚིག་འདི་བོད་སྐད་ལ་མ་བསྒྱུར་བ་བྱེད་ནས་སཾསྐྲིཏ་སྐད་རང་འཇགས་བཞག ང་ཚོས་ལབ་དུས་སྐབས་ལ་སྲོག་མེད་དེ་སྲོག་ཅན་དུ་བསྒྱུར་བྱས་གོ་ལ་ལབ་པ་རེད་མ་གཏོགས་གྰོལ་ཟེར་བ་དེ་རེད།    ཁགྰོལ་བིདྱྰ། བྷྰུགྰོལ་བིདྱྰ་ཞེས་གནའ་སྔ་མོ་སྔ་མོ་ནས་ལབ་ཀྱི་ཡོད། བྱེད་ཙང་ས་གཞི་རིལ་རིལ་ཡིན་པའི་སྐད་ཆ་འདི་ང་ཚོས་ཁྱོན་ནས་མ་ཤེས་པ་ཞིག་ནུབ་ཕྱོགས་པས་གསར་དུ་ཤེས་པའི་སྐད་ཆ་ཞིག་རྩ་བ་ཉིད་ནས་མ་རེད། ནུབ་ཕྱོགས་པས་ཁྱོན་ནས་མ་ཤེས་གོང་ནས་ང་ཚོ་ཤར་ཕྱོགས་པས་ཤེས་ཀྱི་ཡོད་རེད། ཡིན་ནས་ནུབ་ཕྱོགས་པས་དཀའ་ལས་མང་པོ་བརྒྱབ་ནས་འདི་ཚོའི་ཐོག་ལ་ལེགས་ཆ་མང་པོ་བསྟན་ཡོད། དེ་ཚོ་མཉམ་དུ་དང་ལྷག་པར་དུ་རྒྱ་གར་གྱི་ནང་ལ་དུས་རབས་བཅུ་གཉིས་པའི་རྗེས་ལ་རྒྱ་གར་གྱི་སྐར་རྩིས་རིག་པ་ལ་ཡར་རྒྱས་མང་པོ་ཕྱིན་ཡོད། བསྟན་བཅོས་གསར་པ་མང་པོ་བརྩམས་ཡོད། ཉམས་ཞིབ་མང་པོ་བྱས་ཡོད། འདི་ཚོ་ང་ཚོས་ཁྱོན་ནས་རྒྱུད་ཡོད་མ་རེད། དུས་རབས་བཅུ་པ་བཅུ་གཅིག་པའི་རྗེས་ལ་རྒྱ་གར་གྱི་སྐར་རྩིས་རིག་པ་ཕལ་ཆེར་བོད་ལ་མ་དར་བ་དང་། བོད་པས་དེའི་རྗེས་ཀྱི་རྒྱ་གར་ནང་ཡར་རྒྱས་ཕྱིན་པ་དེ་ཚོ་མ་ཤེས་པ་བཟོ་འདྲ་བོ་ཡོད་རེད།
ལྷག་པར་དུ་སྐར་རྩིས་རང་དང་མ་རེད་དེ་རྩིས་ཀྱི་རིག་པའི་ནང་ལ་དབྱིན་ཇིའི་སྐད་ཀྱི་ནང་དུ Mathematics མེ་ཐི་མེ་ཊིཀས་ཟེར་གྱི་རེད་པ། རྩིས་རང་གི་རིག་གནས་ཀྱི་ནང་ལ་རྒྱ་གར་གྱི་ཧ་ཅང་གི་རིག་གནས་རྙིང་པ་བེད་ཀྱི་སྐབས་ནས་བྱུང་བའི་རྩིས་ཀྱི་རིག་པ་ཞིག་ལ་དེ་རིང་སང་ཉིན་ནུབ་ཕྱོགས་པས་ཡང་ཞེ་པོ་ཞིག་རྩ་ཆེན་པོ་བརྩིས་ནས་བཻདྰིཀ་མེ་ཐི་མེ་ཊིཀས་ཟེར་བ་དེ་ད་འདས་པའི་ལོ་བཅོ་ལྔ་ཉི་ཤུའི་ནང་ལ་སྐད་གྲགས་ཆེན་པོ་བྱུང་བ་རེད། ད་ལྟ་ཡང་འདི་ཚང་མས་དོ་སྣང་བྱེད་བཞིན་པ་འདྲ་བོ་རེད། འདིའི་དོན་དག་ལ་དམིགས་བསལ་སྡེ་ཚན་དང་ Institute ཨིནྶ་ཊི་ཊུཊ་དེ་འདྲ་ཡོད་རེད། བྱས་ཙང་དེ་ཚོ་མཉམ་དུ་ང་ཚོའི་སྐར་རྩིས་རིག་པའི་སློབ་གཉེར་བ་ཚོས་བཻདྰིཀ་མེ་ཐི་མེ་ཊིཀས་དེ་ཡང་བལྟ་དགོས་ཡག་གལ་ཆེན་པོ་རེད་བསམ་གྱི་འདུག    བཻདྰིཀ་མེ་ཐི་མེ་ཊིཀས་ལ་བལྟས་པ་ཡིན་ན་གཅིག་བྱས་ན་ནང་པའི་གཞུང་ལུགས་རྙིང་པ་དེ་ཚོའི་ནང་ལ་དེ་དང་མཚུངས་པའི་རྩིས་ཀྱི་རིག་གནས་ང་ཚོས་ཁྱོན་ནས་དོ་སྣང་མ་བྱེད་པ་བཞག་བཞག་པ་ཏན་ཏན་ཡོད་སྲིད་པ་རེད་བསམ་གྱི་འདུག ང་ཚོས་བར་ལམ་གཅིག་ནས་སློབ་སྦྱོང་བྱེད་སྟངས་འདི་ག་སང་ྋསྐྱབས་མགོན་རིན་པོ་ཆེའི་འདིར་བཀའ་སློབ་གནང་བ་བཞིན་རེད། ཚད་གཞི་འདྲ་བོ་ཞིག་བཞག་ནས་ཚད་གཞི་དེར་སླེབས་སོང་ན་དེར་བསྡད་སྡོད་པ་མ་གཏོགས་དེ་ནས་ཕར་འགྲོ་བའི་ཐབས་ཤེས་མ་བྱེད་པ་དེ་བྱེད་ཀྱི་འདུག རྩིས་པ་ཡིན་ན་ལོ་ཐོ་སྟོན་ཐུབ་ཙམ་ཞིག་དང་ཚེ་རྩིས་དང་གཤིན་རྩིས་བསྐོར་བ་ཏག་ཏག་འགྲིག་དུས་སྐབས་ལ་འདི་ནས་ཕར་འགྲོ་དགོས་ཀྱི་མེད་པ་བཟོ་འདྲ་བོ་དང་། སྨན་པ་ཡིན་ན་རྩ་ཆུ་བརྟག་ཤེས་ཙམ་དང་སྨན་སྦྱོར་བྱེད་ཤེས་ཙམ་ཞིག་དང་། ནད་པ་ལ་བརྟག་དཔྱད་བྱེད་ཡག་ལས་ཀ་འགོ་འཛུགས་སོང་ན་འདི་ནས་ཕར་བརྒལ་ནས་ཉམས་ཞིབ་ཀྱི་ལས་དོན་བྱེད་ཀྱི་མེད་པའི་བཟོ་འདྲ་བོ་ཞིག ད་ལྟ་གནས་སྐབས་འདི་ལ་སྨན་རྩིས་ཀྱི་རིག་པའི་གཞུང་ལུགས་ཀྱི་ནང་ལ་ཉམས་ཞིབ་དང་མཚུངས་བསྡུར་བྱེད་ཡག་དཔེ་མ་སྲིད་པའི་གཞི་རྒྱ་ཆེན་པོ་དང་དེ་ལ་བརྟེན་ནས་བོད་ཀྱི་རིག་གནས་གཅིག་དང་། བོད་ཀྱི་མི་རིགས་ལ་ཕན་འདོགས་ཡོད་པའི་གསར་གཏོད་ཀྱི་རིག་གནས་མང་པོ་བསྐྲུན་ཐུབ་པའི་གོ་སྐབས་ཡོད་པ་དེ་གསལ་པོ་ཞེ་དྲག་རེད། གོ་སྐབས་འདི་བླངས་ཐུབ་དང་མ་ཐུབ་དེ་ང་རང་ཚོའི་ནུས་པ་འདང་ཡོད་མེད་ལ་རག་ལུས་པ་རེད། སྨན་གཞུང་ལྟ་བུ་ཞིག་ལ་མཚོན་པ་ཡིན་ན་ཡང་བོད་སྨན་གྱིས་དེང་རབས་ཀྱི་སྨན་གྱིས་མི་ཕན་པའི་ན་ཚ་མང་པོ་ཞེ་པོ་ཞིག་ལ་ཕན་གྱི་ཡོད་རེད། ཕན་གྱི་ཡོད་པ་དེ་མངོན་སུམ་གྱི་སྤྱོད་ཡུལ་ལ་གྲུབ་བསྡད་ཡོད་རེད། མངོན་སུམ་གྱི་སྤྱོད་ཡལ་ལ་གྲུབ་པ་འདི་དེང་རབས་ཀྱི་ཚན་རིག་པས་བཤད་པ་བཞིན་ར་སྤྲོད་བྱེད་ནས་བཤད་ཡག་དང་། ཉམས་ཞིབ་བྱེད་པའི་རིམ་པ་དང་། དེ་ཡིག་ཐོག་ལ་འགོད་སྟངས་ལ་སོགས་པ་དེ་ཚོ་ཆ་ཚང་ཞིག་ཡོང་མ་ཐུབ་ཡག་དང་། སྨན་སྦྱོར་གྱི་གནས་བབས་ལ་ཆ་བཞག་པ་ཡིན་ནས་དེ་དང་དེ་བཞིན་གྱི་དེང་རབས་ཀྱི་བྱེད་སྟངས་དང་མཐུན་པ་ཞིག་གི་ཐོག་ནས་ང་ཚོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འདི་འཇིག་རྟེན་ཡོངས་ལ་གསལ་བར་བྱེད་ཐུབ་ཡག་གི་གནས་བབས་དང་། གོ་སྐབས་ཆ་ཚང་ལེན་མ་ཐུབ་མཁན་བཟོ་འདྲ་བོ་ཞིག དེ་འཇིག་རྟེན་ཡོངས་ལ་གསལ་བར་མ་བྱེད་པ་ཡིན་ནས་འགྲོ་བ་ལ་ཕན་ཡག་ཅིག ནད་མེད་དུ་གནས་པ་དང་ན་བ་གསོ་བར་བྱེད་པའི་ཐབས་ལ་ཕན་ཡག་ཅིག་གི་ཐོག་ནས་བེད་སྤྱོད་གཏོང་ཐུབ་པ་ཞིག་དང་། བེད་སྤྱོད་གཏང་བདེ་པོ་ཞིག་བཟོས་ཡག་འདི་སྨན་རྩིས་ཁང་གི་ལས་འགན་གཙོ་བོ་རེད་ལ་དེ་ཚོའི་ཐོག་ལ་ཏན་ཏན་ཤུགས་བསྐོན་ཡག་ཡོད་རེད་བསམ་གྱི་འདུག གོ་སྐབས་དང་གཞི་རྒྱ་ཆེན་པོ་ཞེ་པོ་ཞིག་ཡོད་པ་འདི་ང་ཚོ་ཕྱི་ལོགས་ནས་བལྟས་བསྡད་མཁན་ཚོས་མཐོང་། ང་ཚོ་སྨན་དང་རྩིས་ཀྱི་མི་མ་རེད་དེ་སྨན་དང་རྩིས་ཀྱི་མི་མིན་པ་ཡིན་ནས་དབྱིན་ཇི་སྐད་དུ་ Common Sense ཀོ་མན་སེན་ས་ཡི་སྟེ་སྤྱི་བཏང་ཤེས་བྱའི་གནས་སྟངས་ཐོག་ནས་བལྟས་པ་ཡིན་ན། ད་ལྟ་འཇིག་རྟེན་འདིའི་ནང་གོ་སྐབས་ཆེན་པོ་ཞེ་པོ་ཞིག་ཡོད་པ་དང་། ང་ཚོའི་སྨན་དང་རྩིས་ཀྱི་སློབ་སྦྱོང་གནང་མཁན་ན་གཞོན་གསར་པ་མང་ཆེ་བ་ཞིག་ཕྱི་རྒྱལ་གྱི་སྐད་ཡིག་མི་མཁྱེན་མཁན་ཧ་ལམ་ཡོད་མ་རེད་བསམ་གྱི་འདུག དབྱིན་ཇི་སྐད་ནི་དེ་རིང་སང་ཉིན་ཕ་མ་དེ་ཚོས་ཕྲུ་གུ་ཁོག་པའི་ནང་ཡོད་དུས་ནས་བསླབ་ཀྱི་ཡོད་རེད་བ། མ་སྐྱེས་གོང་ནས་བསླབ་ཡག་གི་ཐབས་ཤེས་བྱེད་བསྡད་པ་ཞིག་རེད། དེ་ཡིན་དུས་དེང་རབས་ཀྱི་མི་གསར་པ་འདི་ཚོ་ནུབ་ཕྱོགས་པའི་སྐད་གང་ཡང་རུང་བ་ཞིག་མ་མཁྱེན་མཁན་ཧ་ལམ་ཡོད་མ་རེད་བསམ་གྱི་འདུག ནུབ་ཕྱོགས་པའི་མཁས་པ་དང་། དེང་རབས་ཀྱི་མཁས་པ་དང་། རྒྱ་གར་ནང་ཡར་རྒྱས་ཕྱིན་པའི་གནས་ཚུལ་དེ་ཚོ་དང་ཕར་ཚུར་མཚུངས་བསྡུར་བྱེད། འབྲེལ་བ་བྱེད། བགྲོ་གླེང་བྱེད་ཡག་གི་མཐུན་རྐྱེན་ཚང་ཡོད་རེད། དེ་ཡིན་ཙང་དེ་ཚོའི་ཐོག་ལ་གཞི་རྒྱ་ཆེ་ཙམ་ཞིག་གནང་ཐུབ་དགོས་པ་དེ་གལ་ཆེན་པོ་རེད་བསམ་ང་ཚོ་དེ་འདྲ་དྲན་གྱི་འདུག ད་དེ་འདྲ་གནང་བར་མི་ཆ་མང་པོ་དགོས་པ་བཤད་མི་དགོས་པ་རེད།
ྋསྐྱབས་མགོན་རིན་པོ་ཆེ་ཡིས་བརྒྱ་ཕྲག་ཁ་ཤས་ཀྱི་འདང་གི་མ་རེད་སྟོང་ཕྲག་སྟོང་ཕྲག་འཐོན་ཐུབ་པ་དགོས་རེད་ཟེར་ནས་བཀའ་གནང་བ་བཞིན་སྨན་དང་རྩིས་སློབ་སྦྱོང་བྱེད་མཁན་གྱི་མི་འབོར་དེ་ཡང་མང་དུ་བཏང་དགོས་ཡག་དེ་གལ་ཆེན་པོ་ཞེ་དྲག་རེད། མི་འབོར་མང་དུ་བཏང་བ་ཙམ་དུ་མ་ཟད་སློབ་སྦྱོང་ཐོན་མཁན་དེ་དག་ལ་རྒྱལ་སྤྱི་ནང་ངོས་ལེན་ཡོད་པའི་ལག་ཁྱེར་དགོས་ཡག་དེའང་གལ་ཆེན་པོ་རེད། རྒྱལ་སྤྱི་ནང་ངོས་ལེན་ཡོད་པའི་ལག་ཁྱེར་ཡོང་ཡག་ལ་སྔོན་ལ་རྒྱ་གར་ནང་གི་གཙུག་ལག་སློབ་གཉེར་ཁང་ཁག་གི་དབུས་ཀྱི་སྒྲིག་འཛུགས་ UNIVERSITY GRANT COMMISSION (UGC), དང་ ASSIOCIATION OF INDIAN UNIVERSITY (AIU) འདི་ཚོ་ནས་ངོས་འཛིན་ཡོད་པའི་ལག་ཁྱེར་ཡོད་དགོས་ཡག་གལ་ཆེན་པོ་རེད།
ལོ་ཁ་ཤས་སྔོན་གྱི་བར་དུ་ཡིན་པ་ཡིན་ན་གསོ་བ་རིག་པ་ཁོ་རང་རྒྱ་གར་གྱི་ཁྲིམས་མཐུན་ཐོག་ལ་ངོས་ལེན་མེད་པ་ཡིན་དུས་དེའི་ལག་ཁྱེར་ངོས་ལེན་ཡོད་པའི་གཞི་རྩ་མེད་པ་རེད། ད་ལྟ་གསོ་བ་རིག་པ་ངོས་འཛིན་ཐོབ་ཚར་བ་ཡིན་ཙང་རིག་གནས་འདིའི་མཐོ་སློབ་འཛུགས་ཡག་དང་། རྒྱུགས་སྤྲོད་གཏོང་ཡག་དང། དེ་ནས་ལག་ཁྱེར་བླངས་ཡག་དེ་ཚོ་ཚང་མ་ཁྲིམས་མཐུན་ཡོང་ཆོག་གི་ཡོད་པ་དང་ཡོང་དགོས་ཀྱི་ཡོད་པ་དེ་རང་བཞིན་གྱི་བང་སྒྲིག་ནས་ཡོང་ཡག་ཅིག་རེད།  དེ་ཡིན་དུས་སྐབས་ལ་ངོས་འཛིན་ཡོད་པའི་གཙུག་ལག་སློབ་ཁང་ཞིག་དང་འབྲེལ་བ་བྱས་ནས་རྒྱུགས་སྤྲོད་གཏང་དགོས་པ་དེ་གལ་ཆེན་པོ་རེད།   ད་ལྟའི་གནས་སྐབས་ལ་སྰརནྰཐ་གཙུག་ལག་སློབ་གཉེར་ཁང་གི་ནང་དུ་སྨན་གྱི་སྡེ་ཚན་ཡོད་བཞིན་པ་རེད། དེ་ཚོ་དང་མཉམ་དུ་འབྲེལ་བ་བྱེད་ནས་རྒྱུགས་སྤྲོད་བཏང་གནང་བ་ཡིན་ནས་རེད། ཡང་ན་དེ་མ་ཡིན་པའི་རྒྱ་གར་གྱི་ཡིག་འབྲུའི་ཐོག་ནས་རྒྱུགས་སྤྲོད་གཏོང་སའི་གཙུག་ལག་སློབ་ཁང་མང་པོ་ཡོད་རེད། དེ་ཚོའི་ནང་ང་རང་ཚོའི་སློབ་ཚན་འཆར་གཞི་འདི་ངོས་འཛིན་འབྱུང་བ་ཡིན་ན་དཔེར་ན་ IGNOU ( Indira Gandhi National Open University) ལྟ་བུ་དང་དེ་འདྲའི་རྒྱུད་ནས་ཐབས་ལམ་ཡོད་རེད་བསམ་གྱི་འདུག གང་ལྟར་ UGC  དང་ AIU ཡི་ངོས་འཛིན་ཡོད་པའི་རྒྱུགས་སྤྲོད་དང་ལག་ཁྱེར་སྤྲད་ཡག་གི་ཐབས་ཤེས་གནང་དགོས་ཡག་འདི་གལ་ཆེན་པོ་རེད། དེ་མ་བྱུང་བ་ཡིན་ན་ང་ཚོ་འདི་ནས་ཐོན་པ་དེ་དག་ཕྱེད་ཀ་ཐོན་ཕྱེད་ཀ་མ་ཐོན་པའི་བཟོ་འདྲ་བོ་ཆགས་འགྲོ་ཡི་རེད། ཁྲིམས་དང་དེ་འདྲ་བའི་རྙོག་གྲ་འབྱུང་བ་ཡིན་ན་དེ་བས་ཀྱང་གནས་ཚུལ་རྙོག་གྲ་ཚ་པོ་ཆགས་འགྲོ་ཡི་རེད།     མཐར་ཐུག་དེ་སྨན་རྩིས་ཁང་གཙུག་ལག་སློབ་ཁང་གི་ངོ་བོར་ངོས་ལེན་ཐུབ་ཡག་གི་ཐབས་ཤེས་གནང་དགོས་རེད་བསམ་གྱི་འདུག གནང་དགོས་ཡག་དེ་བཤད་མི་དགོས་པ་རེད། ཡིན་ནས་དེ་ལ་དུས་ཚོད་མི་ཉུང་བ་ཞིག་འགོར་གྱི་རེད། ཉུང་མཐའ་ལ་ལོ་བཞི་ལྔ་ཙམ་འགོར་གྱི་རེད། དེ་ཡིན་ཙང་དེའི་རིང་གི་སྨན་པ་ཐོན་པ་དེ་དག་ལ་ཚད་ལྡན་གྱི་ལག་ཁྱེར་རག་ཡག་གི་ཐབས་ལམ་གང་འདྲ་འདུག་འདི་ཚོ་སྨན་རྩིས་ཁང་འགན་འཛིན་ལྷན་ཚོགས་དང་དབུ་ཁྲིད་རྣམ་པ་ཚོས་མགྱོགས་པོའི་ཐོག་ནས། ཛ་དྲག་གི་ཐོག་ནས་གནང་དགོས་ཡག་འདི་ཐུགས་གལ་ཆེན་པོ་རེད་བསམ་གྱི་འདུག
ད་ལྟ་ངས་ཞུས་པ་བཞིན་སྰརནྰཐ་གཙུག་ལག་སློབ་གཉེར་ཁང་དང་ National Open University ལ་སོགས་པ་དེ་ཚོ་ཡོད་བཞིན་པ་རེད། ཡང་དེ་བཞིན་རྒྱ་གར་གྱི་ Ayurvedic University ཁ་ཤས་ཡོད་རེད། དེ་ཚོའི་ནང་ལོགས་ལ་ཨྰཡུརྦེདྰིཀ་ཆ་ཤས་མིན་པ་ཡིན་ན་ཡང་སྤྱིར་བཏང་ཁྱོན་ཡོངས་ཀྱི་རིག་གཞུང་གཅིག་པ་ཡིན་ཙང་ང་ཚོའི་སློབ་ཚན་འཆར་གཞི་ཁོང་ཚོས་ངོས་ལེན་བྱེད་པ་ཡིན་ན། དེ་འདྲའི་གང་ཡང་རུང་བ་ཞིག་གི་མཉམ་དུ་བདམ་འབྲེལ་བྱེད་ནས་རྒྱུགས་སྤྲོད་གཏོང་ཡག་དང་། ལག་ཁྱེར་བླངས་ཡག དེའི་རྒྱུན་རིམ་གྱི་ཐོག་ནས་སྨན་རྩིས་ཁང་འདི་གཙུག་ལག་སློབ་ཁང་གི་ངོ་བོར་གྱུར་ཡག་དང་། གཙུག་ལག་སློབ་ཁང་གི་ངོས་འཛིན་རག་ཡག་ཅིག་དང་། འདི་ནས་ཐོན་པའི་ལག་ཁྱེར་རྒྱ་གར་གྱི་ཁྲིམས་ཐོག་ནས་ངོས་འཛིན་འབྱུང་བ་ཡིན་ན། ཐེངས་གཅིག་རྒྱ་གར་གྱི་ཁྲིམས་ཐོག་ནས་ངོས་འཛིན་བྱུང་བའི་རྗེས་ལ་རྒྱ་གར་གྱི་ལག་ཁྱེར་ངོས་འཛིན་ཡོད་ས་ལུང་པ་ཡོངས་སུ་རྫོགས་པར། ཤར་ནུབ་ཀྱི་རྒྱལ་ཁབ་གང་དུ་ཡིན་ནས་རྒྱ་གར་གྱི་ལག་ཁྱེར་མཐོ་དམན་ཞིག་མ་གཏོགས་ཚང་མར་ངོས་འཛིན་ཡོད་པ་ཤ་སྟག་རེད། བྱེད་ཙང་འདི་ཡོད་ས་ཚང་མར་ང་ཚོའི་ལག་ཁྱེར་ངོས་འཛིན་ཡོད་པ་ཆགས་འགྲོ་ཡི་རེད།
ཤེས་ཡོན་སློབ་སྦྱོང་སྐོར་ལ་ད་ལྟ་སྙན་སེང་ཞུས་ཡག་གི་དོན་དག་རྡོག་རྡོག་འདི་སྨན་དང་རྩིས་གཉིས་ཀ་རིག་གནས་ཀྱི་ངོ་བོའི་ཆ་ནས་བོད་པའི་ཐུན་མོང་མ་ཡིན་པའི་གནས་སྟངས་གང་ཡོད་པ་དེ་དག་གསལ་པོ་མཁྱེན་པ་ཞིག་དང་གསལ་པོ་བསྟན་ཐུབ་པ་ཞིག  དེ་ལ་བརྟེན་ནས་འགྲོ་བ་སྤྱི་ཡོངས་ལ་ཕན་འདོགས་སྒྲུབ་ཐུབ་པ་ཞིག །
དེང་རབས་ཀྱི་སྨན་དང་རྩིས་ཀྱི་རིག་གནས་གཞན་པ་དང་མཉམ་དུ་མཚུངས་བསྡུར་བྱེད་ནས་ྋསྐྱབས་མགོན་རིན་པོ་ཆེས་དུས་རབས་ཉི་ཤུ་རྩ་གཅིག་གི་མི་ཞིག་བྱེད་ཐུབ་པ་དགོས་རེད་གསུངས་པ་བཞིན་དུ་མཚུངས་བསྡུར་བྱེད་ནས། ཁོང་ཚོ་དང་མཉམ་དུ་དཔུང་པ་མཉམ་ཞིབ་བྱེད་ནས་འགྲོ་ཐུབ་ཡག་དང་། ཁོང་ཚོ་ལ་ཕར་ཡང་ཕན་འདོགས་ཐུབ་ཡག་ཅིག
དེ་དང་ཆབས་ཅིག་ཏུ་ང་ཚོའི་རྒྱུགས་སྤྲོད་བཏང་བའི་ལག་ཁྱེར་འདི་ཚོ་རྒྱ་གར་གཞུང་གི་ཁྲིམས་མཐུན་གྱི་ངོས་ལེན་ཡོང་བའི་ཐབས་ཤེས་ཡོད་པ་ཞིག་གནང་དགོས་ཀྱི་འདུག་ཅེས་དོན་དག་འདི་གསུམ་པོ་དེ་ངས་སློབ་སྦྱོང་དང་འབྲེལ་བ་ཡོད་པའི་སྐོར་ཡིན།  
 
འདི་ནས་འཛིན་སྐྱོང་སྐོར་ནི་ཉེ་ཆར་བཀའ་ཤག་གི་བསྐྱར་ཞིབ་ཚོགས་ཆུང་ཞིག་བཙུགས་ཡོད་རེད། དེ་བཙུགས་དགོས་པ་འདི་དྷརྨཤྰལྰ་སྨན་རྩིས་ཁང་དང་མསྰུརི་བོད་ཕྲུག་ཁྱིམ་སྡེ་གཉིས་པོ་དེ་ཐུན་རྐྱེན་མང་པོ་ཡོད་པ་བྱེད། གོ་སྐབས་ཡང་མང་པོ་ཞེ་པོ་ཞིག་ཡོད་པ་བྱེད། ཡིན་ནས་འཛིན་སྐྱོང་གི་ངོས་ནས་གོ་སྐབས་དང་ནུས་པ་ཆ་ཚང་བེད་སྤྱོད་བཏང་མ་ཐུབ་པའི་གཟིགས་ཚུལ་ཞིག་དང་། དེ་འདྲ་བའི་གླེང་གཞི་ཞིག་ཡོད་བསྡད་པ་རེད། དེ་ཡིན་ཙང་དེ་གཞི་རིམ་གྱི་བསྐྱར་ཞིབ་བྱེད་ཡག་གི་ཐོག་ལ་བསྐྱར་ཞིབ་ཚོགས་ཆུང་བཙུགས་ནས་བསྐྱར་ཞིབ་ཚོགས་ཆུང་གིས་སྙན་ཐོ་རིང་པོ་ཞིག་ཡོད་རེད། དེའི་ནང་གནས་ཚུལ་ཁ་ཤས་ང་ཚོས་བལྟས་ནའང་ལག་ལེན་བསྟར་ཐུབ་མིན་གང་འདྲ་ཡིན་མིན་བསམ་པ་འདུག་སྟེ། གནས་ཚུང་མང་པོ་ཞིག་ལག་ལེན་བསྟར་ཐུབ་ཡག་དང་། ལག་ལེན་བསྟར་དགོས་ཡག་དེ་འདྲ་ཡོད་རེད། དེ་ང་ཚོས་འཛིན་སྐྱོང་ལ་ཕུལ། དེའི་ཐོག་ལ་བཀའ་བསྡུར་གནང་ནས་གང་འདྲ་བྱེད་ནས་ལག་ལེན་བསྟར་གནང་གིན་ཡིན་པ། གང་འདྲ་བྱེད་ནས་བསྐྱར་ཞིབ་ཚོགས་ཆུང་གི་སྙན་ཐོའི་ཐོག་ནས་ཁེ་ཕན་བླངས་ཡག་འདུག ཡང་མིན་ན་སྙན་ཐོའི་ནང་ཡོད་པ་དེ་དངོས་དོན་དང་མ་མཐུན་པ་ཞིག་རེད་པས། བྱེད་མི་ཐུབ་པ་ཞིག་རེད་པས། འདི་ཚོ་གསལ་པོ་ཆགས་ན་ཕན་འདོགས་ཡོང་གི་མིན་འགྲོ་བསམ་པ་ཚོར་བྱུང་། ཡིན་ནས་བཀའ་ཤག་གི་སྙན་ཐོ་དེ་ཕར་བཏང་ནས་སྨན་རྩིས་ཁང་ལ་བཀའ་ལན་ཞིག་གནང་རོགས་ཞུས་ཡོད་རེད་དེ་འདི་སྤྱི་ཟླ་བཞི་པའི་ནང་མ་གཏོགས་གནང་ཐུབ་ས་མ་རེད་ཟེར་ནས་ཐུགས་ཁག་མིན་འདུག སྤྱི་ཟླ་བཞི་པའི་ནང་ཁྱེད་རང་ཚོ་འདིར་གང་ག་འཛོམས་ཀྱི་ཡོད་པ་ཡིན་ཙང་དེ་རིང་ཚོགས་འདུ་རྒྱས་འཛོམས་འདིའི་ནང་བཀའ་བསྡུར་གནང་ཡག་ཡིན་པ་འདྲ། དེ་ཡིན་ནས་འགྲིག་གི་འདུག བྱས་ཙང་འདི་ཚོའི་ཐོག་ནས་འཛིན་སྐྱོང་ཐོག་ལ་ཞན་ཆ་ཡོད་པ་དྲག་ཏུ་གཏོང་ཡག་དང་། ཡང་གསར་གཏོད་བྱེད་ཡག་གི་གནས་ཚུང་མང་པོ་ཡོང་གི་རེད་བསམ་གྱི་འདུག བཀའ་ཤག་ལ་ཁ་སང་སྤྱི་ཟླ་བཞི་པའི་ནང་ལན་དབུལ་གྱིན་ཡིན་ཞེས་གསུངས་དུས་སྐབས་ལ་ང་ཚོ་ཆོབ་བཀོད་ཀྱིན་བསྡད་པ་ཡིན། ད་ང་ཚོ་འགྲོ་འགྲོ་བར་དུ་ལན་གནང་གི་མིན་གསུངས་ཀྱི་ཡོད་རེད་ཅེས་བཀའ་ཤག་གསར་པ་ལ་མ་གཏོགས་ད་འདི་ད་ག་སེ་ཆོབ་རེད། གང་ལྟར་དེ་རིང་ཁྱེད་རང་ཚོ་འདིའི་ཐོག་ལ་བཀའ་མོལ་བྱུང་ཡོད་མདོག་ཁ་པོ་རེད། བཀའ་མོལ་བྱུང་མེད་པ་ཡིན་ན་འཛིན་སྐྱོང་གིས་དེ་རིང་ཁྱེད་རང་ཚོ་ནས་ལེགས་ཆ་ལེན་དགོས་པ་གང་ཡོད་པ་ཡིན་ནས་གཞི་རིམ་གྱི་འགུལ་སྐྱོད་འདྲ་བོ་ཐེབས་པ་ཞིག་དང་། ད་ལེགས་བཅོས་དང་ཡར་རྒྱས་འགྲོ་ཡི་ཡོད་པ་ཡིན་ནས་འགྲོ་ཡི་ཡོད་པ་དེ་ཙམ་དུ་མ་ཟད་པའི་ཕྱི་ལོགས་ཀྱི་མི་བལྟ་བསྡད་མཁན་ཚོས་ད་འགྱུར་བ་འགྲོ་ཡི་འདུག ཡར་རྒྱས་འགྲོ་ཡི་འདུག་ཅེས་མཐོང་ཐུབ་པ་འབྱུང་དགོས་པ་དེ་གལ་ཆེན་པོ་རེད་བསམ་གྱི་ཡོད།
སྨན་རྩིས་ཁང་གི་ཐོག་མ་དབུ་ཚུགས་པ་ནས་ད་ལྟ་བར་དུ་རླབས་ཆེན་གྱི་གྲུབ་འབྲས་ཟེར་ན་མི་འདུག ཧ་ཅང་གི་ལྗིད་ཁོག་ཚ་པོའི་འགན་ཟེར་ན་མི་འདུག་དེ་ྋགོང་ས་སྐྱབས་མགོན་ཆེན་པོའི་ྋསྐུའི་འཕྲོད་བསྟེན་དང་འབྲེལ་བ་ཡོད་པའི་བླ་སྨན་ཞབས་ཞུ་མང་ཆེ་བ་ཞིག་སྨན་རྩིས་ཁང་དང་འབྲེལ་བ་ཆགས་བསྡད་ཀྱི་ཡོད་རེད། གསོལ་སྨན་ཡང་མང་ཆེ་བ་ཞིག་སྨན་རྩིས་ཁང་ནས་སྦྱར་གྱི་ཡོད་རེད། ད་འདིའི་ཐོག་ལ་ད་དུང་ཡང་ནུས་པ་ཆེ་རུ་གཏོང་ཡག་དང་། ྋསྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་དང་བསྙབ་ཐུབ་པ་ཞིག་བླ་སྨན་ཞབས་ཞུ་ཚོས་ཕྱག་ལས་གནང་ཡག་གང་གིས་ཐོག་ནས་དེ་སྔ་ཕན་ཆད་ལ་ཞེ་པོ་ཞིག་ཡག་པོ་བྱུང་ཡོད་རེད། དེ་དངོས་ནས་ལས་འགན་ལྗིད་པོ་ཞིག་རེད་ལ་གྲུབ་འབྲས་ཆེ་ཤོས་ཤིག་ཀྱང་རེད། མ་འོངས་པ་དེའི་ཐོག་ལ་ད་དུང་ྋསྐྱབས་མགོན་རིན་པོ་ཆེས་ཞར་དང་ཞོར་ལ་། མཚམས་རེ་ཞལ་རེས་ནག་པོ་བྱས་ནས་བཀའ་གནང་བ་དང་། མཚམས་རེ་ཞལ་ཤོབ་དང་སྦྲགས་ནས་བཀའ་གནང་བ་དེ་ཚོ་ཚང་མའི་ནང་ལ་ལམ་སྟོན་དང་སྙིང་དོན་མང་པོ་ཡོད་རེད། ནང་དོན་དེ་དག་སྒྲུབ་ནས་དེ་རིང་ྋསྐུ་མདུན་གྱིས་དེ་འདྲ་ཞིག་བཀའ་གནང་སོང་། དེ་རིང་ྋསྐུ་མདུན་དེ་འདྲ་ཞིག་བཀའ་གནང་སོང་། དེ་རིང་གཅིག་བྱས་ནས་ཐུགས་ལ་དེ་འདྲ་ཞིག་ཤར་སོང་། དེ་རིང་ཡང་གཅིག་བྱས་ན་ཐུགས་ལ་ཆ་ཚང་མ་ཕབ་པ་འདྲ་བོ་འབྱུང་སོང་། གང་བྱུང་བ་དེ་བླ་སྨན་ཞབས་ཞུ་བ་ཚོས་ཐུགས་སྣང་སྐྱེན་པོ་ཞིག་གི་ཐོག་ནས་གཟིགས་ཐུབ་པ་དང་། གཟིགས་ཐུབ་པ་བཞིན་ལག་ལེན་ཐོག་ལ་གང་ཡར་རྒྱས་གཏང་ཡག་ཡོད་རེད། གང་ལེགས་བཅོས་གནང་ཡག་ཡོད་རེད། དེ་གཟིགས་དགོས་པ་གལ་ཆེན་པོ་ཞེ་དྲག་རེད་བསམ་གྱི་ཡོད། དེ་འདྲ་ཞིག་གནང་ཐུབ་པ་ཡིན་ན་ཏན་ཏན་བོད་མི་རིགས་དང་བོད་བསྟན་པ་ཆབ་སྲིད་ཙམ་མ་ཡིན་པའི་འཇིག་རྟེན་སྤྱི་ཡོངས་ཀྱི་བླ་ན་མེད་པའི་འདྲེན་པ་ཞིག་ལ་ྋསྐུའི་འཕྲོད་བསྟེན་གྱི་ཞབས་ཕྱི་བྱེད་ཡག་འབྱུང་བ་འདི་བསྐལ་བ་བཟང་པོ་རེད། བསོད་ནམས་ཆེན་པོ་རེད། གཟི་བརྗིད་ཆེན་པོ་རེད། དེ་ལ་བརྟེན་ནས་སྨན་རྩིས་ཁང་གི་སྒྲིག་འཛུགས་ཁོ་རང་ལ་མཚན་མཐོང་ཡོང་གི་རེད་བསམ་གྱི་འདུག དེའི་ཐོག་ལ་ཏན་ཏན་དགོངས་གཞི་གནང་དགོས་པ་འདི་ཐུགས་གལ་ཆེན་པོ་རེད།
ད་ཁ་སང་ྋསྐྱབས་མགོན་རིན་པོ་ཆེ་ཡིས་འདིར་བཀའ་སློབ་གནང་བ་ཞིག་གི་ནང་ལ་སློབ་ཕྲུག་བརྒྱ་ཕྲག་ཁ་ཤས་ཀྱི་འདང་གི་མ་རེད་གསུངས་པ་ཡིན་དུས་སྐབས་ལ་ད་སློབ་ཕྲུག་མང་པོ་འཛུལ་ཐུབ་པའི་ཐབས་ཤེས་ཤིག་གནང་དགོས་རེད། དཔེར་ན་ན་ནིང་རྒྱ་གར་གཞུང་གི་ངོས་ལེན་བྱུང་བའི་རྗེས་ལ་སྰརནྰཐ་ལྟ་བུ་ཡིན་ན་སྡེ་ཚན་དེ་ཞེ་པོ་ཞིག་རྒྱ་ཆེ་རུ་བཏང་ནས་ཟུར་དུ་གསོ་བ་རིག་པའི་རིགས་སྡེ་ Collage གཅིག་ཟུར་དུ་བཟོ་ཡག་གི་འཆར་གཞི་སྒྲིག་གི་འདུག་ཨང་།  དེ་བཞིན་འདིར་ཁྱེད་རང་ཚོའི་མཐོ་སློབ་ལའང་འཆར་གཞི་ཞིག་ཡོད་གསུངས་ཀྱི་ཡོད་རེད། ཡོད་པ་ཡིན་ན་ཉིན་རྒྱང་ཞག་ཕོས་ལ་མ་ཕྱིན་པ་བྱེད་ནས་མགྱོགས་པོ་ལག་ལེན་ལ་བསྟར་ཐུབ་པ་དང་། ཐོག་མ་སློབ་ཕྲུག་གསར་འཛུགས་བྱེད་སྟངས་ནས་བཟུང་བ་ཞིག་གིས་དེ་འགྲོ་སྟངས་རྒྱ་གར་གཞུང་གི་ UGC འགྲོ་སྟངས་གང་ཡོད་པ་དེ་དག་ཕྱག་ལེན་ལ་བསྟར་ནས་རྗེས་མ་སོ་སོར་ Deemed to be University གནས་ཚད་རག་ཡག་གི་མཐུན་རྐྱེན་དེ་ཚོ་དང་པོ་ནས་བསྐྲུན་དགོས་པ་ཐུགས་གལ་ཆེན་པོ་རེད་བསམ་གྱི་ཡོད། དེའི་དོན་དག་ལ་སྨན་རྩིས་ཁང་དེབ་སྐྱེལ་ཡོད་པའི་ཚོགས་པ་འདི་ཁྲིམས་དང་མཐུན་པ་བྱེད་ནས། མ་ཉམས་པར་བྱེད་ནས་ཉར་གནང་དགོས་པ་འདི་མེད་དུ་མི་རུང་བའི་དགོས་མཁོ་དང་པོ་དེ་རེད།
ང་ཚོ་བོད་པ་མང་པོ་ཞེ་པོ་ཞིག་གིས་ཚོགས་པ་དེབ་སྐྱེལ་བྱས། ཚོགས་པ་དེབ་སྐྱེལ་བྱེད་ཚར་ནས་ཕྱི་བལྟས་མ་ལོག་པར་ཉི་མ་གཅིག་ཁ་མཆུ་འདྲ་བོ་ཐུག ཁྲིམས་ཁང་ནང་དཀའ་ངལ་འབྱུང་བ་ཡིན་ན་ཚོགས་པ་དེབ་སྐྱེལ་ཤི་ནས་ལོ་མང་པོ་ཕྱིན་ཚར་བ་དེ་འདྲ་ཧྰིམྰཅལ་དང་ཨུཏྟརཁཎྜ་ནང་ལ་ཉེ་ཆར་མང་པོ་ཐོན་སོང་། གཞི་ནས་འགོ་ནས་མར་བསྐོར་བ་རྒྱག་དགོས་བསྡད་ཡག དེ་འདྲ་ཡིན་ཙང་ཚོགས་པ་དེབ་སྐྱེལ་གང་དུ་བྱེད་ཡོད་མིན་ལ་མ་ལྟོས་པར་དེ་རིང་སང་ཉིན་ཧྰིམྰཅལ་གྱི་ཁྲིམས་ཀྱི་ནང་དུ་ཁོ་རང་ཚོའི་ཁྲིམས་ལུགས་གསར་པ་དང་མཐུན་པའི་ཡིག་ཆ་བཟོ་དགོས་པ་དེ་དག་ཏན་ཏན་བཟོས་ཚར་ཡོད་ཀྱི་རེད། བཟོས་ཚར་མེད་ན་ཡིན་ཅིག་མིན་ཅིག་བཟོ་དགོས་ཀྱི་ཡོད་རེད། དེ་ནས་དུས་ཐོག་ཏུ་འགན་འཛིན་ལྷན་ཚོགས་འཚོགས་ཡག་དང་། འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་འགྱུར་བ་ཕྱིན་པའི་སྐབས་ལ་དེའི་གནས་ཚུལ་དེ་དག་དེབ་སྐྱེལ་ལས་ཁུངས་ལ་དུས་ཐོག་ཏུ་བཏང་ཡག འགན་འཛིན་ལྷན་ཚོགས་དང་ཚོགས་ཆེན་ག་དུས་འཚོགས་པ་ཡིན་ནས་དེའི་གྲོས་གཞི་གྲོས་ཆོད་དེ་དག་དེབ་སྐྱེལ་ལས་ཁུངས་ལ་བཏང་ཡག་སོགས་ཁྲིམས་ཀྱི་དགོས་མཁོ་མང་པོ་ཡོད་རེད། དེ་དག་ང་ཚོ་བོད་པས་ཁྱོན་ནས་མི་བྱེད་ཡག་གི་གཤིས་ཀ་ཞིག་བོད་པ་མང་ཆེ་བ་ལ་ཡོད་རེད། དེ་འདྲ་ཡིན་ཙང་ཚོགས་པ་འདི་གཏན་འཇགས་ཡག་པོ་མ་ཉར་བ་ཡིན་ན་མ་འོངས་པ་ལ་གཙུག་ལག་སློབ་ཁང་གི་ངོ་བོར་བསྒྱུར་ཡག་ལ་སོགས་པའི་སྐས་འཛེག་དང་པོ་དེ་མེད་པ་ཆགས་འགྲོ་ཡི་རེད། འདི་ལ་འགན་འཛིན་རྣམ་པ་ཚོས་ཞིབ་ཚགས་པོ་བྱེད་ནས་ད་གང་ལབ་མཁན་ནི་མི་འདུག ད་ག་རང་གི་འགྲིག་འགྲོ་ཡི་ཡོད་རེད་བསམ་ནས་ཆ་བཞག་པ་ཡིན་ན་ལབ་མཁན་ཡོད་པའི་ཉི་མ་གཅིག་སླེབ་དུས་སྐབས་ལ་ཞེ་དྲག་ཕྱི་དྲག་གི་རེད། དེ་འདྲ་ས་གནས་མང་པོར་བྱུང་བསྡད་སོང་། ཚོགས་པ་དེབ་སྐྱེལ་དང་འབྲེལ་བ་ཡོད་པའི་ཤོག་བུའི་ལས་ཀ་གང་ཡོད་པ་ཆ་ཚང་ཞིག་དུས་ནས་དུས་སུ་གནང་དགོས་པ་དང་། རྩིས་ཁྲ་ཡག་པོ་ཉར་དགོས་ཡག རྩིས་ཁྲ་དེ་ཚོ་འབབ་ཁྲལ་ལས་ཁུངས་དང་། ཕྱི་རྒྱལ་ནས་རོགས་དངུལ་ལེན་གྱི་ཡོད་པ་ཡིན་ན་ནང་སྲིད་ལས་ཁུངས་ལ་སོགས་པ་ས་གནས་མང་པོ་ཞིག་ལ་ལོ་རེ་ལོ་རེ་ཡི་རྩིས་ཀྱི་་་་་་བཏང་ཡག་དང་། ཁྲལ་ཐོབ་ཀྱི་ཡོད་ན་ཁྲལ་དུས་ཐོག་ལ་རྒྱག་ཡག   འདི་ཚོ་གལ་ཆེན་པོ་ཞེ་པོ་ཞིག་རེད། ལྷག་པར་དུ་རྒྱ་གར་གཞུང་གི་ཕྱི་དངུལ་ནང་འདྲེན་བྱེད་ཡག་གི་ཁྲིམས་དེ་ལོ་རེ་ལོ་རེ་འགྱུར་བ་འགྲོ་ཡི་ཡོད་རེད། སྔོན་མ་ཡིན་ན་གུ་ཡངས་པོ་རེད། ཞུ་དུས་སྐབས་ལ་ཡང་གུ་ཡངས་པོ་རེད། ནམ་རྒྱུན་ལས་ཀ་བྱེད་པའི་སྐབས་ལ་ཡང་གུ་ཡངས་པོ་རེད། འདས་པའི་ལོ་བཅུའི་ནང་ལ་ཧ་ལས་པའི་དོ་དམ་པོ་ཆགས་ཚར་བ་རེད། སྔོན་མ་ཡིན་ན་ལོ་རེ་ལོ་རེ་རོགས་དངུལ་དང་ཡོང་འབབ་དེ་དག་བརྒྱ་ཆ་བརྒྱད་བཅུ་དམ་པ་ཆ་ཚང་འགྲོ་སོང་བཏང་མ་ཐུབ་པ་ཡིན་ནས་ཡོང་རྒྱུ་བསྡད་པའི་ལོ་ལྔའི་ནང་གཏང་ཡག་གི་ཟུར་བཅད་བྱེད་རྒྱུ་ཡོད་རེད། ད་ཟུར་བཅད་བྱེད་ཡག་འདི་ལོ་བཞི་ལ་མར་ཕབ་ཚར་བ་རེད། ད་ཕལ་ཆེར་དུས་སང་འདི་བ་ལ་ལོ་གཅིག་ལ་མར་ཕབ་ཡག་གི་འཆར་གཞི་ཡོད་རེད་ཅེས་ཤུགས་ཆེན་པོ་བཤད་བསྡད་ཀྱི་འདུག དེ་ཏན་ཏན་འཆར་གཞི་ཡོད་ཀྱི་རེད་བསམ་གྱི་འདུག ཚོགས་པ་མང་པོས་ཟུར་བཅད་བྱེད་པའི་དབང་གིས་སྤྱི་ཡོངས་ཀྱི་སྤྱི་ཚོགས་དངུལ་ལ་བརྟེན་པའི་དཔལ་འབྱོར་གྱི་གནས་བབས་འགྱུར་ལྡོག་ཡོང་གི་འདུག་ཟེར་ནས་གཞུང་གི་ཁྲིམས་དེ་ཚོ་བསྒྱུར་བ་བཏང་དགོས་ཡག་གི་གནས་སྟངས་དེ་འདྲ་རེད། དེ་ཡིན་དུས་སྐབས་ལ་གལ་སྲིད་ལོ་རེ་བེད་སྤྱོད་བཏང་མ་ཐུབ་པའི་དངུལ་ལྷག་ཡོད་པ་ཡིན་ན། ད་ལྟ་དུས་ཚོད་ཡོད་དུས་བེད་སྤྱོད་གཏོང་ནས་འགྲོ་སོང་མ་བཏང་བ་ཡིན་ན་ཉི་མ་གཅིག་ཆ་ཚང་རྡོག་རྡོག་བཟོས་ནས་རྒྱ་གར་གཞུང་ལ་འབུལ་དགོས་ཡག་གི་དུས་ཚོས་ཡོང་མ་སྲིད་པ་ཁྱོན་ནས་མ་རེད། སྔོན་མ་ང་ཚོ་ལྔ་བཅུ་ང་དགུའི་ལོ་ལ་རྡོག་རྡོག་བཟོས་ནས་རྒྱ་མི་ལ་གཅིག་སྤྲད་ནས་ཡོང་ཚར་བ་རེད་པ། ད་ཡང་འདིར་ལོ་ལྔ་བཅུ་རིང་བསགས་བཞག་པ་འདི་ཉི་མ་གཅིག་རྡོག་རྡོག་བཟོས་ནས་འབབ་ཁྲལ་ལས་ཁུངས་ལ་དབུལ་དགོས་འབྱུང་བ་ཡིན་ན་བྱབ་གང་ཡང་མིན་འདུག་བ། དེ་འདྲ་ཡིན་དུས་འདི་ཚོ་གཟབ་གཟབ་བྱེད་ནས་འཆར་གཞི་སྒྲིག་དགོས་ཡག་དང་། ང་ཚོ་བོད་པའི་གཤིས་ཀ་འདྲ་བོ་ཞིག་ལ་དངུལ་ཉར་བསྡད་ཡག་འདི་དགའ་བོ་ཞེ་དྲག་འདུག བྱས་ཙང་དངུལ་ཡོད་ན་བེད་སྤྱོད་བཏང་དགོས་རེད། མེད་ན་ད་ག་རེད། བྱེད་ཡག་གང་ཡང་ཡོད་མ་རེད། ཐབས་ཤེས་བྱེད་ཡག་རེད།  ཡོད་པ་ཡིན་ན་ཡོད་པ་དེ་རྗེས་མ་རྡོག་རྡོག་བྱེད་ནས་གཅིག་ལ་ཤོར་འགྲོ་ཡག་གི་འཆར་གཞི་མ་སྒྲིག་པ་བྱེད། དོན་དང་ལྡན་པའི་ཐོག་ནས་བེད་སྤྱོད་གནང་དགོས་པ་འདི་ཐུགས་གལ་ཆེན་པོ་རེད་བསམ་གྱི་འདུག དེ་དང་ཆབས་གཅིག་ཏུ་ལས་བྱེད་དང་སྨན་པ་ཚོ་ལ་ཡང་གསོལ་ཕོག་དང་མཐུན་རྐྱེན་དེ་གས་འདི་ཡུལ་དུས་དང་འཚམ་པའི་ཐོག་ནས། ད་ང་ཚོས་ཞེ་པོ་ཞིག་སྤྲོས་པ་དང་གྲ་རྒྱས་པོ་བྱེད་ཡག་གང་ཡང་ཡོད་མ་རེད་དེ་དགོས་ངེས་ཐེངས་ངེས་ཀྱི་ཡུལ་དུས་དང་འཚམ་པ་དེ་ཚོ་འབུལ་བའི་ཐབས་ཤེས་བྱེད་དགོས། འདི་ཚོའི་ཐོག་ལ་ལག་པ་དམ་པོ་མིན་པར་ལག་པ་ཡངས་པོ་བྱེད་དགོས་པ་གལ་ཆེན་པོ་རེད་བསམ་གྱི་ཡོད། དེ་བཞིན་ལས་བྱེད་དང་། ཨེམ་ཆི། རྩིས་པ་ཚོའི་ངོས་ནས་སྒྲིག་འཛུགས་འདི་གལ་ཆེན་པོ་བརྩིས། འདིའི་སྐོར་ལ་ཁ་སང་ྋསྐྱབས་མགོན་རིན་པོ་ཆེ་ཡིས་འདིར་བཀའ་སློབ་གནང་སོང་ཨང་།
སྤྱིར་བཏང་གཙུག་ལག་སློབ་ཁང་ཆེན་པོ་དེ་འདྲ་ཡིན་པ་ཡིན་ན། དེ་ནང་ནས་ཐོན་ཚད་ལ་གཙུག་ལག་སློབ་ཁང་ད་ག་རང་གི་ནང་ལས་ཀ་བྱེད་ཟེར་བ་འདི་མི་ཡོང་བ་ཞིག་རེད། ཡིན་ནས་ད་ལྟ་ཕན་ཆད་ལ་སྨན་པ་ཐོན་པ་དེ་ཉུང་ཉུང་རེད། ཉུང་ཉུང་ཡིན་པ་དེ་འདིར་ཕྱག་ལས་གནང་བ་ཡིན་ན་ཕྱག་ལས་གནང་ས་གོ་སྐབས་ཡོད་རེད། དགོས་མཁོ་ཡོད་རེད། འདིའི་ཕྱག་ལས་བཞག་ནས་ཕེབས་མཁན་མང་པོ་ཡོང་བསྡད་ཀྱི་ཡོད་ས་རེད། མ་གཞི་རང་དབང་རེད། འདིའི་ཕྱག་ལས་བཞག་ཆོག་གི་མ་རེད་ཟེར་ཡག་ཡོད་མ་རེད་པ། ཡིན་ནས་མི་རིགས་ཤིག་དང་རིག་གནས་ཤིག་གི་སྲུང་སྐྱོབ་ཀྱི་གནས་བབས་གཅིག་ཡིན་པ་ཡིན་ཙང་འདིར་བཞུགས་ནས་མུ་འཐུད་ཕྱག་ལས་གནང་ཐུབ་ན་ཁོ་རང་གི་སྒེར་གྱི་མི་ཚེ་ནང་ལ་དཀའ་ངལ་ཞེ་པོ་ཞིག་འབྱུང་བ་ཡིན་ན་གནས་ཚུལ་ལོགས་ཀ་རེད་མ་གཏོགས་གཞན་ཁུངས་འཁྱོལ་ཙམ་འབྱུང་བ་ཡིན་ན་སྒྲིག་འཛུགས་ཞིག་གི་ནང་དེ་གནང་ཐུབ་པ་ཡིན་ན་ཡག་པོ་རེད་བསམ་གྱི་ཡོད། ལྷག་པར་དུ་ང་ཚོ་ཕངས་ཤོས་ཤིག་ལ་སྒྲིག་འཛུགས་འདི་བཞག་ནས་ཟུར་དུ་ཕེབས་པ་ཡིན་ནས་སོ་སོས་གང་ལ་སྦྱངས་པ། སྨན་པ་ཡིན་ན་སྨན་གྱི་ཕྱག་ལས་གནང་། རྩིས་པ་ཡིན་ན་རྩིས་ཀྱི་ཕྱག་ལས་གནང་ནས་བཞུགས་པ་ཡིན་ན་སྒྲིག་འཛུགས་ནང་བཞུགས་མ་བཞུགས་དེ་ཙམ་གྱི་ཁྱད་པར་གང་ཡང་མིན་འདུག ཡིན་ནས་སྒྲིག་འཛུགས་ཡང་བཞག སོ་སོས་སློབ་སྦྱོང་བྱས་པའི་ལས་ཀ་དེ་ཡང་བཞག་ནས་ད་ག་སེ་ཚོང་ཁང་དང་མགྲོན་ཁང་གི་ལས་ཀ་གནང་མཁན་དེ་འདྲ་རེ་གཉིས་ཡོང་གི་མིན་འགྲོ་བསམ་གྱི་འདུག ང་ཚོ་དེ་འདྲ་གོ་བསྡད་ཀྱི་འདུག མིན་པ་ཡིན་ན་ཡག་པོ་རེད། ཡིན་པ་ཡིན་ན་ཡ་མཚན་ཆེན་པོ་རེད་པ། ལོ་མང་པོ་སྨན་སྦྱངས། རྩིས་སྦྱངས། རྗེས་མ་ཡོན་ཏན་སྦྱངས་པ་དེ་པེེསྰ་ཁོ་ནའི་དོན་དག་ཡིན་པ་བཟོ་འདྲ་བོ། པེེསྰ་གཞན་པ་ཞིག་ནས་རག་གི་འདུག་ན་སྦྱངས་བཞག་པ་དེ་གཡུགས་ན་དེ་ཕངས་པོ་ཞེ་པོ་ཞིག་རེད་བསམ་གྱི་ཡོད། འབྱུང་ན་སྒྲིག་འཛུགས་ཀྱི་ནང་ཕྱག་ལས་གནང་ཐུབ་པ་ཞིག་དང་། དེ་མིན་པ་ཡིན་ན། བོད་པའི་གསོ་བ་རིག་པ་དང་། བོད་པའི་སྐར་རྩིས་རིག་པ་གཉིས་པོ་དེ་རྒྱ་མིས་རྩ་མེད་གཏོང་ཡག་གི་ཐབས་ཤེས་དང་འབད་བརྩོན་བྱེད་བསྡད་ཀྱི་ཡོད་རེད། གལ་སྲིད་རྩ་མེད་བཏང་མ་ཐུབ་པ་ཡིན་ནས་རྒྱ་ནག་གི་རིག་གནས་ཤིག་མ་གཏོགས་བོད་པའི་རིག་གནས་ཀྱི་ངོ་བོ་ལ་གནས་མ་ཐུབ་པའི་ཐབས་ཤེས་བྱེད་བསྡད་ཀྱི་ཡོད་རེད། དེ་འདྲའི་སྐབས་ལ་ང་ཚོ་མི་གཅིག་ཡིན་ནས་རིག་གནས་འདི་སྲུང་སྐྱོབ་བྱེད་ཐུབ་པ་ཡིན་ན། རིག་གནས་འདི་ང་ཚོའི་རིག་གནས་ཡིན་ཙང་རྩ་ཆེན་པོ་རེད་ལབ་ཀྱི་ཡོད་མ་རེད། སྤྱིར་ཡང་དག་པའི་རིག་གནས་ཡིན་པ་དང་ལྷག་པར་དུ་འགྲོ་མ་མི་རིགས་སྤྱི་ཡོངས་ལ་ཕན་ཐོགས་ཡོད་པའི་རིག་གནས་ཤིག་ཡིན་ཙང་དེ་བདག་གཅེས་བྱེད་ཡག་འདི་ང་ཚོའི་སྐབས་བབ་ཀྱི་ལས་འགན་ཞིག་ཆགས་ཀྱི་ཡོད། དེ་འདྲ་ཡིན་ཙང་དེ་ཚོའི་ཐོག་ལ་ཚང་མས་དགོངས་པ་རླབས་ཆེན་བཞེས་ཐུབ་པ་ཡིན་ན་ཡག་པོ་མིན་འགྲོ་བསམ་གྱི་འདུག ད་ངས་གྲ་སྒྲིག་མེད་པ་ཡིན་ཙང་སྐད་ཆ་འདི་རིང་པོ་ཞིག་དང་ཁ་ཟིན་སྤུ་ཟིན་བཟོ་འདྲ་བོ་བྱུང་སོང་སྟེ་ཡིན་ནས་འདིའི་ནང་ནས་དགོས་གལ་ཡོད་པ་འདུག་དགོངས་པ་ཡིན་ན་ཐུགས་ལ་ཉར་རོགས་གནང་། དེ་མིན་པ་ཡིན་ན་བཞག་བཞག་ཡག་རེད། ཚང་མས་ཐུགས་སྣང་ཆེན་པོས་གསན་པར་ཐུགས་རྗེ་ཆེ་ཞུ་ཡག་ཡིན། ད་འདིར་མཚམས་བཞག་གི་ཡིན། ཐུགས་རྗེ་ཆེ་གནང་།།

མཐའ་མའི་འདོན་ཐེངས་།: 27.01.2014 ཉིན། 3:00 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།